Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 034_ཤེས་རབ་སྣ་ཚོགས།

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
མས་དཔས་གཟུགས་ལ་མི་སྡུད་པའི་སྙིང་རྗེ་
དང་། འདུ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྡུད་པའི་སྙིང་རྗེ་དང་།

འདུ་བའི་སྙིང་རྗེ་དང་། འབྲལ་བའི་སྙིང་རྗེ་དང་། སྙིང་རྗེ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་དམ་པའི་ཆོས་ལ་དད་པས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་
བ་དང་། འཇིག་རྟེན་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། དགའ་བ་དང་། དགའ་བ་ཆེན་པོ་དང་།
དགའ་བ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་པའི་ཆོས་ལ་དད་པས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་
པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། འཇིག་རྟེན་ལས་འདས་པའི་བདེ་བས་བརླན་པ་དང་། ཕན་འདོགས་པ་དང་། རྗེས་སུ་ཡི་རང་བའི་དགའ་བ་དང་། དགའ་བ་དང་། དགའ་བ་ཆེན་པོ་དང་། དགའ་བ་རྣམ་པ་ལྔ་བསྒོམ་
པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ། བརྟུལ་བའི་བཏང་སྙོམས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་། ཀུན་ནས་ཉོན་མོངས་པ་བརྟུལ་བའི་བཏང་སྙོམས་དང་། ཡོན་ཏན་ཐམས་ཅད་
ཡོངས་སུ་བསྡུ་བ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་བརྟུལ་བའི་བཏང་སྙོམས་དང་། བཏང་སྙོམས་དང་། བཏང་སྙོམས་ཆེན་པོ་དང་། བཏང་སྙོམས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་ལ་ལྟ་བ་ངན་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བ་དང་། ཀུན་ནས་ཉོན་མོངས་པ་མེད་པ་བརྟུལ་བའི་བཏང་སྙོམས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བ་དང་། ཀུན་ནས་ཉོན་མོངས་པ་

མེད་པ་བརྟུལ་བའི་བཏང་སྙོམས་དང་། བཏང་སྙོམས་དང་། བཏང་སྙོམས་ཆེན་པོ་དང་། བཏང་སྙོམས་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་དམ་བཅས་པའི་སྦྱིན་པ་དང་།
ཟང་ཟིང་དང་མི་འཇིགས་པ་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམ་བཅས་པའི་སྦྱིན་པ་དང་། ཟང་ཟིང་དང་། མི་འཇིགས་པ་བསྒྲུབ་པའི་སྦྱིན་པ་དང་། ཆོས་བསྒྲུབ་པའི་སྦྱིན་པ་དང་། སྦྱིན་པ་དང་། སྦྱིན་པ་ཆེན་པོ་དང་། སྦྱིན་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཡང་དག་པར་བླངས་པ་དང་བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཆེན་པོ་དང་། ཚུལ་
ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་དག་པར་བླངས་པ་དང་བརྡ་ཅན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། བསམ་
གཏན་གྱི་སྡོམ་པའི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་སྡོམ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཆེན་པོ་དང་། ཚུལ་ཁྲིམས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་སེམས་ཅན་
གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། བཟོད་པ་དང་། བཟོད་པ་ཆེན་པོ་དང་། བཟོད་པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་

བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སེམས་ཅན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། བཟོད་པ་དང་། བཟོད་པ་ཆེན་པོ་དང་། བཟོད་
པ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ལུང་ནོད་པ་དང་། ཁ་ཏོན་བྱ་བ་སེམས་པའི་བརྩོན་འགྲུས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བའི་བརྩོན་འགྲུས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་
བའི་བརྩོན་འགྲུས་དང་། བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་ལ་ལུང་ནོད་པ་དང་། ཁ་ཏོན་བྱ་བ་སེམས་པའི་བརྩོན་འགྲུས་དང་། ཉེས་པ་ཐམས་ཅད་ཡོངས་སུ་སྤང་བའི་བརྩོན་འགྲུས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་བསྡུ་བའི་བརྩོན་འགྲུས་དང་། བརྩོན་འགྲུས་དང་། བརྩོན་འགྲུས་ཆེན་པོ་དང་། བརྩོན་འགྲུས་རྣམ་པ་ལྔ་བསྒོམ་
པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་
པའི་བསམ་གཏན་དང་། བསམ་གཏན་དང་། བསམ་གཏན་ཆེན་པོ་དང་། བསམ་གཏན་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚིག་
འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་། བསམ་གཏན་དང་། བསམ་གཏན་ཆེན་པོ་དང་། བསམ་གཏན་རྣམ་པ་ལྔ་བསྒོམ་པར་

བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་གཟུགས་ལ་ཚིག་འབྲུ་ལ་ལྟོས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་པའི་
ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་དང་། ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཚིག་འབྲུ་ལ་ལྟོས་པའི་དགེ་བའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། ཚིག་འབྲུ་ལ་མི་ལྟོས་པའི་དགེ་བ་གདོད་མ་ནས་དག་པའི་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་བརྟེན་པའི་
ཤེས་རབ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་དང་། ཤེས་རབ་རྣམ་པ་ལྔ་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་ལྡན་པས་མཉན་པས་བསྟེན་པ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པ་དང་། བསླབ་པའི་ཆོ་ག་དང་
འཐུན་པས་བསྟེན་པ་དང་། ནན་ཏན་གྱིས་མགུ་བར་བྱ་བས་བསྟེན་པ་དང་། བསྟེན་པ་དང་། བསྟེན་པ་ཆེན་པོ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་རྣམ་པ་ལྔས་གཟུགས་ལ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་
བསྟེན་པ་དང་ལྡན་པས་མཉན་པས་བསྟེན་པ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་སྤྱད་པ་དང་། བསླབ་པའི་ཆོ་ག་བཞིན་དུ་བསྟེན་པ་དང་། ནན་ཏན་གྱིས་མགུ་བར་བྱ་བས་བསྟེན་པ་དང་། བསྟེན་པ་དང་། བསྟེན་པ་ཆེན་པོ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་རྣམ་པ་ལྔས་ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དགེ་བའི་བཤེས་གཉེན་ལ་བསྟན་པར་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྟེན་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་ཐར་པའི་ཐབས་ཀྱང་ཡོངས་སུ་འཛིན་ཅིང་བསོད་ནམས་མང་པོ་ཡང་རབ་ཏུ་བསྐྱེད་དེ་

མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས་པར་འབྱུང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས་བསྟོད་པ་སྣ་ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་། བཀུར་སྟི་ཉེ་བར་བསྒྲུབ་པའི་མཆོད་པ་
དང་། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང་། མཆོད་པ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་གཟུགས་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པས་བསྟོད་པ་སྣ་
ཚོགས་ཉེ་བར་བསྒྲུབ་པའི་མཆོད་པ་དང་། འཐོབ་པ་དང་། བཀུར་སྟི་ཉེ་བར་བསྒྲུབ་པའི་མཆོད་པ་དང་། ནན་ཏན་གྱིས་མཉེས་པར་བྱ་བའི་མཆོད་པ་དང་། མཆོད་པ་དང་། མཆོད་པ་ཆེན་པོ་དང་། མཆོད་པ་རྣམ་པ་ལྔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་ལ་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་མཆོད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་བརྗོད་པ་མཛད་དོ། །ལྷ་དང་། མི་དང་།
ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་ཀྱང་འཐོབ་པ་དང་། བཀུར་སྟི་རྙེད་དོ། །སེམས་ཅན་ཚད་མེད་པ་ཡང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །མཚན་མ་མེད་པའི་སྦྱིན་པ་སྒོམ་ན་ནི་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་
བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པའམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་སྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་ན། མོས་པར་བྱ་བའི་སྦྱིན་པའམ། མོས་པའི་སྦྱིན་པ་དམིགས་ཏེ། བྱང་

ཆུབ་སེམས་དཔའ་གཟུགས་ལ་མཚན་མ་དང་བཅས་པའི་སྦྱིན་པ་བསྒོམ་པ་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་གཟུགས་ལ་སྦྱིན་པ་ལ་མོས་ན་འདི་ལྟ་སྟེ། གཟུགས་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་
དང་། རང་བཞིན་གྱིས་དམིགས་སུ་མེད་པས་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང་མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མཚན་མ་མེད་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པས་ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་སྒོམ་ན་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །མཚན་མ་མེད་པའི་སྦྱིན་པ་སྒོམ་ན་ནི་མྱུར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་
སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་དང་བཅས་པའམ། མཚན་མ་མེད་པའི་སྦྱིན་པ་ཇི་ལྟར་སྒོམ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོས་ན་མོས་པར་བྱ་བའི་སྦྱིན་པའམ་མོས་པའི་སྦྱིན་པ་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་
པ་ལ་མཚན་མ་དང་བཅས་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་སྦྱིན་པ་ལ་མོས་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་དང་། དེ་ལྟར་དངོས་པོ་དམིགས་སུ་མེད་པ་དང་། རང་བཞིན་གྱིས་དམིགས་
སུ་མེད་པས་མོས་པར་བྱ་བའི་སྦྱིན་པ་མི་དམིགས་ཤིང་མོས་པའི་སྦྱིན་པ་མི་དམིགས་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་སྦྱིན་པ་བསྒོམ་པར་རིག་པར་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དེ་བཞིན་སྦྱར་བར་
བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་གཟུགས་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས་

སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་
ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་རྣམ་པར་ཤེས་པ་ལ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་ནས་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་
འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན།
རབ་འབྱོར་གང་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་གཟུགས་ལ་དངོས་པོའི་མཚན་མ་འགགས་ཏེ་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་
ཡང་བྲལ། དེ་ལྟར་དངོས་པོའི་མཚན་མ་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དངོས་པོ་དང་། དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་
དཔས་དེ་ལྟར་གཟུགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་
པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་སྟོང་པ་ཉིད་དང་། དེ་ལྟར་དངོས་པོ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དུ་དེ་ལྟར་ཡིད་ལ་བྱེད་ཅིང་རྣམ་པར་ཤེས་པ་ལ་དངོས་པོའི་མཚན་མ་འགགས་ཏེ། དངོས་པོ་མེད་པའི་མཚན་

མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དེ་ལྟར་དངོས་པོའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ། དངོས་པོ་དང་དངོས་པོ་མེད་པའི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དང་ཡང་བྲལ་བར་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་རྣམ་པར་ཤེས་པ་ལ་མཚན་མ་མེད་
པའི་ཏིང་ངེ་འཛིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གཟུགས་
ལ་སྟོང་པ་ཉིད་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པས་གཟུགས་ལ་དངོས་པོ་མེད་པའི་མཚན་མ་དང་མི་འཐུན་པའི་དམིགས་པ་དང་། དེ་ལྟར་དངོས་པོ་མེད་པའི་མཚན་མ་དང་མི་འཐུན་པའི་དམིགས་པ་དང་། དངོས་པོ་དང་དངོས་པོ་མེད་པའི་མཚན་མ་དང་མི་འཐུན་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་
པ་འདི་ནི་རབ་འབྱོར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་གཟུགས་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་
འཛིན་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་གང་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་རྙེད་པས་རྣམ་པར་ཤེས་པ་ལ་དངོས་པོ་མེད་པའི་མཚན་མ་དང་མི་འཐུན་པའི་དམིགས་པ་དང་། དེ་ལྟར་དངོས་པོའི་མཚན་མ་དང་།
མི་འཐུན་པའི་དམིགས་པ་དང་། དངོས་པོ་དང་དངོས་པོ་མེད་པའི་མཚན་མ་དང་མི་འཐུན་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་འདི་ནི་རབ་འབྱོར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔས་དེ་ལྟར་རྣམ་པར་ཤེས་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པར་བྱའོ། །
རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མེད་པའི་དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མེད་པའི་

