Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 006_འདུལ་བ།_ཆ

Văn bản gốc(Tây Tạng)

Trang 2 / 18 (50.000 ký tự/trang)
བྱ་གོར་མ་ཆག་སྙམ་མོ། །དེ་ནས་དགེ་སློང་གླེང་བ་པོ་རེ་ལྡེ་རི་ལ་སོང་སྟེ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་
དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་མཐུན་པ་བྱིན་ཏེ་སྐབས་ཕྱེ་ནས་དགེ་སློང་གླེང་བ་པོས་གླེངས་པ་དང་། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལྟུང་བ་མཐོང་ངོ་། །གླེང་བ་པོས་སྨྲས་པ།
དེ་ཁོ་ནའི་ཕྱིར་དགེ་འདུན་གྱིས་ཁྱེད་གཉིས་ལ་བསྐྲད་པའི་ཕྲིན་ལས་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་སྒོ་གཅིག་ནས་ཞུགས་པར་གྱུར་པ་ན། དགེ་སློང་དམར་སེར་ཅན་དག་གཏུར་བུའི་ཁུར་དག་ཐོགས་
ཏེ་སྒོ་གཅིག་ནས་བྱུང་ཞིང་མཉན་ཡོད་དུ་དོང་ནས་དེ་དག་གིས་ལྟུང་བ་བཤགས་པར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་ཤིང་། སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་བསྡམ་པར་བྱ་བ་དག་ཀྱང་སེམས་ཀྱིས་བསྡམས་ཏེ། དགེ་སློང་རང་བཞིན་དུ་གནས་པ་
དག་དང་ལྷན་ཅིག་གནས་ཤིང་དགེ་འདུན་གྱི་བྱ་བ་ཡང་རྗེས་སུ་སྲུང་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་བསྐྲད་པའི་ལས་བྱས་ནས་

མཉན་ཡོད་ག་ལ་བ་དེར་སོང་སྟེ། མཐར་གྱིས་རྒྱུ་ཞིང་འདོང་བ་ན་མཉན་ཡོད་དུ་ཕྱིན་ཏོ། །འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་བསམས་པ། གང་ས་ལ་སྒྱེལ་བ་དེ་ནི་ས་ཉིད་ལས་བརྟེན་ཏེ་ལྡང་བ་ཡིན་པས་བདག་ཅག་གཉིས་ཀྱང་མཉན་ཡོད་ཉིད་དུ་སོང་སྟེ།
བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་སྙམ་ནས་འགྲོ་མགྱོགས་ཀྱིས་སྨྲས་པ། ནབ་སོ་གང་ས་ལ་སྒྱེལ་བ་དེ་ནི་ས་ཉིད་ལས་བརྟེན་ཏེ་ལྡང་བ་ཡིན་པས་བདག་ཅག་གཉིས་ཀྱང་མཉན་ཡོད་ཉིད་དུ་སོང་སྟེ། བཅོམ་ལྡན་འདས་དང་
དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་བྱས་འདོང་ངོ་། །ནབ་སོས་སྨྲས་པ། མ་ཉེས་ཀྱིས་ཚུར་ཤོག་བཟོད་པ་གསོལ་དུ་འདོང་ངོ་། །དེ་གཉིས་ཀྱིས་གྲོས་བྱས་ནས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་
ཐོགས་ཏེ་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་ནས། རེ་ལྡེ་རི་ལ་བསོད་སྙོམས་བརྒྱུས་ཏེ་ཟས་ཀྱི་བྱ་བ་བྱས་ནས་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ཇི་ལྟར་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་ཐོགས་ནས་མཉན་ཡོད་ག་
ལ་བ་དེར་རྒྱུ་ཞིང་དོང་སྟེ་མཐར་གྱིས་རྒྱུ་ཞིང་དོང་བ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དེ་གཉིས་མཐོང་བ་དང་། དེ་དག་དེ་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་དོ། །དགེ་སློང་དམར་སེར་ཅན་དག་
གིས་ཀྱང་དེ་གཉིས་མཐོང་བ་དང་། དེ་དག་ཀྱང་དེ་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་དོ། །དེ་ནས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་དགེ་སློང་དམར་སེར་ཅན་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་
གནས་བརྟན་གནས་བརྟན་དག་ཁོ་བོ་ཅག་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་པ་ནི་རིགས་ན། ཁྱེད་ཅག་ཅིའི་ཕྱིར། ཁོ་བོ་ཅག་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ཁོ་བོ་ཅག་གཉིས་ཀྱིས་ཀུན་དུ་སྤྱད་པ་དང་།

སྨྲས་པ་དང་། བརྟུལ་བ་གང་ཡིན་པ་དག་ལས་ཁྱེད་ཅག་གིས་ཀུན་དུ་མ་སྤྱད་པ་དང་། མ་སྨྲས་པ་དང་། མ་བརྟུལ་བ་ཅི་ཞིག་ཡོད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གཉིས་དེ་ཡང་བདེན་མོད་ཀྱི། འོན་ཀྱང་ཁོ་བོ་ཅག་གིས་ལྟུང་བ་བཤགས་
པར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་ཤིང་སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་བསྡམ་པར་བྱ་བ་དག་ཀྱང་སེམས་ཀྱིས་བསྡམས་ཏེ། ད་ལྟར་དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གནས་ཤིང་དགེ་འདུན་གྱི་བྱ་བ་ཡང་རྗེས་སུ་སྲུང་བར་བྱེད་པས་ཁོ་
བོ་ཅག་ཕྱིན་ཅད་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་མི་བྱེད་དོ། །དེ་གཉིས་ཀྱིས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ།
འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་འཕྱ་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཁྱེད་ཅག་གཉིས་སུ་ལ་འདུན་པས་འགྲོ་བ་ཞེས་ཟེར། ཞེ་སྡང་
གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར། ཚེ་དང་ལྡན་པ་དག་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་བདག་ཅག་བསྐྲད་པའི་ལས་བྱས་པ་དག་ལའོ། །དགེ་སློང་དོན་
ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་བདག་ཅག་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་ཟེར། ཞེ་སྡང་གིས་འགྲོ་བ། གཏི་མུག་
གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར་ཞིང་། དགེ་སློང་རྣམས་ལ་ཡང་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་

བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་
བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་
སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་
ནི་སྐྲོད་པར་མི་བྱེད་དོ། །ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་
འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་
བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་

མཉན་ནས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་
ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་
སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་
འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་
ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་
བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོའོ། །དགེ་སློང་རྣམས་ཀྱིས་དེ་གཉིས་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་
བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་

ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་
ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་། ནབ་སོ་འདི་གཉིས་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིད་པར་
འཚལ་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང་། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་
སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་
བསྒོ་ན། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་
འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་
ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་

ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །
དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་
ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་
བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་། ནབ་
སོ་འདི་གཉིས་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ། དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ།
འཇིགས་པས་འགྲོ་བ་ཞེས་མཆི་ཞིང་། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་
དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན་འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་

གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་ཚེ་དང་ལྡན་པ་འགྲོ་མགྱོགས་དང་། ནབ་སོ་གཉིས་ཁྱེད་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གནས་བརྟན་གནས་བརྟན་
གང་དག་རེ་ལྡེ་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་
པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་
ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་
ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ།
གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་
བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འགྲོ་

