Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 034_ཤེས་རབ་སྣ་ཚོགས།
Văn bản gốc(Tây Tạng)
Trang 18 / 18 (50.000 ký tự/trang)
་ལྡན་འདས་གརྒ་ར་དང་། ཆུ་སྲིན་བྱིས་ པ་གསོད་ཀྱི་རི་དང་། སྨན་གྱི་ནགས་རི་དགས་རྒྱུ་བའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་སུ་ཆོས་གོས་གྱོན་ལྷུང་བཟེད་ཐོགས་ཏེ། ཕ་ན་ཀུ་ལའི་ཁྱིམ་བདག་གང་ན་ཡོད་པའི་གནས་དེར་གཤེགས་ཤིང་ཉེ་བར་གཤེགས་ཏེ། གདན་བཤམས་པ་ལ་བཞུགས་ སོ། །དེ་ནས་ཡང་ཕ་ན་ཀུ་ལའི་ཁྱིམ་བདག་དང་། མ་ན་ཀུ་ལའི་ཁྱིམ་བདག་མོས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། ཕ་ན་ཀུ་ལའི་ཁྱིམ་ བདག་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་བཙུན་པ་བཅོམ་ལྡན་འདས། མ་ན་ཀུ་ལའི་ཁྱིམ་བདག་མོ་བདག་ཁྱེའུའི་དུས་སུ་བུ་མོ་གཞོན་ནུ་མ་བླངས་ཏེ། མ་ན་ཀུ་ལའི་ཁྱིམ་བདག་མོ་ལས་ལོག་པར་གཡེམ་པའི་སེམས་མ་སྐྱེས་སོ། །ལུས་ཀྱི་སྐྱོན་གང་ ཡང་མ་བྱུང་བ་ལས་བཙུན་པ་བཅོམ་ལྡན་འདས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་ངོ་། །སྐྱེ་བ་གཞན་དུ་ཕན་ཚུན་དུ་མཐོང་བར་བདག་འདོད་དོ། །མ་ན་ཀུ་ལའི་ཁྱིམ་བདག་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་བཙུན་པ་བཅོམ་ལྡན་འདས་ཕ་ན་ཀུ་ ལའི་ཁྱིམ་བདག་གཞོན་ནུའི་དུས་སུ་བདག་གཞོན་ནུ་མ་བླངས་སོ། །ཕ་ན་ཀུ་ལའི་ཁྱིམ་བདག་ལས། འདོད་པས་ལོག་པར་གཡེམ་པའི་སེམས་མ་སྐྱེས་སོ། །ལུས་ཀྱི་སྐྱོན་མ་བྱུང་བ་གང་ལས་བཙུན་པ་བཅོམ་ལྡན་འདས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་ངོ་། །སྐྱེ་བ་གཞན་དུ་ ཕན་ཚུན་དུ་མཐོང་བར་བདག་འདོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དང་ཁྱིམ་བདག་མོ་གཉིས་པོ་ལ་འདོད་པ་ཡོད་པར་གྱུར་པས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་བར་གྱུར་ཏོ། །སྐྱེ་བ་གཞན་དུ་མཐོང་བར་འགྱུར་རོ། །གཉིས་པོ་དག་དད་པ་ མཉམ་པ་དང་། ཚུལ་ཁྲིམས་མཉམ་པ་དང་། གཏོང་བ་མཉམ་པ་དང་། ཤེས་རབ་མཉམ་པ་རྣམས་ཀྱིས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་བར་གྱུར་ཏོ། །སྐྱེ་བ་གཞན་དུ་མཐོང་བར་འགྱུར་རོ། །ཡང་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏེ། གཉིས་ཀ་དད་དང་ཆོས་ ཚིག་དང་། །མཉམ་དང་ཆོས་ཀྱིས་འཚོ་བ་དང་། །ཕན་ཚུན་དུ་ནི་དགའ་བའི་ཚིག །དེ་ལྟར་སྐྱེས་པ་བུད་མེད་གཅིག །ནོར་མང་དང་ནི་ལྡན་པ་དང་། །གནས་ནི་བཟང་པོར་སྐྱེ་བར་འགྱུར། །དགྲ་ནི་དེ་ལ་དགའ་བ་དང་། །གཉིས་ཀ་མཉམ་པའི་ཚུལ་ཁྲིམས་ཀྱིས། །འདི་ ལྟར་ཆོས་ནི་སྤྱོད་པ་དང་། །གཉིས་ཀ་ཚུལ་ཁྲིམས་ལྡན་པ་དང་། །འདོད་ཅིང་འདོད་ལ་ཡི་རང་བས། །ལྷ་ཡི་གནས་སུ་དགའ་བར་འགྱུར། །དེའི་ཕྱིར་བསླབ་པ་རྣམ་པ་ལྔ་པོ་བསྲུང་བར་བྱའོ། །འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་ པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། མྱོས་པར་འགྱུར་བའི་ཆང་གི་བཏུང་བ་སྤོང་བའོ། །བསླབ་པ་ལྔ་པོ་འདི་ནི་བསྲུང་བར་བྱའོ། །དེ་ནས་ཡང་དགེ་སློང་རྣམས་ཀྱིས་ཚུལ་ཁྲིམས་ལྔའི་ཕན་ཡོན་ཞུས་པ། གཞན་ཡང་བཙུན་པ་བཅོམ་ལྡན་འདས་སྲོག་ གཅོད་པ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི། མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི། འདོད་པས་ལོག་པར་གཡེམ་པ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི། བརྫུན་དུ་སྨྲ་བ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་ བགྱི། མྱོས་པར་འགྱུར་བའི་ཆང་གི་བཏུང་བ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱིས་དྲིས་པ་དེ་བསྟན་ཅིང་རྟོགས་པར་བྱ་བའི་ཕྱིར་བཀའ་སྩལ་པ། དགེ་སློང་དག་སྲོག་གཅོད་པ་ནི་སྦྲུལ་དུག་ཅན་དང་འདྲ་བར་བལྟ་བར་བྱའོ། །སྡིག་ པ་དུ་མ་དང་ལྡན་པ་དང་། ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེ་བ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དང་། དམྱལ་བའི་སྐྱེ་གནས་སུ་སྐྱེ་བར་འགྱུར་ཏེ། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་དམྱལ་བ་ཡང་སོས་སུ་སྐྱེའོ། །དེ་ནི་དམྱལ་བ་ཡང་སོས་དམྱལ་བའི་སྲུང་མས་ཡང་ དག་པར་སྲེག་པ་དང་མཚོན་སྣ་ཚོགས་པ་བཟུང་ནས་དུམ་བུར་གཅོད་ཅིང་ལུས་ལ་བུག་པ་འབུགས་པར་བྱེད་དོ། །རྣམ་པ་ལྔ་ཡིས་བཅིང་ངོ་ཞེས་པས་ལས་བྱེད་ཅིང་བྱེད་ལ། དམྱལ་བའི་སེམས་ཅན་དེ་ཡང་དང་ཡང་དུ་ཤི་ནས་ཡང་དང་ཡང་དུ་འཚོ་བས་ན་ཡང་སོས་སུ་སྐྱེའོ། ། དེ་རྣམས་དེ་ལ་ཡང་སོས་ཀྱི་སྡུག་བསྔལ་དྲག་པོ་རྩུབ་པ་ཚ་བ་འཇོམས་ཤིང་འཇོམས་ལ་གང་ཞིག་ལ་ཐམས་ཅད་ལྕི་ཞིང་སྲོག་བཅད་པའི་རྣམ་པར་སྨིན་པ་དེའོ། །དེ་མིར་སྐྱེས་ཀྱང་ཚེ་ཐུང་བར་འགྱུར་རོ། །དབང་པོ་ཡོངས་སུ་མ་ཚང་བར་འགྱུར་རོ། །གཟུགས་ངན་པ་དང་། ཤེས་རབ་ འཆལ་པ་དང་། རྟག་ཏུ་སྐྲག་པ་དང་། རྟག་ཏུ་ཁྲོ་བ་དང་། ནད་དང་བཅས་པ་དང་། མྱ་ངན་དང་བཅས་པ་དང་། དགའ་བ་དང་འབྲལ་བ་དང་། ཐམས་ཅད་དང་འབྲལ་བ་དང་། རྟག་ཏུ་ཡུན་རིང་དུ་འབྲལ་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་ལྔ་བརྒྱར་ཡི་དགས་དང་། །ཉ་སྦྲུལ་རི་དགས་འུག་པ་དང་། །མ་ཧེ་ཁྱི་དང་ཝ་རྣམས་ནི། །སྲོག་བཅད་པ་ཡི་ཉེས་པའོ། །འདི་ནི་སྲོག་བཅད་པའི་རྣམ་པར་སྨིན་པའོ། །སྲོག་གཅོད་པ་ནི་སྤངས་པ་ཡིས། །སྐྱེས་པའམ་ནི་བུད་མེད་ལུས། །ཐོབ་པར་འགྱུར་ཏེ་ཕན་ ཡོན་ནི། །ཡོན་ཏན་ཉི་ཤུ་མི་དམན་པར། །ཡན་ལག་ཉིང་ལག་ཕུན་སུམ་ཚོགས། །ལུས་ནི་ཤེད་དང་ལྡན་པ་དང་། །རིགས་བཟང་པོར་ནི་མྱུར་དུ་སྐྱེ། །ཡན་ལག་གཙང་ཞིང་འཇམ་པ་དང་། །ཚེ་རིང་བ་དང་བདེ་བ་དང་། །དཔའ་ཞིང་སྟོབས་དང་ལྡན་པ་དང་། །ཚིག་ ནི་མཆོག་ཏུ་བཟང་བ་དང་། །ལྷ་དང་བཅས་པ་དགའ་བ་དང་། །འཇིག་རྟེན་པ་ཡིས་ངན་མི་བྱེད། །འཕགས་པས་ཚིག་ངན་མི་བརྗོད་དང་། །བྱད་སྟེམས་ངན་པས་མི་འཆི་ཞིང་། །མཐའ་ཡས་པ་ཡི་འཁོར་དང་ལྡན། །ཁ་དོག་གཟུགས་དང་ཡང་དག་ལྡན། །ནད་དང་མྱ་ངན་ ཉུང་བ་དང་། །ཁྱིམ་གྱི་གནས་ནི་མི་སྤོང་དང་། །གཞན་གྱིས་མི་དགར་མི་འགྱུར་རོ། །སྲོག་གཅོད་པ་ནི་སྤངས་པ་ཡིས། །སྐྱེས་པའམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་ནི་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུའོ། །དེ་ལུས་ཞིག་ཅིང་ཤི་ནས་བདེ་འགྲོ་ མཐོ་རིས་ལྷའི་འཇིག་རྟེན་དུ་ཉེ་བར་སྐྱེའོ། །མ་བྱིན་པར་ལེན་པ་ནི་མ་བྱིན་པར་ཕ་རོལ་གྱི་རྫས་རྣམ་པར་ཤེས་པ་དང་བཅས་པ་དང་། རྣམ་པར་ཤེས་པ་མེད་པ་གང་རུང་ཁང་པ་ཕུག་ནས་རྐུ་བ་ལ་སོགས་པའོ། །ཕ་རོལ་བསླུས་ནས་ལེན་པ་དང་། རང་འཚོ་བའི་ཕྱིར་དེ་རྣ་མས་ དེ་ལྟ་བུའི་རིམ་པས་མ་བྱིན་པར་ལེན་པ་དེ་དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་ངུ་འབོད་དུ་སྐྱེ་བར་འགྱུར་རོ། །ངུ་འབོད་ཅེས་པའི་མིང་ནི་ངུ་འབོད་གཉིས་ཏེ། འབར་བའི་ངུ་འབོད་དང་། དུ་བའི་ངུ་འབོད་དོ། །འབར་བའི་ངུ་འབོད་ནི་ཚེ་བསྐལ་པ་གཅིག་ཏུ་གནས་སོ། །བར་བར་དུ་མེ་འབར་ བས་ཡོངས་སུ་གང་བའོ། །དུ་བའི་ངུ་འབོད་ནི་དུ་བ་འཚུབ་ཅིང་དེ་གཉིས་ལ་མེ་འབར་བས་ངུ་འབོད་དུ་སེམས་ཅན་དམྱལ་བ་རྣམས་འཚེད་དོ། །བུ་ག་དགུ་ནས་མེ་འབྱུང་ཞིང་ལུས་སྲེག་གོ། །འདི་ནི་དུ་བའི་ངུ་འབོད་དོ། །དུ་བའི་ངུ་འབོད་ནི་སེམས་ཅན་དམྱལ་བ་རྣམས་སུ་འཚེད་དོ། །བུ་ག་ དགུ་ནས་དུ་བ་འཚུབ་ཅིང་འབྱུང་ངོ་། །ཇི་ལྟར་ཟན་འཚེད་པ་ལྟར་ལུས་འཚེད་དོ། །སེམས་ཅན་གཉིས་ཀ་མྱ་ངན་གྱི་སྒྲ་ཆེན་པོ་སྒྲོགས་སོ། །དེ་དག་ནི་དེར་སྡུག་བསྔལ་དྲག་ཅིང་རྩུབ་པ་དང་ཚ་བ་མྱོང་བར་འགྱུར་རོ། །མ་བྱིན་པར་ལེན་པ་ནི་དགེ་སློང་དག་སྦྲུལ་དུག་ཅན་དང་འདྲ་བར་བལྟ་བར་ བྱའོ། །དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །གང་ཞིག་མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་ནི་ཤིན་ཏུ་ཆེན་པོའོ། །མིར་སྐྱེས་ཀྱང་ལོངས་སྤྱོད་རྣམས་ཉམས་པར་འགྱུར་བ་དང་། མ་བྱིན་པར་ བླངས་པའི་སེམས་ཅན་གྱི་ལག་ཏུ་དངོས་པོ་ཅུང་ཟད་ཀྱང་འཆགས་པར་མི་འགྱུར་རོ། །བཟའ་བ་དང་། བཏུང་བ་དང་། གོས་དང་། སྟན་ལ་སོགས་པ་རྙེད་དཀའ་བར་འགྱུར་བ་དང་། རྒྱུན་མི་འཆད་པར་ཟུག་རྔུ་ཅན་དང་། གཞན་སྡང་བ་དང་། འཚེ་བར་འགྱུར་རོ། །གང་དང་གང་རྙེད་པ་ དེ་དང་དེ་ནི་ཉམས་པར་འགྱུར་རོ། །གཞན་གྱིས་ལོངས་སྤྱོད་པར་འགྱུར་རོ། །གང་འདོད་པའི་ལོངས་སྤྱོད་ནི་རྙེད་དཀའ་བར་འགྱུར་རོ། །དངོས་པོ་ཡོད་པ་རྣམས་འཕེལ་བར་མི་འགྱུར་རོ། །བདེ་བ་དང་འབྲལ་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་ནི་དབུལ་དང་ བཀྲེན་པ་དང་། །གཟུགས་ངན་ཉེ་བར་འཚེ་བ་དང་། །རིགས་ངན་དུ་ནི་སྐྱེ་བ་ནི། །མ་བྱིན་ལེན་པའི་ཉེས་པའོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པའོ། །མ་བྱིན་ལེན་པ་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ནི། །ཐོབ་པར་འགྱུར་ཏེ་ཕན་ཡོན་ནི། ། ཡོན་ཏན་ཉི་ཤུ་མི་དམན་པར། །རྟག་ཏུ་འབྲུ་ནི་མང་བ་དང་། །མཐའ་ཡས་ལོངས་སྤྱོད་ཕུན་སུམ་ཚོགས། །སྔར་མེད་པ་ནི་རབ་ཏུ་འཕེལ། །འདོད་པ་རྣམས་ནི་བརྟན་པ་དང་། །གཟུགས་སྒྲ་རོ་དང་དྲི་དང་ནི། །རེག་བྱ་རྣམས་ནི་ཡིད་དུ་འོང་། །དོན་དུ་གཉེར་བ་ཐམས་ཅད་ལ། ། བསམ་པ་ཐམས་ཅད་མྱུར་དུ་འགྲུབ། །དེ་ལ་རྒྱལ་པོ་ཆོམ་རྐུན་དང་། །མི་མཛའ་བ་ཡིས་མི་འཕྲོགས་དང་། །མི་འམ་ཡང་ན་ཆུ་དང་ནི། །དེ་རྣམས་ཀྱིས་ནི་འཚེ་མི་འགྱུར། །འདི་འདྲ་བ་ཡི་ལོངས་སྤྱོད་ལྡན། །གང་ཞིག་སྟེར་དང་ཟ་བ་ལ། །མེད་ཅེས་པ་ནི་འབྱུང་མི་འགྱུར། ། རྟག་ཏུ་བདེ་བར་གནས་པ་དང་། །མ་བྱིན་ལེན་པ་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ལ། །ཐོབ་པར་འགྱུར་ཏེ་ཕན་ཡོན་ནོ། །ལྷ་རྣམས་དང་ནི་མི་རྣམས་སུའོ། །དེ་ལུས་ཞིག་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་དང་ལྷའི་འཇིག་རྟེན་དུ་ཉེ་བར་སྐྱེའོ། །འདོད་པ་རྣམས་ལ་ལོག་པར་ གཡེམ་པས་ནི་འཚོ་བའི་འཇིག་རྟེན་འདིར་འདོད་པར་བྱེད་པ་ནི། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་ངུ་འབོད་ཆེན་པོར་སྐྱེ་ཞིང་ལྟུང་བར་འགྱུར་རོ། །དེ་ནས་ཕྱི་རུ་ཆུ་བོ་རབ་མེད་ཀྱི་ངོགས་གཉིས་སུ། ཤལ་མ་ལིའི་ནགས་དཔག་ཚད་བརྒྱད་ཅུ་གྱེན་དུ་མཉམ་ཞིང་མཐོ་བ། ཚེར་མ་སོར་ བཅུ་དྲུག་པ་ཡལ་ག་རྣམས་ཐུར་ལ་འཕྱང་བ། ལུས་པོ་རྒྱང་གྲགས་བཅུ་གཉིས་དང་ལྡན་ཞིང་ལུས་ལ་མེ་གྱེན་དུ་འབར་བ། དཔག་ཚད་དྲུག་ཅུར་གྱེན་དུ་འགྲོ་ཞིང་དེ་ལ་རྟག་ཏུ་སྣ་ཚོགས་པའི་མཚོན་གྱིས་ཕན་ཚུན་དུ་གསོད་ཅིང་། དེ་ནི་ཤལ་མ་ལིའི་ཤིང་གི་ནགས་ལ་ཤོན་ནོ། ། ལོ་སྟོང་ཕྲག་མང་པོར་ཤིང་གི་ཚེར་མ་ལ་འཛེག་གོ། །གཞན་ཡང་དམྱལ་བའི་སྲུང་མ་རྣམས་ཀྱིས་མཚོན་བླངས་ནས་བརྒྱབ་པས་ངུ་ཞིང་མགོ་ཐུར་ལ་བསྟན་ནས་ལྷུང་ངོ་། །ལྷུང་བའི་དུས་སུ་ལྕགས་བསྲེགས་ཀྱི་ས་གཞིར་གསལ་ཤིང་བཙུགས་པ་རྣམས་ལ་ལྷུང་ངོ་། །དེ་རྣམས་བཤང་ ལམ་ནས་འཐོན་པས། དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་འགྱུར་རོ། །རྒྱུན་དུ་ངུ་ཞིང་དཔག་ཚད་དྲུག་ཅུ་པའི་ལྕགས་ཀྱི་བུམ་པར་བསྐལ་པ་གཅིག་ཏུ་སྡོད་དོ། །མེ་མདག་གིས་ཡོངས་སུ་གང་བར་དམྱལ་བའི་སྲུང་མ་རྣམས་ཀྱི་ཁར་ལྡུགས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རི་ནག་བརྩེགས་པ་མཉམ་ཞིང་མཐོ། །ཤིང་ནི་ཚེར་མར་བཅས་པ་དང་། །ལྕགས་ཀྱི་ཚེར་མ་རྣོན་པོ་ཡིས། །འཇིག་རྟེན་མི་ལ་བདེ་བ་མེད། །ཤིང་གི་རྩེ་མོར་གནས་པ་ཡི། །དུས་ཀྱི་ཆུང་མས་ཅི་ཞིག་བྱ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ འདོད་པ་རྣམས་ལ་ལོག་པར་གཡེམ་པ་ནི། སྦྲུལ་དུག་ཅན་དང་འདྲ་བར་བལྟ་བར་བྱའོ། །དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །གང་ཞིག་འདོད་པ་རྣམས་ལ་ལོག་པར་གཡེམ་པའི་རྣམ་པར་སྨིན་པ་ནི་ཤིན་ཏུ་ཆེན་ པོའོ། །དེ་མིར་སྐྱེས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་ལྔ་བརྒྱར་བུད་མེད་འགྱུར། །དེ་བཞིན་དུ་ནི་མ་ནིང་འགྱུར། །སྐྱུག་བྲོའི་མཛེ་ཅན་ཡང་ཡང་འགྱུར། །ལོག་པར་གཡེམ་པའི་ཉེས་པའོ། །སྐྱེ་བ་དུ་མར་ཉེ་བར་ འཚེ་བ་དང་། དགྲ་མང་བར་འགྱུར་བ་དང་། མི་མཛའ་བ་དང་རྟག་ཏུ་ལྷན་ཅིག་ཏུ་གནས་པར་འགྱུར་བ་དང་། ཉལ་བ་དང་ལྡང་བའི་ཚེ་སྡུག་བསྔལ་དང་བཅས་པ་དང་། དུས་རྟག་ཏུ་ཁྲོ་བ་དང་། མིས་གནོད་པར་བྱེད་པ་དང་། རྟག་ཏུ་ལུས་སྒུར་བར་འགྱུར་བ་དང་། འོན་པ་དང་། སྐྱེ་བ་ ནས་སྐྱེ་བར་དམུས་ལོང་ལ་སོགས་པར་སྐྱེ་བར་འགྱུར། རྣམ་པར་འགྱུར་བར་ངེས་པ་དང་། རྟག་ཏུ་སེམས་མི་དགའ་བར་འགྱུར་བ་དང་། ཕན་ཚུན་དུ་འཐབ་པ་ལ་དགའ་བ་དང་། དགའ་བའི་སེམས་དང་འབྲལ་བར་འགྱུར་རོ། །དེ་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་ངུ་འབོད་ཆེན་པོའི་དམྱལ་ བར་ལྟུང་ཞིང་སྐྱེ་བར་འགྱུར་རོ། །དེར་ཡང་དེ་ལ་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་ཉམས་སུ་མྱོང་བར་འགྱུར། འདོད་པས་ལོག་པར་གཡེམ་པའི་རྣམ་པར་སྨིན་པའོ། །ལོག་པར་གཡེམ་པ་སྤངས་པ་ཡི། །སྐྱེས་པའམ་ནི་བུད་མེད་ཀྱིས། །ཐོབ་པར་འགྱུར་ཏེ་ཕན་ ཡོན་ནི། །ཡོན་ཏན་ཉི་ཤུ་མི་དམན་པར། །དེ་ལ་དགྲ་ནི་མེད་པ་དང་། །འཇིག་རྟེན་ཐམས་ཅད་དགའ་བ་དང་། །བཟའ་དང་བཏུང་བ་རྙེད་པར་སླ། །གོས་དང་སྟན་དང་གནས་རྣམས་དང་། །བདེ་བར་ཉལ་དང་བདེ་བར་འདུག །དེ་ནི་བདེ་བར་ལྡང་བ་དང་། །ངན་སོང་འཇིགས་ ལས་རྣམ་པར་གྲོལ། །མྱ་ངན་མེད་དང་འཇིགས་པའང་མེད། །ནད་རྣམས་ཐམས་ཅད་དེ་ལ་མེད། །མ་ནིང་བུད་མེད་དུ་མི་སྐྱེ། །ཅུང་ཟད་གང་ནི་དོན་གཉེར་འདོད། །དེ་ཡི་འདོད་པ་གྲུབ་པར་འགྱུར། །ཕན་ཚུན་དུ་ནི་མཛའ་བ་མང་། །གཞན་ནི་མི་དགའ་དེ་ལ་མེད། །དབང་པོ་ཀུན་ནི་ཚང་བ་ དང་། །དགེ་བའི་མཚན་ཉིད་ཡང་དག་ལྡན། །མི་བཟོད་ཆུང་དང་དོགས་པ་མེད། །སྐྱེས་པ་བུད་མེད་དོགས་མེད་དོ། །ལོག་པར་གཡེམ་པ་སྤངས་པ་ཡི། །སྐྱེས་པ་འམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་ནི་མྱོང་བར་འགྱུར། །ལྷ་འམ་ཡང་ན་མི་རྣམས་ཀྱིས། །དེའི་ལུས་ཞིག་ནས་ཤི་ བའི་ཕ་རོལ་དུ་མཐོ་རིས་དང་ལྷའི་འཇིག་རྟེན་དུ་བདེ་འགྲོར་སྐྱེ་བར་འགྱུར་རོ། །གང་ཞིག་སྐྱེས་པ་འདོད་པ་ཡིས། །སྐྱེ་བ་ཡང་དང་ཡང་དུ་ནི། །བུད་མེད་གཞན་ལ་འགྲོ་མི་བྱ། །སེམས་ཀྱི་དྲི་མ་བཀྲུ་བའོ། །བུད་མེད་གང་ཞིག་གི་གྱོས་སྒྱུག་ལ་ཉེ་བར་མི་བསྙེན་པ་དང་། རང་གི་ཁྱོ་ལ་ཉེ་བར་མི་ བསྙེན་པ་དང་། རང་གི་ཁྱོ་ལ་མི་བརྩི་བ་དང་། རང་གི་ཁྱོའི་ཕུ་བོ་ལ་མི་འདུད་པ་དང་། རང་གི་ཁྱོའི་སྲིང་མོ་རྣམས་ལ་གནོད་པར་བྱེད་པ་དང་། གཞན་ཡང་ལག་པ་དང་། རྐང་པ་དང་། རྒྱབ་ལ་ལས་སུ་བྱ་བ་མི་བྱེད་པ་དང་། བཟའ་བ་དང་བཏུང་བ་གང་འདོད་པ་མི་སྟེར་བ་དང་། དེ་རྣམས་ ལ་ངོ་ཚ་དང་ཁྲེལ་དུ་མི་བྱེད་པ་དང་། རང་གི་ཁྱོ་བོ་ལ་ཀློག་པར་བྱེད་པ་དང་། སྐུར་པ་བཏབ་ན་དམྱལ་བར་སྐྱེ་བར་འགྱུར་རོ། །ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་ཉལ་བ་དང་། འབར་བའི་ལྕགས་ཀྱུ་ཁ་རུ་བཅུག་ནས་མཆིལ་པའི་ཉ་ལ་བྱ་བ་བཞིན་དུ། ལྕེའི་རྩེ་མོ་ཕྱི་རོལ་དུ་ཕྱུང་སྟེ། ཐག་པས་ བཅིངས་ནས་ཕྱི་རོལ་དུ་འདོན་ཏོ། །དེ་ལྟར་ཕྱི་རོལ་དུ་བཏོན་པ་ལ། ལྕེའི་རྩེ་མོ་ལ་མཚོན་ཆས་བརྒྱབ་ནས་བརྒྱབ་པའི་གནས་སུ་མཆུ་རང་ལ་སྐྱེས་པའི་སྲིན་བུ་ཆེན་པོས་ཟའོ། །དེ་ལྟར་ཟོས་པས་ཅུང་ཟད་ཀྱང་སྨྲ་བར་མི་ནུས་སོ། །དེ་ལྟར་དེ་ནི་དེ་ལ་ལོ་སྟོང་ཕྲག་དུ་མར་འཚེད་པར་འགྱུར་རོ། །བཙོས་ ནས་ཡང་དམྱལ་བ་ཆེན་པོར་ལྷུང་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་བུད་མེད་སྐྱེས་པ་འདོད། །སྐྱེ་བ་སྐྱེ་བར་ཡང་དང་ཡང་། །ལྷ་དང་ལྷ་མོ་ཇི་བཞིན་དུ། །རང་གི་ཁྱོ་ནི་སྤང་མི་བྱ། །བརྫུན་དུ་སྨྲས་པས་སླར་ཡང་ཐིག་ནག་ཏུ་སྐྱེ་བར་འགྱུར་རོ། །དེར་ ཡང་དམྱལ་བའི་སྲུང་མ་རྣམས་ཀྱིས་སྒྲ་ཆེན་པོའི་ཚིག་སྒྲོགས་ཤིང་། མཚོན་ཆ་འབར་བ་སྣ་ཚོགས་པ་བླངས་ནས་ལྕགས་བསྲེགས་ཀྱི་ས་གཞི་ལ་དམྱལ་བའི་སེམས་ཅན་གཅིག་གིས་གཅིག་འདྲུད་པ་དང་། འབར་བའི་ཐིག་ནག་པོས་འདེབས་པ་དང་། འབར་བའི་མཚོན་ཆ་བཟུང་ནས་ཡང་དག་པར་བསྒྱུར་བ་ དང་། ཞིབ་མས་འཚག་པ་བཞིན་དུ་སྟེའུ་དང་དགྲ་སྟས་འཇོག་པ་དང་། དེ་རྣམས་ཀྱིས་སྒྲ་ཆེན་པོ་སྒྲོགས་ཏེ་ངུ་ཞིང་གནས་སོ། །རང་གི་ཁྲག་འཐུང་ཞིང་ནང་དུ་དེར་གནས་པ་དེ་ཐིག་ནག་སྟེ་བརྫུན་དུ་སྨྲས་པས་སྐྱེའོ། །དེར་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བའི་ཚོར་བ་མྱོང་བར་འགྱུར་རོ། ། དགེ་སློང་དག་བརྫུན་དུ་སྨྲ་བ་ནི་སྦྲུལ་དུག་ཅན་དང་འདྲ་བར་ཡིད་ལ་བྱའོ། །དེས་སྡུག་བསྔལ་མང་པོ་བྱེད་དོ། །དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །གང་ཞིག་བརྫུན་དུ་སྨྲ་བ་ནི་རྣམ་པར་སྨིན་པ་ཆེན་པོའོ། །དེ་མིར་སྐྱེས་ཀྱང་སྙིང་རྗེ་མེད་ པ་དང་། སྐད་བྱ་རོག་གི་དང་འདྲ་བ་དང་། ལྕེ་མི་བདེ་བ་དང་། སོ་ལ་སྲིན་འབྱུང་བ་དང་། ཁ་དྲི་མི་ཞིམ་པ་དང་། སོ་མི་སྙོམས་པ་དང་། ཚིག་རྩུབ་པ་དང་། གྲེ་བ་འཛེར་བ་དང་། མཆུ་མི་བདེ་བ་དང་། ཕྲག་དོག་དང་བཅས་པ་དང་། རྟག་ཏུ་སྲེད་པ་དང་ལྡན་པ་དང་། དེ་ལུས་ཞིག་ནས་ཤི་བའི་ཕ་རོལ་ དུ་ཐིག་ནག་ཏུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ནས་རྣག་གི་དྲི་ལྡང་ཞིང་། །དཔག་ཚད་གཅིག་ཏུ་དྲི་ངན་འགྲོ། །ཆོས་ནི་ཤེས་པར་མི་འགྱུར་བ། །བརྫུན་དུ་སྨྲས་པའི་ཉེས་པའོ། །བརྫུན་དུ་སྨྲས་པའི་རྣམ་པར་སྨིན་པའོ། །བརྫུན་དུ་སྨྲ་བ་སྤངས་པ་ཡིས། །སྐྱེས་ པའམ་ནི་བུད་མེད་ནི། །ཐོབ་པར་འགྱུར་ཏེ་ཕན་ཡོན་ནི། །སུམ་ཅུ་རྩ་གསུམ་མི་ཉུང་བའི། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །དེ་ལ་རྣམ་པར་དག་པར་འགྱུར། །པད་མའི་ཟེ་འབྲུ་ལྟར་མཚུངས་སོ། །མིག་དང་སོ་ནི་མཉམ་པ་དང་། །ལུས་ནི་མི་རིང་མི་ཐུང་ལ། །ཧ་ཅང་ སྦོམ་དང་ཕྲ་བ་མིན། །འདི་ལྟར་ལེགས་པར་བཤད་པའི་ཚིག །ཇི་ལྟར་ཨུད་པ་ལ་ཡི་དྲི། །རྟག་ཏུ་ཀུན་ད་ཁ་ཡི་དྲི། །གཡོག་རྣམས་ཐམས་ཅད་བསྙེན་བཀུར་འགྱུར། །མཆོད་པར་འོས་པའི་ཚིག་གིས་སོ། །ཆོས་རྣམས་ཀུན་ལ་མཁས་པ་དང་། །དོན་དང་ཚིག་འབྲུ་རྣམ་པར་ མཁས། །སེམས་ཀྱི་རྟོག་ལ་ཞུམ་པ་མེད། །རྟག་ཏུ་ཁྱད་པར་འཕགས་པའི་ཚིག །བརྫུན་དུ་སྨྲ་བ་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་ནི་མྱོང་བར་འགྱུར། །ལྷ་དང་མི་རུ་སྐྱེས་པ་ན། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་བདེ་འགྲོ་ལྷའི་འཇིག་རྟེན་དང་མཐོ་རིས་སུ་སྐྱེའོ། ། བརྫུན་དུ་སྨྲ་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འདོད་པའི་དོན་རྣམས་ལ་རིགས་ཀྱི་བུས་མི་བྱ་བ་ཉིད་དོ། །བདེན་པ་དང་ལེགས་པའི་བཅུད་རྣམས་དེ་ལྟ་བུ་ནི་བླང་བར་བྱའོ། །བརྫུན་དུ་སྨྲ་བ་ཞེས་བྱ་བ་དོན་མེད་པར་བྱེད་པའོ། །འཇིག་རྟེན་སླུ་བར་བྱེད་དོ། །སྐྱེ་བ་གཞན་དུ་མར་མནར་ མེད་པའི་དམྱལ་བར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་འཚོ་བའི་སླད་དུ་བརྫུན་དུ་སྨྲ་བར་མི་བྱའོ། །ཐམས་ཅད་མཁྱེན་པ་སངས་རྒྱས། བྱང་ཆུབ་སེམས་དཔའ་སྒྲིབ་པ་དང་བཅས་པའི་དུས་ནའང་ཕྲ་མ་ནི། ཡུང་བའི་ཁ་དོག་ལྟར་ཡུན་རིང་པོར་མི་གནས་སོ། །ཕུབ་མའི་ཕུང་པོའི་སྟེང་དུ་ཕུར་པ་ བཙུགས་ན་ཡུན་རིང་དུ་མི་གནས་པ་བཞིན་ནོ། །རྟའི་རྒྱབ་ཏུ་ཤིང་ཐོག་རིལ་བུ་བཞག་ན་ཡུན་རིང་དུ་མི་གནས་པ་བཞིན་དུ། སྨྲས་པའི་ཚིག་ལ་རལ་གྲིས་སྐེ་འབྲེག་པའི་ཚེ་ཚིག་གཉིས་མི་སྨྲ་བ་བཞིན་ནོ། །བདེན་པ་ཡུན་རིང་པོར་སྨྲས་པས་དགེ་སྦྱོང་དང་བྲམ་ཟེས་ཕ་རོལ་དུ་སྒྲོལ་བར་བྱེད་དོ། ། ཆང་འཐུངས་པ་ནི་ཚ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ། །དེར་ལྷུང་བའི་སེམས་ཅན་ནི་ལོ་སྟོང་ཕྲག་མང་པོར་འཚེད་པར་འགྱུར་རོ། །དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་སྐྱུར་བར་བྱེད་དོ། །གང་དུའང་འགྲོ་ས་མེད་པར་ཡང་དང་ཡང་དུ་སྐྱལ་བར་བྱེད་དོ། །དེར་དམྱལ་བའི་སྲུང་མ་ རྣམས་ཀྱིས་མཆིལ་པས་ཉ་འདོན་པ་ལྟར། ལྕགས་བསྲེགས་ཀྱི་ས་གཞི་ལ་རྡེབས་པར་བྱེད་དོ། །འདི་ལྟར་སྒྲོགས་ཏེ། ཀྱེ་སྐྱེས་བུ་ཁྱོད་ཅི་འདོད། ཇོ་བོ་སྐོམ་མོ། །དམྱལ་བའི་སྲུང་མ་དེས་ལྕགས་འབར་བའི་ལྕགས་ཀྱུས་ཁ་ཕྱེ་སྟེ་ལྕགས་བཞུ་བའི་ཁུ་བ་ལྡུགས་པར་བྱེད་དོ། །དེ་ལ་དེ་ཡི་ མཆུ་སྲེག་གོ། །མགྲིན་པ་ཡང་སྲེག་གོ། །བྲང་སྲེག་གོ། །རྒྱུ་མ་སྲེག་གོ། །སྙིང་ཡང་སྲེག་གོ། །བཤང་ལམ་ན་མར་འཐོན་པར་བྱེད་དོ། །དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་བྱེད་ཅིང་། ངུ་ལ་འགྲེ་བར་བྱེད་དོ། །དེའི་དུས་སུ་ཡང་འཆི་བར་ནི་མི་འགྱུར་ཏེ། ཇི་སྲིད་ཀྱི་བར་དུ་སྡིག་པའི་ ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ། །དེ་སྲིད་དུ་དེ་རྣམས་ཀྱིས་རྣམ་པར་སྨིན་པའི་ཚོར་བ་མྱོང་བར་བྱེད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚ་ཞིང་རྩུབ་པའི་ཆུ་བོ་ནི། །རབ་མེད་ཤིན་ཏུ་བགྲོད་པར་དཀའ། །ལྕགས་ཀྱི་པད་མའི་འདབ་མ་རྣམས། །འདབ་མ་རྣོ་བའི་སྟེང་དུ་འགྲེ། །ཆུ་བོ་རབ་མེད་ གཞི་མེད་པར། །ཆོས་མིན་ཇི་ལྟར་སྤྱོད་པར་འགྱུར། །གང་ཞིག་ཆང་འཐུང་བ་དེ་ནི་སྡིག་པ་ཆུང་བ་མ་ཡིན་ནོ། །དེ་མིར་གྱུར་ཀྱང་རྟག་ཏུ་བརྗེད་ངས་པ་དང་། ལུག་ལྟར་ལྐུགས་པ་དང་། ཤེས་རབ་འཆལ་པ་དང་། རིག་པ་མི་ཤེས་པ་དང་། རྟག་ཏུ་གཉིད་དུ་འགྲོ་བ་དང་། བློ་གྲོས་དམན་པ་དང་། གཏི་ མུག་ཆེ་བ་དང་། འཇིགས་པ་དང་། སྐྲག་པར་འགྱུར་བ་དང་། དོགས་པར་འགྱུར་བ་དང་། ཕྲ་མ་ཅན་དང་། ཚིག་མི་བརྟན་པ་དང་། སེར་སྣ་ཅན་དང་། ཕྲག་དོག་ཅན་དང་། ངེས་པར་མི་འབྱུང་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཤེས་རབ་ཆུང་བ་དང་། དགེ་བའི་ཆོས་རྣམས་མི་རིག་པ་སྟེ། སྐྱེ་བ་ལྔ་ བརྒྱར་གནོད་སྦྱིན་སྐྱེ། །སྐྱེ་བ་ལྔ་བརྒྱར་ཁྱི་དང་ནི། །མཐའ་ཡས་སྨྱོན་པར་སྐྱེ་བར་འགྱུར། །ཆང་འཐུངས་པ་ཡི་ཉེས་པའོ། །མྱོས་པར་འགྱུར་བའི་ཆང་གི་བཏུང་བའི་རྣམ་པར་སྨིན་པའོ། །ཆང་འཐུང་བ་ནི་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ནི། །ཐོབ་སྟེ་དེ་ཡི་ཕན་ཡོན་ནི། །སུམ་ཅུ་རྩ་དྲུག་མི་དམན་ པར། །འདས་དང་མ་འོངས་པ་ཡི་དུས། །ད་ལྟར་བྱུང་བ་ཅུང་ཟད་དུ། །མྱུར་དུ་ཤེས་པར་འགྱུར་བ་དང་། །རྟག་ཏུ་དྲན་པ་གནས་པ་དང་། །དེ་ནི་སྨྱོ་བར་མི་འགྱུར་ཞིང་། །ཁྱད་པར་འཕགས་པའི་ཤེས་རབ་དང་། །མི་རྨོངས་པ་དང་བག་ཡོད་དང་། །ཚིག་ནི་ཤིན་ཏུ་གསལ་བ་དང་། །ངོ་ཚ་ཤེས་ཤིང་ཚིག་ནི་ གསལ། །དེ་ནི་ལོག་པར་སྨྲ་མི་འགྱུར། །ཕྲ་མ་དང་ནི་ཚིག་རྩུབ་མེད། །དོན་མེད་པ་ལ་མི་སྟོད་ཅིང་། །ཉིན་དང་མཚན་དུ་དེ་བཞིན་དུ། །བྱས་པ་ཤེས་ཤིང་བྱས་པ་ཚོར། །འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན། །ཁྲོ་བ་མེད་ཅིང་ཚིག་ནི་དྲང་། །འཇིགས་པ་མེད་ཅིང་རྣམ་པར་མཁས། །ངོ་ཚ་ཁྲེལ་ ཡོད་ཕུན་སུམ་ཚོགས། །འཇིགས་པ་དང་ནི་དོགས་པ་མེད། །ཡིད་གཞུངས་ཐོས་པ་འཛིན་པ་དང་། །དོན་ཡོད་སྐྱེ་བོ་མང་ནང་མཁས། །ཆང་གི་བཏུང་བ་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་རྣམས་མྱོང་བར་འགྱུར། །ལྷ་རྣམས་དང་ནི་མི་རྣམས་སུ། ། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དང་མཐོ་རིས་སུ་སྐྱེའོ། །ཚུལ་ཁྲིམས་འདི་རྣམས་བསྲུང་བར་བྱའོ། །འདི་གང་ཟག་གང་སུ་དག་སྐྱེས་པའམ་བུད་མེད་ཀྱི་ཚུལ་ཁྲིམས་སྲུང་བར་མི་བྱེད་པ་དང་། སྒོམ་པར་མི་བྱེད་ན་དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་ངན་ སོང་ངམ་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བར་འགྱུར་རོ། །གང་སུ་དག་ཚུལ་ཁྲིམས་སྲུང་བར་བྱེད་པ་དང་། སྒོམ་པར་བྱེད་པ་རྣམས་ནི་དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་དུ་བདེ་འགྲོ་མཐོ་རིས་དང་། ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་ སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ་རྫོགས་སྷོ།། །།པཎྜི་ཏ་ཆེན་པོ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ ཀྱི་གདན་ས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སའི་སྟེང་དུ་ཉི་མ་དང་ཟླ་བ་ལྟར་གྱུར་ཅིག། ༄༅༅། །རྒྱ་གར་སྐད་དུ། གི་རི་ཨཱ་ནན་ད་སཱུ་ཏྲ། བོད་སྐད་དུ། རིའི་ཀུན་དགའ་བོའི་མདོ། འཕགས་པ་དཀོན་མཆོག་ གསུམ་ལ་གུས་པས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནད་དམ་པོ་སྡུག་བསྔལ་བས་གཟིར་ཏོ། །དེ་ནས་ཚེ་དང་ལྡན་ པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཞིང་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ ནད་དམ་པོ་སྡུག་བསྔལ་བས་གཟིར་ཏོ། །བཙུན་པ་བཅོམ་ལྡན་འདས་ལེགས་པར་མཛད་དུ་གསོལ། དགེ་སློང་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ག་ལ་བ་དེར་གཤེགས་ལ་རྗེས་སུ་བརྩེ་བས་གཤེགས་པར་ཞུ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེར་ ཡང་ཀུན་དགའ་བོ་ཁྱོད་དགེ་སློང་རིའི་ཀུན་དགའ་བོའི་ཐད་དུ་སོང་ལ་འདུ་ཤེས་བཅུ་བཤད་པར་གྱིས་ཤིག །རྣམ་པར་ཤེས་པ་དང་ལྡན་པའི་གནས་སུ་སྨྲ་བར་གྱིས་ཤིག །གཞན་ཡང་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་ཐོས་ནས་ནད་ཀྱིས་གཟིར་བའི་གནས་རྣམས་ལ་སོ་སོར་རིག་པར་ འགྱུར་རོ། །བཅུ་གང་ཞེ་ན། མི་རྟག་པའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། བར་དུ་གཅོད་པའི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་ མངོན་པར་མི་དགའ་བའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། འབྱུང་བ་དང་རྔུབས་པ་རྗེས་སུ་དྲན་པའི་འདུ་ཤེས་སོ། །མི་རྟག་པའི་འདུ་ཤེས་དུ་ཞེ་ན། འདི་ནི་ཚེ་དང་ལྡན་པ་ཀུན་དགའ་བོ། །དགོན་པ་འམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ལ་འདི་ནི་སོ་སོར་རིག་ པར་བྱའོ། །གཟུགས་མི་རྟག་པ་དང་། ཚོར་བ་མི་རྟག་པ་དང་། འདུ་ཤེས་མི་རྟག་པ་དང་། འདུ་བྱེད་མི་རྟག་པ་དང་། རྣམ་པར་ཤེས་པ་མི་རྟག་པ་སྟེ་འདི་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་མི་རྟག་པར་བལྟ་བར་བྱའོ། །དེ་ལ་མི་རྟག་པའི་འདུ་ཤེས་སྟོན་ཅིག །ཀུན་དགའ་བོ་བདག་མེད་པའི་འདུ་ ཤེས་དུ་ཞེ་ན། འདི་ནི་དགེ་སློང་ཀུན་དགའ་བོ། །དགོན་པ་འམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་ལ་འདི་ནི་སོ་སོར་རིག་པར་བྱའོ། །མིག་བདག་མེད་པ་དང་། གཟུགས་བདག་མེད་པ་དང་། རྣ་བ་བདག་མེད་པ་དང་། སྒྲ་བདག་མེད་པ་དང་། སྣ་བདག་མེད་པ་དང་། དྲི་བདག་མེད་པ་དང་། ལྕེ་ བདག་མེད་པ་དང་། རོ་བདག་མེད་པ་དང་། ལུས་བདག་མེད་པ་དང་། རེག་བྱ་བདག་མེད་པ་དང་། ཡིད་བདག་མེད་པ་དང་། ཆོས་བདག་མེད་པ་སྟེ། འདི་རྣམས་ནི་ནང་གི་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་བདག་མེད་པའོ། །བདག་མེད་པ་ལ་ལྟ་ཞིང་བསམ་པར་བྱའོ། །ཀུན་དགའ་བོ་བདག་མེད་པ་འདི་རྣམས་སྟོན་ ཅིག །ཀུན་དགའ་བོ་མི་གཙང་བའི་འདུ་ཤེས་ནི་དགེ་སློང་ཀུན་དགའ་བོ་འདི་ནི་ལུས་འདི་ཉིད་ལ་སྤྱི་གཙུག་ནས་འོག་གི་རྐང་མཐིལ་གྱི་བར་གྱི། པགས་པའི་ཕྱི་ཤུན་གྱི་བར་གང་བར་རྣམ་པ་སྣ་ཚོགས་པའི་མི་གཙང་བ་སོ་སོར་བརྟག་པར་བྱའོ། །ལུས་འདི་ལ་སྐྲ་དང་། བ་སྤུ་དང་། སེན་མོ་དང་། སོ་དང་། པགས་པའི་ཕྱི་ཤུན་དང་། ཤ་དང་། ཆུ་བ་དང་། རུས་པ་དང་། རྐང་མར་དང་། མཁལ་མ་དང་། སྙིང་དང་། མཆེར་པ་དང་། གློ་བ་དང་། སུལ་མང་དང་། ཕོ་བ་དང་། རྒྱུ་མ་དང་། རྒྱུ་མའི་གཉེ་མ་དང་། ལྒང་པ་དང་། རྟུག་པ་དང་། མཁྲིས་པ་དང་། བད་ཀན་ དང་། ཚིགས་དང་། ཁྲག་དང་། རྔུལ་དང་། ཚིལ་དང་། མཆི་མ་དང་། ཞག་དང་། མཆིལ་མ་དང་། སྣབས་དང་། ཆུ་སེར་དང་། གཅིན་དང་། གླད་པ་སྟེ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་སོ། །ལུས་འདི་ལ་མི་གཙང་བར་བལྟ་བར་བྱའོ། །ཀུན་དགའ་བོ་མི་གཙང་བ་འདི་རྣམས་ བསྟན་པར་གྱིས་ཤིག །ཀུན་དགའ་བོ་བར་དུ་གཅོད་པ་རྣམས་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པའམ། ཤིང་དྲུང་ངམ། ཁང་སྟོང་དུ་སོང་སྟེ་འདི་རྣམས་སོ་སོར་བརྟག་པར་བྱའོ། །ལུས་འདི་ནི་སྡུག་བསྔལ་མང་བ་དང་། བར་དུ་གཅོད་པ་མང་བ་སྟེ། ལུས་འདི་ལ་རྣམ་པ་དུ་མའི་ ནད་འབྱུང་ངོ་། །འདི་ལྟ་སྟེ། མིག་གི་ནད་དང་། རྣ་བའི་ནད་དང་། སྣའི་ན་དད་དང་། ལྕེའི་ནད་དང་། ལུས་ཀྱི་ནད་དང་། མགོ་བོའི་ནད་དང་། རྣ་བའི་ནང་གི་ནད་དང་། ཁའི་ནད་དང་། སོའི་ནད་དང་། གློ་དང་། དབུགས་མི་བདེ་བ་དང་། པི་ན་སོའི་ནད་དང་། ཚ་རིམས་དང་། ལྟོ་བའི་ནད་དང་། བརྒྱལ་བ་དང་། གཞོགས་ཕྱེད་ན་བ་དང་། གཟེར་བ་དང་། གསུད་པ་དང་། མཛེ་དང་། ཤ་འབྲས་དང་། འབྲུམ་བུ་ཕྲ་མོ་དང་། གཅོང་ནད་དང་། བརྗེད་བྱེད་ཀྱི་ནད་དང་། བས་ལྡགས་དང་། གཡན་པ་དང་། ལུས་ཟ་བ་དང་། རཤྐས་དང་། བི་ཙར་ཙི་ཀ་དང་། ཁྲག་མཁྲིས་དང་། མ་དྷུ་ མེ་ཧ་དང་། ཨྃ་ག་དང་། སི་ལ་ཀ་དང་། མཚན་མར་རྡོལ་བ་དང་། མཁྲིས་པ་འཁྲུགས་པའི་ནད་དང་། བད་ཀན་འཁྲུགས་པའི་ནད་དང་། རླུང་འཁྲུགས་པའི་ནད་དང་། འདུས་པའི་ནད་དང་། དུས་སུ་ཟས་ཡི་ཁར་མི་འོང་བའི་ནད་དང་། མི་མཉམ་པའི་ནད་འཁྲུགས་པ་དང་། ཨ་ཨུ་པ་ཀ་སྨྲི་ ཀའི་ནད་དང་། ལས་ཀྱི་རྣམ་པར་སྨིན་པའི་ནད་དང་། གྲང་བ་དང་། དྲོ་བ་དང་། བཀྲེས་རྔབ་དང་། སྐོམ་པ་དང་། འཁྲུ་བ་དང་། ཆུ་ནད་སྟེ། ལུས་ཀྱི་ནད་འདི་རྣམས་ནི་བར་དུ་གཅོད་པར་བལྟ་ཞིང་བསྒོམ་པར་བྱའོ། །ཀུན་དགའ་བོ་འདི་ནི་བར་དུ་གཅོད་པར་བསྟན་པར་བྱའོ། ། ཀུན་དགའ་བོ་སྤོང་བའི་འདུ་ཤེས་རྣམས་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་འདོད་པ་ལས་སྐྱེས་པ་སྟེ། མི་གནས་པར་དོར་བར་བྱའོ། །རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་དང་། རྣམ་པར་འཚེ་བའི་རྣམ་རྟོག་ལས་སྐྱེས་པ་དང་། མི་གནས་པ་སྟེ་དོར་བར་བྱའོ། །རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་སྟེ་སྐྱེས་ཤིང་སྐྱེས་པའི་སྡིག་པ་མི་དགེ་བའི་ཆོས་མི་གནས་པ་སྟེ་དོར་བར་བྱའོ། །རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་བསྒོམ་པར་འགྲོ་བ་སྟེ། ཀུན་ དགའ་བོ་འདི་ནི་སྤོང་བའི་འདུ་ཤེས་སོ། །ཀུན་དགའ་བོ་འདོད་ཆགས་དང་བྲལ་བའི་འདུ་ཤེས་དུ་ཞེན། དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པའམ། ཤིང་དྲུང་ངམ། ཁང་སྟོང་དུ་སོང་སྟེ་སོ་སོར་བརྟག་པར་བྱའོ། །འདི་ནི་ཞི་བ་དང་། གྱ་ནོམ་པ་གང་འདི་ནི་འདུས་བྱས་ཐམས་ཅད་གནས་ པ་དང་། སྐྱེ་བ་དང་། བསྒྱུར་བ་དང་། སྲེད་པ་ཟད་པ་དང་། འགོག་པ་དང་། མྱ་ངན་ལས་འདས་པའོ། །ཀུན་དགའ་བོ་འདི་ནི་འགོག་པའི་འདུ་ཤེས་སོ། །ཀུན་དགའ་བོ་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དུ་ཞེན། དགེ་སློང་ཀུན་དགའ་བོ་འདི་ནི་ གང་ཞིག་འཇིག་རྟེན་པ་ཐབས་དང་ཉེ་བར་སྐྱེ་བ་དང་། རྟོག་པ་དང་། གནས་པ་དང་། བག་ལ་ཉལ་བ་བོར་ཏེ་དགའ་བ་མི་བསྐྱེད་པར་རོ། །ཀུན་དགའ་བོ་འདི་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་སུ་བསྟན་པར་བྱའོ། །ཀུན་དགའ་བོ་འདུ་བྱེད་ཐམས་ཅད་མི་ རྟག་པའི་འདུ་ཤེས་དུ་ཞེ་ན། དགེ་སློང་ཀུན་དགའ་བོ་འདི་ནི་འདུ་བྱེད་ཐམས་ཅད་ལ་ཞེན་པ་མེད་པ་དང་། སྤོང་བ་དང་། སྐྱུག་བྲོ་བ་སྟེ། ཀུན་དགའ་བོ་འདི་ནི་འདུ་བྱེད་ཐམས་ཅད་མི་རྟག་པའི་འདུ་ཤེས་སུ་བསྟན་པར་བྱའོ། །ཀུན་དགའ་བོ་དབུགས་རྔུབས་པ་དང་དབྱུང་བ་རྗེས་སུ་དྲན་པ་ དུ་ཞེ་ན། དགེ་སློང་ཀུན་དགའ་བོ། དགོན་པའམ། ཤིང་དྲུང་ངམ། ཁང་སྟོང་དུ་སོང་སྟེ་འདུག་ལ་སྐྱིལ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ལ་ཁ་གྱེན་དུ་བལྟས་ལ་རྗེས་སུ་དྲན་ཅིང་གནས་པར་བྱའོ། །དེ་ནས་དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་སྙམ་དུ་ཡང་ དག་པར་ཤེས་སོ། །དབུགས་རིང་དུ་རྔུབས་པའམ་ཐུང་ངུ་རྔུབས་ན་རྔུབས་སོ་སྙམ་དུ་ཡང་དག་པར་ཤེས་སོ། །དབུགས་རིང་དུ་ཕྱུང་ན་དབུགས་རིང་དུ་མཐོང་ངོ་སྙམ་དུ་ཡང་དག་པར་ཤེས་སོ། །དབུགས་ཐུང་བའམ་ཐུང་ངུ་ཕྱུང་ན་དབུགས་ཐུང་ངུ་ཕྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ། ། དབུགས་ཐུང་བའམ་ཐུང་ངུ་རྒྱུས་ན་ཐུང་ངུ་བལྟ་བ་དང་ཡང་དག་པར་ཤེས་སོ། །ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་སོ་ཞེས་བསླབ་པར་བྱས་ཏེ། ལུས་ཀྱི་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ། །ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཐུང་ ངུ་རྔུབས་ན་རྔུབས་པ་ལ་བལྟ་ཞིང་བསླབ་པར་བྱའོ་སྙམ་དུ་ཡང་དག་པར་ཤེས་སོ། །གཉིས་ཀ་མཐོང་ཞིང་ལུས་ཀྱི་འདུ་བྱེད་ཡང་དག་པར་སྦྱངས་ཤིང་རླུང་ཐུང་ངུ་ཕྱུང་ངོ་། །ཞེས་གནས་ཤིང་བསླབ་པར་བྱའོ། །གཉིས་ཀ་མཐོང་ཞིང་ལུས་ཀྱི་འདུ་བྱེད་ལ་བལྟ་ཞིང་གནས་པར་བསླབ་པར་ བྱའོ། །དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །དགའ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ། །བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །བདེ་བ་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་ པར་བྱའོ། །སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་བལྟ་ཞིང་བསླབ་པར་བྱའོ། །གཉིས་ཀ་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་ པར་བྱའོ། །གཉིས་ཀ་མཐོང་ཞིང་སེམས་ཀྱི་འདུ་བྱེད་ཡང་དག་པར་སྦྱངས་སོ་སྙམ་དུ་བསླབ་པར་བྱའོ། །སེམས་ཡང་དག་པར་མྱོང་ན་དབུགས་ཐུང་ངུ་རྔུབས་ན་རྔུབས་སོ་ཞེས་བསླབ་པར་བྱའོ། །སེམས་ཡང་དག་པར་མྱོང་ཞིང་ཡང་དག་པར་སྦྱངས་སོ་སྙམ་དུ་བསླབ་པར་བྱའོ། །སེམས་མངོན་ པར་དགའ་བ་བསྐྱེད་པ་དང་དབུགས་ཐུང་ངུ་རྒྱུས་པ་ན་རྒྱུས་སོ་ཞེས་བསླབ་པར་བྱའོ། །སེམས་མངོན་པར་དགའ་བ་བསྐྱེད་པ་དང་ཤིན་ཏུ་སྦྱངས་སོ་སྙམ་དུ་བསླབ་པར་བྱའོ། །སེམས་ཞི་གནས་ལ་གནས་པས་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །སེམས་ ཞི་གནས་ལ་གནས་པས་ལྷག་མཐོང་དུ་གནས་པར་བསླབ་པར་བྱའོ། །སེམས་རྣམ་པར་གྲོལ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་ཞེས་བསླབ་པར་བྱའོ། །སེམས་རྣམ་པར་གྲོལ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ། །མི་རྟག་པར་རྗེས་སུ་ལྟ་བས་དབུགས་ཐུང་ངུ་ རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །མི་རྟག་པར་རྗེས་སུ་ལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ། །འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བས་ལྷག་མཐོང་ལ་ གནས་པར་བསླབ་པར་བྱའོ། །འགོག་པ་ལ་རྗེས་སུ་ལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །འགོག་པ་ལ་རྗེས་སུ་ལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ། །སོ་སོར་སྤོང་བ་རྗེས་སུ་ལྟ་བས་དབུགས་ཐུང་ངུ་རྒྱུས་ན་རྒྱུས་སོ་སྙམ་དུ་བསླབ་པར་བྱའོ། །སོ་ སོར་སྤོང་བར་རྗེས་སུ་ལྟ་བས་ལྷག་མཐོང་ལ་གནས་པར་བསླབ་པར་བྱའོ། །ཀུན་དགའ་བོ་དབུགས་རྔུབས་པ་དང་དབྱུང་བ་རྗེས་སུ་དྲན་པ་འདི་བཤད་པར་བྱའོ། །དེར་ཡང་ཀུན་དགའ་བོ་ཁྱེད་རིའི་ཀུན་དགའ་བོའི་གནས་སུ་སོང་ལ། འདུ་ཤེས་བཅུ་པོ་འདི་བཤད་པར་བྱའོ། །གནས་ གཞན་ཡང་ཡོད་དེ་དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་ཐོས་ན་དེའི་ནད་ཐམས་ཅད་ཞི་བར་འགྱུར་རོ། །དེ་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ། ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་གནས་སུ་སོང་ནས། ཚེ་དང་ལྡན་པ་རིའི་ ཀུན་དགའ་བོ་ལ། འདུ་ཤེས་བཅུ་སོ་སོར་བཤད་དོ། །དེ་ནས་ཚེ་དང་ལྡན་པ་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་པོ་འདི་རྣམས་ཐོས་ནས་དེའི་ནད་ཐམས་ཅད་ཞི་བར་གྱུར་ཏོ། །དེའི་ནད་ཐམས་ཅད་ཞི་ནས་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ལངས་ཏེ། ཚེ་དང་ལྡན་པ་ རིའི་ཀུན་དགའ་བོའི་ནད་ཕྱིས་མེད་པར་གྱུར་ཏོ། །ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་མདོ་རྫོགས་སྷོ།། །།པཎྚི་ཏ་ཆེན་པོ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་ སྨྲ་བ་རྣམས་ཀྱི་གདན་ས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅༅། །རྒྱ་གར་སྐད་དུ། ནནྡོ་པ་ནནྡ་ནཱ་ག་རཱ་ཛ་ད་མ་ན་སཱུ་ཏྲ། བོད་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་ཉེར་ དགའ་འདུལ་བའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་ སྦྱིན་དུས་གཅིག་ན། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐོས་ནས། བཙུན་པ་དགེ་སློང་ལྔ་བརྒྱ་དང་བཅས་པ་སང་ནང་པར་བདག་གི་ཁྱིམ་དུ་གདུགས་ཚོད་ལ་འབྱོན་པར་ཞུ་ཞེས་མགྲོན་དུ་གཉེར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་གནང་ནས། དེའི་ཉིན་མོའི་ལྷག་མ་དང་མཚན་ མོའི་མཐའ་འདས་ནས་ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁམས་ལ་ཐུགས་ཀྱིས་རྣམ་པར་དགོངས་སོ། །དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་ཞེས་བྱ་བ་ཡེ་ཤེས་ཀྱི་སྒོ་ནས་མངོན་དུ་བྱས་སོ། །དེ་ལ་ངེས་པར་ལེགས་པའི་ས་བོན་ཡོད་དམ་ཞེས་བརྟགས་པ་ན། འདི་ནི་ལོག་པར་ལྟ་བ་ཅན་དཀོན་མཆོག་གསུམ་ལ་དད་པ་མེད་པར་གཟིགས་སོ། །གཟིགས་ནས་གང་ཞིག་འདི་ནི་ལོག་པར་ལྟ་བ་ལས། རྣམ་པར་གྲོལ་བར་བྱ་བའི་ཕྱིར། འདུལ་བར་བྱེད་པ། གནས་བརྟན་ཆེན་པོ་མཽད་གལ་གཟིགས་སོ། །དེ་ནས་མཚན་མོ་ཐོ་རངས་ ཀྱི་དུས་སུ་སྐུའི་བྱི་དོར་མཛད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བོས་ཏེ་བཀའ་སྩལ་པ། ཀུན་དགའ་བོ། དགེ་སློང་ལྔ་བརྒྱ་དང་བཅས་པའི་བཅོམ་ལྡན་འདས་ལྷའི་འཇིག་རྟེན་དུ་གཤེགས་སོ་ཞེས་སྟོན་ཅིག །དེས་བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་གསོལ་ནས་དགེ་ སློང་རྣམས་ལ་དོན་དེ་སྨྲས་སོ། །དེའི་ཉི་མ་ལ་དགའ་བོ་ཉེར་དགས་ཉེར་བསྡོགས་བྱས་སོ། །དེ་ལྷའི་རིན་པོ་ཆེའི་སྟེང་དུ་སྐྱིལ་ཀྲུང་གིས་གནས་ཏེ། ལྷའི་གདུགས་དཀར་པོ་བཟུང་ངོ་། །ཀླུ་དང་ཀླུ་མོ་གར་བྱེད་ཅིང་ཀླུའི་འཁོར་གཡོག་དུ་མས་བསྐོར་ཏེ། ལྷའི་སྣོད་ཉེ་བར་ བཞག་ནས་བཟའ་བ་དང་བཏུང་བ་རྣམ་པ་སྣ་ཚོགས་པ་ལ་རྟོག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ཇི་ལྟ་བར་གཟིགས་སོ། །དེ་ལྟར་བྱས་པ་གཟིགས་ནས་དེའི་མགོ་བོའི་སྟེང་གི་བླ་བྲེས་ཀྱི་སྟེང་ཉིད་ནས། བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱ་དང་བཅས་ པས་གཤེགས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷའི་བར་མངོན་སུམ་དུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་དེ་ལྟ་བུའི་གཟུགས་ཀྱིས་སྡིག་པའི་ལྟ་བར་ལྷུང་བ་ལྟ་བ་ངན་པའི་སེམས་སྐྱེས་སོ། །དགེ་སྦྱོང་མགོ་རེག་འདི་ངའི་སྟེང་ནས་ སུམ་ཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་གྱི་གནས་སུ་གཤེགས་པར་འགྱུར་རོ། །འདི་ནི་ད་ལྟ་ནས་ངའི་མགོ་བོ་ལ་རྐང་པའི་རྡུལ་མགོ་བོའི་སྟེང་དུ་ལྷུང་བར་བྱེད་པས་འགྲོ་རུ་མི་སྟེར་རོ་སྙམ་སྟེ། ལངས་ནས་རི་རབ་ཀྱི་རྩ་བར་སོང་ངོ་། །རང་གི་གཟུགས་བོར་ཏེ་རི་བོ་མཆོག་རབ་ སྟེང་འོག་ཐམས་ཅད་རང་གི་ལུས་ཀྱིས་ལན་བདུན་དུ་དཀྲིས་ནས། སྟེང་དུ་གདེངས་ཀ་བྱས་ཏེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་མི་མཐོང་བར་བྱ་བའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ སྔར་བཞིན་གནས་འདིའི་ཕྱོགས་སུ་འདུག་ནས་རི་བོ་མཆོག་རབ་མཐོང་ངོ་། །རི་བོ་མཆོག་རབ་འཁོར་དང་བཅས་པ་མཐོང་ངོ་། །སུམ་ཅུ་རྩ་གསུམ་མཐོང་ངོ་། །རྣམ་པར་རྒྱལ་བའི་ཁང་བཟངས་མཐོང་ངོ་། །རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་སྟེང་གི་རྒྱལ་མཚན་ མཐོང་ངོ་། །བཙུན་པ་ཅིའི་རྒྱུ་ཅིའི་རྐྱེན་ལགས། ད་ནི་རི་བོ་མཆོག་རབ་མི་མཐོང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་འཁོར་སྐྱོང་འདི་ནི་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་ཞེས་བྱ་བ་ཁྱེད་རྣམས་ལ་ཁྲོས་པར་གྱུར་ཏེ། རི་བོ་མཆོག་རབ་ ལན་བདུན་དུ་ལུས་ཀྱིས་དཀྲིས་ནས་སྟེང་དུ་གདེངས་ཀས་བསྒྲིབས་སོ། །མུན་པ་མུན་ནག་ཏུ་བྱས་ནས་གནས་སོ། །གསོལ་པ། བཙུན་པ་བདག་གིས་གདུལ་བར་བགྱི་འམ། བཅོམ་ལྡན་འདས་ཀྱིས་གནང་བ་མ་བྱིན་ནོ། །དེ་ནས་ཚེ་ དང་ལྡན་པ་བཟང་ལྡན་དང་། ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཏེ། གོ་རིམས་བཞིན་དུ་དགེ་སློང་ཐམས་ཅད་ཀྱིས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མ་བྱིན་ནོ། །ཐམས་ཅད་ཀྱི་རྗེས་སུ་གནས་བརྟན་ཆེན་པོ་མཽད་གལ་གྱི་བུས་བཙུན་པ་བདག་གིས་ གདུལ་བར་བགྱི་འམ་ཞེས་ཞུས་པ་དང་། མཽད་གལ་གྱི་བུ་ཐུལ་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་བ་བྱིན་ནོ། །གནས་བརྟན་རང་གི་ལུས་བོར་ལ་ཀླུའི་རྒྱལ་པོའི་ལུས་ཆེན་པོར་སྤྲུལ་ཏེ། དགའ་བོ་ཉེར་དགའི་ལུས་ཀྱི་སྟེང་དུ་ལན་བཅུ་བཞི་ལུས་ཀྱིས་དཀྲི་བ་དང་། དེའི་ གདེངས་ཀའི་སྟེང་དུ་རང་གི་གདེངས་ཀ་བྱའོ། །རི་བོ་མཆོག་རབ་དང་བཅས་པ་ཐམས་ཅད་ནོན་ཅིག་ཅེས་བཀའ་སྩལ་པ་དང་། གནས་བརྟན་མཽད་གལ་གྱི་བུས་དེ་བཞིན་དུ་བྱས་སོ། །དེ་ནས་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའས་ཁ་རླངས་ཀྱི་དུ་བ་བཏང་ངོ་། །གནས་བརྟན་གྱིས་ ཀྱང་ཁྱེད་ཀྱི་ལུས་ལ་ཁ་རླངས་ཀྱི་དུ་བ་ཡོད་ལ་ངེད་ལ་མེད་པ་ཡིན་ནམ་ཞེས་ཁ་རླངས་བཏང་ངོ་། །ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའི་དུ་བས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ། །གནས་བརྟན་གྱི་ཁ་རླངས་ཀྱི་དུ་བས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ། །ཀླུའི་རྒྱལ་པོ་ རབ་ཏུ་འབར་རོ། །གནས་བརྟན་གྱིས་ཁྱེད་ཀྱི་ལུས་ལ་འབར་བ་ཡོད་པ་བཞིན་ངེད་ལ་མེད་དམ་ཞེས་འབར་བར་བྱས་སོ། །ཀླུའི་རྒྱལ་པོའི་མེ་འོད་ཀྱིས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ། །གནས་བརྟན་གྱི་མེ་འོད་ཀྱིས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ། ། ཀླུའི་རྒྱལ་པོས་བསམས་པ་འདི་ནི་བདག་གི་ལུས་རི་བོ་མཆོག་རབ་དང་བཅས་པ་ངེས་པར་མནན་ནས་དུ་བ་དང་མེ་འབར་བར་བྱེད་དོ་སྙམ་ནས། ཁྱེད་གང་ཡིན་ཞེས་དྲིས་སོ། །བདག་མཽད་གལ་ཞེས་བྱའོ། །བཙུན་པ་རང་གི་གཟུགས་ཀྱིས་གནས་པར་གྱིས་ཤིག ། གནས་བརྟན་གྱིས་ཀླུའི་ལུས་དོར་ནས། དེའི་རྣ་བ་གཡས་པའི་བུ་ག་ནས་ཞུགས་ཏེ། རྣ་བ་གཡོན་པའི་བུ་ག་ནས་འཐོན་ནོ། །ཡང་རྣ་བ་གཡོན་པའི་བུ་ག་ནས་ཞུགས་ནས། རྣ་བ་གཡས་པའི་བུ་ག་ནས་འཐོན་ནོ། །དེ་བཞིན་དུ་སྣ་གཡས་པའི་བུ་ག་ནས་ ཞུགས་ནས། སྣ་གཡོན་པའི་བུ་ག་ནས་འཐོན་ཏེ། ཡང་སྣ་གཡོན་པའི་བུ་ག་ནས་ཞུགས་ནས། སྣ་གཡས་པའི་བུ་ག་ནས་འཐོན་ནོ། །དེ་ནས་ཀླུའི་རྒྱལ་པོའི་ཁ་གདངས་སོ། །གནས་བརྟན་ཁར་ཞུགས་ནས། གསུས་པའི་ནང་དུ་མདུན་རྒྱབ་ཏུ་ཡང་དང་ ཡང་དུ་རྒྱུས་སོ། །བཅོམ་ལྡན་འདས་ཀྱིས་མཽད་གལ་རྫུ་འཕྲུལ་ཆེར་ཡིད་ལ་གྱིས་ཤིག །ཀླུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །གནས་བརྟན་གྱིས་བཙུན་པ། བདག་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་དང་། མང་དུ་བྱས་པ་ དང་། བརྩོན་པར་བྱས་པ་དང་། གཞིར་བྱས་པ་དང་། རྗེས་སུ་བསྒྲུབས་པ་དང་། འདྲིས་པར་བྱས་པས་ལེགས་པར་བརྩམས་སོ། །བཙུན་པ། དགའ་བོ་ཉེར་དགའ་ལྟ་ཞོག །དགའ་བོ་ཉེར་དགའ་དང་མཚུངས་པར་བརྒྱའི་ཚོགས་དང་། སྟོང་གི་ཚོགས་དང་། འབུམ་གྱི་ཚོགས་ཀྱང་བདག་གིས་གདུལ་བར་ནུས་སོ། །ཞེས་གསོལ་ཏོ། །ཀླུའི་རྒྱལ་པོས་བསམས་པ་ནང་ན་རྒྱུ་བ་བདག་གིས་མ་མཐོང་ངོ་། །ཕྱིར་འབྱུང་བའི་ཚེ་མཆེ་བ་གཉིས་ཀྱི་བར་དུ་བཟའོ་སྙམ་ནས། བཙུན་པ་ཕྱིར་ཤོག །ངའི་ལྟོ་བའི་ནང་དུ་ཡང་དང་ཡང་དུ་ རྒྱུ་བ་དང་སྡོད་པས་ཅི་བྱ་ཞེས་པས། གནས་བརྟན་ཕྱིར་བྱོན་ནས་གནས་སོ། །ཀླུའི་རྒྱལ་པོས་མཐོང་ནས། འདི་ཡིན་ནམ་ཞེས་སྨྲས་ཏེ། སྣའི་རླུང་ཕྱིར་བཏང་ངོ་། །གནས་བརྟན་བསམ་གཏན་བཞི་པོ་མཉམ་པར་ཐོབ་པས། བ་སྤུའི་བུ་ག་གཅིག་ཏུ་ཡང་སྣའི་རླུང་ གིས་བསྐྱོད་པར་མི་ནུས་སོ། །དེ་ལས་གཞན་པའི་དགེ་སློང་རྣམས་ཀྱིས་དང་པོ་རྣམས་ཀྱི་ཆོ་འཕྲུལ་ཐམས་ཅད་བྱེད་པར་ནུས་ཀྱིས། གནས་འདི་རྣམས་ལ་རབ་ཏུ་ཞུགས་ནས། བསམ་གཏན་བཞི་པོ་མྱུར་དུ་བསྒྲུབ་པར་མི་ནུས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་ པོ་འདུལ་བ་དེ་རྣམས་ལ་གནང་བ་མ་བྱིན་ནོ། །ཀླུའི་རྒྱལ་པོ་བདག་གིས་དགེ་སློང་འདིའི་བ་སྤུའི་བུ་ག་ཙམ་ཡང་སྣའི་རླུང་གིས་བསྐྱོད་པར་མ་ནུས་པས་རྫུ་འཕྲུལ་ཆེན་པོར་བསམས་སོ། །གནས་བརྟན་གྱིས་དགེ་སློང་གི་གཟུགས་དོར་ནས། འདབ་བཟངས་བྱ་ཁྱུང་གི་གཟུགས་ སུ་མངོན་པར་སྤྲུལ་ཏོ། །འདབ་བཟངས་ཀྱི་ལུས་དེ་མཐོང་ནས་ཀླུའི་རྒྱལ་པོ་བྲོས་པར་གྱུར་ཏོ། །འདབ་བཟངས་ཀྱི་རྗེས་སུ་འབྲེལ་བར་ཀླུའི་རྒྱལ་པོས་རང་གི་གཟུགས་དོར་ནས་བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ཏེ། བཙུན་པ་ཁྱེད་ལ་སྐྱབས་སུ་འགྲོའོ་ཞེས་རྗོད་པར་བྱེད་ཅིང་གནས་བརྟན་གྱི་ཞབས་ ལ་ཕྱག་བཙལ་ལོ། །གནས་བརྟན་གྱིས་སྟོན་པའི་ཐད་དུ་ཤོག་ཅིག་འགྲོ་བ་ཡིན་ནོ་ཞེས་ཀླུའི་རྒྱལ་པོ་བཏུལ་ནས་དུག་མེད་པར་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནོ། །ཀླུའི་རྒྱལ་པོས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། བཙུན་པ་ཁྱེད་ལ་སྐྱབས་སུ་འགྲོའོ་ཞེས་གསོལ་ཏེ། བཅོམ་ལྡན་ འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ནས། དགེ་སློང་འཁོར་དང་བཅས་པ་མགོན་མེད་ཟས་སྦྱིན་གྱི་གནས་སུ་གཤེགས་སོ། །མགོན་མེད་ཟས་སྦྱིན་གྱིས། བཙུན་པ་ཡུན་རིང་པོར་མི་འབྱོན་པ་ཅི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མཽད་གལ་གྱི་བུ་དང་། དགའ་བོ་ཉེར་དགའ་ གཉིས་གཡུལ་བཀྱེའོ་ཞེས་བཀའ་སྩལ་ཏོ། །བཙུན་པ་སུ་ཞིག་ཕམ་སུ་ཞིག་རྒྱལ་བར་གྱུར་ཞེས་གསོལ་པས། ཁྱིམ་བདག་མཽད་གལ་གྱི་བུ་རྒྱལ་བར་གྱུར། དགའ་བོ་ཉེར་དགའ་ཕམ་པར་གྱུར་ཏོ་ཞེས་བཀའ་སྩལ་ཏོ། །མགོན་མེད་ཟས་སྦྱིན་གྱིས་བཙུན་པ་བཅོམ་ལྡན་འདས་ལ་ཞག་བདུན་དུ་རིམ་ པ་བཞིན་དུ་གདུགས་ཚོད་གསོལ་བར་ཞུས། གནས་བརྟན་ལ་བཀུར་སྟི་དང་བསྟི་སྟང་བགྱིད་པར་ཞུས་སོ། །སངས་རྒྱས་ལ་སོགས་པའི་དགེ་སློང་ལྔ་བརྒྱ་པོ་རྣམས་ལ་བཀུར་སྟི་དང་བསྟི་སྟང་ཞག་བདུན་དུ་བགྱིད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་ སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་འདུལ་བའི་མདོ་རྫོགས་སྷོ།། །།པཎྜི་ཏ་ཆེན་པོ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་ པ་རྣམས་ཀྱི་གདན་ས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །༄༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་ཤྱ་པ་སཱུ་ཏྲ། བོད་སྐད་དུ། འོད་སྲུང་ཆེན་པོའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཕྱ་ལིའི་ཕུག་ན་བཞུགས་ཏེ། ནད་དམ་པོས་གཟིར་ཅིང་སྡུག་བསྔལ་བར་གྱུར་ཏོ། དེ་ནས་ བཅོམ་ལྡན་འདས་སྲོད་ལའི་དུས་སུ་སོ་སོར་ཐམས་ཅད་རྟོག་ཅིང་བཞུགས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ག་ལ་བ་དེར་གཤེགས་ཤིང་ཉེ་བར་གཤེགས་ཏེ་གདན་བཤམས་པ་ལ་བཞུགས་ཏེ་བཞུགས་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འོད་སྲུང་ཁྱོད་ཇི་ལྟར་བཟའ་བ་འདོད་དམ། ཇི་ལྟར་སྡུག་བསྔལ་མྱོང་། ཇི་ལྟར་ཞི་བར་འགྱུར། ཞི་བར་བྱེད་པའི་ཐབས་ཀྱིས་མི་ཞི་བ་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གསོལ་པ། བཙུན་པ་བདག་ནི་བཟའ་བ་དང་བཏུང་བ་ལ་མི་སྲེད་པར་གྱུར། བདག་ནད་དམ་པོས་གཟིར་བར་ གྱུར་ཏེ། ཞི་བའམ་མི་ཞི་བར་འགྱུར། ཞི་བར་བྱེད་པའི་ཐབས་མཛད་དུ་གསོལ། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་འདི་ངས་ལེགས་པར་བཤད་པར་བྱའོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། ། བདུན་པོ་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་འདི། འོད་སྲུང་ངས་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །ཡང་འོད་སྲུང་ངས་ཆོས་ རྣམ་པར་འབྱེད་པ་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །ཡང་འོད་སྲུང་ངས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །དེ་མང་དུ་བསྒོམས་ པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །ཡང་འོད་སྲུང་ངས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་ འདས་པར་གྱུར་ཏོ། །ཡང་འོད་སྲུང་ངས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །ཡང་འོད་སྲུང་ངས་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ ཏུ་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །ཡང་འོད་སྲུང་ངས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །འོད་སྲུང་འདི་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་ངས་བཤད་དོ། །དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་ གཤེགས་པས་གསུངས་པའི་བྱང་ཆུབ་ཀྱི་ཡན་ལག་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དེ་མ་ཐག་ཏུ་ནད་ཞི་བར་གྱུར་ནས། ཚེ་ དང་ལྡན་པ་འོད་སྲུང་ཆེན་པོ་ལངས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་ནད་ཞི་བར་གྱུར་ཏོ། །གནས་བརྟན་འོད་སྲུང་ཆེན་པོའི་མདོ་རྫོགས་སྷོ།། ༄༅༅། །རྒྱ་གར་སྐད་དུ། སཱུརྱ་སཱུ་ཏྲ། བོད་སྐད་དུ། ཉི་མའི་མདོ། འཕགས་པ་དཀོན་མཆོག་ གསུམ་ལ་གུས་པས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ལྷའི་བུ་ཉི་མ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་བཟུང་ངོ་། །དེ་ནས་ ལྷའི་བུ་ཉི་མས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ། དེའི་དུས་སུ་ཚིགས་སུ་བཅད་པ་འདི་གསོལ་ཏོ། །སངས་རྒྱས་དཔའ་བོ་དེ་ལ་འདུད། །ཐམས་ཅད་མྱུར་དུ་གྲོལ་བར་གྱིས། །བདག་འདིའི་ཁ་རུ་བཅུག་པས་ན། །བདག་ནི་ཁྱེད་ལ་སྐྱབས་སུ་མཆི། །དེ་ནས་ བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཉི་མའི་ཆེད་དུ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས། །དགྲ་བཅོམ་དེ་བཞིན་གཤེགས་པ་ལ། །ཉི་མ་སྐྱབས་སུ་སོང་བས་ན། །སྒྲ་གཅན་འཛིན་གྱིས་ཉི་མ་ཐོང་། ། གང་ཞིག་མུན་པ་སྣང་བས་གསལ་བར་བྱེད། །རྣམ་སྣང་དྲག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན། །ནམ་མཁའི་ཉི་མ་སྒྲ་གཅན་སྒྲིབ་མ་བྱེད། །ཉི་མ་འདི་ནི་སྒྲ་གཅན་གྱིས་ཐོང་ཤིག །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ལྷའི་བུ་ཉི་མ་གྲོལ་བར་བྱས་ནས། སྔར་གྱི་ གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ། ལྷ་མ་ཡིན་ གྱི་དབང་པོ་ཐགས་བཟངས་རིས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར། །སྒྲ་གཅན་འཛིན་གྱིས་ཉི་མ་ཐོང་། །གཟུགས་ཀྱི་རྣམ་འགྱུར་ཀུན་དུ་ངན། །ཅི་ཕྱིར་འཇིགས་པས་འདི་རུ་ལྷགས། །དེས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི། ། བདག་གིས་ཉི་མ་མ་བཏང་ན། །མགོ་བོ་ཚལ་པ་བདུན་འགས་ཤིང་། །འཚོ་བ་ལ་ནི་བདེ་བ་མེད། །ཉི་མའི་མདོ་རྫོགས་སྷོ།། ༄༅༅། །རྒྱ་གར་སྐད་དུ། ཙན་དྲ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་ འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་བཟུང་ནས། དེ་ནས་ལྷའི་བུ་ཟླ་བས་བཅོམ་ ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ། དེའི་དུས་སུ་ཚིགས་སུ་བཅད་པ་འདི་གསོལ་ཏོ། །སངས་རྒྱས་དཔའ་བོ་དེ་ལ་འདུད། །ཐམས་ཅད་མྱུར་དུ་གྲོལ་བར་གྱིས། །བདག་འདིའི་ཁ་རུ་བཅུག་པས་ན། །བདག་ནི་ཁྱེད་ལ་སྐྱབས་སུ་འགྲོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་ལྷའི་བུ་ཟླ་བའི་ཆེད་དུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས། །དགྲ་བཅོམ་དེ་བཞིན་གཤེགས་པ་ལ། །ཟླ་བ་སྐྱབས་སུ་སོང་བས་ན། །སྒྲ་གཅན་འཛིན་གྱིས་ཟླ་བ་ཐོང་། །དེ་ནས་ ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས། ལྷའི་བུ་ཟླ་བ་གྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་པས་ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར། །སྒྲ་གཅན་འཛིན་གྱིས་ཟླ་བ་ཐོང་། །གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན། །ཅི་ཕྱིར་འཇིགས་པས་ འདི་རུ་ལྷགས། །སྒྲ་གཅན་འཛིན་གྱིས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི། །ཟླ་བ་བདག་གིས་མ་བཏང་ན། །མགོ་བོ་ཚལ་པ་བདུན་འགས་ཤིང་། །འཚོ་བ་ལ་ནི་བདེ་བ་མེད། །ཟླ་བའི་མདོ་རྫོགས་སྷོ། །༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མྃ་ག་ ལ་སཱུ་ཏྲ། བོད་སྐད་དུ། བཀྲ་ཤིས་ཆེན་པོའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་ལྷ་དུ་མ་རྣམས་མཚན་མོ་ཁ་དོག་སྣ་ཚོགས་པ་དང་ལྡན་པའི་འོད་རྣམས་ཀྱིས་དུས་གཅིག་ལ་རྒྱལ་བྱེད་ཚལ་འོད་ཀྱིས་སྣང་བར་བྱས་ནས། བཅོམ་ལྡན་འདས་གང་དུ་བཞུགས་པ་དེར་ལྷགས་ཏེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ། ཕྱོགས་ གཅིག་ཏུ་འཁོད་ནས། ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་མང་དུ་ཞུས་སོ། །ལྷ་དང་མི་རྣམས་མང་པོ་ཡིས། །བཀྲ་ཤིས་པས་ནི་བསམ་གྱུར་པ། །བཀྲ་ཤིས་པ་ལ་ཐེ་ཚོམ་སྐྱེས། །བཀྲ་ཤིས་མཆོག་ནི་གསུང་དུ་གསོལ། །ལྷའི་ཡང་ལྷ་ཡིས་བཀའ་ སྩལ་པ། །སྡིག་པ་ཐམས་ཅད་རྣམ་པར་འཇོམས། །འཇིག་རྟེན་ཀུན་ལ་ཕན་པའི་དོན། །བཀྲ་ཤིས་དེ་རྣམས་ཁྱེད་ལ་བཤད། །བྱིས་པ་རྣམས་ལ་བསྙེན་མི་བྱ། །མཁས་པ་རྣམས་ལ་བསྙེན་པར་བྱ། །མཆོད་ལ་མཆོད་པའི་ལན་བྱ་བ། །འདི་ནི་མཆོག་གི་བཀྲ་ ཤིས་སོ། །སྔར་བྱས་པ་ཡི་བསོད་ནམས་ཀྱིས། །འཐུན་པའི་ཡུལ་དུ་གནས་པ་དང་། །བདག་ཉིད་མཆོག་གི་སྨོན་ལམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །བདེན་དང་ལག་པའི་བཟོ་དང་ནི། །འདུལ་བའི་སྦྱོར་བས་ལེགས་པར་བསླབ། །གང་གིས་ལེགས་པར་བཤད་ པའི་ཚིག །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཕ་དང་མ་ལ་བསྙེན་བཀུར་བྱ། །བུ་དང་ཆུང་མ་རྗེས་སུ་བཟུང་། །མི་འཐུན་པ་ཡི་ལས་མི་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །སྦྱིན་པ་ཆོས་ཀྱི་སྤྱོད་པ་དང་། །གཉེན་འདུན་རྣམས་ནི་རྗེས་སུ་བཟུང་། །ཁ་ན་མ་ཐོའི་ལས་མི་བྱ། །འདི་ནི་མཆོག་ གི་བཀྲ་ཤིས་སོ། །སྡིག་ལ་དགའ་བ་སྤང་བར་བྱ། །ཆང་གི་བཏུང་བ་རྣམ་པར་སྤང་། །གང་ཞིག་ཆོས་ལ་བག་ཡོད་པ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །གློ་བུར་བླ་མ་གུས་པར་བྱ། །བྱས་པ་ཤེས་ཤིང་གུས་པར་བྱ། །དུས་སུ་ཆོས་ནི་མཉན་པར་བྱ། །འདི་ནི་མཆོག་གི་བཀྲ་ ཤིས་སོ། །ཚིག་ངན་པ་ནི་བཟོད་པར་བྱ། །དགེ་སྦྱོང་རྣམས་ནི་མཐོང་བར་བྱ། །དུས་སུ་ཆོས་ཀྱི་འབེལ་གཏམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །དཀའ་ཐུབ་དང་ནི་ཚངས་སྤྱོད་བྱ། །འཕགས་པའི་བདེན་པ་མཐོང་བར་བྱ། །མྱ་ངན་འདས་པ་མངོན་སུམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། ། འཇིག་རྟེན་ཆོས་ལ་དྲིས་པ་ན། །གང་ཞིག་སེམས་ནི་གཡོ་མི་བྱ། །མྱ་ངན་མི་དགའ་མེད་བཟོད་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །དེ་ལྟར་བཤད་པར་བྱས་པ་རྣམས། །ཐམས་ཅད་དུ་ནི་རྒྱལ་བ་དང་། །ཐམས་ཅད་དུ་ནི་ཞི་བར་འགྲོ། །དེ་རྣམས་དེ་ལ་མཆོག་བཀྲ་ཤིས། །བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བཀྲ་ཤིས་ཆེན་པོའི་མདོ་རྫོགས་སྷོ།། །།འདི་ཡི་བསོད་ནམས་ལས་ཀྱིས་ནི། །སངས་རྒྱས་མ་ཐོབ་བར་དུ་བདག །སྨན་ཆེན་པོ་ཡི་ཤེས་ རབ་དང་། །འོད་གཙོ་ཕྱུག་པོའི་ལོངས་སྤྱོད་དང་། །ཐམས་ཅད་སྒྲོལ་གྱི་སྦྱིན་པ་དང་། །སྐྱེ་བ་སྐྱེ་བར་བདག་ལ་གྱུར། །འཕགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། སྐྱེས་པ་རབས་ཀྱི་གླེང་གཞིའི་བཤད་པ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་ མདོ། བྱམས་པ་བསྒོམ་པའི་མདོ། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ། ཚེ་དང་ལྡན་པ་རིའི་ཀུན་དགའ་བོའི་མདོ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་འདུལ་བའི་མདོ། གནས་བརྟན་འོད་སྲུང་ཆེན་པོའི་མདོ། །ཉི་མའི་མདོ། ཟླ་བའི་མདོ། བཀྲ་ཤིས་ཆེན་པོའི་མདོ་ ཞེས་བྱ་བ་སྟེ། དེ་ལྟར་མདོ་བཅུ་གསུམ་པོ་འདི་རྣམས་ནི་འཛམ་བུའི་གླིང་གི་དབུས། འཕགས་པའི་ཡུལ། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་དཔག་ཚད་བརྒྱ་ཙམ་བྱང་ཤར་དུ་བགྲོད་པའི་བོད་ཡུལ། གངས་རིའི་ཁྲོད། རྩང་ཉང་རོ་ཚོང་འདུས་འགུར་མོའི་ས་ཆ། འཕགས་པ་རང་བྱུང་ འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་གི་བདག་པོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ལྷག་པར་མོས་ཤིང་། དཔལ་འབྱོར་དང་ཆབ་སྲིད་དུ་མ་ལ་དབང་ཕྱུག་དམ་པའི་གོ་འཕང་ཐོབ་པའི་ཞ་ལུ་པ་སྐུ་ཞང་གྲགས་པ་རྒྱལ་མཚན་དུ་དབེན་ཤའི་བཀའ་ལུང་གིས། བྱང་ཆུབ་ ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་ལྷོ་ཕྱོགས་སུ་དཔག་ཚད་དྲུག་བརྒྱ་ཙམ་བགྲོད་པའི་གནས། སིང་གྷ་གླིང་པ་བྲམ་ཟེའི་རིགས་ལས་ལེགས་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་སྡེ་སྣོད་གསུམ་ལ་ཐུགས་ལེགས་པར་བྱང་བའི་པཎྜི་ཏ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་ བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས། གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། །།