དོན་དང་། རྣམ་པར་འཇིག་པའི་དོན་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་དོན་དང་། དོན་གསུམ་གྱིས་མི་རྟག་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་མངོན་པར་ཞེན་པའི་དོན་དང་། མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་པའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ་ཉིད་
ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པའི་དོན་དང་མཚན་ཉིད་རྣམ་པ་གསུམ་གྱི་དོན་དང་། འབྲེལ་པའི་དོན་དང་། དོན་གསུམ་གྱིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་
གཟུགས་ལ་དངོས་པོ་མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དངོས་པོ་
མེད་པ་བདག་མེད་པའི་དོན་དང་། དེ་ལྟར་དངོས་པོ་བདག་མེད་པའི་དོན་དང་། རང་བཞིན་བདག་མེད་པའི་དོན་དང་། དོན་གསུམ་གྱིས་བདག་མེད་པ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་གཟུགས་ལ་གཟུགས་དངོས་པོ་མེད་པ་ཤིན་ཏུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་། རང་བཞིན་
གྱིས་རྣམ་པར་དག་པ་ཞི་བའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་དངོས་པོ་མེད་པ་ཤིན་དུ་ཞི་བའི་དོན་དང་། དེ་ལྟར་དངོས་པོ་ཞི་བའི་དོན་དང་།
རང་བཞིན་གྱིས་རྣམ་པར་དག་པ་ཞི་བའི་དོན་དང་། དོན་གསུམ་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཡོངས་སུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གནས་བརྟན་རབ་འབྱོར་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་
ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་རྫོགས་སོ།། །།སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།

༄༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཙྪིད་ཀནཱ་མ་པྲཛྙཱ་པཱ་ར་མི་ཏཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་
ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།
དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་བསྣམས་ནས། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས་བསོད་སྙོམས་ཀྱི་
ཞལ་ཟས་མཇུག་ཏུ་གསོལ་ཏེ། ཞལ་ཟས་ཀྱི་བྱ་བ་མཛད། ལྷུང་བཟེད་དང་ཆོས་གོས་བཞག་ནས། ཞལ་བསིལ་ཏེ། གདན་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །དེ་ནས་དགེ་སློང་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་དོང་
སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་འཁོར་དེ་ཉིད་ན་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་
ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པའི་དམ་པ་ཇི་སྙེད་པས་ཕན་གདགས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡོངས་སུ་གཏད་པའི་དམ་པ་ཇི་སྙེད་

པས་ཡོངས་སུ་གཏད་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏེ། བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི། དེ་སྐད་ཅེས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པའི་དམ་པས་ཕན་བཏགས་སོ། །
དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་དོ། །རབ་འབྱོར་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བྱ་བ་དང་།
ཇི་ལྟར་བསྒྲུབ་པར་བྱ་བ་དང་། ཇི་ལྟར་སེམས་རབ་ཏུ་གཟུང་བར་བྱ་བ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ནས་ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་
སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་འདི་སྙམ་དུ་བདག་གིས་ཅི་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པ་སྒོ་ང་ལས་སྐྱེས་པའམ། མངལ་ནས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། བརྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་
ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། སེམས་ཅན་གྱི་ཁམས་ཇི་ཙམ་སེམས་ཅན་དུ་གདགས་པས་བཏགས་པ་དེ་དག་ཐམས་ཅད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །དེ་ལྟར་སེམས་ཅན་ཚད་མེད་པ་ཡོངས་སུ་
མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་མེད་དོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན། དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་གང་སེམས་ཅན་དུ་འདུ་ཤེས་འཇུག་གམ། སྲོག་ཏུ་འདུ་ཤེས་སམ། གང་ཟག་ཏུ་འདུ་ཤེས་འཇུག་ན་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་ཏེ། ཡང་རབ་འབྱོར་བྱང་ཆུབ་སེམས་དཔས་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་ནོ། །ཆོས་ལ་ཡང་མི་གནས་པར་སྦྱིན་པ་
སྦྱིན་ནོ། །གཟུགས་ལའང་མི་གནས་པར་སྦྱིན་པ་སྦྱིན་ནོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་ནོ། །རབ་འབྱོར་ཅི་ནས་མཚན་མར་འདུ་ཤེས་པ་ལའང་མི་གནས་པ་དེ་ལྟར་བྱང་ཆུབ་སེམས་དཔས་སྦྱིན་པ་སྦྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་
སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་རབ་འབྱོར་ཚད་གཟུང་བར་སླ་བ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་ཀྱི་ནམ་མཁའ་ཚད་གཟུང་བར་སླའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་གི་ཕྱོགས་དང་། ཕྱོགས་མཚམས་དང་། ཕྱོགས་བཅུའི་ནམ་མཁའ་ཚད་གཟུང་བར་སླའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཡང་ཚད་གཟུང་བར་སླ་བ་མ་ཡིན་ནོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་
ནི་མ་ལགས་ཏེ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་ལྟའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་མཚན་ཕུན་སུམ་ཚོགས་པར་གང་གསུངས་པ་དེ་ཉིད་མཚན་ཕུན་སུམ་ཚོགས་པ་མ་མཆིས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཅི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ། །ཅི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་མཚན་དང་། མཚན་མེད་པར་བལྟའོ། །དེ་སྐད་ཅེས་བཀའ་སྩལ་པ་

དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་ཡང་དག་པར་འདུ་ཤེས་སྐྱེད་པར་
འགྱུར་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་འདི་སྐད་དུ་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་ཡང་དག་པར་འདུ་ཤེས་སྐྱེད་པར་འགྱུར་བ་
མཆིས་སམ་ཞེས་མ་ཟེར་ཅིག །ཡང་རབ་འབྱོར་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དག་ཀྱང་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་བརྒྱ་སྟོང་དུ་མ་ལ་བསྙེན་བཀུར་བྱས་ཤིང་། སངས་རྒྱས་བརྒྱ་སྟོང་དུ་མ་ལ་དགེ་བའི་རྩ་བ་དག་བསྐྱེད་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འབྱུང་ངོ་། །གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་སེམས་དད་པ་ཅིག་ཙམ་རྙེད་པར་འགྱུར་བ་དེ་དག་ནི་རབ་འབྱོར་དེ་བཞིན་གཤེགས་པས་མཁྱེན་ཏོ། །རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཏེ། རབ་འབྱོར་སེམས་
ཅན་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་ཅིང་རབ་ཏུ་སྡུད་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བདག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ཞིང་སེམས་ཅན་དུ་འདུ་ཤེས་པ་མ་ཡིན། སྲོག་ཏུ་འདུ་
ཤེས་པ་མ་ཡིན། གང་ཟག་ཏུའང་འདུ་ཤེས་འཇུག་པར་མི་འགྱུར་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཆོས་སུ་འདུ་ཤེས་པ་དང་། ཆོས་མེད་པར་ཡང་འདུ་ཤེས་མི་འཇུག་སྟེ། དེ་དག་ནི་འདུ་ཤེས་དང་འདུ་ཤེས་མེད་པར་ཡང་འཇུག་པར་མི་འགྱུར་རོ། །

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཆོས་སུ་འདུ་ཤེས་འཇུག་ན་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པར་འགྱུར་ཞིང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་བའི་ཕྱིར་རོ། །
གལ་ཏེ་ཆོས་མེད་པར་འདུ་ཤེས་འཇུག་ན་ཡང་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པར་འགྱུར་ཞིང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡང་རབ་འབྱོར་བྱང་ཆུབ་སེམས་དཔས་ཆོས་ཀྱང་ལོག་པར་གཟུང་བར་མི་བྱ་སྟེ།
ཆོས་མ་ཡིན་པ་ཡང་མི་གཟུང་བའི་ཕྱིར་རོ། །དེ་བས་ན་དེ་ལ་དགོངས་ཏེ། དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་
འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་དམ། དེ་བཞིན་གཤེགས་པས་ཆོས་གང་ཡང་བསྟན་ཏམ། དེ་སྐད་ཅེས་
བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་བཞིན་གཤེགས་པས་གང་བསྟན་པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པའམ་བསྟན་པ་དེ་གཟུང་དུ་མ་མཆིས་བརྗོད་དུ་མ་
མཆིས་ཏེ། དེ་ནི་ཆོས་ཀྱང་མ་ལགས། ཆོས་མ་མཆིས་པའང་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བགྱིས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་

བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་
འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཕུང་པོ་མ་མཆིས་པའི་སླད་དུ་སྟེ། དེས་ན་དེ་བཞིན་གཤེགས་
པས་བསོད་ནམས་ཀྱི་ཕུང་པོ་བསོད་ནམས་ཀྱི་ཕུང་པོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས། གང་
གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་ནས་གཞན་དག་ལ་ཡང་འཆད་ཅིང་ཡང་དག་པར་རབ་ཏུ་སྟོན་ན། དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འདི་ལས་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་འདི་ལས་སྐྱེས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་སངས་
རྒྱས་ཀྱི་ཆོས་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། རྒྱུན་དུ་ཞུགས་པ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ཅི་ལའང་ཞུགས་པ་མ་མཆིས་པའི་སླད་དུ་སྟེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བྱའོ། །གཟུགས་ལའང་མ་ཞུགས། སྒྲ་ལ་མ་ལགས། དྲི་ལ་མ་ལགས། རོ་ལ་མ་ལགས། རེག་བྱ་ལ་མ་ལགས། ཆོས་

ལ་འང་མ་ཞུགས་ཏེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་རྒྱུན་དུ་ཞུགས་པ་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན་དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་རོ། །སེམས་ཅན་དུ་འཛིན་པ་
དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ལན་ཅིག་ཕྱིར་འོང་བ་འདི་སྙམ་དུ་བདག་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ལན་ཅིག་ཕྱིར་འོང་བའི་ཆོས་དེ་གང་ཡང་མ་མཆིས་པའི་སླད་དུ་སྟེ། དེས་ན་ལན་ཅིག་ཕྱིར་འོང་བ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཕྱིར་མི་འོང་བ་འདི་སྙམ་དུ་བདག་
གིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ཕྱིར་མི་འོང་བ་ཉིད་དུ་ཞུགས་པའི་ཆོས་དེ་གང་ཡང་མ་མཆིས་པའི་སླད་དུ་སྟེ། དེས་ན་ཕྱིར་མི་འོང་བ་ཞེས་བགྱིའོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཡང་དགྲ་བཅོམ་པ་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་དེ་གང་
ཡང་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་དགྲ་བཅོམ་པ་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན་དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་རོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། །བཅོམ་ལྡན་
འདས་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། བཅོམ་ལྡན་འདས་བདག་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ལགས་ཀྱང་། བཅོམ་ལྡན་འདས་བདག་འདི་སྙམ་དུ་བདག་ནི་དགྲ་