མགྱོགས་དང་། ནབ་སོ་གཉིས་ལ་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་
འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་
པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་
བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ། གྲོང་རྡལ་ཞིག་ན་ཉེ་བར་རྟེན་
ཅིང་གནས་པར་གྱུར་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་དུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་
ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་
ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པས་ཆོག་གིས་གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་

མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་
དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །
དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་
དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ།
གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་
བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་
མའོ། །དགེ་སློང་ཞེས་བྱ་བ་ནི་འགྲོ་མགྱོགས་དང་། ནབ་སོ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོ་དག་གོ། །གྲོང་ངམ། གྲོང་རྡལ་ཞིག་ན་ཞེས་བྱ་བ་ནི་རེ་ལྡེ་རི་ལའོ། །

དེ་དག་ཀྱང་ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ལ། ཁྱིམ་ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་གོ། །དེ་དག་ནི་རྒྱུ་གཉིས་ཀྱིས་སུན་འབྱིན་པར་བྱེད་དེ། འགྲོགས་པ་དང་ལོངས་སྤྱོད་པས་སོ། །ཇི་ལྟར་འགྲོགས་པས་ཞེ་
ན། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་བྱེད། སྣོད་གཅིག་ཏུ་ཟ་བར་བྱེད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཐུང་བར་བྱེད་པ་སྟེ། དེ་ལྟར་འགྲོགས་པས་སོ། །ཇི་ལྟར་ལོངས་སྤྱོད་པས་ཞེ་ན། ཟས་
ཀྱིས་དང་། སྐོམ་གྱིས་དང་། གོས་ཀྱིས་དང་། མེ་ཏོག་གིས་དང་། འབྲས་བུས་དང་། སོ་ཤིང་གིས་ཏེ། དེ་ལྟར་ལོངས་སྤྱོད་པས་སོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་གྱུར་ཅིང་ངོ་། །དེ་དག་
གིས་ཁྱིམ་དག་ཅེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་གོ། །མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་སམ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་སམ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་
ཚོགས་དག་གིས་སོ། །དེ་དག་སྡིག་པ་ཀུན་དུ་སྤྱོད་པར་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་རོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་
པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་
ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་

ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་
དགེ་སློང་གང་དག་གིས་བདག་ཉིད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་
ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་
དང་པོ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་
པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་
ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་མ་ཡིན་པ་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་།
འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ། །

དགེ་སློང་དེས་སྟན་དེ་ལ་འདུག་བཞིན་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་རྗོད་ན་དེ་ཕྱིན་ཅད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་
འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་
པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཉིས་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་
ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས་དེ་ལ་དགེ་སློང་དོན་འདོད་པ། ཕན་པ་འདོད་པ། བདེ་བ་འདོད་པ། བདེ་བ་ལ་རེག་པར་འདོད་པ། གྲུབ་པ་དང་བདེ་བ་འདོད་པ་རྣམས་ཀྱིས་ཚེ་དང་ལྡན་པ་འདུན་
པ་ཁྱོད་ལྟུང་བ་བྱུང་བ་དེ་དག་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེང་བར་བྱེད། དྲན་པར་བྱེད་པ་ན་དེས་སྨྲས་པ། སུ་ལ་ལྟུང་བ་དེ་ཕྱིར་བྱེད་པར་འགྱུར་རོ། །ཁྱོད་ལ་ལྟུང་བ་བྱུང་ན་སུ་ཞིག་ཕྱིར་བྱེད་པར་འགྱུར་སུ་འགྱོད་པར་འགྱུར་བའོ། །ཁྱོད་ལ་ལྟུང་བ་བྱུང་བ་ལ་སུ་
འགྱོད་པར་འགྱུར། དེ་ལ་དགེ་སློང་རྣམས་ཀྱིས་ཕྱིར་ཞིང་ཕྱིར་ཞིང་སྨྲས་པ་ན་དེར་མཐུན་ཞིང་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་
སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་ཏེ། འདི་ལྟ་སྟེ། དཔེར་

ན་ཤིང་ལྗོན་པ་དག་གི་ལོ་མ་སྣ་ཚོགས་རླུང་གིས་བླགས་པ་དག་གཅིག་ཏུ་ལྟུང་ཞིང་གཅིག་ཏུ་འདུག་པ་དེ་བཞིན་དུ་ཁྱེད་ཅག་ཀྱང་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་བོའི་འཕགས་པས་ནི་བྱང་ཆུབ་
ཐུགས་སུ་ཆུད་པ་ཡིན་ནོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་
པར་སྨྲས་པ་ནི་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་
ཀྱིས་དགེ་སློང་འདུན་པ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་
མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་
འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་།
གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་

ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཚེ་དང་ལྡན་པ་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་
གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་
བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་
པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་
འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོའོ། །དེ་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་
ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང་། གཞན་ཡང་དེ་ལྟ་
བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་

གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་
བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་
ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་མང་
པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་
དང་། དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་
བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་
པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་
བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས་འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་
པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་
དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མང་པོས་
བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་
ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་
བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་

ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་
འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལ་གསོལ་བ་དང་
བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་
གྱིས་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་འདུན་པ་ལ་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་
ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུན་པ་ལ་རྨས་པ། འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་

གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པ་བྱ་བ་མ་ཡིན་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་
ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།
དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདི་
ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་
མཐུན་པར་སྨྲས་པ་ན་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་
བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་
གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་

དང་། འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་
དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་
ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག །ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་
བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །འདི་ན་དགེ་སློང་འགའ་ཞིག་ཅེས་བྱ་བ་ནི་འདུན་པའམ་
གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ་ཞེས་བྱ་བ་ལ། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་རྗེས་སུ་མཐུན་པ། རྗེས་སུ་མཉན་པར་བྱ་བ། ཚུལ་དང་མཐུན་པ། དྲང་པོར་འཇུག་པ། འགྲུས་སྐྱོང་གི་ཡན་
ལག་གི་ཚོགས་དག་ཀུན་དུ་འགོག་པ་དང་། མི་འཛིན་པ་དང་། མི་བྱ་བ་དང་། མི་བྱེད་པ་དང་། མི་མཐུན་པར་འཛིན་པའོ། །དེ་ལ་ཞེས་བྱ་བ་ནི་འདུན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །གདོན་པར་གཏོགས་
པའི་བསླབ་པའི་གཞི་རྣམས་ཞེས་བྱ་བ་ལ། གདོན་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་།

སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་
པའོ། །མདོ་ཞེས་བྱ་བ་ནི་དེས་ཉེ་བར་སྦྱར་བའི་མདོའམ། ཡང་ན་མདོ་ཡང་དག་པར་སྦྱོར་བའོ། །ཆོས་དང་མཐུན་པ་ཞེས་བྱ་བ་ནི་མདོ་སྡེ་དང་། མ་མོ་དང་ངོ་། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་འདུལ་བ་ཉིད་དང་ངོ་། །སྨྲས་པ་ན་ཞེས་བྱ་བ་ནི་བཟློག་པ་ན་སྟེ།
ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བ་ནའོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བ་དག་ལ་ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ལ་སྡིག་པ་ལས་ཟློག་པར་ཡང་མ་བྱེད་ཅིག་
ཅེས་པའོ། །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མི་བྱེད་ལ་སྡིག་པ་ལས་ཟློག་པར་ཡང་མི་བྱེད་དོ། །ཞེས་པའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་
ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་རྒྱ་ཆེར་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་པའོ། །བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཞེས་བྱ་བ་ནི་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་ནའོ། །དགེ་སློང་
དེ་ལ་ཞེས་བྱ་བ་ནི་འདུན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་བསྒོ་བ་ཞེས་བྱ་བ་ནི་
བཞམས་ཏེ་བསྒོ་བས་བཟློག་པ་ནའོ། །གལ་ཏེ་གཞི་དེ་ཞེས་བྱ་བ་ནི་བཀའ་བློ་མི་བདེ་བ་ཉིད་དོ། །གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་

གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན་ནོ། །ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །དགེ་འདུན་
ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་ཡིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་
དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་
ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་མ་རྫོགས་
པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །
ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་ཆོས་ཀྱིས་
བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མི་མཐུན་པ་དང་། ཆོས་མ་ཡིན་པ་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་

ལྟ་བ་དེ་ལྟར་བསྒོ་བར་མི་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་མཐུན་པས་བསྒོ་བར་བྱེད་ན་རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་དེས་སྟན་དེ་ལ་འདུག་བཞིན་
དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ཕྱིན་ཅད་ནས་དེ་ལ་འཆབ་པའི་ཉེས་པ་འབྱུང་བར་འགྱུར་རོ། །དེ་བས་ན་དགེ་སློང་གིས་ཇི་ཙམ་དུ་གཞི་
དེ་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་
བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བཞི་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་འདུན་པ་འདི་ཚངས་
པ་མཚུངས་པར་སྤྱོད་པ་དེས་པ་དེས་པ་རྣམས་ཀྱི་མདུན་དུ་བཅོམ་ལྡན་འདས་ཉེ་དུ་ལགས་པར་སྟོན་ཅིང་བདག་ཉིད་སྨྲ་བ་དང་རྣམ་པར་སྨྲ་བར་བགྱིད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་
དུས་ན་ཡང་འདིས་བྲམ་ཟེ་དང་། ཁྱིམ་བདག་དེས་པ་དེས་པ་རྣམས་ཀྱི་མདུན་དུ་ང་ཉེ་དུ་ཡིན་པར་བསྟན་ཅིང་བདག་ཉིད་སྨྲ་བ་དང་རྣམ་པར་སྨྲ་བར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྡོ་འཇོག་ན་བྲམ་ཟེ་ཟླ་གྲགས་ཞེས་བྱ་བ་ཞིག་འདུག་པ་དེས་རིགས་
མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བཙས་ནས་དེའི་མིང་ཉི་ཟླ་ཞེས་བྱ་བར་བཏགས་ཏེ་དེ་བསྲིངས་བསྐྱེད་ནས་ཆེན་པོར་གྱུར་

ཏོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་ཟླ་གྲགས་ན་བར་གྱུར་ནས། དེ་ཆུང་མ་དང་བུས་ཡལ་བར་བོར་ཞིང་ན་བ་མ་སོས་ནས་དེ་ལ་བུ་མོ་མངག་གཞུག་མ་ཞིག་ཡོད་པ་དེས་བསམས་པ། བྲམ་ཟེ་ཟླ་གྲགས་ཀྱིས་ཁྲུས་གཞལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ཏེ་འདི་ན་
བར་གྱུར་ན་ཆུང་མ་དང་བུས་ཡལ་བར་བོར་ཞིང་ན་བ་མ་སོས་པས་བདག་གིས་རྗེ་བོ་ཡལ་བར་དོར་བ་ནི་བདག་ལ་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས་དེ་དགེ་བའི་བསམ་པ་དང་རྗེ་བོ་ལ་སྙིང་ཉེ་བས་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་བྲམ་ཟེ་ཟླ་གྲགས་
ཞེས་བྱ་བ་དེ་ཤེས་སམ། ཤེས་ཏེ་དེ་ཅི་ཉེས། དེ་ན་བར་གྱུར་ནས་ཆུང་མ་དང་བུས་ཡལ་བར་བོར་ནས་ན་བ་མ་སོས་ཀྱིས་དེའི་སྨན་སྟོན་ཅིག །སྨན་པས་སྨྲས་པ། བུ་མོ་གལ་ཏེ་དེ་ཆུང་མ་དང་བུས་ཡལ་བར་བོར་ན་གཡོག་སུས་བྱེད། བཞིན་བཟངས་སྨན་སྟོན་ཅིག་དང་
བདག་གིས་གཡོག་བྱའོ། །སྨན་པ་དེས་དེ་ལ་ནད་ཅི་ལས་གྱུར་པ་དྲིས་ནས་སྨན་བསྟན་ཏོ། །དེ་ནས་བུ་མོ་དེས་བྲམ་ཟེ་ཟླ་གྲགས་ཀྱི་གཡོག་བྱས་ནས་དེས་ནད་དེ་ལས་སོས་སོ། །བྲམ་ཟེ་ཟླ་གྲགས་ཀྱིས་བསམས་པ། བདག་ནད་དེ་ལྟ་བུས་བཏབ་ན་ཆུང་མ་དང་བུས་ཡལ་
བར་བོར་ནས་སྲོག་དག་དང་ཅུང་ཟད་མ་བྲལ་བ་གང་ཡིན་པ་དེ་ནི་བུ་མོ་འདིའི་མཐུ་ཡིན་པས་བདག་གིས་འདི་ལ་ངལ་བ་འབྲས་བུ་དང་བཅས་པ་བསྐྱེད་པར་བྱའོ་སྙམ་དུ་རིག་ནས་བུ་མོ་དེ་བོས་ཏེ་སྨྲས་པ། བུ་མོ་ཁོ་བོ་ནད་དེ་ལྟ་བུས་བཏབ་ན་ཆུང་མ་དང་བུས་ཡལ་བར་བོར་ནས་ཁྱོད་ཀྱི་
མཐུས་སྲོག་དག་དང་མ་བྲལ་བར་ཁོ་བོས་ཤེས་ཀྱིས་ཁྱོད་ལ་དམ་པ་ཅི་ཞིག་སྦྱིན་པར་བྱ་བ་དེ་སྨྲོས་ཤིག །ཇོ་བོ་གལ་ཏེ་ཁྱོད་བདག་ལ་དགྱེས་ན་བདག་ཁྱོད་དང་ལྷན་ཅིག་མཇལ་བར་འཚལ་ལོ། །བུ་མོ་ཁྱོད་ལ་ཁོ་བོ་དང་ལྷན་ཅིག་ཕྲད་པས་ཅི་བྱ། ཁོ་བོས་ཁྱོད་ཀཱར་ཥཱ་པ་ཎ་ལྔ་
བརྒྱ་སྦྱིན་ཞིང་བྲན་མོ་ལས་གཏང་ངོ་། །ཇོ་བོ་བདག་ཤིན་ཏུ་རིང་དུ་མཆིས་སུ་ལགས་ཀྱང་བྲན་མོ་ཉིད་ལགས་ཀྱིས། གལ་ཏེ་ཁྱོད་བདག་ལ་དགྱེས་ན་བདག་ཁྱོད་དང་ལྷན་ཅིག་མཇལ་བར་འཚལ་ལོ། །དེས་དེ་གདོན་མི་ཟ་བར་དངན་དུས་བྱེད་པར་རིག་ནས་སྨྲས་པ། བུ་མོ་

