Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 034_ཤེས་རབ་སྣ་ཚོགས།
Văn bản gốc(Tây Tạng)
Trang 4 / 18 (50.000 ký tự/trang)
ཞིན་མེད་དོ། །འཕགས་པའི་ བདེན་པ་དང་། ཞི་གནས་དང་། ལྷག་མཐོང་དང་། མངོན་པར་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །རིག་པ་དང་། རྣམ་པར་གྲོལ་བ་རང་ བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །མི་སྐྱེ་བ་ཤེས་པ་དང་། འགོག་པ་ཤེས་པ་རང་བཞིན་མེད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །མྱ་ངན་ལས་འདས་པ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། ། དོན་དམ་པ་ཤེས་པ་བསྟན་པ་དང་། ཀུན་རྫོབ་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །ཆགས་པ་མེད་པའི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བཞིན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མེད་དོ། །དེ་སྐད་ཅེས་བཀའ་སྩལ་ པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡོངས་སུ་གྲུབ་པའི་སླད་དུ་ཉེ་བར་གནས་པ་མ་ལགས། འགོག་པའི་སླད་དུ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་སྐྱེ་བའི་ཕྱིར་རམ་ཡོངས་སུ་གྲུབ་པའི་ཕྱིར་རམ། འགོག་པའི་ཕྱིར་རམ། བདག་མེད་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་དམིགས་པའི་ཚུལ་ གྱིས་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཆོས་ཉིད་ཀྱང་མེད་ན་གང་ལ་དམིགས་པར་འགྱུར་ཏེ། འདི་ལྟར་ཆོས་ཐམས་ཅད་དམིགས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་འབྲི་བའམ། འཕེལ་ བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འབྲི་བར་འགྱུར་བའམ། འཕེལ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལས་ཡང་དག་པར་འདའ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡང་དག་པར་འདའ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་ འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་འབྲི་བའམ། སོགས་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འབྲི་བའམ། སོགས་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་ སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་འདུ་བའམ། འབྲལ་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཀུན་དུ་སྦྱོར་བའམ། ཀུན་དུ་མི་སྦྱོར་བའི་ ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་ཚུལ་ལམ། ཚུལ་མ་ལགས་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ བཀུར་བའམ། རྣམ་པར་བཀུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ཕན་པའམ། གནོད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཕན་པའམ། གནོད་པར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་འབྱུང་བའམ། མི་འབྱུང་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་ སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་འབྱུང་བའམ། མི་འབྱུང་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་སྦྱོར་བའམ། མི་སྦྱོར་བའི་སླད་དུ་ ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་སྦྱོར་བའམ། མི་སྦྱོར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ནི་ཆོས་གང་དང་ཡང་གནས་པའམ། མི་གནས་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གནས་པར་བྱེད་པའམ། གནས་པར་མི་བྱེད་པའི་ཆོས་གང་ཡང་མི་དམིགས་སོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་འཇུག་པའམ། ལྡོག་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འཇུག་པའམ། ལྡོག་པའི་ཆོས་གང་ཡང་ མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་བྱ་བའམ། བྱེད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གི་བྱ་བའམ། བྱེད་ པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་མཉམ་པའམ། མི་མཉམ་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་ཆོས་གང་མཉམ་པ་འམ། མི་མཉམ་པའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྡུད་པའམ། ཀུན་སྡུད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་ བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྡུ་བར་བྱ་བའམ། དོར་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་གང་གིས་ཀྱང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བྱ་བ་བྱེད་པའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་བོ། །ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །མ་རིག་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཟབ་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཕྱིན་ཅི་ལོག་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །སྒྲིབ་པ་ལྔ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ལྟ་བ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །བདག་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ བོ། །སེམས་ཅན་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །སྤྲོས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །སྤྲོས་པ་མེད་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་ཟབ་པས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་བོ། །བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ཉེ་བར་ གཞག་པ་དང་། ཡང་དག་པར་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་དང་། ལམ་ཡན་ལག་བརྒྱད་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་བ་དང་། དུས་གསུམ་མཉམ་པ་ཉིད་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །མི་འཇིགས་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་དང་། མངོན་པར་ཤེས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཐོགས་པ་མེད་པའི་ཡེ་ཤེས་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མི་འགོག་པ་ཤེས་པ་དང་། མངོན་པར་ འདུ་མི་བྱེད་པ་ཤེས་པ་དང་། འདོད་ཆགས་དང་བྲལ་བ་ཤེས་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །སྒྲིབ་པ་ཟབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ནི་རྒྱ་ཆེ་ཞིང་ཟབ་སྟེ་དཔག་ཏུ་མེད་དོ། །དེ་བཞིན་དུ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྒྱ་ཆེ་ཞིང་ཟབ་སྟེ་དཔག་ཏུ་མེད་དོ། །ཤ་ར་དྭ་ཏིའི་བུ་ཟབ་ཅེས་བྱ་བ་ནི་ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་བསྩགས་པར་གྱུར་པ་གང་གཏིང་མི་རྙེད་པའོ། །ཤ་ར་དྭ་ཏིའི་བུ་ཟབ་ཅེས་བྱ་བ་ནི་དེ་ལ་འགྲོ་བར་མི་རྙེད་པའོ། །ཤ་ར་དྭ་ཏིའི་བུ་ཟབ་ཅེས་བྱ་བ་ནི་དེའི་ཡོན་ཏན་ གྱི་མཐའ་མི་རྟོགས་པའོ། །ཤ་ར་དྭ་ཏིའི་བུ་ཟབ་མོ་འདི་ལྟ་སྟེ། དཔེར་ན་མཚོ་ཆེན་པོ་རྒྱ་མཚོ་ནི་རིན་པོ་ཆེ་ཐམས་ཅད་བསགས་པ། རིན་པོ་ཆེ་དཔག་ཏུ་མེད་པས་གང་བ། རིན་པོ་ཆེ་ཆེན་པོས་རབ་ཏུ་གང་བའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་རིན་པོ་ཆེ་ཐམས་ ཅད་བསགས་པ། ཆོས་རིན་པོ་ཆེ་ཆེན་པོ་བསགས་པ། ཆོས་རིན་པོ་ཆེ་དཔག་ཏུ་མེད་པ་བསགས་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་བསྟན་པར་ཡང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྟན་པའི་ཆོས་གང་ཡང་དམིགས་པར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་འཚལ་བའམ། མ་འཚལ་བར་ཉེ་བར་གནས་པ་མ་ལགས་སོ། ། བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཤེས་པའམ། མི་ཤེས་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་བསྲུང་བའམ། སྦ་བའི་སླད་ དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྲུང་བའམ། སྦ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ ཡང་ཀུན་དུ་སྡུད་པའམ། ཡོངས་སུ་སྡུད་པའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཀུན་དུ་བསྡུ་བའམ། ཡོངས་སུ་བསྡུ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཆོས་གང་གི་གནས་སམ། གཞིར་ཡང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་གནས་སམ། གཞིར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། ། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་གནས་སམ། གཞིར་ཡང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་གནས་སམ། གཞིར་བྱ་བའི་ཆོས་གང་ ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་མངོན་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་མངོན་པར་ཞེན་པར་བྱ་བའི་ ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ལྷག་པར་ཞེན་པར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ ལྷག་པར་ཞེན་པར་བྱ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་དང་ཡང་གནས་པའམ། མི་གནས་པར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་ རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་དང་ལྷན་ཅིག་ཏུ་གནས་པའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་མཚམས་སྦྱར་བའམ། མཚམས་སྦྱར་བ་མ་ལགས་པར་ཡང་ཉེ་བར་གནས་པ་མ་ལགས་ སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་མཚམས་སྦྱར་བར་བྱ་བའམ། མཚམས་སྦྱར་བར་བྱ་བ་མ་ཡིན་པའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ འདོད་ཆགས་སམ། འདོད་ཆགས་དང་བྲལ་བར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཆགས་པར་འགྱུར་བའམ། མི་ཆགས་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་ཞེ་སྡང་ངམ། ཞེ་སྡང་མ་མཆིས་པར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཞེ་སྡང་དང་བཅས་པའམ། ཞེ་སྡང་མེད་པའི་ཆོས་གང་ ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་གཏི་མུག་གམ། གཏི་མུག་དང་བྲལ་བར་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ རྨོངས་པའམ། རྨོངས་པར་མི་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་ཤེས་པ་པོའམ། ཤེས་པར་བགྱིད་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་ཆོས་གང་ཤེས་པའམ། ཆོས་གང་ཤེས་པར་བྱེད་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་རང་བཞིན་ནམ། རང་བཞིན་མ་ལགས་པར་ཡང་ཉེ་བར་གནས་པ་མ་ ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གི་རང་བཞིན་ནམ། རང་བཞིན་མ་ཡིན་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གི་དག་ པའམ། རྣམ་པར་དག་པར་ཡང་ཉེ་བར་གནས་པ་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་སྦྱོང་བའམ། རྣམ་པར་སྦྱོང་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་ པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །མ་རིག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །འདུ་བྱེད་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། མིང་དང་གཟུགས་ཡོངས་སུ་ དག་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་དག་གོ། །མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ལྟ་བར་གྱུར་པ་ཡོངས་སུ་དག་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་ དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། མཐོང་བ་པོ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཆད་པ་དང་། རྟག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །མཐའ་དང་། མཐའ་མེད་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །སྦྱིན་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་ འཛིན་དང་། སྙོམས་པར་འཇུག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ཕྱིན་ཅི་མ་ལོག་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཡོངས་སུ་དག་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །མངོན་པར་ཤེས་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ལམ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ཉན་ཐོས་ཀྱིས་ཡོངས་སུ་དག་པས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །རང་སངས་རྒྱས་ཀྱི་ས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །སངས་རྒྱས་ཀྱི་ས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡོངས་སུ་ དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མཐོང་བ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ཐོགས་པ་མེད་པའི་ཡེ་ཤེས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་དག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །འདོད་པའི་ཁམས་ཡོངས་སུ་དག་པ་དང་། གཟུགས་ཀྱི་ཁམས་ཡོངས་སུ་དག་པ་དང་། གཟུགས་མེད་པའི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །སའི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །ཆུ་དང་། མེ་དང་། རླུང་གི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །སེམས་ཅན་གྱི་ཁམས་ཡོངས་སུ་དག་པ་ དང་། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། ནམ་མཁའི་ཁམས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་ཡོངས་སུ་དག་པ་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ནམ་མཁའ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་གོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ གཟུགས་མ་མཆིས། བསྟན་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གི་གཟུགས་ཡོངས་སུ་གྲུབ་པའམ། བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ནི་ཐོགས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཐོགས་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ནི་མ་བགྱིས་པའོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡང་དག་པར་འདུ་བ་མ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་ཆོས་གང་དང་ལྷན་ཅིག་ཏུ་འདུ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གདགས་སུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་ཆོས་གང་གིས་གདགས་པའི་ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐུན་མོང་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་དང་ཐུན་མོང་དུ་འགྱུར་བའི་ ཆོས་གང་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་མཚན་ཉིད་མི་དམིགས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ནི་སྣང་བ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། སྣང་བ་མི་དམིགས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་མཐའ་ ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཕྱིན་ཅི་ལོག་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །སྒྲིབ་པ་མཐའ་ ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །མ་རིག་པ་མཐའ་ཡས་པ་དང་། འདུ་བྱེད་རྣམས་མཐའ་ཡས་པ་དང་། རྣམ་པར་ཤེས་པ་མཐའ་ཡས་པ་དང་། མིང་དང་གཟུགས་མཐའ་ཡས་པ་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ལྟ་བར་གྱུར་པ་མཐའ་ཡས་པ་དང་། འདོད་ ཆགས་དང་། ཞེ་སྡང་དང་། གཏི་མུག་མཐའ་ཡས་པ་དང་། ཆད་པ་དང་། རྟག་པ་མཐའ་ཡས་པ་དང་། སྔོན་གྱི་མཐའི་མུ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཕྱི་མའི་མཐའི་མུ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །སྦྱིན་པ་མཐའ་ ཡས་པ་དང་། ཚུལ་ཁྲིམས་མཐའ་ཡས་པ་དང་། བཟོད་པ་མཐའ་ཡས་པ་དང་། བརྩོན་འགྲུས་མཐའ་ཡས་པ་དང་། བསམ་གཏན་མཐའ་ཡས་པ་དང་། ཤེས་རབ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །དྲན་པ་ཉེ་བར་གཞག་པ་མཐའ་ཡས་པ་ དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་མཐའ་ཡས་པ་དང་། ཕྱིན་ཅི་མ་ལོག་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ དང་། སྙོམས་པར་འཇུག་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །དམིགས་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །རིག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། སངས་རྒྱས་ཀྱི་ཆོས་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །བདག་དང་སེམས་ཅན་མཐའ་ ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །འདོད་པའི་ཁམས་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །གཟུགས་ཀྱི་ཁམས་མཐའ་ཡས་པ་དང་། གཟུགས་མེད་པའི་ཁམས་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་ སོ། །མངོན་པར་ཤེས་པ་མཐའ་ཡས་པ་དང་། སྒྲིབ་པ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡེ་ཤེས་མཐོང་བ་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཆགས་པ་མེད་པ་མཐའ་ ཡས་པ་དང་། ནམ་མཁའ་མཐའ་ཡས་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པས་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མ་དང་། བར་དང་ཐ་མ་མི་དམིགས་སོ། །གང་གིས་ཀྱང་མི་དམིགས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་མུ་མེད་པའོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའི་མཐའ་མི་དམིགས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་ཡང་མི་དམིགས་སོ། །སའི་ཁམས་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་བལྟའོ། །ཆུའི་ ཁམས་མཐའ་ཡས་པ་དང་། མེའི་ཁམས་མཐའ་ཡས་པ་དང་། རླུང་གི་ཁམས་མཐའ་ཡས་པ་དང་། ནམ་མཁའི་ཁམས་མཐའ་ཡས་པ་དང་། རྣམ་པར་ཤེས་པའི་ཁམས་མཐའ་ཡས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་ བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་མེད། དབུས་མེད། མུ་མེད་པར་ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །ཤཱ་རིའི་བུ་གཟུགས་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་ རིག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །མ་རིག་པ་མུ་མེད་པ་ནས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་ དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་བར་དུ་མུ་མེད་པས་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །ཕྱིན་ཅི་ལོག་མུ་མེད་པ་དང་། སྒྲིབ་པ་མུ་མེད་པ་དང་། ལྟ་བར་སོང་བ་མུ་མེད་པས་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་ པར་རིག་པར་བྱའོ། །བདག་མུ་མེད་པ་དང་། སེམས་ཅན་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །སྦྱིན་པ་མུ་མེད་པ་དང་། ཚུལ་ཁྲིམས་མུ་མེད་པ་དང་། བཟོད་པ་མུ་མེད་པ་དང་། བརྩོན་འགྲུས་མུ་མེད་པ་དང་། བསམ་གཏན་མུ་མེད་པ་དང་། ཤེས་རབ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་ གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །ཤཱ་རིའི་བུ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་ རིག་པར་བྱའོ། །ཤཱ་རིའི་བུ་མངོན་པར་ཤེས་པ་མུ་མེད་པ་དང་། རྣམ་པར་གྲོལ་བ་མུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །ཤཱ་རིའི་བུ་སོ་སོའི་སྐྱེ་བོའི་ཆོས་མུ་མེད་པ་དང་། ཉན་ཐོས་ཀྱི་ ཆོས་མུ་མེད་པ་དང་། རང་སངས་རྒྱས་ཀྱི་ཆོས་མུ་མེད་པ་དང་། སངས་རྒྱས་ཀྱི་ཆོས་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །ཤཱ་རིའི་བུ་རིག་པ་མུ་མེད་པ་དང་། རྣམ་པར་གྲོལ་བ་མུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མུ་ མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་མུ་མེད་པ་དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཞེས་བྱའོ། །མཐའ་དམིགས་སུ་མེད་པས་མཐའ་ཡས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་མཐའ་མེད་པ་ཞེས་བྱ་ བ་དེ་ནི་མུ་མེད་པའི་ཚིག་གོ། །ཤཱ་རིའི་བུ་བདག་མ་སྐྱེས་པས་ཆོས་ཐམས་ཅད་མཐའ་ཡས་པར་རིག་པར་བྱའོ། །ཤཱ་རིའི་བུ་ནམ་མཁའ་མཐའ་ཡས་པས་ཆོས་ཐམས་ཅད་མཐའ་ཡས་མུ་མེད་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་འདི་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་དག་གི་ཡུལ་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་འདི་ནི་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱང་མི་དམིགས་ ན་ཆོས་མ་ཡིན་པ་ལྟ་ཅི་སྨོས། ལམ་ཡང་མི་དམིགས་ན། ལམ་མ་ཡིན་པ་ལྟ་ཅི་སྨོས། ཚུལ་ཁྲིམས་ཀྱང་མི་དམིགས་ཤིང་རློམ་སེམས་སུ་མི་བྱེད་ན་འཆལ་པའི་ཚུལ་ཁྲིམས་ལྟ་ཅི་སྨོས་ཏེ། ཁམས་གསུམ་ཐམས་ཅད་དུ་ཡང་མི་གཏོགས། སྲིད་པར་འགྲོ་བ་དང་། འཆི་འཕོ་ དང་སྐྱེ་བ་ཐམས་ཅད་དུ་ཡང་མི་གཏོགས། ལུས་དང་སྲོག་ལ་ཡང་མི་ཆགས་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལ་ལྟ་ཅི་སྨོས་ཏེ། འཁོར་བའི་རྒྱུན་མཐར་བྱས་པ། སྲིད་པའི་རྒྱ་མཚོ་ཆེན་པོ་ལས་རྒལ་བ། གཡུལ་ཆེན་པོ་ལས་འདས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡུལ་དང་ བགྲོད་པ་ཡིན་ནོ། །ཡུལ་ཐམས་ཅད་ཡུལ་མ་ཡིན་པར་གང་གིས་ཡོངས་སུ་ཤེས་པ་དེ་དང་དེ་དག་ནི་རྣམ་པ་དེ་ལྟ་བུའི་སྐྱེས་བུ་དམ་པ་དག་སྟེ། ཡུལ་ཐམས་ཅད་ལ་མི་ཆགས་པ་དེ་དང་དེ་དག་ནི་སེང་གེ་ཆེན་པོའོ། །ཡུལ་ཐམས་ཅད་ལ་མ་ཞུགས་པ་དེ་དང་དེ་དག་ནི་རྣམ་པ་དེ་ ལྟ་བུ་དག་གོ། །ཡུལ་ཐམས་ཅད་ཀྱིས་མི་གོས་པ་དེ་དང་དེ་དག་ནི་ཡུལ་དང་མ་འདྲེས་པའོ། །ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་དེ་དང་དེ་དག་ནི་དེད་དཔོན་ཆེན་པོ་སྟེ། ཤཱ་རིའི་བུ་ཆོས་འདི་ནི་དེ་དག་གི་ཡུལ་དང་བགྲོད་པ་མ་ཡིན་ནོ། །ཤཱ་རིའི་བུ་འཁོར་འདི་ནི་གང་ཆོས་ འདི་ལ་མ་མོས་ཤིང་ཡུལ་དུ་མ་གྱུར་པའམ། གང་ཆོས་རྣམ་པ་འདི་ལྟ་བུ་འདི་ལ་སོམ་ཉི་དང་བཅས་པ་འམ། ཐེ་ཙོམ་དང་བཅས་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ངས་མ་མཐོང་ངོ་། །ཤཱ་རིའི་བུ་འཁོར་འདི་ནི་ཆོས་འདི་ལ་ཐེ་ཙོམ་མེད་དོ། །ནེམ་ནུར་མེད་དོ། །ཡིད་གཉིས་ མེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདི་དག་ནི་ཆོས་འདི་ལ་ཡིད་གཉིས་མེད་དེ། ཤཱ་རིའི་བུ་སྐྱེས་བུ་དམ་པ་འདི་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་གཉིས་ཡང་དག་པར་གཞོམ་པའི་ཕྱིར་གནས་པའོ། །ཤཱ་རིའི་བུ་འདི་དག་ནི་འདི་ལྟ་བུའི་ཆོས་ལ་སོམ་ཉི་མེད་དེ། སོམ་ཉི་ལས་ཡང་དག་པར་འདས་པའོ། །ཤཱ་རིའི་བུ་གང་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཆོས་བསྟན་པ་འདི་ཉན་པ་དེ་དག་ཀྱང་ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པར་གནས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་ཞུགས་པར་འགྱུར་རོ། །ཤཱ་རིའི་བུ་སེམས་ ཅན་དགེ་བའི་རྩ་བ་ཆུང་ངུ་རྣམས་ནི་ཆོས་འདི་ལ་མོས་པར་ངས་མ་བཤད་དོ། །ཆོས་འདི་ལ་དེ་དག་གི་གོ་སྐབས་མེད་དེ། འདི་ནི་དེ་དག་གི་ནོར་མ་ཡིན་ནོ། །ཤཱ་རིའི་བུ་ཆོས་བསྟན་པ་འདི་གང་དག་གི་རྣ་ལམ་དུ་ཐོས་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་མ་ ཡིན་ན། གང་དག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་ལ་ངེས་པར་ལུང་བསྟན་ཏེ། ཇི་ལྟར་ད་ལྟར་ང་སེང་གེའི་སྒྲ་སྒྲོགས་པ་དང་། འཇིགས་པ་ མེད་པའི་སྒྲ་དང་། སྐྱེས་བུ་ཆེན་པོའི་སྒྲ་དང་། རང་བྱུང་གི་སྒྲ་སྒྲོགས་པ་བཞིན་དུ་དེ་དག་ཀྱང་སེང་གེའི་སྒྲ་སྒྲོག་པར་འགྱུར་རོ། །གང་དག་ཐ་ན་ཆོས་འདི་ལ་དད་པ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་སྐྱེད་པར་འགྱུར་བ་དེ་དག་གི་ལུང་བསྟན་ པ་ཡང་དེ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་གང་དག་ཆོས་ཟབ་མོ་ཐོས་ནས། དགའ་བ་དང་། མཆོག་ཏུ་དགའ་བ་དང་། མོས་པ་སྐྱེད་པ་དེ་དག་ནི་ཤིན་ཏུ་རྙེད་པར་དཀའོ། །ཤཱ་རིའི་བུ་དེ་བས་ཀྱང་སེམས་ཅན་གང་ཆོས་ཟབ་མོ་ཐོས་ནས་ཀྱང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་མོས་པ་སྐྱེད་དེ། དགེ་བ་ཆེན་པོ་དང་ལྡན་པ་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་གང་དག་གི་རྣ་ལམ་དུ་ཐོས་པར་འགྱུར་བ་དང་། ཐོས་ནས་ཀློག་པ་དང་། མོས་ པ་དང་། དགའ་བ་དང་། ཡིད་བདེ་བ་ཆེན་པོ་སྐྱེད་པ་དང་། ཕྱིར་ཞིང་ཉན་པའི་ཕྱིར་ཆོས་འདི་ལ་འདུན་པ་སྐྱེད་པའི་སེམས་ཅན་དེ་དག་ཀྱང་འཁོར་བ་ཆེན་པོར་ཞུགས་པར་ངས་མ་བཤད་ན་ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། གཞན་ལ་སྟོན་པ་ལྟ་ཅི་སྨོས། ཤཱ་ རིའི་བུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་མ་ཞུགས་ཤིང་མ་ངེས་པ་ནི་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཤཱ་རིའི་བུ་ཆོས་ཀྱི་མཆོག་འདི་ལ་ཆོས་ཆུང་ངུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་གོ་སྐབས་ངས་མ་མཐོང་ངོ་། །ཤཱ་རིའི་བུ་ སངས་རྒྱས་ཀྱི་བྱང་ཆུབ་འདི་ནི་རྒྱ་ཆེ་ན་སེམས་ཅན་ནི་ཕལ་ཆེར་དམན་པ་ལ་མོས་ཤིང་ཆོས་ཆུང་ངུ་དང་ལྡན་ཏེ། འདི་ལྟ་བུའི་ཆོས་ཟབ་མོ་ཆགས་པ་མེད་པ་ལ་དགེ་བར་མ་བྱས་ཤིང་མི་མཁས་སོ། །ཤཱ་རིའི་བུ་འདི་ནི་སེམས་ཅན་གང་དག་རྒྱ་ཆེ་ཞིང་ཆོས་རྒྱ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་ པོ་ལ་ཡང་དག་པར་ཞུགས་པ། དགོས་པ་ཤིན་ཏུ་ཡོངས་སུ་རྙེད་པ། གོ་ཆ་ཆེན་པོ་ཤིན་ཏུ་བགོས་པ། དོན་ལེགས་པ་རྣམ་པར་རྟོགས་པ། ལམ་ཆེན་པོ་དང་དྲང་ཞིང་ཉམ་ང་བ་མེད་པ། ཚང་ཚིང་མེད་པ་མཉམ་པ། སྨིག་མ་དང་ཚེར་མ་མེད་པ། ངམ་གྲོག་དང་གཡང་ས་མེད་ པ། གཙང་བ། གནོད་པ་མེད་པ། གྱ་གྱུ་མེད་པ། ཡོན་པོ་མེད་པར་ཞུགས་པ་དང་། ཤཱ་རིའི་བུ་གང་དག་འཇིག་རྟེན་ལ་ཕན་པ་དང་། འཇིག་རྟེན་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། སྣང་ བ་བྱེད་པའི་སེམས་ཅན་རྣམས་ཀྱི་མུ་སྟེགས་སུ་གྱུར་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། ཕན་པར་སྙིང་བརྩེ་བ། ཕན་པར་འདོད་པ། བདེ་བར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ། སེམས་ཅན་ཐམས་ཅད་ལ་བདེ་བར་སྦྱར་བར་ཉེ་བར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་ལྟ་བུ་དེ་དག་གི་ནོར་ཆེན་པོ་ཡིན་ནོ། །ཤཱ་རིའི་བུ་སེམས་ཅན་ཆེན་པོ་དེ་དག་ནི་ཆོས་དཀོན་མཆོག་འདི་ཚོལ་བ་སྟེ། འདི་ནི་དེ་དག་གི་ནོར་དམ་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་བསོད་ནམས་མ་བྱས་པ། དམན་པ་ལ་མོས་པ། དད་པ་རབ་ཏུ་ཉམས་པ་རྣམས་ནི་ཆོས་ ཀྱི་ནོར་རྒྱ་ཆེན་པོ་འདི་ལ་མོས་པ་མི་སྐྱེའོ། །ཤཱ་རིའི་བུ་ངས་དེ་ལ་དགོངས་ཏེ། སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱང་། དམན་པ་ལ་མོས་པ་དང་། རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱང་རྒྱ་ཆེན་པོ་ལ་མོས་པར་ཁམས་སོ་སོར་སྦྱོར་རོ་ཞེས་བཤད་དོ། །དེ་ནས་བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་རླུང་གི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ཡང་མཐའ་ཡས་སོ། །ཤཱ་རིའི་ བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་རླུང་གི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ལོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ནི་ནམ་མཁའོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ཀྱི་ཡུལ་དང་སྤྱོད་ཡུལ་ནི་མཐའ་ཡས་སོ། །དེ་བཞིན་དུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་དང་སྤྱོད་ཡུལ་ཡང་མཐའ་ཡས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་དང་། རླུང་གི་ཁམས་ནི་གང་ན་ཡང་མི་སྣང་ཞིང་ཆོས་གང་མངོན་པར་འགྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ནོ། །ཤཱ་རིའི་བུ་ དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་ལ་ཡང་མི་སྣང་ཞིང་ཆོས་གང་མངོན་པར་འགྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་དང་། རླུང་གི་ཁམས་ནི་གཟུང་དུ་མེད་ཅིང་ཡོངས་སུ་མ་གྲུབ་པས་ཁ་ དོག་གི་མཚན་མའི་གྲངས་སུ་མི་འགྲོའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཟུང་དུ་མེད་ཅིང་ཡོངས་སུ་མ་གྲུབ་པས་ཁ་དོག་དང་མཚན་མ་གང་གིས་ཀྱང་གང་གི་གྲངས་སུ་ཡང་ཉེ་བར་འགྲོ་བ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ ཁམས་དང་། རླུང་གི་ཁམས་ནི་ཆོས་གང་ཡོངས་སུ་གྲུབ་པར་མཐོང་བར་ཉེ་བར་འགྲོ་བ་མ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་ཡང་ཡོངས་སུ་གྲུབ་པར་མཐོང་བར་ཉེ་བར་འགྲོ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་མཚན་ཉིད་གང་ལགས། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་མེད་དོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་དང་། རླུང་གི་ཁམས་ནི་ཆོས་གང་གི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་ཡང་ ཉེ་བར་འགྲོ་བ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་གང་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་ཡང་ཉེ་བར་འགྲོ་བ་མ་ཡིན་ཏེ། ཤཱ་རིའི་བུ་འདི་ལྟར་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པའོ། །ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ནམ་ མཁའི་ཁམས་ནི་གང་དུ་ཡང་མི་ཆགས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གང་དུ་ཡང་མི་ཆགས་ཏེ། དེའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཤཱ་རིའི་བུ་ཆགས་པ་མེད་པ་ལ་ནི་མཚན་ཉིད་ཅི་ཡང་མེད་མོད་ཀྱི་འོན་ཀྱང་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཆགས་པ་མེད་པའི་མཚན་ཉིད་དོ་ཞེས་བྱ་བ་དེ་ནི་ཐ་སྙད་ཀྱི་ཚིག་གོ། །ཤཱ་རིའི་བུ་ཆགས་པ་མེད་པ་ལ་ནི་མཚན་ཉིད་མེད་ཅིང་མཚན་མ་མེད་དེ། དེ་ཉིད་མཚན་ཉིད་མེད་པར་བསྟན་ཏོ། །ཤཱ་རིའི་བུ་ཆགས་པ་མེད་པ་ཞེས་བྱ་བ་དེ་ནི་ཆགས་པ་ཡོངས་སུ་ཤེས་པའོ། །དེ་ནི་ཆགས་པ་མི་ དམིགས་པའོ། །དེ་ནི་ཆགས་པའི་ཡང་དག་པ་ཇི་ལྟ་བ་བཞིན་ནོ། །དེ་ནི་ཆགས་པའི་ཕྱིན་ཅི་ལོག་ཡོངས་སུ་ཤེས་པའོ། །ཤཱ་རིའི་བུ་ཆགས་པ་ལ་ཆགས་པ་མེད་དེ། དེའི་ཕྱིར་ཆགས་པའི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཆགས་པ་མི་དམིགས་པ་ནི་ཆགས་པ་མེད་པ་ཞེས་ བྱའོ། །ཤཱ་རིའི་བུ་ཡེ་ཤེས་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆགས་པ་མེད་པའི་མཚན་ཉིད་དོ། །ཤཱ་རིའི་བུ་ཆོས་ཐམས་ཅད་ནི་ཆགས་པ་མེད་པའི་མཚན་ཉིད་དེ། ཆོས་གང་གི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་སྟེ། ཆོས་གང་ཡང་མཚན་ཉིད་མངོན་ པར་འགྲུབ་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །གང་ལ་མཚན་ཉིད་མེད་པ་དེ་ནི་མཚན་ཉིད་མེད་པ་ཞེས་བྱའོ། །གང་མཚན་ཉིད་མེད་པ་དེ་ལ་ཆགས་པ་མེད་དོ། །གལ་ཏེ་ཆོས་ཀྱི་དབྱིངས་མཚན་ཉིད་ཅིག་ཡོད་ན་ནི་ཆོས་ཐམས་ཅད་ལ་ཆགས་པར་ཡང་འགྱུར་ན། གང་གི་ཕྱིར་ཆོས་ ཐམས་ཅད་ལ་མཚན་ཉིད་མེད་པ་དེའི་ཕྱིར་དེ་དག་ལ་ཆགས་པ་མེད་དེ། དེས་ན་ཆོས་ཐམས་ཅད་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་དེ་བཞིན་དུ་ནི་མ་ཡིན་ནོ། །གང་ཆགས་པ་མེད་པའི་མཚན་ཉིད་དེ་ནི་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། མེད་པའི་ ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ། །དབེན་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ། །མི་དམིགས་པའི་ཕྱིར་ཆགས་པ་མེད་པའི་མཚན་ཉིད་དོ། །ཤཱ་རིའི་བུ་ཆོས་གང་ཆགས་པ་མེད་པའི་མཚན་ཉིད་ཀྱི་ཆོས་གང་ཡིན་པ་དེ་ནི་མཐོང་བ་ཅིར་ཡང་ཉེ་བར་གནས་པ་མ་ཡིན་ཞིང་མི་མཐོང་ བར་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་སེམས་ཅན་རྣམས་ལ་ཆགས་པ་མེད་པའི་མཚན་ཉིད་ཅེས་བསྟན་པ་བྱས་སོ། །ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་སྟེ། ཀུན་ནས་ཉོན་མོངས་པ་ནི་མཚན་ཉིད་ཀྱིས་ཉེ་བར་གནས་པ་མ་ཡིན་གྱི། ཤཱ་རིའི་ བུ་ཀུན་ནས་ཉོན་མོངས་པ་ནི་ཕྱིན་ཅི་ལོག་གིས་ཉེ་བར་གནས་པའོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་མཚན་ཉིད་མེད་པའོ། །གང་མཚན་ཉིད་མེད་པ་དེ་ཐ་སྙད་ཀྱིས་ཀྱང་མཚན་ཉིད་མེད་དེ། དེ་མཚན་ཉིད་མེད་པ་ཁོ་ནའོ། །ཤཱ་རིའི་བུ་རྣམ་པར་བྱང་བ་དེ་ཡང་མཚན་ཉིད་མེད་པའོ། །དེ་ ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ཉིད་ཀྱང་མཚན་ཉིད་མེད་ན་རྣམ་པར་བྱང་བ་ལྟ་ཅི་སྨོས། ཤཱ་རིའི་བུ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པ་ཅི་ཡང་མེད་མོད་ཀྱི། སེམས་ཅན་རྣམས་ནི་ཕྱིན་ཅི་ ལོག་པས་ཀུན་ནས་ཉོན་མོངས་སོ། །གང་ཕྱིན་ཅི་ལོག་པ་དེ་ཡང་དག་པ་མ་ཡིན་ནོ། །གང་ཡང་དག་པ་མ་ཡིན་པ་དེ་ལ་ཡང་དག་པ་ཡོངས་སུ་གྲུབ་པ་འམ་མཚན་ཉིད་མེད་དོ། །ཤཱ་ར་དྭ་ཏིའི་བུ་གང་དེ་ལྟར་ཤེས་པ་དེ་ནི་རྣམ་པར་བྱང་བ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ ཉིད་ཀྱང་མཚན་ཉིད་མེད་ན་རྣམ་པར་བྱང་བ་ལྟ་ཅི་སྨོས། ཤཱ་རིའི་བུ་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བའི་ཆོས་འདི་གཉིས་ནི་མཚན་ཉིད་མེད་ཅིང་ཡོངས་སུ་མ་གྲུབ་པའོ། །ཤཱ་རིའི་བུ་ཆོས་ཐམས་ཅད་ནི་མཚན་ཉིད་མེད་ཅིང་ཡོངས་སུ་ མ་གྲུབ་པ་སྟེ། དེ་ནི་ཆགས་པ་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཆགས་པ་མེད་པ་ཡིན་ན། ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཆགས་པ་མེད་པ་ལ་ཆགས་སོ། །ཤཱ་རིའི་བུ་འདི་ནི་ཆོས་ཐམས་ཅད་ཆགས་པ་མེད་ པའི་མཚན་ཉིད་དེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཞེས་བསྟན་ཏོ། །ཤཱ་རིའི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་ལོ། །ཆགས་པ་མེད་པའི་མཚན་ཉིད་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་མཐའ་ཡས་ཞེས་ བྱའོ། །གང་ཆགས་པ་མེད་པའི་དེའི་ཡུལ་དང་སྤྱོད་ཡུལ་མཐའ་ཡས་སོ། །ཤཱ་རིའི་བུ་སྤྱོད་ཡུལ་ཞེས་བྱ་བ་དེ་ནི་སྤྱོད་ཡུལ་མེད་པའི་ཚིག་བླ་དགས་སོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱོད་ཡུལ་བསྟན་པའི་མཚན་ཉིད་ཀྱིས་ཕྱེ་བ་མ་ཡིན་ནོ། །ཤ་རིའི་བུ་ཡུལ་ཞེས་བྱ་བ་ དེ་ནི་ཆོས་ཐམས་ཅད་ཡུལ་མེད་པའོ། །དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་དང་། ཇི་ལྟ་བ་བཞིན་ནོ། །མེད་པའི་ཕྱིར་ཆོས་ཐམས་ཅད་ཡུལ་མེད་དེ། ཆོས་རྣམས་དེ་ལྟར་ཡོངས་སུ་ཤེས་པ་དེ་ནི་ཡུལ་དང་སྤྱོད་ཡུལ་ཞེས་བྱ་སྟེ། ཇི་སྐད་དུ་བརྗོད་པ་བཞིན་དུ་ནི་མ་ཡིན་ནོ། །གང་ཆོས་རྣམས་དེ་ལྟར་ ཡོངས་སུ་ཤེས་པ་དེ་ནི་གང་ལ་ཡང་ཆགས་པ་མེད་དེ། ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཤཱ་རིའི་བུ་འདི་ལྟ་བུའི་ཆོས་འདི་ལ་གྲོགས་མང་དུ་མི་རྙེད་དོ། །འདི་ལྟ་བུའི་ཆོས་འཆད་པ་དང་། ཡང་དག་ པར་རབ་ཏུ་སྟོན་པ་དང་། རྣམ་པར་འབྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་བསྟན་པའོ། །ཤཱ་རིའི་བུའི་ཆོས་འདི་ལ་ནི་བདེན་པ་མཐོང་བའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་ཕྱིར་མི་ཟློག་ པ་རྣམས་མ་གཏོགས་པར་གྲོགས་གཞན་གང་ཡང་མེད་དེ། ལྟ་བ་ཕུན་སུམ་ཚོགས་པ་ཆོས་འདི་ལ་སྤྱོད་པ་དེ་དག་ཀྱང་ཐེ་ཙོམ་དུ་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐེ་ཙོམ་མེད་པ། ལུས་མངོན་སུམ་དུ་གྱུར་པ་རྣམས་ཆོས་འདི་ལ་བཟོད་པ་ཐོབ་པར་འགྱུར་གྱི། ཤཱ་རིའི་བུ་བྱིས་ པ་སོ་སོའི་སྐྱེ་བོ་རྣམས་ནི་མ་ཡིན་ནོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱི་ལག་ཏུ་འགྲོ་བར་མི་འགྱུར་གྱི། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་སེམས་ཅན་གང་དགེ་བའི་རྩ་བ་ཡོངས་སུ་དག་པ་དང་ལྡན་ པ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་པ། བསམ་པ་དགེ་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལྷག་པར་བྱ་བ་བྱས་པ། བྱང་ཆུབ་ ཀྱི་ཕྱིར་ས་བོན་བསྐྱེད་པ། སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པ། ཚུལ་བཞིན་ཀུན་འདྲི་བ་དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ནི་གང་དག་བཟོད་པ་འཐོབ་པ་དང་། ཉེ་ བར་འགྱུར་བ་དང་། བཟོད་པ་འཐོབ་པ་དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ། །གང་དག་ལུང་བསྟན་པ་དེ་དག་ཀྱང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། སྨོན་ལམ་གྱི་དབང་གིས་ནི་མ་གཏོགས་སོ། །གང་དག་ ལུང་མ་བསྟན་པ་དེ་དག་ཀྱང་མྱུར་དུ་མངོན་སུམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པའི་རྣ་ལམ་དུ་མདོ་སྡེ་འདི་ཐོས་པར་གྱུར་པ་དེ་དག་ཀྱང་ལུང་བསྟན་པ་ཉིད་དུ་རིག་པར་བྱ་ན། གང་མདོ་སྡེ་འདི་རྙེད་པ་དང་། ཡི་གེར་ འདྲི་བ་དང་། འཆང་བ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། གཞན་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཤཱ་རིའི་བུ་སེམས་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དེ་དག་གིས་མདོ་སྡེ་འདི་མཉན་པ་དང་། ཡི་གེར་འདྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དེ་ནི་ གནས་མེད་དེ། ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་གང་དག་དགེ་བའི་རྩ་བ་འབར་བ་རྣམས་ཀྱི་ལག་ཏུ་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་རྣམ། ཉན་ཐོས་ཀྱི་ཐེག་པ་ ཅན་གྱི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཆོས་འདི་རྙེད་ན། སྤྲོ་བ་ཆུང་བ་དང་། ལེ་ལོ་དང་གཉིད་ཆེ་བ་དང་། ཤེས་བཞིན་མེད་པ་དང་། དྲན་པ་ཉེ་བར་མི་འཇོག་པ་དང་། སེམས་གཡེང་བ་དང་། ཟང་ཟིང་ལ་ཆགས་པ་དང་། བརྐམ་པ་དང་། མུ་ཅོར་སྨྲ་བ་དང་། སྨྱོན་ ཐབས་དང་། ཁ་ཕྱར་དང་། དབང་པོ་ཕྱལ་བར་མི་བྱའོ། །ཤཱ་རིའི་བུ་དགེ་བའི་རྩ་བ་བྱས་པ་དག་ཀྱང་མི་སླུའོ། །བྱང་ཆུབ་སེམས་དཔའ་ཆོས་འདི་རྙེད་ནས་བག་ཡོད་པ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། མོས་པ་དང་། ལེ་ལོ་མེད་པ་དང་། དབང་པོ་བསྡམས་པ་དང་། མུ་ཅོར་ མི་སྨྲ་བ་རབ་ཏུ་བསྟེན་པར་བྱའོ། །དྲན་པ་ཉེ་བར་གཞག་པ་དང་། མང་དུ་ཐོས་པ་ལ་སྦྱོར་བར་བྱའོ། །བརྩོན་འགྲུས་བརྩམས་ལ་འདི་ལྟ་བུའི་ཡོན་ཏན་འདི་དག་ཡོངས་སུ་བསྐང་བའི་ཕྱིར་འབད་པར་བྱའོ། །ཤཱ་རིའི་བུ་འདི་ལྟ་བུའི་ཆོས་ཐོས་པའི་འབྲས་བུ་ནི་འདི་མ་ཡིན་ཏེ། གང་ བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་འདི་ལྟ་བུའི་ཆོས་ཐོས་ན་བག་མེད་པར་མི་འགྱུར་བ་དང་། ཡིད་རྟོན་པར་མི་འགྱུར་བ་དང་། འདུན་པ་ཡོངས་སུ་ཉམས་པ་དང་། བརྩོན་འགྲུས་བྲི་བ་དང་། མ་དྲིས་པ་སྟོན་པ་དང་། གནོད་སེམས་མང་དུ་འགྱུར་བ་དེ་ནི་ཐོས་པའི་འབྲས་བུ་མ་ ཡིན་ནོ། །དེ་དག་གིས་འདི་ལྟ་བུའི་ཆོས་འདི་ཐོས་པ་མ་ཡིན་ནོ། །ཤཱ་རིའི་བུ་ཐོས་ཞེས་བྱ་བ་དེ་ནི་ཡང་དག་པའི་ནན་ཏན་གྱི་ཚིག་བླ་དགས་ཏེ། ལོག་པའི་ནན་ཏན་གྱི་ནི་མ་ཡིན་ནོ། །ཤཱ་རིའི་བུ་ལོག་པར་ཞུགས་པས་ནི་ཆོས་འདི་ཐོས་པར་མི་འགྱུར་རོ། །ཤཱ་རིའི་བུ་ཐོས་ནས་ཁྱོད་ དོན་ལ་མཁས་ཤིང་ནན་ཏན་གྱིས་གནས་པར་བྱའོ། །ཤཱ་རིའི་བུ་ལོག་པར་ཞུགས་པ་རྣམས་ལ་ནི་རྗེས་སུ་འཐུན་པའི་བཟོད་པ་ཡང་མེད་དོ། །ཤཱ་རིའི་བུ་གང་ཇི་སྐད་བསྟན་པའི་ཆོས་འདི་ལ་ལོག་པར་མི་སྒྲུབ་པ་དེ་ནི་ཆོས་འདི་ལ་ནན་ཏན་བྱེད་པ་ཞེས་བྱའོ། །ཤཱ་རིའི་བུ་བཟོད་པ་ཕུན་སུམ་ ཚོགས་པའི་གང་ཟག་ནན་ཏན་ལ་གནས་པ་དག་ནི་ཕྱིར་ངན་སོང་དུ་འགྲོ་བར་མི་འགྱུར་གྱི། མྱུར་དུ་ཆོས་འདི་ཡང་དག་པར་སྒྲུབ་པར་འགྱུར་རོ། །དགེ་བའི་རྩ་བ་ངན་ངོན་ཙམ་ལ་ཡིད་བརྟན་པར་མི་བྱ་སྟེ། ཆོས་འདི་ཡོངས་སུ་མ་གྲུབ་ཀྱི་བར་དུ་བརྩོན་པ་མི་གཏོང་བས་ཀྱང་ཡིད་བརྟན་པར་མི་བྱའོ། ། ཤཱ་རིའི་བུ་གང་ཆོས་འདི་ལ་བསླབས་པ་དང་། ཡོངས་སུ་གྲུབ་པ་དང་། བཟོད་པ་ཐོབ་པ་དེ་ནི་ཕྱིར་ངན་སོང་དུ་འགྲོ་བར་འགྱུར་བའི་ལས་མི་བྱེད་དེ། དེ་ནི་ཕྱིར་ལེ་ལོ་དང་། འབྲི་བ་ལ་སྟེན་པར་མི་འགྱུར་ཏེ། དེ་ཕྱིར་ལྡོག་པའི་འཇིགས་པ་མེད་པར་འགྱུར་རོ། །དེ་ལྷོད་པར་ཡང་མི་འགྱུར་རོ། །དེ་ ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོངས་སུ་ཤེས་པ་ཡིན་ནོ། །དེས་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་སྟེ། ཡང་དག་པ་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཡིན་ནོ། །དེ་ལྟར་ཡང་དག་པར་མཐོང་བ་དེ་ནི་བཟོད་པ་ཕུན་ སུམ་ཚོགས་པ་ཡིན་ནོ། །དེས་པ་དང་ཚིག་ཉུང་བ་དང་། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་དང་། སྡོམ་པ་ཕུན་སུམ་ཚོགས་པ་ཡིན་ཏེ། གང་ཟག་སེམས་ཅན་དེ་ལྟ་བུ་ལ་ལྷ་རྣམས་ཀྱང་མོས་པར་འགྱུར་ན་མི་རྣམས་ལྟ་ཅི་སྨོས། སེམས་ ཅན་དེ་ལྟ་བུ་ལ་ལྷ་རྣམས་ཀྱང་དགའ་བར་འགྱུར་ན་མི་རྣམས་ལྟ་ཅི་སྨོས། དེ་དག་གི་གན་དུ་ལྷ་རྣམས་ཀྱང་འགྲོ་བར་གྱུར་ན་མི་རྣམས་ལྟ་ཅི་སྨོས། དེ་དག་ལ་ལྷ་རྣམས་ཀྱིས་བཀུར་སྟི་བྱ་བར་འོས་པ་ཡིན་ན་མི་རྣམས་ཀྱིས་ལྟ་ཅི་སྨོས། དེ་དག་ལ་ལྷ་རྣམས་ཀྱང་སྲུང་བར་འགྱུར་ན་མི་རྣམས་ལྟ་ཅི་ སྨོས། དེ་བཞིན་དུ་ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། དྲི་ཟ་རྣམས་ཀྱང་དེ་དག་ལ་སྲུང་བར་འགྱུར། དེ་དག་ལ་སྲུང་བ་དང་། སྒྲིབ་པ་དང་། སྦེད་པའི་ཕྱིར་འབད་པར་འགྱུར་རོ། །དཔེའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །།བམ་པོ་བཞི་པ། དེ་ནས་ ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་སྟོན་པ་ཡང་འདི་ན་མངོན་སུམ་དུ་གྱུར། འཁོར་འདི་ཡང་ཆོས་ཟབ་མོ་བསྟན་པའི་སྣོད་དུ་གྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་འཁོར་འདི་ནི་དག་ཅིང་ཟབ་མོའི་ཆོས་ཐོས་པར་འདོད་ན། ཁྱོད་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩམས་ཏེ་སྤོབས་པར་མི་བྱེད་པར་ཅང་མི་སྨྲ་བར་འདུག། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁོ་བོས་ནི་གང་བརྩམས་ཏེ་སྤོབས་པར་བྱ་བའི་ཆོས་དེ་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་སེམས་དཔའ་དང་། སྤོབས་པ་དང་། གང་སྤོབས་པར་འགྱུར་བ་དང་། གང་གིས་སྤོབས་པར་འགྱུར་བ་དང་། གང་ལས་སྤོབས་པར་ འགྱུར་བ་ཡང་མི་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། གང་སྤོབས་པར་འགྱུར་བ་དང་། གང་གིས་སྤོབས་པར་འགྱུར་བ་དང་། གང་ལས་སྤོབས་པར་འགྱུར་བ་དང་། གང་ གི་སྤོབས་པར་འགྱུར་བ་མི་མཐོང་ན། ཇི་སྐད་དུ་བསྟན་པར་བྱ། ཁོ་བོས་གང་ལས་བརྩམས་ཏེ་སྤོབས་པར་བྱ། ཤཱ་རིའི་བུ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐ་སྙད་མེད་པ། སྨྲར་མེད་པ། བརྗོད་དུ་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ སྨྲ་བའམ། བསྙད་པ་འམ། བརྗོད་པར་མི་ནུས་ཏེ། གང་དེ་ལྟར་ལན་འདེབས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་འདས་པའི་མཚན་ཉིད་དང་། མ་འོངས་པའི་མཚན་ཉིད་དང་། ད་ལྟར་བྱུང་བའི་མཚན་ཉིད་དུ་བསྟན་པར་མི་ནུས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐ་སྙད་མ་ཡིན་ཏེ། མཚན་ཉིད་མེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་མཚན་ཉིད་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་འདས་པའི་མཚན་ཉིད་དམ། མ་འོངས་པའི་མཚན་ཉིད་དམ། ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་པའི་མཚན་ཉིད་དང་། མ་འོངས་པའི་མཚན་ཉིད་དང་། ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ཀྱི་མཚན་ཉིད་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཇི་ལྟ་བ་ བཞིན་གྱི་དེ་བཞིན་ཉིད་དེ་ནི་གདགས་པ་འམ། ཚིག་གི་ལས་ཀྱིས་བརྗོད་པར་རམ། བསྙད་པར་རམ། ལན་གདབ་པར་མི་ནུས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་སོ། །ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྟན་པའི་མཚན་ཉིད་དུ་ཡང་ཉེ་བར་གནས་པ་མ་ཡིན་ཏེ། གཟུགས་བསྟན་པའི་མཚན་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྟན་པའི་མཚན་ཉིད་དུ་ཉེ་བར་གནས་པ་ མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པའི་མཚན་ཉིད་དུ་ཉེ་བར་གནས་པ་མ་ཡིན་ནོ། །མིང་དང་གཟུགས་ཀྱི་མཚན་ཉིད་དང་། བདག་གི་མཚན་ཉིད་དང་། སེམས་ཅན་གྱི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་། འདུ་བའི་མཚན་ཉིད་དང་། འབྲལ་བའི་ མཚན་ཉིད་དང་། རྒྱུའི་མཚན་ཉིད་དང་། རྐྱེན་གྱི་མཚན་ཉིད་དང་། སྡུག་བསྔལ་གྱི་མཚན་ཉིད་དང་། བདེ་བའི་མཚན་ཉིད་དང་། རྣམ་པར་གཞག་པའི་མཚན་ཉིད་དང་། རྣམ་པར་མི་གཞག་པའི་མཚན་ཉིད་དང་། སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་ དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རང་བཞིན་གྱི་མཚན་ཉིད་དང་། ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་དང་། བདེན་པའི་མཚན་ཉིད་དང་། བརྫུན་པའི་མཚན་ཉིད་དང་། འཕོ་བའི་མཚན་ཉིད་དང་། འཇུག་པའི་མཚན་ ཉིད་དུ་ཉེ་བར་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེའམ། འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེའམ། འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཞེའམ། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་དེ་སུའི་མཐོང་བར་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཆོས་དེ་ཁོ་བོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་ཆོས་གང་ངེས་པར་བསྟན་པར་ཡང་ཉེ་བར་འགྲོ་བའམ། ཉེ་བར་འགྲོ་བར་འགྱུར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ པར་ཤེས་པ་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན། ཁམས་རྣམས་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ངེས་པར་བསྟན་པར་ཉེ་བར་འགྲོ་བ་ མ་ཡིན། རིག་པ་དང་། རྣམ་པར་གྲོལ་བ་ངེས་པར་བསྟན་པར་ཉེ་བར་འགྲོ་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་འཇིག་རྟེན་ལས་འདས་པའི་ཤེས་རབ་ངེས་པར་འབྱེད་པར་འགྲོ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པར་བསྟན་པར་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་འདི་ལྟ་ སྟེ། ཆོས་གང་ངེས་པར་བསྟན་པར་ཡང་ཉེ་བར་མི་འགྲོ་བའི་ཆོས་དེ་ཇི་ལྟར་བརྗོད་ཅིང་ངེས་པར་བསྟན་པར་འགྱུར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་དག་ཆོས་རྣམས་ཀྱི་ཚུལ་དེ་ལྟར་རབ་ཏུ་ཤེས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྟན་པ་དང་ངེས་པར་བསྟན་པར་ཡང་ཉེ་བར་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། མིང་དང་གཟུགས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་བསྟན་པ་དང་། ངེས་པར་བསྟན་ པར་ཉེ་བར་གནས་པ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཕྱིན་ཅི་ལོག་རྣམས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་བསྟན་པ་དང་། ངེས་ པར་བསྟན་པར་ཉེ་བར་གནས་པ་མ་ཡིན། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་བསྟན་ པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་ གཡེང་བ་དང་། ཤེས་རབ་དང་། འཆལ་པའི་ཤེས་རབ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཚད་མེད་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན་ནོ། །བདེན་པ་དང་། ལམ་དང་། འབྲས་བུ་བསྟན་པ་ དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་བསྟན་པ་དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་ དང་། ངེས་པར་བསྟན་པར་ཉེ་བར་གནས་པ་མ་ཡིན། ཆོས་གང་ཤེས་པ་དང་། མི་ཤེས་པ་དང་། བསྟན་པ་དང་། བསྟན་དུ་མེད་པར་ཉེ་བར་གནས་པ་མ་ཡིན། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། འགོག་པ་ཤེས་པ་བསྟན་པ་འམ། བསྟན་པ་མ་ཡིན་པར་ཉེ་བར་ གནས་པ་མ་ཡིན། མྱ་ངན་ལས་འདས་པ་བསྟན་པའམ། བསྟན་པ་མ་ཡིན་པར་ཉེ་བར་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཆོས་གང་བསྟན་པའམ། བསྟན་པ་མ་ཡིན་པར་ཡང་ཉེ་བར་གནས་པ་མ་ཡིན་པ་དེའི་ཐ་སྙད་ཇི་ལྟར་བསྟན་པར་བྱ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་བསྟན་པ་འམ། བསྟན་པ་མ་ཡིན་པར་ཡང་ཉེ་བར་གནས་པ་མ་ཡིན་པར་བསྟན་པ་འདི་ལྟ་བུ་ཁོང་དུ་ཆུད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡང་ཤེས་ སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་སྦྱོར་བའམ། མི་སྦྱོར་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་ དུ་མི་སྦྱོར་བར་ཡང་མི་བྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་ མི་བྱེད་དོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་ སྦྱོར་བར་ཡང་མི་བྱེད་དོ། །སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། གནོད་སེམས་དང་། བརྩོན་འགྲུས་དང་། ལེ་ལོ་དང་། བསམ་གཏན་དང་། རྣམ་པར་གཡེང་བ་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ དང་། ཚད་མེད་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །ལམ་དང་ ལམ་གྱི་འབྲས་བུ་དང་། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ ཡང་མི་བྱེད་དོ། །ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་ལ་ཀུན་དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་ལ་ཀུན་ དུ་སྦྱོར་བར་ཡང་མི་བྱེད། ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །ཐོགས་པ་མེད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཟད་པ་ཤེས་པ་དང་། མྱ་ངན་ལས་འདས་པ་ལ་ཀུན་ཏུ་སྦྱོར་བར་ཡང་མི་བྱེད་དོ། །ཀུན་དུ་མི་སྦྱོར་བར་ཡང་མི་བྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཆོས་ གང་ལ་ཡང་ཀུན་དུ་སྦྱོར་བའམ། ཀུན་དུ་སྦྱོར་བ་མ་ཡིན་པར་གནས་པ་མ་ཡིན་པ་དེ་ཇི་ལྟར་བསྟན་པར་བྱ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁོ་བོས་ཆོས་གང་ལ་སྤོབས་པར་འགྱུར་བ་དང་། གང་གིས་ཁོ་བོ་སྤོབས་པར་འགྱུར་བ་དང་། གང་ལ་ཁོ་བོ་སྤོབས་པར་ འགྱུར་བ་དང་། གང་ལ་ཁོ་བོས་བརྩམ་པར་སྤོབས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཁོ་བོས་དབང་དེ་མཐོང་བས་ཁོ་བོས་དེ་སྐད་སྨྲས་སོ། །རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་གང་ལ་ཡང་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་ ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་བྱུང་བ། བདེན་པ་མ་ཡིན་པ། མེད་པ་ལོག་པ་ཡང་དག་པ་མ་ཡིན་པ་སྟེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དེའི་ཕྱིར་གང་ཆོས་འགའ་ཞིག་ལ་སྤྱོད་ན་དེ་ནི་ཕྱིན་ཅི་ལོག་ལ་སྤྱོད་པའོ། །དེ་ནི་ཡང་དག་པ་མ་ ཡིན་པ་ལ་སྤྱོད་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་སྤྱོད་པས་རབ་ཏུ་ཕྱེ་བའམ། ཡང་དག་པ་མ་ཡིན་པ་སྤྱོད་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གམ། ཡང་དག་པ་མ་ཡིན་པ་ལ་སྤྱོད་པ་དེ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །གང་ཕྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་དེ་ལ་སྤྱོད་པ་གང་ཡང་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཕྱིན་ཅི་ལོག་ཅེས་བྱ་བ་འདི་ནི་ལོག་པར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ ཀྱིས་བཟུང་བ་སྟེ། ཆོས་དེ་ནི་ཇི་ལྟ་བ་བཞིན་དུ་མ་ཡིན། གང་དག་ཇི་ལྟར་བཟུང་བ་དེ་བཞིན་དུ་མ་ཡིན་པ་དེ་ནི་ཕྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་ཞེས་བྱའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་ལ་མི་ སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་ཡང་དག་པ་སྨྲ་བ་སྟེ། ཕྱིན་ཅི་ལོག་མ་ཡིན་པ་སྤྱོད་པའོ། །གང་དུ་ཡང་དག་པ་ལ་ཕྱིན་ཅི་ལོག་པ་དེ་ལ་སྤྱོད་པ་གང་ཡང་མེད་དེ། དེའི་ཕྱིར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྤྱོད་པ་ཐམས་ཅད་ཡང་དག་པར་ཆད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །འདིས་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །འདི་ལས་བྱང་ཆུབ་སེམས་དཔའི་ སྤྱོད་པའོ་ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ཀུན་དུ་བསྟན་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དེ་ལྟ་བུས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དག་ནི་སོ་སོའི་སྐྱེ་བོའི་སྤྱོད་པ་བཟློག་པའོ། །ཉན་ཐོས་ཀྱི་སྤྱོད་པ་བཟློག་པ་དང་། རང་སངས་རྒྱས་ཀྱི་སྤྱོད་པ་ བཟློག་པ་དང་། སྤྱོད་པ་ཐམས་ཅད་བཟློག་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་འདི་དག་ནི་སངས་རྒྱས་ཀྱི་ཆོས་དེ་དག་གོ། །འདིས་སངས་རྒྱས་ཀྱི་ཆོས་དེ་དག་གོ། །འདི་ནི་སངས་རྒྱས་ཀྱི་ཆོས་ དེ་དག་གོ། །འདིའི་སངས་རྒྱས་ཀྱི་ཆོས་དེ་དག་གོ་ཞེས་སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་དག་ལ་ཡང་མི་སྤྱོད་ཅིང་མངོན་པར་ཞེན་པ་མེད་དེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དེ་དག་ ཐམས་ཅད་ནི་རྣམ་པར་རྟོག་པ་ལ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་ནི་རྟོག་པ་ཐམས་ཅད་སྤངས་པ་ཡིན་པས་བྱང་ཆུབ་སེམས་དཔའ་ནི་རྣམ་པར་རྟོག་པ་དང་། མི་རྟོག་པ་ལ་མི་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་རྟོག་པ་ཞེས་བྱ་བ་དེ་ནི་ཆོས་རྣམས་ལ་ རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པ་ཡིན་པས། ཆོས་ཐམས་ཅད་ལ་བརྟག་པར་མི་ནུས་སོ། །དེའི་ཕྱིར་གང་ཆོས་ལ་རྟོག་པ་དེ་ལོག་པར་རྟོག་པའོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ནི་རྟོག་པ་འམ། མི་རྟོག་པ་མ་ཡིན་ནོ། །རབ་ཀྱི་རྩལ་ གྱིས་རྣམ་པར་གནོན་པ་རྟོག་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ། །མི་རྟོག་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་ཏེ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་བྱང་ཆུབ་སེམས་དཔའ་ནི་མཐའ་དང་མཐའ་མེད་པ་ལ་མི་སྤྱོད་དོ། །གང་མཐའ་དང་མཐའ་མེད་པ་ལ་མི་སྤྱོད་པ་དེས་ནི་ དབུས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དབུས་ཡང་དག་པར་རྗེས་སུ་མཐོང་ཞིང་དབུས་ལ་སྤྱོད་ན་ནི་མཐའ་ཉིད་ལ་སྤྱོད་དོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དབུས་ལ་ནི་སྤྱོད་པ་བསྟན་པའམ། ངེས་པར་བསྟན་པ་གང་ཡང་མེད་དོ། །རབ་ཀྱི་རྩལ་གྱིས་ རྣམ་པར་གནོན་པ་དབུས་ཞེས་བྱ་བ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚིག་བླ་དགས་སོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཆོས་གང་དམིགས་པ་དང་། ཆོས་གང་མཐོང་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་ རྣམ་པར་གནོན་པ་ནམ་