བཅོམ་པའོ་སྙམ་དུ་མི་སེམས་སོ། །བཅོམ་ལྡན་འདས་གལ་ཏེ་བདག་ནི་འདི་སྙམ་དུ་བདག་གིས་དགྲ་བཅོམ་པ་ཉིད་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན། དེ་བཞིན་གཤེགས་པས་བདག་ལ་རིགས་ཀྱི་བུ་རབ་འབྱོར་ནི་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཡིན་ཏེ། ཅི་ལ་ཡང་མི་གནས་པས་ན་
ཉོན་མོངས་པ་མེད་པར་གནས་པ་ཉོན་མོངས་པ་མེད་པར་གནས་པ་ཞེས་ལུང་མི་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་གང་བླངས་
པའི་ཆོས་དེ་གང་ཡང་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་གང་བླངས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་འདི་སྐད་དུ་བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་པར་བྱའོ་ཞེས་ཟེར་ན་དེ་ནི་མི་བདེན་པར་སྨྲ་བའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞིང་བཀོད་པ་རྣམས་ཞིང་བཀོད་པ་རྣམས་ཞེས་བྱ་བ་ནི་བཀོད་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་
གསུངས་པའི་ཕྱིར་ཏེ། དེས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་མི་གནས་པར་སེམས་བསྐྱེད་པ་ཞེས་བྱའོ། །ཅི་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ། །གཟུགས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ། །
སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་ཡང་མི་གནས་པར་སེམས་བསྐྱེད་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་ལུས་འདི་ལྟ་བུར་གྱུར་ཏེ། འདི་ལྟ་སྟེ། རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ན་རབ་འབྱོར་འདི་ཇི་སྙམ་དུ་སེམས། ལུས་དེ་ཆེ་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་ལུས་དེ་ནི་ཆེ་བ་ལགས་སོ། །བདེ་བར་གཤེགས་པ་ལུས་དེ་ཆེ་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་དེ་དངོས་པོ་མ་མཆིས་པར་གསུངས་པའི་སླད་དུ་སྟེ། དེས་ན་ལུས་ཞེས་བགྱིའོ། །དེ་དངོས་པོ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་ལུས་

ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གང་གཱའི་ཀླུང་ཡང་དེ་སྙེད་ཁོ་ནར་གྱུར་ན་དེ་དག་གི་བྱེ་མ་གང་ཡིན་པ་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གཱའི་ཀླུང་
དེ་དག་ཉིད་ཀྱང་མང་བ་ལགས་ན་དེ་དག་གི་བྱེ་མ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་གཱའི་ཀླུང་དེ་དག་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྐྱེས་པའམ། བུད་མེད་གང་ལ་ལ་ཞིག་གིས་རིན་
པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་
འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གིས་འཇིག་རྟེན་གྱི་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་
དཔག་ཏུ་མེད་པ་བསྐྱེད་དོ། །ཡང་རབ་འབྱོར་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འདོན་ཏམ་སྟོན་པའི་ས་ཕྱོགས་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པ་ཡིན་ན། སུ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། འཛིན་པ་
དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ངོ་མཚར་རབ་དང་ལྡན་པར་འགྱུར་བ་ལྟ་ཅི་སྨོས། ས་ཕྱོགས་དེ་ན་སྟོན་པ་ཡང་བཞུགས་ཏེ། བླ་མའི་གནས་གཞན་དག་ཀྱང་གནས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། འདི་དེ་ལྟར་ཟུང་
ཞིག །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་བཟུང་བ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་གང་གསུངས་པའི་ཆོས་དེ་གང་ཡང་ཡོད་དམ། རབ་
འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་གསུངས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་མང་བ་ཡིན་ནམ།
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སའི་རྡུལ་དེ་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སའི་རྡུལ་གང་ལགས་པ་དེ་རྡུལ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་སའི་རྡུལ་ཅེས་བགྱིའོ། །འཇིག་རྟེན་
གྱི་ཁམས་གང་ལགས་པ་དེ་ཁམས་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལྟའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་གསུངས་པ་དེ་དག་མཚན་མ་མཆིས་པར་གསུངས་པའི་སླད་དུ་སྟེ། དེས་ན་དེ་བཞིན་
གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་རབ་འབྱོར་སྐྱེས་པའམ། བུད་མེད་གང་གིས་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གཏོང་བ་བས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་སྟེ། གཞན་དག་

ལ་ཡང་བསྟན་ན་དེ་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ཕྱུང་སྟེ། དེས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་
པས་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་གི་ཡེ་ཤེས་སྐྱེས་ཚུན་ཆད་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྔོན་ནམ་ཡང་མ་ཐོས་སོ། །བཅོམ་ལྡན་འདས་མདོ་བཤད་པ་འདི་ལ་གང་དག་ཡང་དག་པར་འདུ་ཤེས་བསྐྱེད་པར་གྱུར་པའི་སེམས་ཅན་དེ་དག་
ནི་ངོ་མཚར་རབ་དང་ལྡན་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཡང་དག་པར་འདུ་ཤེས་པ་གང་ལགས་པ་དེ་ཉིད་འདུ་ཤེས་མ་མཆིས་པའི་སླད་དུ་སྟེ། དེ་བས་ན་ཡང་དག་པར་འདུ་ཤེས་ཡང་དག་པར་འདུ་ཤེས་ཞེས་དེ་བཞིན་གཤེགས་པས་གསུངས་སོ། །བཅོམ་ལྡན་འདས་བདག་ཆོས་ཀྱི་རྣམ་གྲངས་
འདི་བཤད་པ་ལ་རྟོག་ཅིང་མོས་པ་ནི་བདག་ལ་མོས་པ་མ་ལགས་ཀྱི། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་
དེ་དག་ནི་བདག་ཏུ་འདུ་ཤེས་འཇུག་པར་མི་འགྱུར། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་འཇུག་པར་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་
ཤེས་པ་གང་ལགས་པ་དེ་དག་ཉིད་འདུ་ཤེས་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་
དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མདོ་བཤད་པ་འདི་ལ་གང་དག་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བའི་སེམས་ཅན་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དམ་པ་འདི་ནི་དེ་བཞིན་གཤེགས་པས་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་དམ་པ་གང་དག་དེ་བཞིན་གཤེགས་པས་

གསུངས་པ་དེ་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱིས་གསུངས་པའི་ཕྱིར་ཏེ། དེས་ན་ཕ་རོལ་ཏུ་ཕྱིན་པ་དམ་པ་ཞེས་བྱའོ། །ཡང་རབ་འབྱོར་དེ་བཞིན་གཤེགས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་གི་ཚེ་ཀ་ལིང་ཀཱའི་རྒྱལ་
པོས་ངའི་ཡན་ལག་དང་ཉིང་ལག་རྣམས་བཅད་པར་གྱུར་པ་དེའི་ཚེ་ང་ལ་བདག་ཏུ་འདུ་ཤེས་སམ། སེམས་ཅན་དུ་འདུ་ཤེས་སམ། སྲོག་ཏུ་འདུ་ཤེས་སམ། གང་ཟག་ཏུ་འདུ་ཤེས་ཀྱང་མ་བྱུང་ལ། ང་ལ་འདུ་ཤེས་ཅིའང་མེད་ལ་འདུ་ཤེས་མེད་པར་གྱུར་པ་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་
དེའི་ཚེ་ང་ལ་བདག་ཏུ་འདུ་ཤེས་བྱུང་ན་དེའི་ཚེ་གནོད་སེམས་ཀྱི་འདུ་ཤེས་ཀྱང་བྱུང་ལ། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་བྱུང་ན་དེའི་ཚེ་གནོད་སེམས་ཀྱི་འདུ་ཤེས་ཀྱང་འབྱུང་བའི་ཕྱིར་རོ། །རབ་འབྱོར་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་ང་ཚེ་རབས་ལྔ་
བརྒྱར་བཟོད་པར་སྨྲ་བ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་པ་དེ་ན་ཡང་ང་ལ་བདག་ཏུ་འདུ་ཤེས་མ་བྱུང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་མ་བྱུང་ངོ་། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་ཤེས་ཐམས་ཅད་རྣམ་པར་སྤངས་ཏེ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གཟུགས་ལ་མི་གནས་པར་སེམས་བསྐྱེད་པར་བྱའོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལའང་མི་གནས་པར་སེམས་བསྐྱེད་པར་བྱའོ། །ཆོས་མེད་པ་ལའང་མི་གནས་པར་སེམས་བསྐྱེད་པར་བྱའོ། །ཅི་ལའང་མི་གནས་
པར་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་པ་གང་ཡིན་པ་དེ་ཉིད་མི་གནས་པའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་འདི་སྐད་དུ། བྱང་ཆུབ་སེམས་དཔས་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་གསུངས་སོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་ཅན་ཐམས་ཅད་
ཀྱི་དོན་གྱི་ཕྱིར་སྦྱིན་པ་ཡོངས་སུ་གཏང་བར་བྱའོ། །སེམས་ཅན་དུ་འདུ་ཤེས་པ་གང་ཡིན་པ་དེ་ཉིད་ཀྱང་འདུ་ཤེས་མེད་པ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཅེས་གང་གསུངས་པ་དེ་ཉིད་ཀྱང་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ། བདེན་

པ་གསུང་བ། དེ་བཞིན་ཉིད་གསུང་བ་སྟེ། དེ་བཞིན་གཤེགས་པ་ནི་མ་ནོར་བ་དེ་བཞིན་ཉིད་གསུང་བའི་ཕྱིར་རོ། །ཡང་རབ་འབྱོར་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པའམ་བསྟེན་པ་དེ་ལ་ནི་བདེན་པ་ཡང་མེད་བརྫུན་པ་ཡང་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་
མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ནས་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་ལངས་ཏེ་ཉི་མ་ཤར་ན་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་དག་མཐོང་བ་དེ་བཞིན་དུ། གང་དངོས་པོར་མ་ལྷུང་
བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ། །ཡང་རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་དེ་བཞིན་གཤེགས་
པས་མཁྱེན། དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །ཡང་རབ་འབྱོར་སྐྱེས་པའམ་བུད་མེད་གང་ཞིག་སྔ་དྲོའི་དུས་ཀྱི་ཚེ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གཏོང་ལ། ཕྱེད་ཀྱི་དུས་དང་། ཕྱི་དྲོའི་དུས་ཀྱི་
ཚེ་ཡང་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གཏོང་སྟེ། རྣམ་གྲངས་འདི་ལྟ་བུར་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་ལུས་ཡོངས་སུ་གཏོང་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྤོང་ན་དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་ན། གང་གིས་ཡི་གེར་བྲིས་ནས་
ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཡང་རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་དེ། ཆོས་ཀྱི་རྣམ་གྲངས་འདི་ནི་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པའི་སེམས་ཅན་
རྣམས་ཀྱི་དོན་དང་། ཐེག་པ་ཕུལ་དུ་ཕྱིན་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། དེ་བཞིན་གཤེགས་པས་གསུངས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི་དེ་བཞིན་

གཤེགས་པས་མཁྱེན་ཏེ། དེ་དག་དེ་བཞིན་གཤེགས་པས་གཟིགས་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་། མཚུངས་པ་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པར་འགྱུར་
ཏེ། སེམས་ཅན་དེ་དག་ཐམས་ཅད་ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམན་པ་ལ་མོས་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་མ་ནུས་ཏེ། བདག་ཏུ་ལྟ་བ་རྣམས་ཀྱིས་མ་ཡིན། སེམས་ཅན་དུ་ལྟ་བ་རྣམས་ཀྱིས་མ་ཡིན། སྲོག་ཏུ་ལྟ་བ་རྣམས་ཀྱིས་མ་ཡིན།
གང་ཟག་ཏུ་ལྟ་བ་རྣམས་ཀྱིས་མཉན་པ་དང་། བླང་བ་དང་། གཟུང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱེད་མི་ནུས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ། །ཡང་རབ་འབྱོར་ས་ཕྱོགས་གང་ན་མདོ་སྡེ་འདི་སྟོན་པའི་ས་ཕྱོགས་དེ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་པར་
འོས་པར་འགྱུར་རོ། །ས་ཕྱོགས་དེ་ཕྱག་བྱ་བར་འོས་པ་དང་། བསྐོར་བ་བྱ་བར་འོས་པར་འགྱུར་ཏེ། ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་
པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་དུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དག་ཚེ་འདི་ཉིད་ལ་མནར་བས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་འགྱུར་ཏེ་
སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་བའི་ཕྱིར་རོ། །རབ་འབྱོར་ངས་མངོན་པར་ཤེས་ཏེ། འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་སངས་
རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དག་བྱུང་བ་ངས་མཉེས་པར་བྱས་ཏེ། མཉེས་པར་བྱས་ནས་ཐུགས་མ་བྱུང་བར་བྱས་ཏེ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ངས་མཉེས་པར་བྱས་ནས་ཐུགས་བྱུང་བར་མ་བྱས་པ་གང་ཡིན་པ་དང་། ཕྱི་མའི་དུས་ལྔ་བརྒྱ་ཐ་མར་གྱུར་པ་ན་མདོ་སྡེ་འདི་

ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་གང་ཡིན་པ་ལས། རབ་འབྱོར་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མས་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་།
ཟླ་དང་། རྒྱུར་ཡང་མི་བཟོད་དོ། །རབ་འབྱོར་གལ་ཏེ་དེའི་ཚེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་རབ་ཏུ་འཛིན་པར་འགྱུར་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ངས་བརྗོད་ན། སེམས་ཅན་རྣམས་མྱོ་མྱོ་པོར་འགྱུར་ཏེ། སེམས་
འཁྲུགས་པར་འགྱུར་རོ། །ཡང་རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་བསམ་གྱིས་མི་ཁྱབ་སྟེ། འདིའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས་འདི་སྙམ་དུ་
བདག་གིས་སེམས་ཅན་ཐམས་ཅད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །དེ་ལྟར་སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་མེད་དོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་དུ་འདུ་ཤེས་འཇུག་ན་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་ལ། གང་ཟག་གི་བར་དུ་འདུ་ཤེས་འཇུག་ན་དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔའི་ཐེག་
པ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་

ཡང་ཡོད་དམ། དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་འགའ་ཞིག་ཡོད་པར་གྱུར་ན། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་མི་སྟོན་པ་ཞིག་ན། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་པས་དེའི་ཕྱིར་
དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པ་དེ་
བཞིན་ཉིད་ཀྱི་ཚིག་བླ་དགས་ཡིན་པའི་ཕྱིར་རོ། །རབ་འབྱོར་གང་ལ་ལ་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཟེར་ན་དེ་ལོག་པར་སྨྲ་བ་ཡིན་
ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་བདེན་པ་

ཡང་མེད་བརྫུན་པ་ཡང་མེད་དེ། དེ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ་ཞེས་གསུངས་སོ། །རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་དག་ཐམས་ཅད་ཆོས་མེད་པ་ཡིན་ཏེ། དེ་བས་ན་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་བྱ་སྟེ།
རབ་འབྱོར་འདི་ལྟ་སྟེ། དཔེར་ན་མི་ཞིག་ལུས་དང་ལྡན་ཞིང་ལུས་ཆེན་པོར་གྱུར་པ་བཞིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་མི་ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་གང་གསུངས་པ་དེ། དེ་བཞིན་གཤེགས་པས་ལུས་མ་མཆིས་པར་
གསུངས་ཏེ། དེས་ན་ལུས་དང་ལྡན་ཞིང་ལུས་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་འདི་སྐད་དུ་བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཟེར་ན་དེ་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །དེ་
ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་སེམས་ཅན་མེད་
པ། སྲོག་མེད་པ། གང་ཟག་མེད་པ་ཞེས་གསུངས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྐད་དུ། བདག་གིས་ཞིང་བཀོད་པ་རྣམས་བསྒྲུབ་བོ་ཞེས་ཟེར་ན་དེ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞིང་བཀོད་པ་རྣམས་ཞིང་བཀོད་པ་རྣམས་
ཞེས་བྱ་བ་ནི་དེ་དག་བཀོད་པ་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེ་བས་ན་ཞིང་བཀོད་པ་རྣམས་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་ཆོས་རྣམས་ནི་བདག་མེད་པའོ། །ཆོས་རྣམས་ནི་བདག་མེད་པའོ་ཞེས་མོས་པ་དེ་ནི་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། དེ་

བཞིན་གཤེགས་པ་ལ་ཤའི་སྤྱན་མངའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ལྷའི་སྤྱན་མངའ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ལྷའི་
སྤྱན་མངའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་མངའ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་སྤྱན་
མངའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤྱན་མངའ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤྱན་མངའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་སྤྱན་མངའ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་སྤྱན་མངའོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གང་གཱའི་ཀླུང་ཡང་དེ་སྙེད་དུ་གྱུར་ལ། དེ་དག་གི་བྱེ་མ་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གྱུར་ན་འཇིག་རྟེན་གྱི་ཁམས་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་
དེ་ལྟ་ལགས་ཏེ། འཇིག་རྟེན་གྱི་ཁམས་དེ་དག་མང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་གི་བསམ་པ་ཐ་དད་པའི་སེམས་ཀྱི་རྒྱུད་ངས་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་
ཀྱི་རྒྱུད་སེམས་ཀྱི་རྒྱུད་ཅེས་བྱ་བ་ནི་དེ་རྒྱུད་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་སེམས་ཀྱི་རྒྱུད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདས་པའི་སེམས་ཀྱང་དམིགས་སུ་མེད། མ་འོངས་པའི་སེམས་ཀྱང་དམིགས་སུ་མེད། ད་ལྟར་བྱུང་བའི་སེམས་ཀྱང་

དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་
དུ་སྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་
པོ་མང་པོ་སྐྱེད་དོ། །རབ་འབྱོར་གལ་ཏེ་བསོད་ནམས་ཀྱི་ཕུང་པོར་གྱུར་ན། བསོད་ནམས་ཀྱི་ཕུང་པོ་བསོད་ནམས་ཀྱི་ཕུང་པོ་ཞེས་དེ་བཞིན་གཤེགས་པ་མི་གསུང་ངོ་། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་བལྟའམ། རབ་འབྱོར་གྱིས་
གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་དེ་བཞིན་གཤེགས་པར་མི་བལྟའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པས་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས་བགྱི་བ་ནི་དེ་ཡོངས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་
གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་
མ་ལགས་ཏེ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་བལྟའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་མཚན་ཕུན་སུམ་ཚོགས་པར་གསུངས་པ་དེ་མཚན་ཕུན་སུམ་ཚོགས་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་མཚན་ཕུན་སུམ་
ཚོགས་པ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་ཆོས་བསྟན་ཏོ་ཞེས་དགོངས་སོ་སྙམ་ན། རབ་འབྱོར་དེ་ལྟར་མི་བལྟ་སྟེ། དེ་བཞིན་གཤེགས་པས་གང་བསྟན་པའི་ཆོས་དེ་གང་ཡང་མེད་དོ། །རབ་

འབྱོར་སུ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་ཆོས་བསྟན་ཏོ་ཞེས་ཟེར་ན། རབ་འབྱོར་དེ་ནི་མེད་པ་དང་ལོག་པར་ཟིན་པས་ང་ལ་སྐུར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་བསྟན་པ་ཞེས་བྱ་བ་དམིགས་པར་འགྱུར་བའི་ཆོས་བསྟན་པ་ཆོས་བསྟན་པ་ཞེས་བྱ་བ་དེ་གང་ཡང་མེད་པའི་ཕྱིར་
རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་དུས་ན་སེམས་ཅན་གང་དག་འདི་ལྟ་བུའི་ཆོས་བཤད་པ་ཐོས་ནས་མངོན་པར་ཡིད་ཆེས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དག་ནི་
སེམས་ཅན་ཡང་མ་ཡིན་སེམས་ཅན་མེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དེ་དག་སེམས་ཅན་མེད་པར་གསུངས་པའི་ཕྱིར་ཏེ། དེས་ན་སེམས་ཅན་རྣམས་ཞེས་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་
པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་དམ། ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་
རྒྱས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཆོས་ཅུང་ཟད་ཀྱང་མེད་ཅིང་མི་དམིགས་ཏེ་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །ཡང་རབ་འབྱོར་ཆོས་དེ་ནི་མཉམ་པ་སྟེ། དེ་ལ་མི་མཉམ་པ་གང་
ཡང་མེད་པས་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པར་མཉམ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་
དགེ་བའི་ཆོས་རྣམས་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་དེ་དག་དེ་བཞིན་གཤེགས་པས་ཆོས་མེད་པ་ཉིད་དུ་གསུངས་ཏེ། དེས་ན་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཡང་རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིའི་རྒྱལ་པོ་རི་རབ་དག་ཇི་སྙེད་

ཡོད་པ་དེ་ཙམ་གྱི་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་མངོན་པར་བསྡུས་ཏེ་སྦྱིན་པ་བྱིན་པ་བས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་ནས་གཞན་དག་ལ་ཡང་བསྟན་ན། རབ་འབྱོར་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་
མ་དེས་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འདི་སྙམ་དུ་ངས་སེམས་ཅན་རྣམས་བཀྲོལ་ལོ་ཞེས་དགོངས་སོ་སྙམ་ན། རབ་འབྱོར་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས་གང་བཀྲོལ་བའི་སེམས་ཅན་
དེ་དག་གང་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པས་སེམས་ཅན་གང་ལ་ལ་ཞིག་བཀྲོལ་བར་གྱུར་ན་དེ་ཉིད་དེ་བཞིན་གཤེགས་པའི་བདག་ཏུ་འཛིན་པར་འགྱུར། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། །རབ་འབྱོར་བ་དག་ཏུ་འཛིན་ཅེས་བྱ་བ་
ནི་དེ་འཛིན་པ་མེད་པར་དེ་བཞིན་གཤེགས་པས་གསུངས་ན་དེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བཟུང་ངོ་། །རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ནི་དེ་དག་སྐྱེ་བོ་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས་མཚན་
ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་བལྟའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་
པར་མི་བལྟའོ། །རབ་འབྱོར་གལ་ཏེ་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་ཏེ་དེ་བས་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་བལྟའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་

ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རིག་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
སོ་སྙམ་དུ་འཛིན་ན། རབ་འབྱོར་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། རབ་འབྱོར་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས།
བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ལ་ལ་ཞིག་རྣམ་པར་བཤིག་གམ། ཆད་པར་བཏགས་པ་སྙམ་དུ་འཛིན་ན། རབ་འབྱོར་དེ་ལྟར་མི་བལྟ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་གང་ལ་ཡང་རྣམ་པར་བཤིག་པའམ། ཆད་
པར་བཏགས་པ་