གང་གི་ཚེ་ཁྱོད་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པར་གྱུར་པ་དེའི་ཚེ་ཁྱོད་ཁོ་བོའི་གན་དུ་ཤོག་ཤིག །བུ་མོ་དེ་དེའི་ཚིག་གིས་སྙིང་དགའ་བར་གྱུར་ནས། ཟླ་མཚན་འཛག་པའི་ཉི་མ་བགྲང་ཞིང་འདུག་འདུག་ནས་གང་གི་ཚེ་ཟླ་མཚན་དང་ལྡན་པར་གྱུར་པ་དེའི་ཚེ་
བྲམ་ཟེ་དེའི་གན་དུ་སོང་བ་དང་། དེས་དེ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེའི་ཆུང་མ་བྲམ་ཟེ་མོས་བྲམ་ཟེ་འདི་བུ་མོ་འདི་དང་ལྷན་ཅིག་དགའ་མགུར་སྤྱད་དོ་སྙམ་དུ་རིག་ནས་དེ་ཕྲག་དོག་གི་ཀུན་ནས་དཀྲིས་པ་ཀུན་དུ་སྤྱོད་པས་མི་བཟོད་པ་
སྐྱེས་ནས་བུ་མོ་དེ་ལ་རྟག་ཏུ་ཁུ་ཚུར་དང་ཐལ་ལྕག་གིས་རྡེག་ཅིང་ཟས་ངན་པ་དང་། གོས་ངན་པ་སྲེལ་དུ་འཇུད་དོ། །བུ་མོ་དེས་བསམས་པ་བདག་གི་མངལ་དུ་ཞུགས་པའི་སེམས་ཅན་སྐལ་ཆད་འདི་སུ་ཞིག་ཡིན་ན་འདི་མངལ་དུ་ཞུགས་པའི་དུས་ཚུན་ཅད་ནས་བདག་རྟག་ཏུ་
ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་ཅིང་ཟས་ངན་པ་དང་། གོས་ངན་པ་སྲེལ་དུ་བཅུག་གོ་སྙམ་ནས་དེ་བདག་ཉིད་མྱ་ངན་བྱེད་ཅིང་འདུག་གོ། །ཇི་ཙམ་ན་ཟླ་བ་དགུ་ཚང་ནས་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེས་བསམས་པ། སེམས་ཅན་སྐལ་ཆད་འདི་བདག་གི་མངལ་
དུ་ཞུགས་ནས་བདག་གིས་དེ་འདྲ་བའི་གནས་སྐབས་ཐོབ་པར་གྱུར་པས་གལ་ཏེ་འདི་སྐྱེས་པར་གྱུར་ན་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ་སྙམ་དུ་རིག་ནས་དེ་ཆོལ་ཟངས་སུ་བཞག་སྟེ་དོར་བར་བརྩམས་པ་དང་། དེའི་ཚེ་བྲམ་ཟེ་དེས་མཐོང་ནས་སྨྲས་པ། བུ་
མོ་དེ་ཅི་ཡིན། དེས་སྨྲས་པ། ཅང་མ་ལགས་སོ། །དེས་ཆོལ་ཟངས་དེ་བལྟས་པ་དང་། ཇི་ཙམ་ན་ཁྱེའུ་ཞིག་མཐོང་ནས་དེས་སྨྲས་པ། བུ་མོ་ཅིའི་ཕྱིར་འདི་འདོར་བར་བྱེད། ཇོ་བོ་གང་ཚུན་ཆད་ནས་སེམས་ཅན་སྐལ་ཆད་འདི་བདག་གི་མངལ་དུ་ཞུགས་པར་གྱུར་པ་དེ་
ཚུན་ཆད་ནས་བདག་བྲམ་ཟེ་མོ་འདིས་རྟག་ཏུ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་ཅིང་། འཚལ་མ་ངན་པ་དང་རད་པ་ངན་པ་སྲེལ་དུ་སྩལ་བས་གལ་ཏེ་འདི་སྐྱེས་པར་གྱུར་ན་བདག་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་པར་འགྱུར་བའི་སླད་དུའོ། །དེས་སྨྲས་པ། བུ་མོ་དེ་ནི་

དེས་མ་ཉེས་ཀྱི་ཁོ་བོས་ཉེས་ཀྱིས་འདི་སྐྱེད་ཅིག་དང་འདི་ལ་ཁོ་བོས་དུས་ཤེས་པར་བྱའོ། །དེས་དེ་བསྙོད་པར་བརྩམས་པ་དང་། བྲམ་ཟེས་ཀྱང་བྲམ་ཟེ་མོ་ལ་སྨྲས་པ། གང་གི་ཚེ་ཁོ་བོ་དེ་ལྟར་ན་བར་གྱུར་པ་ན་ཁྱོད་དང་བུས་ཡལ་བར་བོར་བ་དེའི་ཚེ་ན་བུ་མོ་འདིས་སྨན་དང་གཡོག་
གིས་ལེགས་པར་གསོས་པར་ཁོ་བོས་ཤེས་ཀྱིས། དེའི་ཕྱིར་གལ་ཏེ་འདི་ལ་མཁོ་བ་སྟོབས་པར་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བྱེད་ན་ཁོ་བོས་འདི་ཁྱིམ་བདག་མོར་གཞག་ཅིང་ཁྱོད་འདིའི་བྲན་མོར་བསྐོའོ། །བྲམ་ཟེ་མོ་དེ་སྐྲག་སྟེ་བསམས་པ། བྲམ་ཟེ་འདི་གཏུམ་པས་
གལ་ཏེ་དེ་ལྟར་མ་བྱས་ན་དེ་ལྟ་བྱེད་པར་འགྱུར་བའི་གནས་ཡོད་དོ་སྙམ་དུ་རིག་ནས་དེས་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་བུ་མོ་མངག་གཞུག་མ་ལ་དགའ་མགུར་སྤྱད་པ་དང་། ཁྱེའུ་འདི་ཁྱོད་ཀྱི་སྲས་ལགས་པར་ཡང་བདག་གིས་མ་འཚལ་ཏེ་ད་སླན་ཅད་ཅུང་ཟད་ཀྱང་ཐོ་འཚམ་
པར་མི་བྱེད་དོ། །ཁྱེའུ་དེ་ཆོལ་ཟངས་སུ་བཅུག་པས་དེའི་མིང་ཆོལ་ཟངས་པ་ཞེས་བྱ་བར་ཆགས་སོ། །བྲམ་ཟེ་དེ་ཆོལ་ཟངས་པ་ལ་འདིའི་མས་བདག་གི་གཡོག་བྱས་ཤིང་འདི་ཡང་བདག་ལས་བྱུང་བ་ཡིན་ནོ་སྙམ་པས་ཤིན་ཏུ་བྱམས་པ་དང་ལྡན་པར་གྱུར་ཏེ། དེ་དེ་དང་ལྷན་
ཅིག་གཅིག་ཏུ་ཟ་ཞིང་གང་དུ་མགྲོན་དུ་བོས་པར་འགྲོ་བ་དེར་ཡང་དེ་དང་ལྷན་ཅིག་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་དེ་ཡང་ན་བར་གྱུར་ནས་དེ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དག་གིས་གསོ་བར་བྱེད་དེ། གསོ་
བར་བྱེད་པ་ན་ནད་ན་བ་ཁོ་ནར་གྱུར་ནས་གང་གི་ཚེ་དེ་འཆི་བ་ལ་ཐུག་པའི་ཚོར་བ་བྱུང་ཞིང་རིང་པོ་མི་ཐོགས་པར་དུས་བྱེད་པར་འགྱུར་བ་དེའི་ཚེ་ན་དེས་བུ་ཐུ་བོ་ཉི་ཟླ་བཀུག་སྟེ་སྨྲས་པ། བུ་ཁོ་བོ་འདས་ནས་ཁྱོད་ནི་མྱ་ངན་བྱ་བ་མ་ཡིན་གྱི། ཁྱོད་ཀྱི་ནུ་བོ་ཆོལ་ཟངས་པ་འདི་མྱ་ངན་བྱ་
བར་འགྱུར་བས་ཁྱོད་ཀྱིས་འདི་ལ་མཁོ་བ་བསྟབས་པར་བྱའོ་ཞེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དེ་

དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས་དེ་ཉི་ཟླ་དང་། ཆོལ་ཟངས་པ་དང་། སྙིང་དུ་སྡུག་ཅིང་འབྲེལ་བའི་རྩ་ལག་གཞན་དག་གིས་དུར་ཁྲོད་དུ་ཁྱེར་ཏེ་བསྲེགས་ནས་དེའི་འོག་ཏུ་མྱ་ངན་བསང་བ་བྱས་ཏེ་འཁོད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཉི་ཟླས་ཟན་གྱི་
དུས་སུ་ཆོལ་ཟངས་པ་ཚུར་ཤོག་འདིར་ཟན་ཟོ་ཞིག་ཅེས་བོས་པ་དང་། དེ་ལ་མས་སྨྲས་པ། བུ་ཁྱོད་བྲན་མོའི་བུ་དང་ཇི་ལྟར་ལྷན་ཅིག་ཟན་ཟ་བར་བྱེད། མ་བདག་གིས་དུས་ཐམས་ཅད་དུ་ནུ་བོ་འདི་དང་ལྷན་ཅིག་ཟོས་ཤིང་འཐུངས་ན་ད་ཇི་ལྟར་བྲན་མོའི་བུ་ཞེས་བྱ། མས་
སྨྲས་པ། བུ་ཁྱོད་ཀྱི་ཕ་གཏུམ་པར་གྱུར་པས་དེ་ལ་ཅུང་ཟད་སྨྲ་བར་སུས་ནུས་འདི་ནི་བྲན་མོའི་བུ་ཁོ་ན་ཡིན་ནོ། །ཆོལ་ཟངས་པས་ཐོས་ནས་དེ་མའི་གན་དུ་སོང་སྟེ་སྨྲས་པ། མ་བདག་བྲན་མོའི་བུ་ཡིན་པ་བདེན་ནམ། བུ་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་
པ་ཡིན་པས་སུ་ཞིག་སུའི་བྲན་ཡིན། བུ་ཡུལ་གཞན་དུ་སོང་ལ་ཐོས་པ་འཛིན་ཅིང་འདུག་ཤིག །དེ་ཡུལ་གཞན་དུ་སོང་ནས་དེ་ཡུལ་གཞན་དུ་རང་གི་མིང་ཆོལ་ཟངས་པ་ཞེས་བྱ་བ་བཏང་སྟེ། ཟླ་བ་ཞི་བ་ཞེས་བྱ་བར་བསྒྲགས་ནས་ཇི་ཙམ་ན་མཐར་གྱིས་མཉན་ཡོད་
དུ་ཕྱིན་ནས། དེ་ན་བྲམ་ཟེ་མདུན་ན་འདོན་ཞིག་འདུག་ནས། དེ་གཅིག་ནས་གཅིག་ཏུ་དེའི་གན་དུ་སོང་སྟེ་ཆ་ལུགས་དུལ་བ་དང་སྤྱོད་ལམ་ཞི་བས་གུས་པར་སྨྲ་བ་བྱས་ཏེ་མཐའ་གཅིག་ཏུ་འདུག་གོ། །དེ་ནས་བྲམ་ཟེ་དེས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་ཀུན་དུ་
བརྗོད་པས་རབ་ཏུ་དགའ་བར་བྱས་ཏེ་དྲིས་པ། ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་ག་ལས་འོངས། རྡོ་འཇོག་ནས་མཆིས་སོ། །ཁྱོད་ཀྱིས་རྡོ་འཇོག་ན་འཁོད་པའི་སྐྱེ་བོའི་ཚོགས་དག་ཤེས་སམ་འཚལ་ཏོ། །དེ་ན་བྲམ་ཟེ་ཟླ་གྲགས་དེའི་གཏམ་ཅི་གྲག །བྲམ་ཟེའི་ཁྱེའུ་དེས་
ངུ་བར་བརྩམས་པ་དང་། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ཅིའི་ཕྱིར་ངུ་། དེ་བདག་གི་ཕ་ལགས་སོ། །འོ་ན་ཅིའི་ཕྱིར་ངུ་། དེ་གུམ་མོ། །བྲམ་ཟེའི་ཁྱེའུ་སྐྱེས་པས་ནི་གདོན་མི་ཟ་བར་འཆི་བར་བྱ་དགོས་ཀྱིས་ཁོ་བོ་ཁྱོད་ཀྱི་ཕའི་ཆུང་པོ་གྲོགས་ཡིན་གྱིས་བག་ཕོབ་

ཤིག་དང་ཐམས་ཅད་བྱའོ། །དེས་སྨྲས་པ། མཁན་པོ་རེ་ཞིག་བགྱི་བ་གཞན་བཏང་སྟེ། ཇེ་རིག་བྱེད་བཀླག་པར་བགྱིའོ། །བུ་མ་ཉེས་ཏེ། བྲམ་ཟེ་རང་གི་རིགས་སྒྲོགས་པས་བྱ་བ་ནི་དེ་ཡིན་ནོ། །དེས་དེའི་དྲུང་དུ་རིག་བྱེད་བཀླག་པར་བརྩམས་པ་དང་། དེ་བློ་རྣོ་
བ་དང་། བརྟན་པ་དང་། བརྩོན་འགྲུས་བརྩམས་པ་ཡིན་པས་དེས་དུས་ཅུང་ཞིག་གིས་རིག་བྱེད་བཞི་པོ་དག་བཀླགས་སོ། །བྲམ་ཟེ་དེ་མངོན་པར་དགའ་ནས་དེས་དེའི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་དེའི་ཆུང་མར་བྱིན་ཞིང་བདག་དབང་བའི་ནོར་མང་པོ་དག་ཀྱང་བྱིན་ནོ། །
དེ་བྲམ་ཟེ་མདུན་ན་འདོན་གྱི་དམག་པར་གྱུར་ཅིང་རིག་བྱེད་བཞི་དང་ལྡན་པ་ཞེས་འཇིག་རྟེན་ཐམས་ཅད་ལ་རྣམ་པར་གྲགས་ཤིང་། སྦྱིན་པ་དང་། མཆོད་པ་དང་། བསྙེན་བཀུར་དག་གིས་ཁྱིམ་གྱི་འབྱོར་པ་ཉེ་བར་བསགས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་
རྡོ་འཇོག་ན་གནས་པའི་སྐྱེ་བོའི་ཚོགས་དག་ཟོང་ཐོགས་ཏེ་མཉན་ཡོད་དུ་ལྷགས་ནས། དེ་དག་གིས་ཆོལ་ཟངས་པ་ཇི་ལྟར་བྲམ་ཟེ་མདུན་ན་འདོན་གྱི་དམག་པར་གྱུར་ཅིང་། རིག་བྱེད་བཞི་དང་ལྡན་པ། སྦྱིན་པ་དང་། མཆོད་པ་དང་། བསྙེན་བཀུར་དག་གིས་ཁྱིམ་
གྱི་འབྱོར་པ་ཉེ་བར་བསགས་པར་གྱུར་པ་ཐོས་སོ། །ཐོས་ནས་ཀྱང་གྲོས་བྱ་བར་བརྩམས་པ། བདག་ཅག་འདོང་ཞིང་དེ་མངོན་སུམ་དུ་བྱས་ཏེ་རྡོ་འཇོག་ན་ཉི་ཟླ་བདེ་བའི་གཏམ་བྱའོ་སྙམ་ནས་དེ་དག་དེའི་གན་དུ་སོང་སྟེ། དེ་དག་གིས་དེ་ངོ་ཤེས་ནས་ཅང་མ་སྨྲས་
པར་དེ་ནས་ཟོང་བསྒྱུར་ཏེ་རིན་བླངས་ནས་རྡོ་འཇོག་ཏུ་དོང་ངོ་། །དེ་དག་གིས་ལམ་གྱི་ངལ་བ་བསོ་སྟེ་ཉི་ཟླ་ལ་སྨྲས་པ། མཉན་ཡོད་ན་ཁྱོད་ཀྱི་ནུ་བོ་ཆོལ་ཟངས་པ་བྲམ་ཟེ་མདུན་ན་འདོན་གྱི་དམག་པར་གྱུར་ཅིང་། རིག་བྱེད་བཞི་དང་ལྡན་པར་འཇིག་རྟེན་ཐམས་ཅད་ལ་རྣམ་པར་
གྲགས་ཏེ། སྦྱིན་པ་དང་། མཆོད་པ་དང་། བསྙེན་བཀུར་དག་གིས་ཁྱིམ་གྱི་འབྱོར་པ་ཉེ་བར་བསགས་པར་གྱུར་ཏོ། །དེ་ཡིད་དགའ་བ་སྐྱེས་ནས་མ་ལ་སྨྲས་པ། མ་ཆོལ་ཟངས་པ་དེ་མཉན་ཡོད་ན་བྲམ་ཟེ་མདུན་ན་འདོན་གྱི་དམག་པར་གྱུར་ཅིང་། རིག་བྱེད་བཞི་

