Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 006_འདུལ་བ།_ཆ
Văn bản gốc(Tây Tạng)
Trang 3 / 18 (50.000 ký tự/trang)
་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་ པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་ པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ་དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ་དེ་ནི་མ་ངེས་པའི་ཆོས་སོ། །ཡང་དགེ་སློང་ གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱད་པ་ལས་བྱུང་བའི་ཆོས་སྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ། །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ་། ། དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་ མོས་བསྐྱབས་པ་ནའོ། །འདོད་པ་བྱར་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བྱར་རུང་བར་རོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་འཇོག་པར་བྱེད་ཅིང་ངོ་། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་ པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ་ཡིད་ཆེས་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་སོང་བ་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང་། སངས་རྒྱས་ལ་གཅིག་ཏུ་ གྱུར་པ་དང་། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང་། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། ཆོས་དང་དགེ་འདུན་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་དང་། མངོན་པར་རྟོགས་པ་དང་ལྡན་པ་དང་། གང་གི་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་ནུས་པའོ། །ཆོས་གསུམ་པོ་ཞེས་བྱ་བ་ལ། གསུམ་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །ཕམ་པར་འགྱུར་བའམ། དགེ་འདུན་ ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། ཕམ་པར་འགྱུར་བ་ཞེས་བྱ་བ་ནི་བཞི་པོ་དག་ལས་གང་ཡང་རུང་བས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དག་ལས་གང་ཡང་རུང་བས་སོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ ཡང་རུང་བས་སོ། །འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང་། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང་། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས། འདི་ལྟར་དེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་ཀྱི་ ཡུལ་དང་ལྷན་ཅིག་སྟན་གཅིག་ལ་ལུས་ཀྱིས་རེག་པར་བྱེད་པའམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་འཐུང་བའམ། ས་རྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་ བའམ། གཞན་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་ཅེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ནི་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ནི་རྣམ་པར་མ་བཞག་ པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཁས་ལེན་ཅིང་འགྲེང་བ་ཡང་མི་ལེན་འདུག་པ་ཡང་མི་ལེན་ཉལ་བ་ཡང་མི་ལེན་ན། གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ། །དགེ་སློང་གིས་དགེ་ བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེང་བ་ཁས་ལེན་ཅིང་འདུག་པ་ཡང་མི་ལེན། ཉལ་བ་ཡང་མི་ལེན་ན་གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ། །དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེང་བ་ དང་། འདུག་པས་ཁས་ལེན་ཅིང་ཉལ་བ་མི་ལེན་ན་གང་ཁས་ལེན་པ་དེ་བྱེད་དུ་གཞུག་གོ། །དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ཁས་ལེན་ན་ཐམས་ཅད་བྱེད་དུ་གཞུག་གོ། །གལ་ ཏེ་དགེ་སློང་གིས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་ཁས་མི་ལེན་ཅིང་འགྲེང་བ་ཡང་མི་ལེན་འདུག་པ་ཡང་མི་ལེན། ཉལ་བ་ཡང་མི་ལེན་ན་དེ་ལ་ཆད་པའི་ལས་འོས་པ་ཡིན་པས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ ཉིད་ཚོལ་དུ་གཞུག་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་འདུན་ཐམས་ཅད་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ཏེ། དེའི་སླད་དུ་ དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་ བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་ པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་སྩལ་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག་ངས་དགེ་སློང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པའི་ཀུན་ཏུ་སྤྱོད་པའི་ཆོས་དག་བཙའ་བར་བྱ་སྟེ། དགེ་སློང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་ པ་བྱིན་པས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །དེས་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བར་མི་བྱ། དྲན་ པར་མི་བྱའོ། །དགེ་སློང་མ་ལ་སྟོན་པར་བསྐོ་བར་མི་བྱའོ། །སྔར་བསྐོས་ན་ཡང་དེས་དགེ་སློང་མ་ལ་བསྟན་པར་མི་བྱའོ། །དེས་གདམས་ངག་གཞག་པར་མི་བྱ། གསོ་སྦྱོང་གཞག་པར་མི་བྱ། དགག་དབྱེ་གཞག་པར་མི་བྱའོ། །དེས་གསོལ་བ་མི་བྱ་གསོལ་ བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་མི་བྱའོ། །དེས་དགེ་འདུན་གྱི་ནང་དུ་གང་ཟག་འདུལ་བ་འཛིན་པ་གཞན་དག་ཡོད་ན་སོ་སོར་ཐར་པའི་མདོ་གདོན་པར་མི་བྱའོ། །དགེ་སློང་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པས་ཀུན་ཏུ་སྤྱད་པར་བྱ་བའི་ཆོས་ཇི་ལྟར་བཅས་པ་ཡང་དག་ པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །མ་ངེས་པའི་ཆོས་དང་པོ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེ་ནས་དགེ་སློང་ཤི་རི་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་ བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། མཐར་གྱིས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས་དགེ་སློང་ཤི་རི་ཀ་ཐག་རིང་པོ་ཁོ་ན་ནས་ མཐོང་སྟེ། མཐོང་ནས་ཀྱང་དགེ་སློང་ཤི་རི་ཀའི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་ཤི་རི་ཀ་ཚུར་སྤྱོན། བཙུན་པ་ཤི་རི་ཀ་བྱོན་པ་ལེགས་སོ། །བཙུན་པ་ཤི་རི་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །དགེ་སློང་ཤི་རི་ཀ་སྟན་བཤམས་པ་ དེ་ལ་འདུག་གོ། །དེ་ནས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས། དགེ་སློང་ཤི་རི་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་གོ། །དགེ་སློང་ཤི་རི་ཀས་དེ་ལ་ཆོས་སྙན་པ་སྙན་པ་ དག་བསྟན་པར་བརྩམས་སོ། །དེའི་ཚེ་ན་དགེ་བསྙེན་མ་ལེགས་སྐྱེས་དེའི་ཉེན་ཀོར་ན་འགྲོ་བས་དགེ་བསྙེན་མ་ལེགས་སྐྱེས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ན་དགེ་སློང་ཤི་རི་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ ཏེ། ཀྱེ་མ་འཕགས་པ་ཤི་རི་ཀའི་སྐད་ཀྱི་གདངས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བྱེད་ཀྱིས། བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་དགེ་བསྙེན་ མ་ལེགས་སྐྱེས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་བ་དང་། དགེ་བསྙེན་མ་ལེགས་སྐྱེས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དགེ་སློང་ཤི་རི་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ ཀྱང་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མའམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན་འཕགས་པ་ཤི་རི་ཀ་འདིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་དགེ་སྦྱོང་གི་ཚུལ་ མ་ཡིན་པ་སྡིག་པའི་ལས་ཅུང་ཞིག་བྱས་སམ། བྱེད་པར་སེམས་སོ་སྙམ་དུ་གདོན་མི་ཟ་བར་མཐར་ཐུག་པར་འགྲོ་བར་འགྱུར་བས་དེའི་ཕྱིར་འདི་ནི་བདག་གིས་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་དགེ་བསྙེན་མ་ལེགས་སྐྱེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་བསྙེན་མ་ལེགས་སྐྱེས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་ཀྱི་སྡུམ་ པ་ན་འཕགས་པ་ཤི་རི་ཀའི་སྐད་ཀྱི་གདངས་གྲགས་པ་ཐོས་ཏེ། ཐོས་ནས་ཀྱང་བདག་འདི་སྙམ་བགྱིད་དེ། ཀྱེ་མ་འཕགས་པ་ཤི་རི་ཀ་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བགྱིད་ཀྱིས། བདག་ ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་སླད་དུ་མཆིའོ་སྙམ་ནས་བདག་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་ཀྱི་སྡུམ་པ་ག་ལ་བ་དེར་མཆིས་པ་དང་། བདག་གིས་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་འཕགས་དགེ་སློང་ཤི་རི་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་ པར་མཆིས་པ་མཐོང་ངོ་། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ། གལ་ཏེ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ངམ། ཁྱིམ་བདག་གི་བུ་མ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན་འཕགས་པ་ཤ་རི་ཀ་འདིས་ཁྱིམ་བདག་གི་མཆིས་བྲང་གསོ་སྦྱོང་ འཕགས་དང་ལྷན་ཅིག་དབེན་པ་སྐྱབས་མཆིས་པར་དགེ་སྦྱོང་གི་ཚུལ་མ་ལགས་པ་སྡིག་པའི་ལས་ཅུང་ཞིག་བགྱིས་སམ། བགྱིད་པར་སེམས་སོ་སྙམ་དུ་གདོན་མི་འཚལ་བར་མཐར་ཐུག་པར་མཆིས་པར་འགྱུར་བས་དེའི་སླད་དུ་འདི་ནི་བདག་གི་བགྱི་བ་ལགས་སོ་སྙམ་བགྱིད་ན། བཙུན་ པ་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་མཆིས་པ་ན་སྟན་ལ་མཆིས་པར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་མ་ལེགས་སྐྱེས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དགེ་བསྙེན་མ་ལེགས་སྐྱེས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་ སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་ སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཤི་རི་ཀ་ལ་རྨས་པ། ཤི་རི་ཀ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་ པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་ བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང་དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་ སློང་གིས་འདུག་པར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ་དེ་ ཡང་མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤི་རི་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ནི་བུད་མེད་དང་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་སྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་ གོ། །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ་། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་། སྐྱེས་པ་དང་། མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་ནའོ། །འདོད་པ་བྱར་མི་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བྱར་མི་རུང་བར་རོ། །སྟན་ལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་ མ་ཡིན་པར་རྐུབ་ཚོས་འཇོག་པར་བྱེད་ཅིང་ངོ་། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ། ཡིད་ཆེས་པས་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་ སོང་བ་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང་། སངས་རྒྱས་ལ་གཅིག་ཏུ་གྱུར་པ་དང་། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང་། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་བ་ དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང་། བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་དང་། མངོན་པར་རྟོགས་པ་དང་ལྡན་པ་དང་། གང་གིས་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་ནུས་པའོ། །ཆོས་ གཉིས་པོ་ཞེས་བྱ་བ་ལ་གཉིས་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དག་ལས་གང་ཡང་རུང་བས་སོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ ཡང་རུང་བས་སོ། །འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང་། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང་། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས་འདི་ལྟར་དེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་ཀྱི་ཡུལ་དང་ལྷན་ ཅིག་སྟན་གཅིག་ལ། ལུས་ཀྱིས་རེག་པར་བྱེད་པའམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་འཐུང་བའམ། ས་རྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བ་དང་། གཞན་ཡང་རང་བཞིན་དང་བཅས་ པའི་ཁ་ན་མ་ཐོ་བ་དང་བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་ཅེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ཡང་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ཡང་རྣམ་པར་མ་བཞག་པའི་ཆོས་ཡིན་པའོ། །ལྟུང་བ་ རྣམ་པར་བཞག་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པའི་ཀུན་ཏུ་སྤྱོད་པའི་ཆོས་དག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །མ་ངེས་པའི་ཆོས་གཉིས་རྫོགས་སྷོ།། །།སྡོམ་ལ། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུར་འཇུག་ པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་གོས་མང་བ་ཉིད་འདི་ལྟ་ བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི་གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། གཞན་གྱིས་ནི་ལེགས་པར་ཉུག་པར་བྱེད། གཞན་གྱིས་ནི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། གཞན་གྱིས་ནི་ལག་པ་དང་རྐང་པ་དག་འཁྲུ་བར་བྱེད། གཞན་གྱིས་ནི་སོ་ཤིང་འདོར་ བར་བྱེད། གཞན་གྱིས་ནི་གྲོང་དུ་བསོད་སྙོམས་ལ་རྒྱུ་བར་བྱེད། གཞན་གྱིས་ནི་ཟས་ཀྱི་གྲལ་དུ་བཀད་པར་བྱེད། གཞན་གྱིས་ནི་མཁན་པོ་དང་སློབ་དཔོན་དག་ལ་བལྟར་འགྲོ་བར་བྱེད། གཞན་གྱིས་ནི་སྟོན་པའི་གདམས་ངག་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་ཉིན་ མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་མཚན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད་དེ། དེ་དག་གྱོན་པ་དང་འབུད་པར་བྱེད་པ་ན་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་ དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་རྣམས་ལ་ཆོས་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི་གཙུག་ལག་ཁང་ཆག་ཆག་འདེབས་པར་བྱེད། གཞན་གྱིས་ནི་ལེགས་པར་ཉུག་པར་བྱེད། གཞན་ གྱིས་ནི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། གཞན་གྱིས་ནི་ལག་པ་དང་རྐང་པ་དག་འཁྲུ་བར་བྱེད། གཞན་གྱིས་ནི་སོ་ཤིང་འདོར་བར་བྱེད། གཞན་གྱིས་ནི་གྲོང་དུ་བསོད་སྙོམས་ལ་རྒྱུ་བར་བྱེད། གཞན་གྱིས་ནི་ཟས་ཀྱི་གྲལ་དུ་བཀད་པར་བྱེད། གཞན་གྱིས་ནི་མཁན་པོ་དང་ སློབ་དཔོན་དག་ལ་བལྟར་འགྲོ་བར་བྱེད། གཞན་གྱིས་ནི་སྟོན་པའི་གདམས་ངག་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་ཉིན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་མཚན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད་དེ། དེ་དག་བྱོན་པ་དང་འབུད་པར་བྱེད་པ་ན་བྱ་བ་ མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན་དགེ་སློང་གི་དགེ་འདུན་སྡུད་པར་ མཛད་དེ། འདི་ལྟ་སྟེ་ངའི་ཉན་ཐོས་རྣམས་ཀྱིས་ཀུན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་ མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ལ་ཆོས་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི་གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། གཞན་ གྱིས་ནི་ལེགས་པར་ཉུག་པར་བྱེད། གཞན་གྱིས་ནི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། གཞན་གྱིས་ནི་ལག་པ་དང་རྐང་པ་དག་འཁྲུ་བར་བྱེད། གཞན་གྱིས་ནི་སོ་ཤིང་འདོར་བར་བྱེད། གཞན་གྱིས་ནི་གྲོང་དུ་བསོད་སྙོམས་ལ་རྒྱུ་བར་བྱེད། གཞན་གྱིས་ནི་ཟས་ཀྱི་གྲལ་དུ་ བཀད་པར་བྱེད། གཞན་གྱིས་ནི་མཁན་པོ་དང་སློབ་དཔོན་དག་ལ་བལྟར་འགྲོ་བར་བྱེད། གཞན་གྱིས་ནི་སྟོན་པའི་གདམས་ངག་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་ཉིན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་མཚན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་ བྱེད་དེ། ཁྱེད་ཅག་གྱོན་པ་དང་འབུད་པར་བྱེད་པ་ན་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་དཀའ་བ་དང་། དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་རྣམ་པར་སྨད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསོ་སླ་བ་དང་། དགང་སླ་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ཕྲེང་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་པའི་ཡོན་ཏན་དང་། མཛེས་པ་དང་། ཚོད་ཤེས་པ་ཉིད་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ བཅའ་བར་བྱ་སྟེ། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་ བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་དབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམས་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་རྣམས་བཟློག་པའི་ཕྱིར་དང་། ངའི་ཚངས་པར་ སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མི་རྣམས་ཀྱི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ ན་ཆོས་གོས་གསུམ་བཅང་བར་བྱའོ། །དེ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་འདུག་སྟེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དགེ་འདུན་ལ་གཏད་པའི་ཚེ་ཁྱིམ་བདག་གཅིག་གིས་ཡུན་རིང་པོ་ནས་སྨོན་པ། ཀྱེ་མ་ བདག་གིས་གནས་བརྟན་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་བཤོས་གསོལ་ཏེ། རས་ཡུག་ཆེན་ཞིག་བསྐོན་ན་ཅི་མ་རུང་སྙམ་ན་དེའི་འདོད་པ་ཡོངས་སུ་རྫོགས་པར་མ་གྱུར་ནས། དེ་ནས་ཁྱིམ་བདག་དེ་རས་ཡུག་ཆེན་ཐོགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་ དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་ཁྱོད་ཀྱིས་ད་ལྟར་གནས་བརྟན་འོད་སྲུང་ཆེན་པོ་ག་ལ་བཞུགས་ཅི་གསན། ཁྱིམ་བདག་དགོན་པའི་སྤྱིལ་བུ་ན་འདུག་ཅེས་ཐོས་ སོ། །ཇི་ཙམ་ན་བྱོན་པར་འགྱུར། འདི་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེའོ། །བཙུན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །འདི་ན་བདག་ཡུན་རིང་པོ་ནས་སྨོན་པ། ཀྱེ་མ་བདག་གིས་གནས་བརྟན་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་བཤོས་གསོལ་ཏེ། རས་ཡུག་ཆེན་ ཞིག་བསྐོན་ན་ཅི་མ་རུང་སྙམ་ན། བདག་གིས་རས་ཡུག་ཆེན་དེ་ཡང་འཚལ་ཏེ་མཆིས་ན། བཙུན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །བདག་ཅག་ཁྱིམ་པ་དག་ནི་བགྱི་བ་མང་བ་དང་། བགྱིད་པ་མང་བ་ལགས་ཀྱི། ཀྱེ་མ་བཙུན་པ་ཀུན་དགའ་བོས་བདག་ལ་ཐུགས་བརྩེ་བའི་ སླད་དུ་གནས་བརྟན་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་ལ་རས་ཡུག་ཆེན་འདི་བསྐོན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་ཁྱིམ་བདག་ལས་རས་ཡུག་ཆེན་བླངས་ན་ནི་བསླབ་པའི་གཞི་རལ་བར་ཡང་འགྱུར། གལ་ཏེ་མ་བླངས་ ན་ནི་ཁྱིམ་བདག་གི་བསོད་ནམས་ཀྱི་བར་ཆད་དང་། གནས་བརྟན་འོད་སྲུང་ཆེན་པོའི་རྙེད་པའི་བར་ཆད་དུ་ཡང་འགྱུར་ན་བདག་གིས་བླངས་པར་གྱུར་ན་དུས་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གནང་བར་འགྱུར་བ་གང་ཡིན་པ་དེའི་གནས་ཀྱང་ཡོད་པར་འགྱུར་གྲང་སྙམ་ནས། དེ་ནས་ཚེ་ དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་ལས་རས་ཡུག་ཆེན་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་བཅོམ་ ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ལེགས་སོ་ལེགས་སོ། །ངས་གནང་བ་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་ཏེ། དེ་ལྟ་བས་ན་དགེ་སློང་གིས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་ བར་རྗེས་སུ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་དང་། བསླབ་པ་ལ་གུས་པ་རྣམས་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པ་རྣམས་དང་། སྦྱངས་པའི་ཡོན་ཏན་རྣམས་དང་། མཛེས་པ་རྣམས་དང་། ཚོད་ཤེས་པ་རྣམས་ཀྱི་བསྔགས་པ་བརྗོད་ནས་ དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་ རུང་བར་མ་བྱས་པ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡང་ ཡོད། ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། །དེ་ལ་རེ་ཞིག་ཇི་ཙམ་གྱིས་ན་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་ཟིན་ལ་དགེ་འདུན་གྱིས་སྲ་བརྐྱང་མ་ཕྱུང་བ་ཡིན་ཏེ། དེ་ཙམ་གྱིས་ན་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་ བསྒྱུར་མ་ཟིན་ལ་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་ཡིན་ཏེ། དེ་ཙམ་གྱིས་ན་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་ཟིན་ཅིང་དགེ་འདུན་གྱིས་ཀྱང་སྲ་བརྐྱང་ཕྱུང་བ་ཡིན་ཏེ། དེ་ཙམ་གྱིས་ན་སྲ་བརྐྱང་ཕྱུང་ཞིང་ཆོས་གོས་ཟིན་པ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི་མཚན་མོ་བཅུའི་ མཐར་རོ། །གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ལས་ལྷག་པའོ། །རུང་བར་མ་བྱས་པ་ཞེས་བྱ་བ་ནི་བརྟག་པ་མ་བྱས་པའོ། །བཅང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་ལྔ་པ། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཚེས་ལ་གོས་རྙེད་ན་དགེ་ སློང་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན། ཉི་མ་བཅུ་ གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་ལ་གོས་མ་རྙེད་ཀྱང་ཚེས་གཉིས་སམ། ཚེས་གསུམ་མམ། ཚེས་དགུའམ། ཚེས་བཅུ་ཚུན་ཅད་ཀྱིས་གོས་རྙེད་ན་དགེ་སློང་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་ བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་གོས་ཤིག་ རྙེད་ཅིང་དེས་ཚེས་གཉིས་ལ་ཡང་གཞན་ཞིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་བྱིན་གྱིས་བརླབས་པར་བྱ་ཞིང་སྔ་མ་གཏང་བར་བྱ་བའམ། རུང་ བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་དང་ཚེས་གཉིས་ལ་མ་རྙེད་ཀྱང་ཚེས་གསུམ་ དང་ཚེས་བཅུ་ཚུན་ཅད་ཀྱིས་གོས་ཤིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་གཏང་བར་བྱ་བའམ། རུང་བར་བྱ་ བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་གོས་གཉིས་རྙེད་ན་དགེ་སློང་དེས་གོས་དེ་ གཉིས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་ལ་གོས་གཉིས་མ་རྙེད་ཀྱང་ཚེས་གཉིས་སམ། ཚེས་གསུམ་མམ། ཚེས་དགུའམ། ཚེས་བཅུ་ཚུན་ཅད་ཀྱིས་གོས་གཉིས་རྙེད་ན་དགེ་སློང་དེས་གོས་དེ་གཉིས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ་ རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་གོས་གཉིས་ཤིག་རྙེད་ ཅིང་དེས་ཚེས་གཉིས་ལ་ཡང་གོས་གཞན་གཉིས་ཤིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཉིས་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་གཉིས་བྱིན་གྱིས་བརླབ་པར་ བྱ་ཞིང་སྔ་མ་གཉིས་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་དང་ཚེས་ གཉིས་ལ་མ་རྙེད་ཀྱང་ཚེས་གསུམ་དང་ཚེས་བཅུ་ཚུན་ཅད་ཀྱིས་གོས་གཉིས་ཤིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་གཉིས་གཏོང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་གཉིས་བྱིན་གྱིས་ བརླབ་པར་བྱ་ཞིང་སྔ་མ་གཉིས་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ རོ། །དགེ་སློང་གིས་ཚེས་ལ་གོས་མང་པོ་རྙེད་ན་དགེ་སློང་དེས་གོས་དེ་དག་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་ མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་ལ་གོས་མང་པོ་མ་རྙེད་ཀྱང་ཚེས་གཉིས་སམ། ཚེས་གསུམ་མམ། ཚེས་དགུའམ། ཚེས་བཅུ་ཚུན་ཅད་ཀྱིས་གོས་མང་པོ་རྙེད་ན་དགེ་སློང་དེས་གོས་དེ་དག་ ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཚེས་ལ་གོས་མང་པོ་དག་ཅིག་རྙེད་ཅིང་དེས་ཚེས་གཉིས་ལ་ཡང་གཞན་མང་པོ་དག་ཅིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་དག་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་དག་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་དག་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་དག་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་ བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཚེས་དང་ཚེས་གཉིས་ལ་མ་རྙེད་ཀྱང་ཚེས་གསུམ་དང་ཚེས་བཅུ་ཚུན་ཅད་ཀྱིས་གོས་མང་པོ་དག་ཅིག་རྙེད་ན་དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་དག་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་ སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་ བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་ གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས་གཞན་ཞིག་རྙེད་ན་དེ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློང་ གིས་ཇི་སྲིད་དུ་སྤང་བའི་དངོས་པོ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། ། ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཆང་བའི་སྤང་བ་སྟེ་དང་པོ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། དགེ་སློང་དབྱར་གནས་པར་ཁས་བླངས་པ་གང་ཡང་རུང་བས་ཆོས་གོས་རྙེད་ནས་དེས་དེ་བཀྲུས་ཤིང་དྲས་ཏེ་དྲུབས་ནས་ཁ་བསྒྱུར་ཏེ་གཏུར་བུའི་བམ་པོ་བསྒྲེས་ནས་དགེ་སློང་གནས་པ་དང་། གཉུག་ མར་གནས་པ་རྣམས་ལ་རྗེས་སུ་གཏད་དེ། དགེ་སློང་དག་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོང་ཞིང་དེ་དག་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོང་བ་ན་མ་སྦས་པ་དང་སྦེད་དུ་མ་བཅུག་པར་གྱུར་ཏོ། །དགེ་སློང་གནས་ པ་དང་གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་སྐེམས་པ་དང་། བསང་བ་དང་། འདིང་བ་དང་། སྤྲུག་པ་དང་། བརྟུལ་བ་དང་། སྦེད་པ་དག་བྱེད་པས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་རྣམས་ལ་ཆོས་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། དགེ་སློང་དབྱར་གནས་པར་ཁས་བླངས་པ་གང་ཡང་རུང་བས་ཆོས་གོས་རྙེད་ནས་དེས་དེ་བཀྲུས་ཤིང་དྲས་ཏེ་དྲུབས་ ནས་ཁ་བསྒྱུར་ཏེ་གཏུར་བུའི་བམ་པོ་བསྒྲེས་ནས་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ལ་རྗེས་སུ་གཏད་དེ། དགེ་སློང་དག་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོང་ཞིང་དེ་དག་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ ལྗོངས་རྒྱུར་འདོང་པ་ན་མ་སྦས་པ་དང་སྦེད་དུ་མ་བཅུག་པར་གྱུར། དགེ་སློང་གནས་པ་དང་གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་སྐེམས་པ་དང་། བསང་བ་དང་། འདིང་བ་དང་། སྤྲུག་པ་དང་། བརྟུལ་བ་དང་། སྦེད་པ་དག་བྱེད་པས་བྱ་བ་མང་བ་དང་། བྱེད་པ་མང་ བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་ སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མང་པོ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ལ་ཆོས་གོས་མང་བ་ཉིད་འདི་ལྟ་བུ་བྱུང་སྟེ། དགེ་སློང་དབྱར་གནས་པར་ཁས་བླངས་པ་གང་ཡང་རུང་བས་ཆོས་གོས་རྙེད་ནས་དེས་དེ་བཀྲུས་ཤིང་དྲས་ ཏེ་དྲུབས་ནས་ཁ་བསྒྱུར་ཏེ་གཏུར་བུའི་བམ་པོ་བསྒྲེས་ནས་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ལ་རྗེས་སུ་གཏད་དེ། དགེ་སློང་དག་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོང་ཞིང་ཁྱེད་ཅག་ཆོས་གོས་སྟོད་གཡོགས་སྨད་ གཡོགས་དང་བཅས་པས་ལྗོངས་རྒྱུར་འདོང་བ་ན་མ་སྦས་པ་དང་། སྦེད་དུ་མ་བཅུག་པར་གྱུར་ལ། དགེ་སློང་གནས་པ་དང་གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་སྐེམས་པ་དང་། གསང་བ་དང་། འདིང་བ་དང་། སྤྲུག་པ་དང་། བརྟུལ་བ་དང་། སྦེད་པ་དག་བྱེད་ པས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་དཀའ་བ་ དང་། དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསོ་སླ་བ་དང་། དགང་སླ་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ཕྲི་བ་དང་། ཡོ་བྱད་བསྙུངས་པ་དང་། སྦྱངས་ པའི་ཡོན་ཏན་དང་། མཛེས་པ་ཉིད་དང་། ཚོད་ཤེས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་ དུ་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ འོད་སྲུང་ཆེན་པོ་རྒྱལ་པོའི་ཁབ་ན་སྡེ་ཅན་མའི་ཕུག་ན་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་དགེ་འདུན་དང་མཐུན་པར་འདུག་གོ། །དགེ་སློང་རབ་ཏུ་མང་པོ་དག་དེ་ཉིད་ཀྱི་གསོ་སྦྱོང་བཅྭ་ལྔ་པའི་ཚེ་གསོ་སྦྱོང་གི་གནས་སུ་འདུག་ཅིང་མཐུན་པར་གྱུར་ནས་གཙོ་ཆེར་ཚེ་དང་ལྡན་པ་འོད་སྲུང་ཆེན་ པོ་འོང་བ་ལ་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་གསོ་སྦྱོང་གི་གནས་སུ་འཕགས་པ་ན་ཆུ་ཀླུང་དབྱར་བཟང་ལྡན་རྒལ་བ་དང་ཆུ་རླབས་ཆེན་པོ་བྱུང་བ་དེས་དེའི་སྣམ་སྦྱར་གཤེར་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྣམ་སྦྱར་དེ་འཚིར་བ་དང་། འདིང་བ་དང་། སྐེམས་པ་ན་ཡུན་རིང་དུ་ཐོགས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྣམ་སྦྱར་དེ་བཙིར་ཅིང་བཏིང་སྟེ་བསྐམས་ནས་གསོ་སྦྱོང་གི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་ གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཆེན་པོ་མཁྱེན་པར་མཛོད་ཅིག །འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་གསོ་སྦྱོང་གི་གནས་སུ་འདུག་ཅིང་མཐུན་པར་གྱུར་ནས་གཙོ་ཆེར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་སྡོད་ཅིང་འཁོད་ན། འོན་ ཀྱང་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཕྱིས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་འདི་ན་བདག་གསོ་སྦྱོང་གི་གནས་སུ་འཕགས་པ་ན་ཆུ་ཀླུང་དབྱར་བཟང་ལྡན་རྒལ་བ་དང་ཆུ་རླབས་ཆེན་པོ་བྱུང་བ་དེས་བདག་གི་སྣམ་སྦྱར་གཤེར་བར་གྱུར་ནས། བདག་སྣམ་སྦྱར་འཚིར་བ་དང་། འདིང་བ་ དང་། སྐེམས་པ་ན་ཡུན་རིང་ཞིག་ཐོགས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་ད་ལྟར་བདག་དགེ་སློང་འོད་སྲུང་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ་བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ན། བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ་ དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འོད་སྲུང་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་ གནང་བ་བྱིན་ཅིག །འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དཀྱིལ་འཁོར་བར་དགེ་སློང་བཞིའི་ཚོགས་ལས་མི་ཉུང་བའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ དགེ་སློང་འོད་སྲུང་གིས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་བཞིན་དུ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ་བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། བདག་དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། ཐུགས་ བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་འོག་ཏུ་དགེ་སློང་གཅིག་ གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུང་འདི་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་ པ་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་ བའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུང་འདི་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་འོད་སྲུང་རྒན་ པོ་རྒས་པ་དགོག་ཏུ་གྱུར་པ་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འོད་སྲུང་རྒན་པོ་རྒས་པ་དགོག་ཏུ་ གྱུར་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་གང་ཡང་རུང་བ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་པར་གྱུར་ན་དེས་ཆོས་གོས་སྟོད་གཡོགས་སྨད་གཡོགས་ དང་བཅས་པས་ལྗོངས་རྒྱུར་འགྲོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་དེ་ཉིད་དུ་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ད་ལྟར་བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ ཅན་ལགས་ལ། བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ན་བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ཤཱ་རིའི་ བུ་རླུང་ནད་ཅན་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་ཅིག །འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དཀྱིལ་འཁོར་བར་དགེ་སློང་ བཞིའི་ཚོགས་ལས་མི་ཉུང་བའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་ཤཱ་རིའི་བུས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་བཞིན་དུ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་འདུན་ལ་སྣམ་སྦྱར་ཉེ་བར་ བསྟན་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལགས་ལ་བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་དགེ་འདུན་ལས་སྣམ་ སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་ འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདི་དགེ་འདུན་ལས་ སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་ བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ་འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོག་ནས། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདི་དགེ་འདུན་ལས་སྣམ་སྦྱར་དང་ འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་ གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་གང་ཡང་རུང་བ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་པར་གྱུར་ན། དེས་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་ བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་ཀྱི་བསྔགས་པ་བརྗོད་ཅིང་བསླབ་པ་ལ་གུས་པ་རྣམས་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པ་རྣམས་དང་། ཕྲི་བ་རྣམས་དང་། སྦྱངས་པའི་ཡོན་ཏན་རྣམས་དང་། མཛེས་པ་རྣམས་དང་། ཚོད་ ཤེས་པ་རྣམས་ཀྱི་ཡོན་ཏན་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་ སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ ཞེས་བྱ་བ་ནི་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དེ། སྔ་མ་བཞིན་དུ་མུ་བཞིར་རྒྱས་པར་སྦྱར་རོ། །གལ་ཏེ་ནུབ་གཅིག་ ཀྱང་ཞེས་བྱ་བ་ནི་ནུབ་གཅིག་གི་མཐར་ཡང་ངོ་། །ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་ལས་གང་ཡང་རུང་བ་དང་ངོ་། །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་ནི་གཞན་དུ་སྐྱ་རེངས་འཆར་བར་བྱེད་ནའོ། ། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ ན།། །།བར་སྡོམ་ལ། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང་། །ཁྱིམ་གྱི་ཚོགས་དང་ལྡན་པ་དང་། །རྩིག་པ་རིབ་མ་འོབས་བསྐོར་དང་། །རྣམ་བཞིར་བྱ་བ་གྲོང་དང་ཁྱིམ། །སྟེན་འགྲོ་མུ་སྟེགས་ཚོང་རྡལ་དང་། །ཚོང་ཁང་སྒྲ་ཁང་གཡུལ་དང་ནི། །གཡུལ་ཚོམས་གྲུ་ དང་ཤིང་རྟ་དང་། །ཤིང་ལྗོན་ཀུན་དགའི་ར་བ་ཡིན། །ལམ་དུ་འགྲོ་སྡོད་འདུག་ཉལ་དང་། །ཐད་ཀར་ཡང་ནི་དེ་བཞིན་ཏེ། །མཚམས་གཞན་ཉལ་བ་ཐ་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཁྱིམ་གཅིག་དང་ལྡན་པའི་གྲོང་དང་། ཁྱིམ་གཉིས་དང་ལྡན་པའི་གྲོང་ དང་། ཁྱིམ་གྱི་ཚོགས་དང་ལྡན་པའི་གྲོང་དང་། རྩིག་པས་བསྐོར་བའི་གྲོང་དང་། རིབ་མས་བསྐོར་བའི་གྲོང་དང་། འོབས་ཀྱིས་བསྐོར་བའི་གྲོང་དང་རྣམ་པ་བཞིར་བྱ་བ་གྲོང་ཉེན་ཀོར་གཅིག་པ་དང་། གྲོང་ཉེན་ཀོར་ཐ་དད་པ་དང་། གྲོང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་ དང་། གྲོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཁྱིམ་ཉེན་ཀོར་གཅིག་པ་དང་། ཁྱིམ་ཉེན་ཀོར་ཐ་དད་པ་དང་། ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། སྟེན་འགྲོའི་ཁྱིམ་ཉེན་ཀོར་གཅིག་པ་དང་། སྟེན་འགྲོའི་ཁྱིམ་ཉེན་ ཀོར་ཐ་དད་པ་དང་། སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་གཅིག་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་ཐ་དད་པ་དང་། མུ་སྟེགས་ཅན་གྱི་ ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཚོང་རྡལ་ཉེན་ཀོར་གཅིག་པ་དང་། ཚོང་རྡལ་ཉེན་ཀོར་ཐ་དད་པ་དང་། ཚོང་རྡལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། ཚོང་རྡལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་ དང་། ཚོང་ཁང་ཉེན་ཀོར་གཅིག་པ་དང་། ཚོང་ཁང་ཉེན་ཀོར་ཐ་དད་པ་དང་། ཚོང་ཁང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། ཚོང་ཁང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། སྒྲ་ཁང་ཉེན་ཀོར་གཅིག་པ་དང་། སྒྲ་ཁང་ཉེན་ཀོར་ཐ་དད་པ་དང་། སྒྲ་ཁང་རབ་ཏུ་མང་པོ་ཉེན་ཀོར་ གཅིག་པ་དང་། སྒྲ་ཁང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། གཡུལ་ཉེན་ཀོར་གཅིག་པ་དང་། གཡུལ་ཉེན་ཀོར་ཐ་དད་པ་དང་། གཡུལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། གཡུལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། གཡུལ་གྱི་ཚོམས་ཉེན་ཀོར་གཅིག་པ་ དང་། གཡུལ་གྱི་ཚོམས་ཉེན་ཀོར་ཐ་དད་པ་དང་། གཡུལ་གྱི་ཚོམས་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། གཡུལ་གྱི་ཚོམས་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། གྲུ་ཉེན་ཀོར་གཅིག་པ་དང་། གྲུ་ཉེན་ཀོར་ཐ་དད་པ་དང་། གྲུ་རབ་ཏུ་མང་པོ་ཉེན་ཀོར་གཅིག་ པ་དང་། གྲུ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཤིང་རྟ་ཉེན་ཀོར་གཅིག་པ་དང་། ཤིང་རྟ་ཉེན་ཀོར་ཐ་དད་པ་དང་། ཤིང་རྟ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། ཤིང་རྟ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཤིང་ལྗོན་པ་ཉེན་ཀོར་གཅིག་པ་དང་། ཤིང་ལྗོན་ པ་ཉེན་ཀོར་ཐ་དད་པ་དང་། ཤིང་ལྗོན་པ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། ཤིང་ལྗོན་པ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཀུན་དགའི་ར་བ་ཉེན་ཀོར་གཅིག་པ་དང་། ཀུན་དགའི་ར་བ་ཉེན་ཀོར་ཐ་དད་པ་དང་། ཀུན་དགའི་ར་བ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་ དང་། ཀུན་དགའི་ར་བ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ལམ་དུ་འགྲོ་བ་ལ་སོགས་པ་དང་། ཐད་ཀར་འགྲོ་བ་ལ་སོགས་པ་དང་། མཚམས་གཞན་དག་གི་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་དགེ་སློང་ཆོས་གོས་དང་མི་འབྲལ་བ་དང་འབྲལ་བའི་ལྟུང་བ་ རྣམ་པར་བཞག་པའི་བྱེ་བྲག་རྒྱ་ཆེར་སྟོན་ཏོ། །དེ་ལ་ཁྱིམ་གཅིག་དང་ལྡན་པའི་གྲོང་གང་ཞེ་ན། འདི་ལྟ་སྟེ། རི་ཁྲོད་པ་རྣམས་དང་། བོད་རྣམས་དང་། ཀླ་ཀློ་རྣམས་ཀྱི་གྲོང་ངོ་། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་ རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། འཆའ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་དེ་ནི་དེའི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་གཉིས་དང་ལྡན་པའི་གྲོང་གང་ཞེ་ན། འདི་ ལྟ་སྟེ། ཁྱིམ་གཅིག་དང་ལྡན་པའི་གྲོང་ཇི་ལྟ་བ་བཞིན་དུ། ཁྱིམ་གཉིས་དང་ལྡན་པའི་གྲོང་ཡང་དེ་བཞིན་ནོ། །ཁྱིམ་གྱི་ཚོགས་དང་ལྡན་པའི་གྲོང་གང་ཞེ་ན། འདི་ལྟ་སྟེ། གྲོང་སྒོ་སྣ་ཚོགས་ནས་ཀུན་ནས་གནས་པ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་ དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །རྩིག་པས་བསྐོར་བའི་གྲོང་གང་ཞེ་ན། འདི་ལྟ་སྟེ་གྲོང་རྩིག་པས་བསྐོར་བ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མ་ ཅན་གྱིས་ཁྱབ་ཅིང་འདུག་པ་དང་། བྱ་གག་སྤར་ནས་འདུག་པའི་བར་དེ་ནི་དེའི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རིབ་མས་བསྐོར་བའི་གྲོང་གང་ཞེ་ན། འདི་ལྟ་སྟེ། གྲོང་རིབ་མས་བསྐོར་བ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་ར་ལུག་བཏོན་པ་དག་གི་རྨིག་པས་བསླང་བའི་རྡུལ་འབབ་པ་དང་། མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་བཤང་སར་འགྲོ་བའི་བར་དེ་ནི་དེའི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འོབས་ཀྱིས་བསྐོར་ བའི་གྲོང་གང་ཞེ་ན། འདི་ལྟ་སྟེ་གྲོང་འོབས་ཀྱིས་བསྐོར་བ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་སྐས་གདང་བུ་བཅུ་གཉིས་པས་ཁྱབ་ཅིང་འདུག་པ་དང་། ཕྱག་དར་བོར་བའི་བོང་བ་རགས་པ་འདྲིལ་བའི་བར་དེ་ནི་དེའི་ཉེན་ཀོར་ཡིན་ ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ། ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་ བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གྲོང་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་གང་ན་སྐྱེད་མོས་ཚལ་ལམ་འདུན་སའམ། ལྷའི་གནས་གཅིག་ཡོད་པ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ལྷའི་ གནས་སོ། །དགེ་སློང་གིས་གྲོང་དུ་ཆོས་གོས་དག་བཞག་སྟེ་ལྷའི་གནས་སུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ལྷའི་གནས་སུ་ཆོས་གོས་དག་བཞག་སྟེ་གྲོང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །གྲོང་ངམ་ལྷའི་གནས་སུ་ཆོས་གོས་དག་བཞག་སྟེ་ གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གྲོང་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་རབ་ཏུ་མང་པོ་དག་ཡོད་པ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །གྲོང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་གང་དག་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་གཅིག་ཡོད་པ་གང་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ ཞིག་ཐུན་མོང་ཡིན་ཞེ་ན། ལྷའི་གནས་སོ། །དགེ་སློང་གིས་གྲོང་དུ་ཆོས་གོས་དག་བཞག་སྟེ་ལྷའི་གནས་སུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ལྷའི་གནས་སུ་ཆོས་གོས་དག་བཞག་སྟེ་གྲོང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །གྲོང་ངམ་ལྷའི་གནས་ སུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གྲོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་གང་དག་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་རབ་ཏུ་མང་པོ་དག་ཡོད་པ་གང་ཡིན་པའོ། ། དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཁྱིམ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་མ་ཕྱེ་བ་དག་གི་ཁྱིམ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། འཆའ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་དེ་ནི་དེའི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་ དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། ཁྱིམ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བ་དག་གི་ཁྱིམ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོའོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་སྒོར་སྐྱ་ རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །སྒོར་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་སྒོར་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་ གང་ཞེ་ན། འདི་ལྟ་སྟེ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཁྱིམ་རབ་ཏུ་མང་པོ་དག་གང་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་ པ་དང་། འཆའ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་དེ་ནི་དེ་དག་གི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་ བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བ་དག་ནི་ཁྱིམ་རབ་ཏུ་མང་པོ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །སྟེན་འགྲོའི་ཁྱིམ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་ དག་གི་སྟེན་འགྲོའི་ཁྱིམ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་གི་གླིང་བུ་འཇོག་པར་བྱེད་པ་དང་། རྔ་པ་ཊ་ཧ་དང་། པི་བང་དང་། རྫ་རྔ་ཁ་གཅིག་པ་དང་། ཁར་རྔ་དང་། སུ་གྷོ་ཥ་ཀ་འཇོག་པར་བྱེད་པ་དང་། མོང་ཕང་དང་ཕང་ལོ་འཇོག་པར་བྱེད་པ་དང་། གང་དུ་རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། འཆའ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་དེ་ནི་དེའི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་ གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་ འགྱུར་རོ། །སྟེན་འགྲོའི་ཁྱིམ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ་མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བ་དག་གི་སྟེན་འགྲོའི་ཁྱིམ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། རྒྱལ་མཚན་གྱི་ཤིང་ངོ་། །དགེ་ སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་རྒྱལ་མཚན་གྱི་ཤིང་ལ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །རྒྱལ་མཚན་གྱི་ཤིང་ལ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་རྒྱལ་མཚན་གྱི་ཤིང་ལ་ཆོས་གོས་དག་བཞག་སