Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 006_འདུལ་བ།_ཆ

Văn bản gốc(Tây Tạng)

Trang 10 / 18 (50.000 ký tự/trang)
་ཏ་བྱེད་པ་སྤྲོ་བར་བྱའོ། །དགེ་སློང་
དག་གིས་ཞལ་ཏ་བྱེད་པ་གང་སྤྲོ་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ར་བ་པའམ། དགེ་བསྙེན་སྤྲོ་བར་བྱ་སྟེ། ཀུན་དགའ་ར་བ་པ་ཞེས་བྱ་བ་ནི་རུང་བ་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་བཟུང་
བའོ། །དགེ་སློང་དག་ཡུལ་གཞན་དུ་འདོང་བ་ན་དེ་དག་འདི་ན་བདག་ཅག་ལ་སྦྱིན་བདག་འགའ་ཡང་མེད་དོ་ཞེས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་བདག་དེ་ཉིད་ཇི་སྲིད་དུ་སོན་པ་དང་། འདུག་པ་དང་། འཚོ་བ་དང་། སྡོད་པའི་བར་དུ་ཤིན་ཏུ་རིང་
དུ་སོང་ཡང་ཉམས་པ་མེད་དོ། །དགེ་སློང་རྣམས་ཀྱིས་ཆོས་གོས་ཀྱི་རིན་དག་རྙེད་ལ་སྦྱིན་བདག་མེད་ནས་དེ་དག་འགྱོད་པ་སྐྱེས་ཏེ། མི་ལེན་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་
བླངས་ནས་ཀྱང་དགེ་སློང་གི་མདུན་དུ་འགྲེང་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་

བརླབ་བོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐའ་འཁོབ་དག་ཏུ་གཙུག་ལག་ཁང་དག་བྱེད་དུ་བཅུག་ནས་དེ་ན་དུས་དང་
དུས་སུ་སྐྲག་པ་དག་བྱུང་ནས་དགེ་སློང་དག་གིས་གཙུག་ལག་ཁང་སྟོང་པར་བོར་ཏེ་བྱེར་རོ་མ་བྱིན་པར་ལེན་པ་དག་གིས་གཙུག་ལག་ཁང་སྟོང་པར་རིག་ནས་གཙུག་ལག་ཁང་བཅོམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་བྱེའམ། མཆོད་རྟེན་གྱི་དབྱིག་དང་གསེར་
སྦས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྦ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་དག་གིས་གང་གིས་སྦ་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ར་བ་པའམ། དགེ་བསྙེན་གྱིས་སྦ་བར་བྱའོ། །གང་དག་སྦེད་པར་བྱེད་པ་དེ་དག་ཉིད་རྐུ་བར་བྱེད་
ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བསྙེན་དད་པ་ཅན་གྱིས་སྦ་བར་བྱའོ། །དགེ་བསྙེན་དད་པ་ཅན་མེད་ན་དགེ་ཚུལ་གྱིས་སྦ་བར་བྱའོ། །དགེ་ཚུལ་མེད་ན་དགེ་སློང་དག་གིས་རང་གིས་སྦ་བར་བྱའོ། །དེ་ལ་དོང་བརྐོ་བར་བྱ་བ་ཡོད་ནས་གང་གིས་བརྐོ་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཀུན་དགའ་ར་བ་པའམ། དགེ་བསྙེན་གྱིས་བརྐོ་བར་བྱའོ། །དེ་ཉིད་རྐུ་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བསྙེན་དད་པ་ཅན་གྱིས་བརྐོ་བར་བྱའོ། །དགེ་བསྙེན་དད་པ་ཅན་མེད་ན་དགེ་ཚུལ་གྱིས་བརྐོ་བར་བྱའོ། །དགེ་ཚུལ་མེད་ན་དགེ་སློང་དག་གིས་རང་གིས་བརྐོ་བར་
བྱའོ། །འཇིགས་པ་དང་བྲལ་ན་རྣམ་པ་དེ་ལྟ་བུ་ཉིད་ཀྱིས་ཕྱུང་སྟེ་དགེ་འདུན་ལ་དབུལ་བར་བྱའོ། །དགེ་སློང་དག་ངས་ཕོངས་པའི་དུས་དག་ཏུ་གནང་བ་གང་ཡིན་པ་དེ་བདེ་བའི་གནས་སྐབས་དག་ཏུ་སྤྱད་པར་མི་བྱ་སྟེ། སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་།
སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གསེར་དངུལ་ལ་རེག་པའི་སྤང་བ་སྟེ་བཅྭ་བརྒྱད་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་

འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་ཞེས་སྒྲ་གྲགས་ཏེ། དེའི་ཉན་ཐོས་རྣམས་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱེད་པས་གང་དག་དེ་ལ་མཆོད་
པ་དག་བྱེད་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། གསལ་བ་ཆེ་བ་དང་། རྒྱས་པ་ཆེ་བར་འགྱུར་རོ་ཞེས་བྱང་ལམ་པའི་ཚོང་པ་དག་གིས་ཐོས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཡུལ་དབུས་སུ་འདོང་ངོ་། །དེར་ཁེ་སྤོགས་མང་པོ་ཡང་བསྒྲུབ་
པར་བྱ། སངས་རྒྱས་དང་། ཆོས་དང་དགེ་འདུན་དག་ལ་མཆོད་པ་བྱའོ་ཞེས་བྱང་ལམ་པའི་ཚོང་པ་དེ་དག་ཟོང་ཐོགས་ཏེ། ཡུལ་དབུས་སུ་འཕགས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏོ། །མཉན་ཡོད་ན་ཤེས་པ་ཅན་རྩིས་མཁས་པ་ཞིག་འདུག་པ་དེས་བྱང་ལམ་ནས་ཚོང་པ་
དོན་མཐུན་འོངས་ཞེས་ཐོས་ནས་དེས་བསམས་པ། སོང་སྟེ་ཇེ་བལྟས་ན་དེར་ཅུང་ཟད་འཐོབ་པོ་སྙམ་ནས། དེས་ཅུང་ཟད་དམིགས་པས་ཀྱང་ཤེས། ཅུང་ཟད་རྟོག་གེས་ཀྱང་ཤེས་ནས་དེ་སོང་སྟེ། དེད་དཔོན་ལ་མིང་དང་རུས་ནས་བརྗོད་ཅིང་མིང་འདི་ཞེས་བྱ་བ་འོངས་པ་ལེགས་
སོ་འོངས་པ་ལེགས་སོ། །ཁྱོད་ཀྱི་མ་ནི་མིང་འདི་ཞེས་བྱ། ཁྱོད་ཀྱི་ཕ་ནི་མིང་འདི་ཞེས་བྱ། ཁྱོད་ཀྱི་རྫས་ནི་འདི་སྙེད་ཅིག་འོངས་སོ། །ཉི་མ་ག་གེ་མོ་ཞིག་ལ་ནི་ཁལ་འཇིག་པར་འགྱུར་རོ། །ཁེ་སྤོགས་ནི་འདི་སྙེད་ཅིག་འགྲུབ་པར་འགྱུར་རོ་ཞེས་སྨྲས་པ་དང་དེད་དཔོན་དེས་
བསམས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་གང་དག་འབར་བ་དང་། གསལ་བ་དང་། ཆར་འབབ་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱེད་ཅེས་གྲག་པ་དེ་དག་ལས་འགའ་ཞིག་འདི་ཡིན་གོར་མ་ཆག་སྙམ་ནས་དེས་དེ་ལ་དད་པས་བྱང་ལམ་གྱི་ནགས་ཀྱི་འབྲས་བུས་སློང་
ཕོར་བཀང་སྟེ་བྱིན་ནས་ལ་བ་སྲིན་བུའི་མདོག་ལྟ་བུ་ཅིག་ཀྱང་བསྐོན་ནོ། །ཤེས་པ་ཅན་དེས་བླངས་ཤིང་གྱོན་ཏེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་གན་དུ་སོང་བ་དང་། དེ་དག་གིས་དེ་མཐོང་ནས་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱིས་མགོ་བཟློག་སྟེ་ཉལ་བ་གང་ཞིག་ལས་ཐོབ་དེས་

སྨྲས་པ། བྱང་ལམ་ནས་ཚོང་པ་དོན་མཐུན་འོངས་ནས་དེར་ཁོ་བོས་དེད་དཔོན་ལ་མིང་དང་རུས་ནས་བརྗོད་ནས་དེས་ཁོ་བོ་ལ་དད་པས་དད་པའི་དབང་དུ་བྱས་པ་སྦྱིན་ནོ། །དེ་དག་གིས་སྨྲས་པ། ཤེས་པ་ཅན་བདག་ཅག་ལ་ཤཱཀྱའི་བུའི་དགེ་སྦྱོང་དེ་དག་རྟག་ཏུ་ཁྱེད་ལ་ཐག་པ་དག་དང་ཕྲེང་རྒྱུད་དག་
དང་། འབྲུ་མར་མཁན་དག་ལས་གཞན་པ་མི་གཙོ་བོ་འགའ་ཡང་མངོན་པར་དད་པར་མི་བྱེད་དོ་ཞེས་ཐོ་འཚམ་པར་བྱེད་ཀྱིས། ཁྱོད་ལ་བ་འདི་གྱོན་ཏེ་སོང་ལ་ཤཱཀྱའི་བུའི་དགེ་སྦྱོང་དེ་དག་གི་སྙིང་དག་གས་པར་གྱིས་ཤིག་དེ་ལྟར་བྱའོ་ཞེས་སྨྲས་ཏེ། དེ་ནས་ཤེས་པ་ཅན་དེ་ལ་བ་དེ་གྱོན་ནས་རྒྱལ་བྱེད་
ཀྱི་ཚལ་དུ་སོང་ངོ་། །དྲུག་སྡེ་དག་གིས་ཀུན་ཏུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་
སྟོང་པར་མི་འཇོག་པས་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་ཤེས་པ་ཅན་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །དེ་ནས་ཉེ་དགའས་བསམས་པ། གཅེར་བུ་པ་ངན་པ་འདི་ལ་བ་བཟང་པོ་ཞིག་གྱོན་ཏེ་འོངས་ཀྱིས་གལ་ཏེ་བདག་གིས་དེ་མ་ཕྲོགས་ན་ཉེ་དགའ་ཞེས་བྱ་བའི་
མིང་མི་གཟུང་ངོ་སྙམ་ནས། དེས་དེ་ལ་སྨྲས་པ། ཤེས་པ་ཅན་ཁྱོད་གཅེར་བུ་པ་ཡིན་ལ་ལ་བ་འདི་ལྟ་བུ་གྱོན་ན་ཕྱིར་བབས་སམ་ཅི་ཁོ་བོ་ཕྱིར་མ་བབས་ཏེ། འདི་ལྟར་བྱང་ལམ་ནས་ཚོང་པ་དོན་མཐུན་འོངས་ནས་དེར་ཁོ་བོས་དེད་དཔོན་ལ་མིང་དང་རུས་ནས་བརྗོད་ནས་དེས་ཁོ་བོ་ལ་དད་པས་དད་
པའི་དབང་དུ་བྱས་པ་བྱིན་ནོ། །མ་ལེགས་སོ་མ་ལེགས་སོ། །ཁྱེད་ཀྱིས་རྒས་པའི་གནས་སྐབས་སུ་ཚུལ་ཁྲིམས་འཆལ་པ་ཀུན་ཏུ་སྤྱད་དོ། །ཚུར་ཤོག་འདུག་ཤིག་དང་ཆོས་བསྟན་པར་བྱའོ། །ཤེས་པ་ཅན་དེ་ཉེ་དགའི་མདུན་དུ་འདུག་པ་དང་། ཉེ་དགའ་ཡིད་དགའ་ཞིང་ཡིད་དགའ་
ནས་དེ་ལ་སྦྱིན་པའི་བསྔགས་པ་བརྗོད་པར་བརྩམས་སོ། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི་གལ་ཏེ་ཚུལ་ཁྲིམས་ཀྱི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ལྷ་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་ལ། གལ་ཏེ་སྦྱིན་པའི་གཏམ་དག་བྱེད་ན་ཉན་པ་པོ་དག་རང་གི་ཤ་གང་ཡིན་

པ་དེ་ཡང་བཅད་ཅིང་བཅད་ཅིང་སྦྱིན་པར་བྱའོ་སྙམ་དུ་སེམས་སོ། །གལ་ཏེ་ངན་སོང་གི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ངན་སོང་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་པར་འགྱུར་བ་ཡིན་པས། ཉེ་དགའས་ཤེས་པ་ཅན་དེ་ལ་སྨྲས་པ། ཤེས་
པ་ཅན་ཁྱོད་ཀྱི་སྟོན་པ་ནི་ངན་པ་ལ་མོས་པ་ཡིན་ཏེ། གལ་ཏེ་དེ་བཟང་པོ་འདོད་པར་གྱུར་ན་དེས་ཁྱེད་ཅག་ལ་གོས་འབུམ་རི་བ་དང་། ཟས་རོ་བརྒྱ་དང་ལྡན་པ་དང་། ཁང་པ་བརྩེགས་པ་མིག་ལྔ་བརྒྱ་པ་ཡང་གནང་བར་འགྱུར་བ་ཞིག་མ་གནང་ངོ་། །ཁོ་བོ་ཅག་གི་
སྟོན་པ་ནི་བཟང་པོ་ལ་མོས་པ་ཡིན་པས། དེས་ཁོ་བོ་ཅག་ལ་གོས་འབུམ་རི་བ་དང་། ཟས་རོ་བརྒྱ་དང་ལྡན་པ་དང་། ཁང་པ་བརྩེགས་པ་མིག་ལྔ་བརྒྱ་པ་ཡང་གནང་ངོ་། །གལ་ཏེ་ཁྱོད་ལ་བ་འདི་ལྟ་བུ་གྱོན་ཏེ་སློང་མོ་ལ་འགྲོ་བར་གྱུར་ན་བྲམ་ཟེ་དང་ཁྱིམ་བདག་དད་
པ་ཅན་དག་གིས་ཤེས་པ་ཅན་འདིས་ཚུལ་ཁྲིམས་འཆལ་པ་ཀུན་ཏུ་སྤྱད་དོ་སྙམ་དུ་ཤེས་པས་ཁྱེད་ཀྱིས་སློང་མོ་ཡང་མི་རྙེད་པར་གྱུར་གྱིས། ཁྱོད་ཀྱི་ལ་བ་འདི་ཁོ་བོ་ལ་བྱིན་ཅིག་དང་། ཁོ་བོས་ཁྱོད་ལ་ལ་བ་གཞན་ཞིག་སྦྱིན་ནོ། །ཁོ་བོ་ལ་བ་འདི་གྱོན་ཏེ་བསོད་སྙོམས་
ལ་འཇུག་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཁོ་བོ་མཐོང་ནས་བཙུན་པ་ཉེ་དགའས་ལ་བ་འདི་ལྟ་བུ་ག་ལས་རྙེད་ཅེས་ཟེར་ན། ཁོ་བོས་དེ་དག་ལ་འདི་སྐད་ཅེས་ཤེས་པ་ཅན་ཆེ་གེ་མོ་ཞིག་གིས་བྱིན་ནོ་ཞེས་བརྗོད་པར་བྱ་སྟེ། དེས་ན་དེ་དག་གིས་ཤེས་
པ་ཅན་དད་པ་དང་ལྡན་པར་གྱུར་ཏོ་སྙམ་དུ་ཤེས་པར་འགྱུར་ཞིང་། དེ་དག་གིས་ཁྱོད་སློང་མོ་ལ་ཞུགས་པ་ལ་ཆང་དང་ནུར་རྩིའི་སློང་ཕོར་བཀང་སྟེ་སྦྱིན་པར་འགྱུར་རོ། །དེས་སྨྲས་པ། བཙུན་པ་ཉེ་དགའ་བཞེས་ཤིག །ཉེ་དགའས་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱི་
ཚངས་པ་མཚུངས་པར་སྤྱོད་པ་དག་ནི་ཚུལ་ཁྲིམས་འཆལ་པ་ཡིན་པས། ཁྱོད་དེ་དག་གི་ཚིག་ཐོས་ནས་ཡང་ཕྱིར་འཕྲོག་ཏུ་འོང་བར་གྱུར་པ་དེ་ལྟ་བུའི་གནས་ཡོད་དོ། །བཙུན་པ་ཉེ་དགའ་ཅི་ཁོ་བོའི་ལ་བ་འདི་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་དབང་བ་ཡིན་ནམ། ལ་

བ་འདི་ནི་ཁོ་བོ་ཉིད་དབང་བ་ཡིན་གྱིས་བཞེས་ཤིག་དང་། སླར་འཕྲོག་ཏུ་མི་མཆིས་སོ། །ཉེ་དགའས་ལ་བ་དེ་བླངས་ནས་ལ་བ་རྩུབ་པོ་གཞན་ཞིག་དེ་ལ་བྱིན་ནས་ཤེས་པ་ཅན་དེ་ལ་བ་རྩུབ་པོ་དེ་གྱོན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་གན་དུ་ཕྱིར་སོང་བ་དང་། དེ་དག་གིས་
དེ་མཐོང་ནས་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱིས་ཡང་མགོ་བསྒྱུར་དེ་ཉལ་བ་གང་ཞིག་ལས་ཐོབ། དེས་སྨྲས་པ། འདི་ནི་གློ་གཞན་ནས་གྲུབ་པ་ཡིན་ནོ། །ཇི་ལྟར་གྱུར། ཁོ་བོས་ལ་བ་དེ་བཙུན་པ་ཉེ་དགའ་ལ་བྱིན་ནས་དེས་ཀྱང་ཁོ་བོ་ལ་ལ་བ་འདི་བྱིན་ནོ། །དེ་དག་གིས་
སྤྱོས་ཏེ་སྨྲས་པ། ཤེས་པ་ཅན་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་ཡུ་བུ་ཅག་གསོན་པས་ཀྱང་མི་དགའ་བ་ཡིན་ནོ། །དྲུག་སྡེ་དག་ཇི་ལྟ་བར་གཞན་དེ་ལྟ་མ་ཡིན་ལ། ཉེ་དགའ་ཇི་ལྟ་བར་དྲུག་སྡེ་གཞན་དེ་ལྟ་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་དགེ་སློང་གནས་བརྟན་གཞན་འགའ་ཞིག་
ལ་བྱིན་པར་གྱུར་ན་ཁོ་བོ་ཅག་ཀྱང་རྗེས་སུ་ཡི་རང་བར་བྱེད་ན་ཁྱོད་ཀྱིས་ཉེ་དགའ་ལ་བྱིན་ཏེ། དེ་ནི་བདག་ཅག་ལས་ཟོང་གིས་ཀྱང་ཁྲག་གི་ཕྱིས་བུ་ལེན་པར་འདོད་པ་ཡིན་གྱིས། གལ་ཏེ་ལ་བ་ཁྱེར་ཏེ་འོང་ན་དེ་ལྟ་ན་ལེགས། གལ་ཏེ་ཁྱེར་ཏེ་མི་འོང་ན་ཁོ་བོ་ཅག་གིས་ཁྱོད་ཚངས་པ་མཚུངས་
པར་སྤྱོད་པའི་ནང་ནས་གནས་ནས་དབྱུང་བར་བྱ་ཞིང་། ཚུལ་ཤིང་ཡང་དབྱུང་བར་བྱ། སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་བྱ། སློང་ཕོར་ཡང་ཁས་དབུབ་པར་བྱ། ཁར་བ་ཡང་དོར་བར་བྱའོ། །དེ་སྐྲག་ནས་ཉེ་དགའ་ག་ལ་བ་དེར་སོང་བ་དང་ཉེ་དགའས་ཐག་རིང་པོ་ཁོ་ན་ནས་དེ་འོང་བ་མཐོང་ནས་
དེས་བསམས་པ། ཤེས་པ་ཅན་འགྲོས་འདི་ལྟ་བུས་འོང་བ་འདི་ནི་བདག་གི་ལ་བ་འཕྲོག་པར་བྱེད་པ་ཡིན་ནོ་སྙམ་ནས་དེ་གཙུག་ལག་ཁང་གི་ནང་དུ་ཞུགས་ནས་སྒོ་བཅད་དེ་འདུག་གོ། །ཤེས་པ་ཅན་དེས་སྒོ་བརྡུང་བར་བརྩམས་ཏེ་བཙུན་པ་ཉེ་དགའ་བཙུན་པ་ཉེ་དགའ་ཞེས་བོས་པ་དང་ཉེ་དགའ་ཅང་མི་སྨྲ་
བར་འདུག་གོ། །དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཤེས་པ་ཅན་ཁྱོད་ལ་བཙུན་པ་ཉེ་དགའས་ཅི་བྱ། དེས་སྨྲས་པ། དེས་ཁོ་བོའི་ལ་བ་ཞིག་ཁྱེར་རོ། །ཤེས་པ་ཅན་གལ་ཏེ་ཁྱོད་ལ་བ་འདོད་ན་སོང་ལ་བཅོམ་ལྡན་འདས་ལ་སྐྱབས་སུ་སྒྲུབས་ཤིག །དེ་བཅོམ་ལྡན་འདས་ག་ལ་

བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་ཤེས་པ་ཅན་དེ་ཐག་རིང་པོ་ཁོ་ན་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཤེས་པ་ཅན་ཐག་རིང་པོ་ཁོ་ན་ནས་འོང་བ་ལ་ལྟོས་ཤིག །བཙུན་པ་བཀའ་
བཞིན་འཚལ། འདི་ནི་ལ་བའི་ཕྱིར་འོངས་ཏེ། གལ་ཏེ་ལ་བ་ཐོབ་ན་དེ་ལྟ་ན་ལེགས་གལ་ཏེ་མ་ཐོབ་ན་ཁྲག་ཚབ་སྐྱུགས་ཏེ་དུས་བྱེད་པར་འགྱུར་རོ། །དེ་ནས་ཤེས་པ་ཅན་དེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཙུན་པ་ཉེ་དགའས་བདག་
གི་ལ་བ་འཚལ་བ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་སླར་སྩལ་དུ་གསོལ་ཅིག །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་ལ་བ་སླར་སྩལ་དུ་མ་སྩལ་ན། འདི་ལྟར་བདག་ཚངས་པ་མཚུངས་པར་སྤྱོད་པའི་ནང་ནས་གནས་ནས་ཕྱུང་བར་འགྱུར་ཞིང་ཚུལ་ཤིང་ཡང་ཕྱུང་བར་
གྱུར། སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་འགྱུར། སློང་ཕོར་ཡང་ཁས་ཕུབ་པར་འགྱུར། ཁར་བ་ཡང་བོར་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཉེ་དགའི་གན་དུ་སོང་སྟེ། ཤེས་པ་ཅན་གྱི་
ལ་བ་ཕྱིར་བྱིན་ཅིག །གལ་ཏེ་མི་བྱིན་ན་ཤེས་པ་ཅན་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བའི་གནས་དེ་ལྟ་བུ་ཡོད་དོ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཉེ་དགའ་ག་ལ་བ་དེར་སོང་
བ་དང་། ཉེ་དགའས་ཚེ་དང་ལྡན་པ་ཀུན་དགའ་བོ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་དེས་བསམས་པ། ཤེས་པ་ཅན་གྱི་ཕོ་ཉ་འདི་ལྟ་བུ་ཁྲིད་དེ་འོངས་པས་འདིས་ཁོ་བོའི་ལ་བ་ཕྲོགས་པར་འགྱུར་རོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཉེ་དགའ་ལ་འདི་སྐད་ཅེས་སྨྲས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་ཅན་གྱི་ལ་བ་ཕྱིར་བྱིན་ཅིག །གལ་ཏེ་འདིའི་ལ་བ་ཕྱིར་མྱུར་བར་མ་བྱིན་ན་ཤེས་པ་ཅན་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བའི་གནས་དེ་ལྟ་བུ་ཡོད་པར་འགྱུར་རོ་ཞེས་བྱུང་ངོ་། །ཉེ་དགའས་སྨྲས་པ། བཙུན་པ་ཀུན་

དགའ་བོ་སྟོན་པའི་བཀའ་མཉན་པར་ཟད་ཀྱི། གཞན་དུ་ན་སྒྲེ་བྱི་གཅེར་བུ་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བ་བས་གལ་ཏེ་ཤེས་པ་ཅན་ཤ་སྟག་གིས་འཛམ་བུའི་གླིང་འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། འོད་མའི་ཚལ་བཞིན་དུ་གང་
བར་གྱུར་ལ་དེ་དག་ཐམས་ཅད་ཁྲག་ཚ་བ་སྐྱུགས་ཏེ་ཁ་དག་ཅིང་དུས་བྱེད་པར་གྱུར་ཀྱང་ཉེ་དགའི་སྤུའི་རྩེ་མོ་ཙམ་ཡང་མི་གཡོ་སྟེ། འོན་ཀྱང་བཞུད་ཅིག་དང་སྦྱིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོ་སོང་བ་དང་ཉེ་དགའས་སྨྲས་པ། ཀྭའི་གཅེར་བུ་པ་ཉོན་ཅིག་ཁྱོད་ཀྱིས་སྟོན་པ་བརྫུན་མ་དེས་
བརྫུན་དུ་སྨྲ་བས་འཇིག་རྟེན་བསླུས་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེའི་ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨེད་པར་བྱེད་ན། ཁྱེད་ཀྱང་དེ་བས་ཀྱང་བརྫུན་མ་ཆེན་པོ་ཡིན་པས་ཁྱེད་ཀྱི་ལྕེ་ལ་ཡང་ཐོང་གཤོལ་སྟོང་གིས་རྨོ་བར་འགྱུར་རོ། །གཞན་ཡང་ཁོ་བོའི་ལ་བ་ཁྱོད་ཀྱིས་
སྤྱོད་ན། ཅི་ཁོ་བོས་ཀྱང་ཁྱོད་ཀྱི་ལ་བ་སྤྱད་སྙམ་མམ། བཙུན་པ་ཉེ་དགའ་མ་ལགས་སོ། །ཉེ་དགའས་དེའི་ལ་བ་དེས་མདོམས་ཀྱི་ཕྱོགས་ཐམས་ཅད་ཕྱིས་ནས་བཞི་ལྟབ་ཏུ་བལྟབ་སྟེ། ལག་པ་གཡོན་པའི་སྟེང་དུ་བཞག་ནས་ལག་པ་གཡས་པས་ཐལ་ལྕག་གིས་བསྣུན་པ་དང་རིམ་པ་
ཐམས་ཅད་རྡོལ་བར་གྱུར་ནས་སྨྲས་པ། ཤེས་པ་ཅན་ལག་པ་གཉིས་རྐྱོང་ཤིག །དེས་ལག་པ་གཉིས་བརྐྱང་བ་དང་། ཉེ་དགའས་གང་གིས་དེ་ཁས་བུབ་ཏུ་འགྱེལ་བར་འགྱུར་བ་དེ་ལྟ་བུའི་ཤུགས་ཀྱིས་ལ་བ་ལག་ཏུ་བྱིན་པ་དང་། དེ་ཁས་བུབ་ཏུ་འགྱེལ་ནས་ཉེ་དགའས་རྡོག་པས་བསྣུན་
ཏེ་སྨྲས་པ། གཅེར་བུ་པ་སྒྲེ་བྱི་གཙུག་ལག་ཁང་སླ་ཙས་མ་གཏལ་བར་སོང་ཤིག །བཙུན་པ་ཉེ་དགའ་གལ་ཏེ་མ་གུམ་ན་མཆི་སྟེ། སླན་ཆད་རྒྱལ་བྱེད་ཀྱི་ཚལ་དུ་མི་མཆིའོ། །དེ་ནི་རེ་ཞིག་བྱུང་བ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་
བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དེ། ཀུན་ཏུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་

བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང་། བྱས་པའི་ཕྱིར་མ་བྱས་པ་དང་། མ་བྱས་པའི་ཕྱིར་བྱས་པ་དང་། མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་དོ། །ཇི་ལྟར་ཀུན་དུ་སྦྱོར་བར་བྱེད་ཅེ་ན། ཀུན་དུ་རྩོམ་པར་བྱེད། ཡུལ་ཚོལ་བར་
བྱེད། ཤིང་རྟ་སོགས་པར་བྱེད། ཡུལ་དུ་འགྲོ་བའི་རྫས་ཤོམ་པར་བྱེད། ལེའུ་པ་དང་། གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་དེ། དེ་ལྟར་ཀུན་དུ་སྦྱོར་བར་བྱེད་དོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་ཅེ་ན། བརྒྱད་ཤས་དང་། བཅུ་ཤས་དང་།
བཅུ་གཉིས་ཤས་ཀྱི་ཕྱིར་དབང་པོ་དང་། གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་དེ། དེ་ལྟར་རབ་ཏུ་སྦྱོར་བར་བྱེད་དོ། །ཇི་ལྟར་བུན་འགྱེད་པར་བྱེད་ཅེ་ན། ནས་དང་འབྲུ་རྙིང་པ་གསེར་ཕྱེ་དང་ཉེ་སྡེའི་ཕྱིར་གཏོང་བ་དང་། གཞལ་བའི་སྣོད་དང་། བྲེའུ་
ཆུང་དང་། ཕུལ་དང་གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་དེ། དེ་ལྟར་བུན་འགྱེད་པར་བྱེད་དོ། །ཇི་ལྟར་སྐྱེད་འགྱེད་པར་བྱེད་ཅེ་ན། དུང་གི་ཚོགས་ཀྱི་ཕྱིར་ནོར་བུའི་ཚོགས་གཏོང་བར་བྱེད་པ་དང་། ནོར་བུའི་ཚོགས་ཀྱི་ཕྱིར་མུ་ཏིག་གི་ཚོགས་གཏོང་བར་བྱེད་
པ་དང་། མུ་ཏིག་གི་ཚོགས་ཀྱི་ཕྱིར་བཻ་ཌཱུརྱའི་ཚོགས་གཏོང་བར་བྱེད་ཅིང་། དཔང་པོ་དང་། གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་དེ། དེ་ལྟར་སྐྱེད་འགྱེད་པར་བྱེད་དོ། །ཇི་ལྟར་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་གྱི་
ཕྱིར་མངོན་མཚན་ཅན་གཏོང་བར་བྱེད་དེ། དེ་ལྟར་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་དོ། །ཇི་ལྟར་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་གྱི་ཕྱིར་མངོན་མཚན་ཅན་མེད་པ་གཏོང་བར་བྱེད་དེ། དེ་ལྟར་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་དོ། །ཇི་
ལྟར་མ་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་མ་ཡིན་པའི་ཕྱིར་མངོན་མཚན་ཅན་གཏོང་བར་བྱེད་དེ། དེ་ལྟར་མ་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་དོ། །ཇི་ལྟར་མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་

མ་ཡིན་པའི་ཕྱིར་མངོན་མཚན་ཅན་མ་ཡིན་པར་གཏོང་བར་བྱེད་དེ། དེ་ལྟར་མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་དོ། །གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་མ་ལོག་མ་སྤངས་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་མངོན་མཚན་ཅན་
གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དེ། ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང་། བྱས་པའི་ཕྱིར་མ་བྱས་པ་དང་མ་བྱས་པའི་ཕྱིར་བྱས་པ་དང་མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་དོ། །བྲམ་ཟེ་
དང་། ཁྱིམ་བདག་རྣམས་ཀྱང་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དེ། ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང་། བྱས་པའི་ཕྱིར་མ་བྱས་པ་དང་མ་བྱས་པའི་ཕྱིར་བྱས་པ་དང་།
མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ན་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་དང་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་
ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་
མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་པ་བདེན་
ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་
ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མངོན་མཚན་
ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱེད་ན་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བར་བྱེད་པ་དང་། རབ་ཏུ་སྦྱོར་བར་བྱེད་པ་དང་། བུན་འགྱེད་པར་བྱེད་པ་དང་། སྐྱེད་འགྱེད་པར་བྱེད་པ་ལྷག་པར་སྤྱོད་པར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་
དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་རྙེད་པ་འདོད་པས་ཡུལ་གྱི་ཐ་སྙད་ཀྱི་ཟོང་ཀུན་དུ་སྦྱོར་བར་བྱེད་ཅིང་། དེ་དེ་ལ་ཤིང་རྟ་དང་གླང་དང་གླ་
མི་དང་། དཔང་པོ་དང་། གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་དེ། ཤོ་གམ་དང་ལ་གཅན་དང་གྲུ་བཙས་སྦྱིན་པར་བྱེད་ན་ཇི་སྲིད་དུ་རྙེད་པ་དག་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། རྙེད་པ་བདག་གིར་བྱེད་པ་ན་སྤང་བའི་
ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་རྙེད་པ་འདོད་པས་དབྱིག་གམ། གསེར་རབ་ཏུ་སྦྱོར་བར་བྱེད་ཅིང་། དེ་དེ་ལ་དཔང་པོ་དང་། གྲོ་བ་དང་སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་ན་ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ།
རྙེད་པ་དག་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་རྙེད་པ་འདོད་པས་ནས་དང་། འབྲུའི་བུན་འགྱེད་པར་བྱེད་ཅིང་། དེ་དེ་ལ་གཞལ་བླུགས་དང་། བྲེའུ་ཆུང་དང་། ཕུལ་དང་། དཔང་པོ་དང་། གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་།

ཡི་གེ་པ་ཚོལ་བར་བྱེད་ན་ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་ལ། རྙེད་པ་བདག་གིར་བྱེད་པ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་རྙེད་པ་འདོད་པས་དུང་གི་ཚོགས་ཀྱི་ཕྱིར་ནོར་བུའི་ཚོགས་གཏོང་བར་བྱེད་པ་དང་། ནོར་བུའི་ཚོགས་ཀྱི་
ཕྱིར་མུ་ཏིག་གི་ཚོགས་གཏོང་བར་བྱེད་པ་དང་། མུ་ཏིག་གི་ཚོགས་ཀྱི་ཕྱིར་བཻ་ཌཱུརྱའི་ཚོགས་གཏོང་བར་བྱེད་ཅིང་། དེ་དེ་ལ་དཔང་པོ་དང་། གྲོ་བ་དང་། སྣག་ཚ་དང་། སྨྱུ་གུ་དང་། ཡི་གེ་པ་ཚོལ་བར་བྱེད་ན། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་
འགྱུར་ལ། རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་དེ་ལྟར་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་
བཟངས་ན་བཞུགས་སོ། །དེའི་ཚེ་ན་ཡངས་པ་ཅན་པའི་ལིཙྪ་བཱི་དག་གིས་ཁང་པ་དག་དྲུག་རྩེག་དང་བདུན་རྩེག་ཏུ་བྱེད་དོ། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་ཁང་པ་ཇི་ལྟ་བ་དེ་བཞིན་དུ་གཙུག་ལག་ཁང་དག་ཀྱང་དྲུག་རྩེག་དང་བདུན་རྩེག་ཏུ་བྱེད་པས་དེ་དག་མཐོ་ཆེས་པས་བརྩིགས་ཤིང་
བརྩིགས་ཤིང་རྡིབ་ནས་སྦྱིན་བདག་དག་གིས་བསམས་པ། བདག་ཅག་གསོན་ཞིང་འདུག་སྟེ། འཚོ་ཞིང་སྡོད་པ་རྣམས་ཀྱི་གཙུག་ལག་ཁང་དག་ཀྱང་འདི་ལྟར་འཇིག་ན་ཤི་བ་རྣམས་ཀྱི་ཇི་ལྟར་འགྱུར། བདག་ཅག་གིས་མཁར་ལེན་གྱི་རྒྱུར་དགེ་འདུན་ལ་མི་ཟད་པ་དབུལ་བར་བྱའོ་
སྙམ་ནས་དེ་དག་མི་ཟད་པ་ཐོགས་ཏེ་དགེ་སློང་རྣམས་ཀྱི་གན་དུ་དོང་ནས་ཕྱིན་པ་དང་། དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དག་མཁར་ལེན་གྱི་སླད་དུ་མི་ཟད་པ་འདི་དག་བཞེས་ཤིག །དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་
ཀྱིས་བསླབ་པའི་གཞི་བཅའ་བར་མཛད་པས་བདག་ཅག་མི་ལེན་ཏོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་མཁར་ལེན་གྱི་རྒྱུ་མི་ཟད་པར་བླང་བར་བྱའོ། །གཞན་ཡང་

དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་ནི་སུམ་རྩེག་ཏུ་བྱའོ་དགེ་སློང་མའི་དགེ་འདུན་གྱི་དབྱར་ཁང་ནི་ཉིས་རྩེག་ཏུ་བྱའོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལས་མཉན་ནས་མི་ཟད་པ་བླངས་ནས་དགེ་འདུན་གྱི་མཛོད་དུ་བཅུག་སྟེ་བཞག་གོ། །སྦྱིན་བདག་
དག་འོངས་ཏེ་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་གཙུག་ལག་ཁང་གི་མཁར་ལེན་མི་བགྱིད་ཀཱར་ཥཱ་པ་ཎ་དག་མེད་དོ། །འོ་ན་བདག་ཅག་གིས་ཁྱེད་ལ་མི་ཟད་པ་དག་མ་ཕུལ་ལམ། དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་ཁོ་བོ་ཅག་གིས་མི་ཟད་པ་དག་ཟོས་སྙམའམ། དགེ་འདུན་
གྱི་མཛོད་ན་འདུག་གོ། །འཕགས་པ་དག་དེ་ལྟ་ན་མི་ཟད་པར་མི་འགྱུར་གྱི་འདི་ལྟར་ཟད་པར་འགྱུར་ཏེ་ཅི་བདག་ཅག་གི་སྡུམ་པ་ན་གནས་མ་མཆིས་སྙམའམ། ཅིའི་སླད་དུ་རབ་ཏུ་སྦྱོར་བར་མི་མཛད། དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་
མཛད་པས་བདག་ཅག་རབ་ཏུ་སྦྱོར་བར་མི་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་མཁར་ལེན་གྱི་རྒྱུ་མི་ཟད་པ་རབ་ཏུ་སྦྱོར་བར་བྱའོ། །དེ་བཞིན་དུ་བྲམ་ཟེ་དང་། ཁྱིམ་བདག་
དད་པ་ཅན་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཕྱིར་མི་ཟད་པ་འབུལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཕྱིར་མི་ཟད་པ་རབ་ཏུ་སྦྱོར་བར་བྱ་ཞིང་དེ་ལས་སྐྱེད་གང་གྲུབ་པ་དེས་སངས་རྒྱས་དང་། ཆོས་དང་།
དགེ་འདུན་ལ་མཆོད་པར་བྱའོ། །དེ་དག་གིས་དེ་དག་ཉིད་ལ་བྱིན་ནས་དེ་དག་ལ་འདས་པ་ན་རྩོད་པར་བྱེད་ཅིང་། འཕགས་པ་དག་ཅིའི་ཕྱིར་བདག་ཉིད་ཀྱི་ནོར་ལས་རྩོད་པ་བྱུང་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་དག་ལ་སྦྱིན་པར་མི་བྱའོ། །དེ་དག་གིས་ཕྱུག་པོ་དག་ལ་བྱིན་ནས། དེ་དག་ལ་འདས་པ་ན་མཐུ་དང་ལྡན་པ་ལ་རྟེན་ཅིང་མི་སྟེར་བ་དང་། བླའི་གྲྭའི་མཐུས་མི་སྟེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་སྦྱིན་པར་མི་བྱའོ། །དེ་དག་

གིས་དབུལ་པོ་རྣམས་ལ་བྱིན་ནས་དེ་དག་གིས་ཀྱང་འཇལ་མི་ནུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏའ་ཉི་རིར་བླངས་ཏེ་དཔང་པོ་དང་བཅས་པའི་དམ་རྒྱའི་གླེགས་བུ་བྲིས་ཏེ་སྦྱིན་པར་བྱའོ། །གླེགས་བུ་དེ་ལ་ཡང་ལོ་དང་། ཟླ་བ་དང་། ཉི་མ་དང་། དགེ་འདུན་
གྱི་གནས་བརྟན་དང་། དགེ་སྐོས་དང་། ལེན་པ་པོ་དང་། རྫས་དང་། སྐྱེད་རྣམས་ཀྱི་མིང་བྲི་བར་བྱའོ། །གང་ལ་སྦྱིན་པར་བྱ་བ་དགེ་བསྙེན་དད་པ་ཅན་བསླབ་པའི་གཞི་ལྔ་བཟུང་བ་ལ་ཡང་གཏའ་ཉི་རི་ཁོ་ནས་སྦྱིན་པར་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་།
སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་སྟེ་བཅུ་དགུ་པ་རྫོགས་ས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་དོ། །ཇི་ལྟར་ལེན་པར་བྱེད་ཅེ་ན། གང་གི་ཚེ་ལྗོངས་སུ་ལོ་ལེགས་ཤིང་གྲོང་ཁྱེར་དུ་ལོ་ཉེས་པ་དེའི་ཚེ་ན་ལྗོངས་ནས་གྲོང་ཁྱེར་དུ་ལེན་པར་བྱེད་
དེ། དེ་ལྟར་ལེན་པར་བྱེད་དོ། །ཇི་ལྟར་གཏོང་བར་བྱེད་ཅེ་ན། གང་གི་ཚེ་གྲོང་ཁྱེར་དུ་ལོ་ལེགས་ཤིང་ལྗོངས་སུ་ལོ་ཉེས་པ་དེའི་ཚེ་ན་གྲོང་ཁྱེར་ནས་ལྗོངས་སུ་གཏོང་བར་བྱེད་དེ། དེ་ལྟར་གཏོང་བར་བྱེད་དོ། །ཇི་ལྟར་ཉོ་བར་བྱེད་ཅེ་ན། གང་གི་ཚེ་རིན་ཆུང་བ་དེའི་ཚེ་ན་ཉོ་བར་བྱེད་
དེ། དེ་ལྟར་ཉོ་བར་བྱེད་དོ། །ཇི་ལྟར་འཚོང་བར་བྱེད་ཅེ་ན། གང་གི་ཚེ་རིན་ཆེ་བ་དེའི་ཚེ་ན་འཚོང་བར་བྱེད་དེ། དེ་ལྟར་འཚོང་བར་བྱེད་དོ། །གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་མ་ལོག་མ་སྤངས་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་ཉོ་
འཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་ཅིང་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱང་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་ན་ཤཱཀྱའི་བུའི་དགེ་སྦྱོང་རྣམས་

དང་། བྲམ་ཟེ་དང་། ཁྱིམ་བདག་འདི་དག་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་
སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་
ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་
བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པར་མཛད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་
བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཉོ་འཚོང་
རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་མང་པོའོ། །བྱེད་ན་ཞེས་བྱ་བ་ནི་ལེན་པར་བྱེད་པ་དང་། གཏོང་བར་བྱེད་པ་དང་། ཉོ་བར་བྱེད་པ་དང་། འཚོང་བར་བྱེད་པ་དག་ལྷག་པར་སྤྱོད་པར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་

བཤགས་པར་བྱ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་རྙེད་པ་འདོད་པས་ཉོ་བར་བྱེད། འཚོང་བར་བྱེད་ན་ཉོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། འཚོང་བ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་
རྙེད་པ་འདོད་པས་ཉོ་བར་བྱེད་ཅིང་རྙེད་པ་མི་འདོད་པས་འཚོང་བར་བྱེད་ན། ཉོ་བར་བྱེད་པ་ལ་ཉེས་བྱས་སུ་འགྱུར་ལ། འཚོང་བར་བྱེད་པ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་རྙེད་པ་མི་འདོད་པས་ཉོ་བར་བྱེད་ཅིང་རྙེད་པ་འདོད་པས་འཚོང་བར་བྱེད་ན་ཉོ་བར་བྱེད་པ་ལ་ལྟུང་བ་མེད་ལ། འཚོང་བར་
བྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་རྙེད་པ་མི་འདོད་པས་ཉོ་བར་བྱེད་ཅིང་རྙེད་པ་མི་འདོད་པས་འཚོང་བར་བྱེད་ན་གཉིས་ཀ་ལ་ལྟུང་བ་མེད་དོ། །ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱོང་བར་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་
ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་ན་བྱང་ལམ་པའི་ཚོང་པ་ལམ་གྱི་བགྲོད་པར་ཞུགས་པ་དག་གིས་གཙུག་ལག་ཁང་རྟ་བབས་མཐོན་
པོ་དང་ལྡན་པ། སྐར་ཁུང་དང་། སྐར་ཁུང་དྲ་བ་ཅན་དང་། ལན་ཀན་གྱིས་བརྒྱན་པ། མིག་དང་སྙིང་འཕྲོག་པ་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་དག་མཐོང་ནས་དེ་དག་དད་པར་གྱུར་ཏེ། དེ་དག་གཙུག་ལག་ཁང་དུ་དོང་ནས་དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་
པ་དག་བདག་ཅག་གིས་དགེ་འདུན་ལ་མཆོད་སྟོན་བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། མཆོད་སྟོན་གྱི་ཡོ་བྱད་དག་ཁྱེར་ཏེ་ཤེག་ཤིག །དེ་དག་གིས་སྨྲས་པ། བདག་ཅག་བློ་བུར་དུ་ལྷགས་པ་དག་ལགས་ཏེ། འདི་ལྟར་བདག་ཅག་རིན་འབུལ་གྱིས་ཁྱེད་ཀྱིས་འབྲས་
དག་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་པས་བདག་ཅག་འབྲས་དག་མི་འཚོང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་མི་བྱ་བར་འདི་ལྟར་གང་

དག་དགེ་འདུན་གྱི་ཕྱིར་མཆོད་སྟོན་བྱེད་པ་དེ་ལ་རིན་གྱིས་འབྲས་སྦྱིན་པར་བྱའོ། །དགེ་སློང་དག་རི་བ་ཁོ་ན་སྦྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གཙུག་ལག་ཁང་དེ་ཉིད་དུ་མཆོད་སྟོན་བྱེད་པ་དེ་ལ་འཐེབ་དང་བཅས་པ་སྦྱིན་པར་བྱའོ། །བཅོམ་ལྡན་
འདས་ཀྱིས་རིན་གྱིས་འབྲས་སྦྱིན་པར་བྱའོ་ཞེས་བཅའ་བ་མཛད་པས་མང་པོ་དག་མཆོད་སྟོན་བྱེད་ནས་ཐམས་ཅད་ལ་བྱིན་ན་འབྲས་དག་སྤྱད་པས་སྤྱི་བུངས་ཆད་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་
མི་བྱ་བར་འདི་ལྟར་རིན་དེས་འབྲས་གཞན་དག་ཉོ་བར་བྱའོ། །འབྲས་རྙིང་པ་དག་ཀྱང་སོ་སོར་བརྟགས་ནས་གལ་ཏེ་སྲོག་ཆགས་མེད་ན་དུས་སུ་བཙོངས་ཏེ་འབྲས་སར་པས་བང་བ་དག་དགང་བར་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་
དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཉོ་འཚོང་བྱེད་པའི་སྤང་བ་སྟེ་ཉི་ཤུ་པ་རྫོགས་ས་སྷོ།། །།སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུངས་དང་། །དགོན་པ་པ་དང་རས་ཆེན་དང་། །བསྔོས་པ་དང་ནི་གསོག་འཇོག་གོ། །
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཉེ་དགའ་འདི་སྙམ་དུ་སེམས་ཏེ། འདི་དག་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་ཁྱབ་པར་བྱས་
པས་ཕྱིན་ཅད་གང་ནས་ཀྱང་རྙེད་པ་བསླང་བར་མི་ནུས་སོ་སྙམ་ནས་དེ་དེ་སྙམ་སེམས་པ་ན་དགའ་འདུན་དྲུག་བཅུ་སྐྱེད་མོས་ཚལ་དུ་དོང་བ་དེ་དག་ཉེ་དགའས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་དག་ལས་རྙེད་པ་མ་གྲུབ་ན་ཉེ་དགའ་ཞེས་བྱ་བའི་མིང་གཟུང་
བར་མི་བྱའོ་སྙམ་མོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གལ་ཏེ་སྦྱིན་པའི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་གིས་རང་གི་ཤ་དག་བཅད་ཅིང་བཅད་ཅིང་སྦྱིན་པར་བྱའོ་སྙམ་དུ་སེམས་ལ། གལ་ཏེ་ཚུལ་ཁྲིམས་ཀྱི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ལྷ་རྣམས་ཀྱི་

ནང་དུ་སྐྱེས་སོ་སྙམ་དུ་སེམས་སོ། །གལ་ཏེ་ངན་སོང་གི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ངན་སོང་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་པ་ཡིན་པས་དེས་ལྷུང་བཟེད་གསལ་བ། ཟླུམ་པ་ལོངས་སྤྱད་པར་བཟོད་པ་མཆན་ཁུང་གིས་ཁྱེར་ཏེ་དགའ་འདུན་དེ་དག་ག་ལ་བ་དེར་
སོང་སྟེ་ཕྱིན་ནས་དགའ་འདུན་པ་གཅིག་ལ་ཅི་ནས་ཀྱང་དེའི་སེམས་མངོན་པར་དད་པར་འགྱུར་བ་དེ་ལྟར་སྦྱིན་པའི་གཏམ་བྱས་ནས་དེ་སེམས་དད་པར་གྱུར་ཏེ་སྨྲས་པ། འཕགས་པ་ཅིའི་སླད་དུ་བྱོན། ཉེ་དགའས་སྨྲས་པ། བཞིན་བཟངས་བདག་ལ་ལྷུང་བཟེད་དགོས་སོ། །
འཕགས་པ་བདག་ལ་ལྷུང་བཟེད་མ་མཆིས་ཏེ་གལ་ཏེ་རིན་གྱིས་རྙེད་ན་བདག་གིས་མཇལ་ཏེ་གསོལ་ལོ། །ཉེ་དགའས་ལྷུང་བཟེད་མཆན་ཁུང་ནས་ཕྱུང་སྟེ་དེ་ལ་བསྟན་ནས་སྨྲས་པ། བཞིན་བཟངས་ལྷུང་བཟེད་འདི་ཡང་རིན་གྱིས་རྙེད་པ་ཡིན་ནོ། །འཕགས་པ་འདིའི་རིན་ཇི་ཙམ།
ཀཱར་ཥཱ་པ་ཎ་དྲུག་བཅུའོ། །བདག་གིས་འདིའི་རིན་ཀཱར་ཥཱ་པ་ཎ་དྲུག་བཅུ་འབུལ་ལོ། །བཞིན་བཟངས་ཨ་རོག་གྱ་དེ་དག་ཁྱོད་ཀྱིར་གྱུར་ཅིག །སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་འཐོབ་པ་དང་།
ལྷ་དང་མི་རྣམས་ཀྱི་ནང་དུ་སྣོད་དུ་འགྱུར་བར་གྱུར་ཅིག །དེ་བཞིན་དུ་དེ་དེས་དགའ་འདུན་དྲུག་བཅུ་པོ་དག་རེ་རེ་ཡང་ཀཱར་ཥཱ་པ་ཎ་དྲུག་བཅུ་དྲུག་བཅུ་སྦྱོར་དུ་བཅུག་སྟེ་སྦྱོར་དུ་བཅུག་ནས་སོང་ངོ་། །དགའ་འདུན་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ནས་དེ་ན་དགའ་འདུན་གཅིག་
གིས་སྨྲས་པ། ཤེས་ལྡན་དག་ཁོ་བོས་བཙུན་པ་ཉེ་དགའ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་ཆོས་སྒྲོག་པ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་ལ་ལྷུང་བཟེད་ཀྱི་རིན་དུ་ཀཱར་ཥཱ་པ་ཎ་དྲུག་བཅུ་ཕུལ་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག །གཞན་ཞིག་གིས་སྨྲས་པ། ཁོ་བོས་ཀྱང་ཕུལ་
ལོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོས་ཀྱང་ཕུལ་ལོ། །དེ་བཞིན་དུ་ཐམས་ཅད་ཀྱིས་ཁོ་བོས་ཀྱང་ཕུལ་ལོ། །ཁོ་བོས་ཀྱང་ཕུལ་ལོ་ཞེས་སྨྲས་ནས་དེ་དག་ཕན་ཚུན་བལྟ་བར་བརྩམས་ཏེ། ཤེས་ལྡན་དག་དགེ་སློང་གཅིག་ལ་ལྷུང་བཟེད་དུ་དགོས་ཞེས་དེ་དག་གིས་དགེ་

སློང་ཞིག་ལ་དྲིས་པ། འཕགས་པ་དགེ་སློང་གཅིག་ལ་ལྷུང་བཟེད་དུ་འཚལ། དེས་སྨྲས་པ། བཞིན་བཟངས་དག་གཅིག་ཁོ་ན་དགོས་སོ། །དེ་དག་གིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ནི་རྙེད་པ་འདོད་པས་ཟིལ་གྱིས་གནོན་པ་དག་ཡིན་ནོ་ཞེས་
སྨད་པར་བརྩམས་སོ། །དེ་ནི་རེ་ཞིག་བྱུང་བ་ཡིན་གྱི་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་
སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་ལྷུང་བཟེད་རྙེད་དོ་ཅོག་གསོག་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ལྷུང་བཟེད་རྙེད་དོ་ཅོག་གསོག་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་
མི་བྱེད། དགེ་སློང་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་
ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ།
དགེ་སློང་དག་ཁྱེད་ལྷུང་བཟེད་རྙེད་དོ་ཅོག་སོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་
པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་

པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུའི་བར་དུ་བཅང་བར་བྱའོ། །དེ་ལས་
འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ལས་ལྷག་པའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ཉིན་མཚན་བཅུའི་མཐའི་བར་དུའོ། །བཅང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱའོ། །
དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་བའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་འདི་ལྟ་སྟེ། དགེ་སློང་
གིས་ཚེས་ལ་ལྷུང་བཟེད་རྙེད་ན་དགེ་སློང་དེས་ལྷུང་བཟེད་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་
རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་ལ་ལྷུང་བཟེད་མ་རྙེད་ཀྱང་ཚེས་གཉིས་སམ། ཚེས་གསུམ་མམ། ཚེས་དགུའམ། ཚེས་བཅུ་ཚུན་ཆད་ཀྱིས་ལྷུང་བཟེད་རྙེད་ན་དགེ་སློང་དེས་ལྷུང་བཟེད་
དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་
སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་ཅིག་རྙེད་ཅིང་དེས་ཚེས་གཉིས་ལ་ཡང་གཞན་ཞིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་

ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ་གཏོང་བར་མི་བྱེད་དམ་རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་
ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ཚེས་དང་། ཚེས་གཉིས་ལ་མ་རྙེད་ཀྱང་ཚེས་གསུམ་དང་ཚེས་བཅུ་ཚུན་ཆད་ཀྱི་ལྷུང་བཟེད་ཅིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཏང་བར་བྱ་བའམ། རྣམ་པར་
བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ་གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ།
གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་གཉིས་རྙེད་ན་དགེ་སློང་དེས་ལྷུང་བཟེད་དེ་གཉིས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རྣམ་པར་
བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་ལ་ལྷུང་བཟེད་གཉིས་
མ་རྙེད་ཀྱང་ཚེས་གཉིས་སམ། ཚེས་གསུམ་མམ། ཚེས་དགུའམ། ཚེས་བཅུ་ཚུན་ཆད་ཀྱིས་ལྷུང་བཟེད་གཉིས་རྙེད་ན་དགེ་སློང་དེས་ལྷུང་བཟེད་དེ་གཉིས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ།
གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ་གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་གཉིས་ཤིག་རྙེད་ཅིང་

དེས་ཚེས་གཉིས་ལ་ལྷུང་བཟེད་གཞན་གཉིས་ཤིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཉིས་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་
སྔ་མ་གཉིས་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་
འགྱུར་རོ། །ཚེས་དང་། ཚེས་གཉིས་ལ་མ་རྙེད་ཀྱང་ཚེས་གསུམ་དང་། ཚེས་བཅུ་ཚུན་ཆད་ཀྱིས་ལྷུང་བཟེད་གཉིས་ཤིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཉིས་གཏང་བར་བྱ་བ་འམ། རྣམ་པར་བརྟག་པར་བྱ་བའམ།
གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་གཉིས་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་
སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་མང་པོ་རྙེད་ན་དགེ་སློང་དེས་ལྷུང་བཟེད་དེ་དག་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་
བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་ཏོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་ལ་ལྷུང་བཟེད་མང་པོ་མ་རྙེད་ཀྱང་ཚེས་གཉིས་སམ།
ཚེས་གསུམ་མམ། ཚེས་དགུའམ། ཚེས་བཅུ་ཚུན་ཆད་ཀྱིས་ལྷུང་བཟེད་མང་པོ་རྙེད་ན་དགེ་སློང་དེས་ལྷུང་བཟེད་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་

མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་མང་པོ་དག་ཅིག་རྙེད་ཅིང་དེས་ཚེས་གཉིས་ལ་ཡང་
གཞན་མང་པོ་དག་ཅིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་དག་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་དག་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་དག་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་དག་གཏང་བར་བྱ་
བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །
ཚེས་དང་། ཚེས་གཉིས་ལ་མ་རྙེད་ཀྱང་ཚེས་གསུམ་དང་། ཚེས་བཅུ་ཚུན་ཆད་ཀྱིས་ལྷུང་བཟེད་མང་པོ་དག་ཅིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་དག་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་དག་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་
སྦྱིན་པར་བྱའོ། །ཡང་ན་ཕྱི་མ་དག་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་དག་གཏང་བར་བྱ་བ་འམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་
སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་
ལྷུང་བཟེད་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་

རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་བཤགས་ནས་གཞན་ཞིག་རྙེད་ན་དེ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློང་གིས་ཇི་སྲིད་དུ་སྤང་བའི་དངོས་པོ་དེ་མ་བཤགས་ཤིང་སོ་སོར་མ་
བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །ལྷུང་བཟེད་ཆུང་ངུ་དང་། ལྷུང་བཟེད་སྐྱ་བ་དང་།
ལྷུང་བཟེད་ཆེ་བ་དང་། ལྷུང་བཟེད་མ་ཚོས་པ་འཆང་བ་ལ་ལྟུང་བ་མེད་དོ། །རབ་ཏུ་འབྱུང་བ་ལ་ལྟོས་པའི་དོན་དུ་ལྷུང་བཟེད་འཆང་བ་ལ་ཐམས་ཅད་དུ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་
དོ། །ལྷུང་བཟེད་འཆང་བའི་སྤང་བ་སྟེ་ཉི་ཤུ་གཅིག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་པ་དེས་ལྷུང་
བཟེད་ཤིན་དུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ཞིག་རྙེད་དོ། །བསོད་སྙོམས་པ་ཞིག་ཀྱང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེས་བསོད་སྙོམས་བརྒྱུས་ཏེ་སྲང་དུ་ཕྱིན་པ་
དང་། སྤོས་འཚོང་གི་ཁྱེའུ་དེས་དེ་མཐོང་ནས་སྨྲས་པ། འཕགས་པ་བདག་གིས་ལྷུང་བཟེད་ཤིན་དུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ཀྱིས་གལ་ཏེ་བཞེད་ན་སྣོམས་ཤིག་བཞིན་བཟངས་བདག་ལ་ལྷུང་བཟེད་ཡོད་དོ། །འཕགས་པ་གལ་ཏེ་
དགེ་སློང་གཞན་འགའ་ཞིག་ལྷུང་བཟེད་འཚལ་བ་མཆིས་ན་དེ་གཏང་དུ་གསོལ། གཏང་བར་བྱའོ། །དེ་ནས་བསོད་སྙོམས་པ་དེས་མཉན་ཡོད་དུ་བསོད་སྙོམས་ལ་བརྒྱུས་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དེས་ཟན་ཟོས་ནས་ལྷུང་བཟེད་འཁྲུ་བ་ན་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་

ལྡན་པ་དག་སྲང་ག་གེ་མོ་ཞིག་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་པ་དེས་ལྷུང་བཟེད་ཤིན་དུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ཀྱིས་ཁྱེད་ཅག་ལས་གང་ལྷུང་བཟེད་འདོད་པ་དེ་སོང་ཤིག །དེ་དང་ཧ་ཅང་ཐག་མི་རིང་བ་ན་ཉེ་དགའ་
འདུག་པ་དེས་ཐོས་ནས་དེས་བསམས་པ། དེ་ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་ཐོས་ནས་རབ་ཏུ་རྒྱུག་པར་གྱུར་ན་མི་རུང་གིས་སྨད་པར་བྱའོ་སྙམ་ནས་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་དད་པས་བྱིན་པ་ཟོས་ནས་ལྷུང་བཟེད་ཀྱི་གཏམ་དང་། ཆོས་གོས་ཀྱི་གཏམ་ལས་
གཞན་པའི་གཏམ་འགའ་ཡང་མེད་མོད། དེས་བསམས་པ། འཇིག་རྟེན་ན་འདོད་པའི་བདག་ཉིད་ཅན་གང་ཇི་སྙེད་པ་དེ་དག་དང་ཉེ་དགའ་མཚུངས་པ་ཡིན་ན་འདིས་ཀྱང་རེ་ཞིག་བདག་སྨད་པར་གྱུར་ན་གལ་ཏེ་དགེ་སློང་གནས་བརྟན་གཞན་འགའ་ཞིག་གིས་ཐོས་པར་གྱུར་ན་དེས་རྒྱ་ཆེར་སྨད་
པར་འགྱུར་རོ་སྙམ་ནས་དེ་ཅང་མི་སྨྲ་བར་འདུག་གོ། །ཉེ་དགའས་དེ་བཀར་ཏེ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་དང་ཁོ་བོ་བཤེས་པས་དེའི་ཕྱིར་ཁོ་བོས་ཁྱོད་སྨད་ཀྱིས་མ་གཤེ་ཤིག །གནས་བརྟན་གལ་ཏེ་བདག་ཡང་སྨྲ་བར་གྱུར་ན་ཁྱོད་ཀྱིས་བདག་ལ་ཡང་སྨད་པར་མཛོད་
ཅིག །ཚེ་དང་ལྡན་པ་ཁོ་བོ་ཡང་ཉེ་བར་མ་ཞི་བ་ཙམ་དུ་ཟད་ཀྱི་ཅི་ལྷུང་བཟེད་དེ་ལྷུང་བཟེད་མ་ཡིན་ནམ། གནས་བརྟན་སྔ་མ་ཉིད་ཀྱང་སྨྲ་བར་མི་བགྱི་བ་ལགས་ཀྱིས་འཚལ་ཏོ། །ཚེ་དང་ལྡན་པ་དེ་ལྟ་མོད་ཀྱི་འོན་ཀྱང་རེ་ཞིག་སྨྲོས་ཤིག །གནས་བརྟན་སྲང་ཆེ་གེ་མོ་ཞིག་ན་སྤོས་འཚོང་
གི་ཁྱེའུ་ཞིག་མཆིས་པ་དེས་ལྷུང་བཟེད་ཤིན་ཏུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ནས་དེའི་མཆིད་ནས་གལ་ཏེ་དགེ་སློང་ལྷུང་བཟེད་འཚལ་བ་འགའ་ཞིག་མཆིས་ན་དེ་གཏང་དུ་གསོལ་ཞེས་མཆིའོ། །དེ་ནི་དེ་ཙམ་དུ་ཟད་དེ། དེ་ཡང་ཉེ་བར་མ་
ཞི་བ་ཙམ་ཁོ་ནར་ཟད་དོ། །དེ་ནས་ཉེ་དགའ་སྣམ་སྦྱར་གྱོན་ཏེ་འགྲོས་བསྐྱེད་ནས་ཕྱ་རར་སོང་བ་དང་། སྤོས་འཚོང་གི་ཁྱེའུ་དེས་དེ་འགྲོས་བསྐྱེད་དེ་འོང་བ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་བསམས་པ། དགེ་སྦྱོང་ཧྲལ་པོ་འགྲོས་འདི་ལྟ་བུས་འོང་བ་འདིས་བདག་གི་ལྷུང་

བཟེད་འདི་ཕྲོགས་པར་འགྱུར་དུ་འོང་ངོ་སྙམ་ནས་དེས་ལྷུང་བཟེད་དེ་བླངས་ཏེ་འཇོང་ཚེའི་འོག་ཏུ་བཅུག་སྟེ་བཞག་པ་དང་ཉེ་དགའས་དེ་སྦེད་པའི་ཚེ་མཐོང་ནས་དེས་སྨྲས་པ། བཞིན་བཟངས་ཅི་ལྷུང་བཟེད་འདི་ནལ་གྱི་བུ་ཡིན་ནམ་ཅི་ན་དེ་ཕྱིར་སྦེད་པར་བྱེད་ཅེས་དེས་ལག་པ་བརྐྱང་སྟེ་ལྷུང་
བཟེད་བླངས་ནས་སྨྲས་པ། བཞིན་བཟངས་ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་སྣོད་དུ་འགྱུར་བར་གྱུར་ཅིག །འཕགས་པ་བདག་ཅག་ཚོང་པ་
དག་ནི་ཁེ་སྤོགས་འཚལ་བས་འཚོ་བ་ལགས་པས་འདི་རིན་མ་མཆིས་པར་མི་དབུལ་ཏེ་འདི་ལྟར་རིན་གྱི་ཕྱིར་འབུལ་ལོ། །བཞིན་བཟངས་ཅི་ཁྱོད་དྲང་སྲོང་གི་སྣོད་འཚོང་བར་བྱེད་དམ། ཚིགས་སུ་བཅད་པ་ཡང་སྨྲས་པ། གལ་ཏེ་སྐྱེས་བུ་ས་སྣོད་ཀྱིས། །གསེར་གྱི་སྣོད་ནི་
ཐོབ་གྱུར་ན། །དེ་ཡིས་མྱ་ངན་ཅི་ཕྱིར་བྱ། །བསླུས་པ་མེད་པར་ཁོ་བོས་མཐོང་། །འཕགས་པ་ཁྱོད་མང་དུ་གསུང་མོད་ཀྱི་འོན་ཀྱང་རིན་མ་མཆིས་པར་མི་འབུལ་ལོ། །ཉེ་དགའས་སྨྲས་པ། ཁྱོད་ཀྱི་ལྷུང་བཟེད་ལ་ལྷག་པར་ཆགས་པ་འདིས་ཡི་དགས་ལྐོག་ལྦ་ཅན་
དག་གི་ནང་དུ་སྐྱེ་བར་བྱ་དགོས་སོ་ཞེས་དེ་དེ་སྐད་སྤྱོ་བར་བྱེད་པ་ན་ཁྱིམ་བདག་ཅིག་ཕྱོགས་དེར་འོངས་ནས་དེས་སྨྲས་པ། འཕགས་པ་ཕྱག་འཚལ་ལོ། །བཙུན་པ་ཉེ་དགའ་ཕྱག་འཚལ་ལོ། །ཉེ་དགའས་སྨྲས་པ། བཞིན་བཟངས་ཁྱོད་ཀྱི་ཕྱག་སྐམ་པོ་འདིས་ཅི་བྱ།
འཕགས་པ་བདག་ལ་བཙུན་པ་ཉེ་དགའས་བཀའ་སྩལ་པ་གང་ཞིག་བདག་གིས་མ་བསྒྲུབས། ལྷུང་བཟེད་འདི་ཉོས་ཏེ་བྱིན་ཅིག །ཁྱིམ་བདག་དེས་སྤོས་འཚོང་གི་ཁྱེའུ་དེ་ལ་སྨྲས་པ། བཞིན་བཟངས་ལྷུང་བཟེད་འདི་རིན་ཅི་ཙམ། འདི་དང་འདི་ཙམ་མོ། །ཁོ་བོས་ཁྱོད་
ལ་སྦྱིན་ནོ། །སྤོས་འཚོང་གི་ཁྱེའུ་དེས་ལྷུང་བཟེད་དེ་ཁྱིམ་བདག་དེ་ལ་བྱིན་ནས་ཁྱིམ་བདག་དེས་ཀྱང་ཉེ་དགའ་ལ་ཕུལ་ལོ། །ཉེ་དགའས་སྨྲས་པ། ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་

མཆོག་ཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་ནང་ན་སྣོད་དུ་འགྱུར་བར་གྱུར་ཅིག །ཁྱིམ་བདག་དེ་སོང་བ་དང་། ཉེ་དགའས་སྤོས་འཚོང་གི་ཁྱེའུ་དེ་ལ་སྨྲས་པ། བཀྲེན་པ་ཁྱོད་ཀྱིས་ཉེ་དགའས་ལྷུང་བཟེད་ཀྱི་རིན་སྤྱོད་དུ་འཇུད་མི་ནུས་སྙམ་དུ་ཤེས་སམ། ཁྱོད་ཀྱི་ལྷུང་
བཟེད་ལ་ལྷག་པར་ཆགས་པ་འདིས་ཡི་དགས་ལྦ་བ་ཅན་དག་གི་ནང་དུ་སྐྱེ་བར་བྱ་དགོས་སོ། །འཕགས་པ་ཅི་ཞིག་སྦྱོར་མཆིས། ཁྱོད་ཀྱིས་ཀྱང་ལྷུང་བཟེད་ཐོབ་ལ། བདག་གིས་ཀྱང་རིན་ཐོབ་ཀྱིས་བཞུད་ཅིག །ཉེ་དགའ་ཡང་ལྷུང་བཟེད་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས་དེས་ལྷུང་
བཟེད་དེ་དགེ་སློང་རྣམས་ལ་བསྟན་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ལྟོས་ཤིག །ཁོ་བོའི་ལྷུང་བཟེད་ཅི་འདྲ། གཞོན་ནུ་ཞིག་གིས་སྨྲས་པ། གནས་བརྟན་ཅི་ཁྱོད་ལ་ལྷུང་བཟེད་གཞན་མ་མཆིས་སམ། ཡོད་དོ། །འོ་ན་གནས་བརྟན་གྱིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་
གཞན་བཙལ་དུ་རུང་ངམ། དགྲ་བོ་རྣམས་ཀྱི་གྲེ་བར་རྐང་པས་མནན་ནས་སོ། །གནས་བརྟན་ལ་དགྲ་བོ་དག་ཀྱང་མཆིས་སམ། གང་གི་ཕྱིར་ཁྱོད་ཁོ་བོའི་ལྷུང་བཟེད་གཉིས་པ་ཡང་མི་བཟོད་པས་ཇེ་ཁྱོད་ཁོ་བོའི་དགྲ་བོ་ཐུ་བོ་ཡིན་ནོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་
ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་ཚོལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་།
སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་
ཁྱོད་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་ཚོལ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་

ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ།། །།འདུལ་བ་
རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་བཞི་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ་ཞེས་བཀའ་སྩལ་ནས་བསོད་སྙོམས་པ་ཞིག་གི་ལྷུང་བཟེད་ཅུང་ཞིག་རྡོལ་ནས་དེས་དེ་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་
པ་དང་དེས་ཕྱེ་དག་རྙེད་ནས་དེས་དེ་དག་ལྷུང་བཟེད་ཀྱི་སྣོད་ཀྱིས་མནོས་སོ། །འབྲས་ཅན་གཤེར་བ་རྙེད་ནས་དེས་དེ་དག་ལྷུང་བཟེད་ཀྱིས་མནོས་པ་དང་དེ་ནས་ཟགས་པས་ཕྱེ་དག་གཤེར་བར་གྱུར་ཏེ་དེ་དག་གིས་ལྷུང་བཟེད་ཀྱི་སྣོད་མ་རུང་བར་གྱུར་ནས་དེ་སྦྲང་བུ་དག་གིས་ཡོངས་སུ་བསྐོར་བར་གྱུར་པ་དང་།
དེ་ལ་ཁྱེའུ་དང་། བུ་མོ་དག་གིས་སྨྲས་པ། འཕགས་པས་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དག་བཞིན་དུ་འཁོར་མང་པོར་འགྱུར་བའི་ལས་བྱས་པས་སྦྲང་བུ་དག་གིས་ཡོངས་སུ་བསྐོར་ཅིང་བཞུད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་མཐོང་ནས་སྨྲས་པ། བྱིས་པ་
དག་ཅིའི་ཕྱིར་འཕགས་པ་ལ་མཐོ་འཚམ་པར་བྱེད། ཁྱིམ་བདག་འཕགས་པ་ལ་ཐོ་བཙམ་དུ་ཅི་མཆིས། འཕགས་པས་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དག་བཞིན་དུ་འཁོར་མང་པོར་འགྱུར་བའི་ལས་བགྱིས་པས་སྦྲང་བུ་དག་གིས་ཡོངས་སུ་བསྐོར་ཅིང་བཞུད་དོ། །ཁྱིམ་
བདག་མགོན་མེད་ཟས་སྦྱིན་གྱིས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཀུན་དུ་མཛེས་པ་ལ་ཁྱོད་ཅི་ཅལ་ཅོལ་བྱེད། ཁྱིམ་བདག་འདི་ལ་ཅལ་ཅོལ་དུ་གྱུར་པ་ཅི་ཡོད། ཁྱོད་ཀྱིས་ཁོ་བོ་རོལ་མོ་མཁན་གྱི་ཁྱིམ་དང་། འཇུད་མཐུན་མའི་ཁྱིམ་དང་། ཆང་པའི་ཁྱིམ་དང་།
རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་དུ་ཞུགས་པར་མཐོང་ངམ། འཕགས་པ་འོ་ན་ཅིའི་ཕྱིར་ཁྱོད་བྱིས་པ་དག་གིས་བསྐོར་ཏེ་འཕྱ་བར་བྱེད། ཁྱིམ་བདག་ཁོ་བོའི་ལྷུང་བཟེད་འདི་ཟག་གོ། །འོ་ན་ཅིའི་ཕྱིར་ལྷུང་བཟེད་གཞན་མི་ཚོལ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ཡོད་

ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ་ཞེས་གསུངས་སོ། །འཕགས་པ་ཁྱོད་ཀྱི་ལྷུང་བཟེད་འདི་འདྲ་བ་ཡོད་ཅིང་བདོག་པ་ཡིན་ནམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། གང་གི་ལྷུང་བཟེད་རྡོལ་བ་དེས་གླན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་གི་ལྷུང་བཟེད་རྡོལ་བ་དེས་གླན་པར་བྱའོ། །ཞེས་བཅའ་བ་མཛད་ནས། དགེ་སློང་དག་ལྷན་པ་སྙི་བ་ལྔ་པོ་བུ་རམ་དང་། རྒྱ་སྐྱེགས་ཀྱི་ཚིགས་མ་དང་། སྤྲ་ཚིལ་དང་། རོ་ཉེ་དང་། ཚོན་མོ་སྟེང་དག་གིས་
གློན་པར་བྱེད་ནས། དེ་དག་ཚ་བ་དང་ཕྲད་ནས་ཡང་ཟགས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་པ་སྙི་བ་ལྔ་པོ་དེ་དག་སྤངས་ཏེ་ལྷན་པ་སྲ་བ་ལྔ་པོ་གཞན་དག་གིས་གླན་པར་བྱའོ། །དགེ་སློང་
དག་གིས་ལྷན་པ་སྲ་བ་ལྔ་པོ་དག་ཅི་འདྲ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་རིངས་དང་། ཐམ་ཕྲན་དང་། ལྷན་པ་དང་། ཆུ་སྲིན་གྱི་སོ་ལྟ་བུ་དང་། ཕྱེ་མས་སོ། །དགེ་སློང་རྣམས་ཀྱིས་ཕྱེ་མ་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱེ་མ་
གཉིས་ཏེ། ལྕགས་ཀྱི་ཕྱེ་མ་དང་། རྡོའི་ཕྱེ་མའོ། །ལྕགས་ཀྱི་ལྷུང་བཟེད་ལ་ནི་ལྕགས་ཀྱི་ཕྱེ་མས་གླན་པར་བྱའོ། །སའི་ལྷུང་བཟེད་ལ་ནི་རྡོའི་ཕྱེ་མས་གླན་པར་བྱའོ། །དེ་དག་ཆུར་ཕྱེ་མ་བདར་ཏེ་གློན་པར་བྱེད་ནས་དེ་དེ་བཞིན་དུ་འགོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
འབྲུ་མར་དུ་བདར་བས་གླན་པར་བྱའོ། །དེ་དག་ཧ་ཅང་དྲག་ཏུ་སྲེག་པས་དེ་འགོགས་པ་དང་། ཧ་ཅང་ཆུང་ངུར་སྲོས་པས་མི་འཆགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་རན་ཙམ་དུ་བསྲོ་བར་བྱའོ། །ཧ་ཅང་རྩུབ་པོར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདར་བར་བྱའོ། །
དེ་དག་ཆུས་བླུགས་ཏེ་བདར་བར་བྱེད་པས་དེ་ཡང་འགོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲུ་མར་བླུགས་ཏེ་བདར་བར་བྱའོ། །ས་ལས་བྱས་པའི་ལྷུང་བཟེད་དག་རྡོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་དང་། འཇིམ་པས་གླན་ནས་དེ་དག་བསྲོ་བར་བྱའོ། །བཅོམ་ལྡན་

འདས་ཀྱིས་དེ་ལྟར་ལྷན་པ་ལྔ་པོ་དག་གིས་གླན་པར་བྱའོ། །ཞེས་བཅའ་བར་མཛད་ནས། དགེ་སློང་བསོད་སྙོམས་པ་ཞིག་གིས་ས་ལས་བྱས་པའི་ལྷུང་བཟེད་ལག་པ་ནས་ཤོར་ཏེ་གྱོ་དུམ་ལྔར་གྱུར་ནས། དེས་དེ་དག་བུ་གུ་ཕུག་སྟེ་གྱོ་དུམ་དག་སྐུད་པས་བརྒྱུས་ནས་བསོད་སྙོམས་ལ་རྒྱུ་བར་བྱེད་དོ། །བཅོམ་ལྡན་
འདས་ཀྱིས་ལྷུང་བཟེད་ལ་ཟས་མེད་པར་བྱའོ་ཞེས་བཀའ་སྩལ་ནས་དེས་དེ་རུང་བར་བྱེད་པ་ན་བཤིག་ཅིང་རྒྱུད་པར་བྱེད་པས་སྔ་དྲོ་ཐམས་ཅད་ཟད་པར་གྱུར་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཅི་ཁྱོད་ཀྱི་དགེ་བའི་ཕྱོགས་འདི་ལྟ་སྟེ། བཅིངས་པ་འགྲོལ་བ་འདི་ཁོ་ན་ཡིན་ནམ། དེས་
སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཆག་པ་ལ་ལྷན་པ་སྲ་བ་ལྔ་པོ་དག་གིས་གླན་པར་བྱའོ། །ཞེས་བཅའ་བར་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་བསླབ་པ་འདོད་པ་དང་། བསླབ་
པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་རྗེས་སུ་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་
བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ། སྤྱད་
བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་
དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ལྷུང་བཟེད་

ལྷན་པ་ལྔ་མེད་པ་ཞེས་བྱ་བ་ནི་ལྷུང་བཟེད་ལྷན་པ་ལྔར་མ་ཚང་བའོ། །སྤྱད་བཟོད་པ་ཡོད་བཞིན་དུ་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བཟོད་པ་ཡོད་བཞིན་དུའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་མཆོག་འདོད་པའི་ཕྱིར་རམ། ཡང་དང་ཡང་འདོད་པའི་ཕྱིར་རོ། །ལྷུང་
བཟེད་སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ་གསར་པས་སར་པ་དང་། རྙེད་པས་སར་པ་སྟེ། དོན་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ། །གཞན་ཞེས་བྱ་བ་ནི་གཉིས་པའོ། །ཚོལ་ཞིང་ཞེས་བྱ་བ་ནི་ཚོལ་བར་བྱེད་ཅིང་ངོ་། །ལྷུང་བཟེད་གྲུབ་ན་ཞེས་བྱ་བ་ནི་ལྷུང་བཟེད་ཐོབ་ནའོ། །སྤང་
བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ལྷུང་བཟེད་དེ་ཞེས་བྱ་བ་ནི་ལྷུང་བཟེད་འབྲེལ་པ་མེད་པ་དེའོ། །དགེ་སློང་གི་འཁོར་
ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་ལའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་
པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ་ཞེས་བྱ་བ་ལ། དགེ་སློང་གི་དགེ་འདུན་གྱིས་ཀྱང་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་བསྐོ་བར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་
བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ལྷུང་བཟེད་འབྲེལ་པ་མེད་པ་བྲིམས་པ་དང་མ་བྲིམས་པ་མི་ཤེས་པའོ། །ལྷུང་བཟེད་འབྲེལ་
པ་མེད་པ་འབྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། ལྷུང་བཟེད་འབྲེལ་པ་

མེད་པ་བྲིམས་པ་དང་མ་བྲིམས་པ་ཤེས་པའོ། །འདི་ལྟར་བསྐོ་བར་བྱ་སྟེ། ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་
བཤམ་པ་བྱས་ཏེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་སྟེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་
སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་
པར་བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་
བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་
འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་སྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། ལྷུང་བཟེད་
འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་གིས་ཚོགས་པའི་དུས་སུ་དགེ་འདུན་ལ་ཚེ་དང་ལྡན་པ་དག་བདག་སང་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་འགྱུར་གྱིས། ཁྱེད་ཅག་ནང་པར་གཎྜཱི་བརྡུངས་པ་ན་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དག