དང་ལྡན་པར་འཇིག་རྟེན་ཐམས་ཅད་ལ་གྲགས་ཏེ། སྦྱིན་པ་དང་། མཆོད་པ་དང་། བསྙེན་བཀུར་དག་གིས་ཁྱིམ་གྱི་འབྱོར་པ་ཉེ་བར་བསགས་ཞེས་གྲག་གོ། །མས་སྨྲས་པ། བུ་དེ་ལྟར་ག་ལ་འགྱུར་ཏེ། བྲན་མོའི་བུ་དེ་ལ་སུ་ཞིག་སྦྱིན་པ་དང་།
མཆོད་པ་དང་། བསྙེན་བཀུར་དག་གིས་བསྙེན་བཀུར་བྱེད་པར་འོས་ན་དེ་ལ་བསྙེན་བཀུར་བྱེད་པར་འགྱུར། དེ་ནས་དེ་ཅང་མི་སྨྲ་བར་འདུག་གོ། །ཇི་ཙམ་དུས་གཞན་ཞིག་ན་ཉི་ཟླ་ལོངས་སྤྱོད་སྲབས་པར་གྱུར་ནས་མས་དེ་ལ་སྨྲས་པ། བུ་ནུ་བོ་དེའི་གན་དུ་སོང་ཤིག་དང་
གལ་ཏེ་ན་དེ་ཁྱོད་ལ་ལོངས་སྤྱོད་དག་གིས་བགོ་བཤའ་བྱེད་པར་འགྱུར་རོ། །དེས་སྨྲས་པ། མ་དེའི་ཚེ་ན་དེ་བྲན་མོའི་བུ་ཡིན་ན་ད་ཇི་ལྟར་ནུ་བོར་འགྱུར། མས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་ཡང་སོང་ལ་དེ་ལས་བླང་བ་མ་ཟློག་ཤིག །དེ་མས་ནན་གྱིས་མནན་པ་ན་དོན་
མཐུན་བཙལ་ཏེ་མཉན་ཡོད་དུ་སོང་ངོ་། །ཆོལ་ཟངས་པས་ཇི་ལྟར་བདག་གི་ཕུ་བོ་ཉི་ཟླ་དེ་དོན་མཐུན་དང་ལྷན་ཅིག་འདིར་འོངས་ཏེ་ཕྱོགས་ག་གེ་མོ་ཞིག་ན་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བསུ་ནས་དེས་དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་ནས་
སྨྲས་པ། བདག་གིས་འདིར་ཟླ་བ་ཞི་བ་ཞེས་བྱ་བའི་མིང་བཏགས་ཀྱིས། བདག་ལ་ཁྱོད་ཆོལ་ཟངས་པ་ཞེས་མ་འབོད་ཅིག །ཉི་ཟླས་སྨྲས་པ། ཁྱོད་ཟླ་བ་ཞི་བ་ཡིན་ན་སུ་ཞིག་གཞན་དུ་འབོད་པར་འགྱུར་དེས་ཉི་ཟླ་ཁྱིམ་དུ་ཁྲིད་དེ་བཀུར་སྟི་ཆེན་པོས་མཁོས་སུ་ཕབ་ནས་
ཟན་བྱིན་ཏེ། བྲམ་ཟེ་མོ་ལ་སྨྲས་པ། ཁྱོད་ཤེས་པར་གྱིས་ཤིག །འདི་ནི་ཁོ་བོའི་ཕོ་བོ་ཉི་ཟླ་ཞེས་བྱ་བ་ཡིན་གྱིས་ཁྱོད་ཀྱིས་འདི་ལ་མཁོ་བ་ཐམས་ཅད་བསྟབ་པར་བྱ་ཞིང་ཚིག་མི་གཅག་པ་དང་། རྟག་ཏུ་གུས་པ་དང་བཅས་པར་གྱིས་ཤིག །དེས་ཀྱང་ཁས་
བླངས་སོ། །ཉི་ཟླ་ནི་དེས་ཤིང་འགྲོགས་ན་བདེ་བ་ཡིན་ལ། ཆོལ་ཟངས་པ་ནི་གཏུམ་ཞིང་གཟུ་ལུམས་དང་། དྲག་ཤུལ་ཅན་ཡིན་པས་དེ་ཆུང་མ་དེ་ལ་ཉེས་པ་ཅུང་ཟད་ཙམ་གྱིས་ཀྱང་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་དོ། །བྲམ་ཟེ་མོ་དེས་ཉི་ཟླ་ལ་སྨྲས་པ། ཇོ་

བོ་ཁྱེད་གཉིས་ནུ་མ་གཅིག་ལ་གསོལ་གསོལ་བའི་མཆེད་ལགས་ན་གང་གི་སླད་དུ་ཁྱོད་ནི་དེས་ཤིང་འགྲོགས་ན་བདེ་བ་ལགས་ལ། ཁྱོད་ཀྱི་གཅུང་པོ་འདི་ནི་གཏུམ་ཞིང་གཟུ་ལུམས་དང་། དྲག་ཤུལ་ཅན་ལགས་པ་འདི་ལ་རྒྱུ་ཅི་མཆིས། ཉི་ཟླས་སྨྲས་པ། སྲུ་འདིས་ཁྱིམ་གྱི་རིག་
པ་མ་བཀླགས་སོ། །ཇོ་བོ་བདག་ལ་ཁྱིམ་གྱི་རིག་པ་དེ་སྩོལ་ཅིག །ཉི་ཟླས་ཚིགས་སུ་བཅད་པ་སྨྲས་པ། རིག་པ་སུ་ལའང་སྦྱིན་བྱ་མིན། །རིག་དང་བཅས་ཏེ་འཆི་བར་བྱ། །རིག་པ་རིག་དང་གུས་པ་དང་། །ནོར་གྱིས་སྦྱིན་པར་བྱ་བ་ཡིན། །བྲམ་ཟེ་མོས་སྨྲས་པ། ཇོ་
བོ་ནོར་ཇི་ཙམ་གྱིས་སྩོལ་བར་མཛད། སྲུ་ཀཱར་ཥཱ་པ་ཎ་ལྔ་བརྒྱས་སོ། །དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཇོ་བོ་ཁྱིམ་གྱི་རིག་པ་དེ་སྩོལ་ཅིག །ཉི་ཟླས་སྨྲས་པ། སྲུ་ཇེ་ཁོ་བོ་རྫོངས་ཤིག་དང་ནམ་འགྲོ་བའི་ཚེ་སྦྱིན་ནོ། །བྲམ་
ཟེ་མོ་དེ་ཁྱིམ་ཐབ་ཀྱི་གན་དུ་སོང་སྟེ་སྨྲས་པ། རྗེའི་སྲས་ཁྱོད་ཀྱི་གཅེན་འདི་ཁྱིམ་གྱི་བྱ་བ་སེམས་པས་མི་དགའ་བར་འགྱུར་གྱིས་འདི་སླར་ཐོང་ཤིག །དེས་སྨྲས་པ། བཟང་མོ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་ཇེ་འདིའི་ལམ་རྒྱགས་སྟ་གོན་གྱིས་ཤིག་དང་། ཁོ་བོས་དོན་མཐུན་བཙལ་
བར་བྱའོ། །དེས་རྡོ་འཇོག་ཏུ་འགྲོ་བའི་དོན་མཐུན་བཙལ་བར་བརྩམས་ནས། བྲམ་ཟེ་མོ་དེས་དེའི་ལམ་རྒྱགས་སྟ་གོན་བྱས་ནས། ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་ཉི་ཟླའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཇོ་བོ་ཁྱོད་བརྫང་བའི་དུས་འདི་ལགས་ཀྱིས་ཁྱིམ་གྱི་རིག་པ་
སྩོལ་ཅིག །ཉི་ཟླས་སྨྲས་པ། སྲུ་གང་གི་ཚེ་ཟླ་བ་ཞི་བ་ཁྱོད་ལ་རྡེག་པར་བྱེད་པ་དེའི་ཚེ་ཁྱོད་ཀྱིས་རིག་པ་འདི་བཀླག་པར་བྱའོ། །སྐྱེ་བོ་མང་པོ་གཞན་དག་དང་། །གཞན་གྱི་ཁྱིམ་དུའང་ཤེས་གྱུར་ཅིང་། །གྲོང་སྲུང་རིགས་ཀྱིས་ཤེས་གྱུར་གྱིས། །ཁ་རོག་འདུག་
ཤིག་ཆོལ་ཟངས་པ། །གལ་ཏེ་སྨྲས་པ་འདི་དོན་ཅི་ཞེས་ཟེར་ན་དེ་ལ་གལ་ཏེ་རྡེག་པར་བྱེད་ན་དོན་ཡང་བཤད་པར་བྱའོ་ཞེས་བརྗོད་པར་བྱའོ། །སྲུ་གསང་སྔགས་ཀྱི་ཚིག་དོན་དང་ལྡན་པ་འདི་དག་ནི་བརྗོད་པ་ཙམ་ཁོ་ནས་འབྲས་བུ་དང་བཅས་པར་འགྱུར་བ་ཡིན་གྱིས་ཕྱིས་འགྱོད་

པར་མི་འགྱུར་བར་ལེགས་པར་ཟུང་ཤིག །བྲམ་ཟེ་མོ་དེས་ཡི་གེ་དེ་དག་ལེགས་པར་བཟུང་ནས་ཟླ་བ་ཞི་བས་ཀྱང་རྡོ་འཇོག་ཏུ་འགྲོ་བའི་དོན་མཐུན་བཙལ་ནས་ཉི་ཟླ་ལ་ཀཱར་ཥཱ་པ་ཎ་དག་གིས་བགོ་བཤའ་བྱས་ཏེ་ལམ་རྒྱགས་བྱིན་ནས་དེ་སྐྱེལ་དུ་སོང་ངོ་། །བུ་མོ་དེས་
བསམས་པ། ཅི་གསང་སྔགས་ཀྱི་ཚིག་འདི་དག་བདེན་ནམ་བརྫུན་པ་སད་པར་བྱའོ་སྙམ་ནས། དེས་ཟླ་བ་ཞི་བས་ཉི་ཟླ་བསྐྱལ་ཏེ་ཕྱིར་ལོག་པའི་ཚེ་བཟའ་བ་དང་། བཏུང་བ་དང་། ཁྲུས་བྱ་བ་ཅི་ཡང་སྟ་གོན་མ་བྱས་སོ། །དེ་ནས་ཟླ་བ་ཞི་བས་སྨྲས་པ། བཟང་མོ་ཆུ་ཁྱེར་ཏེ་
ཤོག །ཁྲུས་བྱའོ། །ཆུང་མས་སྨྲས་པ། རྗེའི་སྲས་ཆབ་སྟ་གོན་མ་བགྱིས་སོ། །བཟང་མོ་གལ་ཏེ་དེ་ལྟ་ན་ཟས་ཁྱེར་ཏེ་ཤོག་བཟའོ། །རྗེའི་སྲས་དེ་ཡང་སྟ་གོན་མ་བགྱིས་སོ། །དེ་ཁྲོས་ཏེ་སྨྲས་པ། ངའི་ཕུ་བོ་འདུག་པ་དེའི་ཚེ་ན་ངས་རེ་ཞིག་ཁྱོད་བཏང་སྙོམས་སུ་བཞག་
པར་ཟད་ཀྱི། ཁྱོད་ཀྱི་རང་བཞིན་ནི་མ་བརྡེགས་ཀྱི་བར་དུ་བྱེད་དུ་མི་བཏུབ་པ་ཡིན་ནོ་ཞེས་དེས་བསྣུན་པ་གཟས་ཏེ་བརྡེག་པར་བརྩམས་པ་དང་། ཆུང་མས་སྨྲས་པ། རྗེའི་སྲས་རེ་ཞིག་གཞེས་ཤིག་དང་ཁྱིམ་གྱི་རིག་པ་ཇེ་གསན་པར་བགྱིའོ། །དེས་སྨྲས་པ། ཐོས་པར་གྱིས་ཤིག །
ཆུང་མས་སྐྱེ་བོ་མང་པོ་གཞན་དག་དང་། །གཞན་གྱི་ཁྱིམ་དུའང་ཤེས་གྱུར་ཅིང་། །གྲོང་སྲུང་རིགས་ཀྱིས་ཤེས་གྱུར་གྱིས། །ཁ་རོག་འདུག་ཤིག་ཆོལ་ཟངས་པ། །ཞེས་སྨྲས་པ་དང་། དེས་སྨྲས་པ། བཟང་མོས་སྨྲས་པ་དེའི་དོན་ཅི་ཡིན། ཆུང་མས་སྨྲས་པ། གལ་ཏེ་
རྡེག་པར་མཛད་ན་དོན་ཡང་ཁྱོད་ལ་བརྗོད་པར་བགྱིའོ། །དེ་རི་དགས་གནད་དུ་ཕོག་པ་ལྟར་ཟུག་རྔུས་ཟུག་སུ་སྨྲས་པ། མི་རྡེག་གིས་ཐོང་ལ་དོན་མ་སྨྲ་ཤིག་ཅེས་ཟེར་རོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཟླ་གྲགས་ཞེས་བྱ་བ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་
ཆོལ་ཟངས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་འདུན་པ་འདི་ཡིན་ནོ། །དགེ་སློང་དག་དེའི་ཚེ་ཡང་འདིས་བྲམ་ཟེ་དང་། ཁྱིམ་བདག་དེས་པ་དག་གི་མདུན་དུ་ང་ཉེ་དུར་བརྗོད་ཅིང་བདག་ཉིད་སྨྲ་བ་དང་། རྣམ་པར་སྨྲ་བ་བྱས་སོ། །ད་ལྟར་ཡང་འདིས་ཚངས་པ་མཚུངས་པར་སྤྱོད་པ་དེས་པ་དེས་པ་

རྣམས་ཀྱི་མདུན་དུ་ང་ཉེ་དུར་བརྗོད་ཅིང་བདག་ཉིད་སྨྲ་བ་དང་། རྣམ་པར་སྨྲ་བར་བྱེད་དོ། །དགེ་སློང་དག་དེ་ལྟ་བས་ན་ང་ལ་ཉེ་དུར་བརྗོད་པ་རྣམས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་ཡང་གུས་པ་དང་བཅས་པ་དང་། རྗེ་
ས་དང་བཅས་པ་དང་། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བ་དག་གིས་གནས་པར་བྱའོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་སྟེ། བཅུ་གསུམ་པ་རྫོགས་སྷོ།། །།ཚེ་དང་ལྡན་པ་དག་བདག་གི་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་
ཟིན་ནོ། །དེ་དག་ལས་དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིས་སོ། །བཞི་ནི་ལན་གསུམ་གྱི་བར་གྱིས་སོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བ་བྱའོ། །དགེ་སློང་གིས་མི་
འདོད་བཞིན་དུ་སྤོ་བ་བྱས་ནས་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་བྱས་ལ་དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན། གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་
འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན་དགེ་སློང་དེ་ཡང་མ་ཕྱིན་ལ། དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དགེ་འདུན་ལྷག་
མ་རྣམས་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་
ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་ཚེ་དང་ལྡན་པ་འཆར་ཀའི་ཕྱིར་སྟན་

ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་འཆར་ཀ་ཚུར་སྤྱོན། བཙུན་པ་འཆར་ཀ་བྱོན་པ་ལེགས་སོ། །བཙུན་པ་འཆར་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་འཆར་ཀ་སྟན་བཤམས་པ་དེ་ལ་འདུག་གོ། །དེ་ནས་
ཁྱིམ་བདག་གི་ཆུང་མ་སྦེད་མས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ་ཆོས་ཉན་པའི་ཕྱིར་འདུག་གོ། །ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་སྙན་པ་སྙན་པ་དག་བསྟན་པར་བརྩམས་སོ། །དེའི་ཚེ་ན་རི་
དགས་འཛིན་གྱི་མ་ས་ག་ཁྱིམ་དེའི་ཉེན་ཀོར་ན་འགྲོ་བས་རི་དགས་འཛིན་གྱི་མ་ས་གས་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ན། ཚེ་དང་ལྡན་པ་འཆར་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཕགས་པ་འཆར་ཀ་སྐད་ཀྱི་
གདངས་ཀྱིས་ཁྱིམ་བདག་གི་ཆུང་མ་སྦེད་མ་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བྱེད་ཀྱིས་བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་རི་དགས་འཛིན་གྱི་མ་ས་ག་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་
ག་ལ་བ་དེར་སོང་བ་དང་། རི་དགས་འཛིན་གྱི་མ་ས་གས་ཁྱིམ་བདག་གི་ཆུང་མ་སྦེད་མ་ཚེ་དང་ལྡན་པ་འཆར་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ་ཆོས་མཉན་པའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཁྱིམ་བདག་གམ། ཁྱིམ་
བདག་གི་ཆུང་མའམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན། འཕགས་པ་འཆར་ཀ་འདིས་ཁྱིམ་བདག་གི་ཆུང་མ་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་དགེ་སྦྱོང་གི་ཚུལ་མ་ཡིན་པ་སྡིག་པའི་ལས་ཅུང་ཞིག་བྱས་སམ་བྱེད་པར་སེམས་སོ་
སྙམ་དུ་གདོན་མི་ཟ་བར་མཐར་ཐུག་པར་འགྲོ་བར་འགྱུར་བས་དེའི་ཕྱིར་འདི་ནི་བདག་གི་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་རི་དགས་འཛིན་གྱི་མ་ས་ག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་

ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རི་དགས་འཛིན་གྱི་མ་ས་གས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཁྱིམ་བདག་གི་མཆིས་བྲང་སྦེད་མའི་སྡུམ་པ་ན། ཚེ་དང་ལྡན་པ་འཆར་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་ཏེ། ཐོས་ནས་བདག་འདི་
སྙམ་བགྱིད་དེ། ཀྱེ་མ་འཕགས་པ་འཆར་ཀ་ཁྱིམ་བདག་གི་མཆིས་བྲང་སྦེད་མ་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བགྱིད་ཀྱིས། བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་སླད་དུ་མཆིའོ་སྙམ་ནས། བདག་ཁྱིམ་བདག་གི་མཆིས་
བྲང་སྦེད་མའི་སྡུམ་པ་ག་ལ་བ་དེར་མཆིས་པ་དང་། བདག་གིས་ཁྱིམ་བདག་གི་མཆིས་བྲང་སྦེད་མ་ཚེ་དང་ལྡན་པ་འཆར་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ་མཆིས་པ་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། གལ་ཏེ་ད་ཁྱིམ་བདག་གམ། ཁྱིམ་བདག་
གི་མཆིས་བྲང་ངམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན། འཕགས་པ་འཆར་ཀ་འདིས་ཁྱིམ་བདག་གི་མཆིས་བྲང་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་མཆིས་པར་དགེ་སྦྱོང་གི་ཚུལ་མ་ལགས་པ་སྡིག་པའི་ལས་ཅུང་ཞིག་བགྱིས་སམ་བགྱིད་པར་
སེམས་སོ་སྙམ་དུ་གདོན་མི་འཚལ་བར་མཐར་ཐུག་པར་མཆི་བར་འགྱུར་བས་དེའི་སླད་དུ་འདི་ནི་བདག་གི་བགྱི་བ་ལགས་སོ་སྙམ་བགྱིད་ན། བཙུན་པ་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། གང་གིས་འཕགས་པ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་
པུ་གཅིག་དང་དབེན་པ་སྐྱབས་མཆིས་པ་ན་སྟན་ལ་མཆིས་པར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པ་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་རི་དགས་འཛིན་གྱི་མ་ས་ག་ཅང་མི་གསུང་བས་གནང་ངོ་། །དེ་ནས་རི་དགས་འཛིན་
གྱི་མ་ས་གས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་དང་། སྐབས་འདི་ལ་དགེ་སློང་གི་དགེ་

འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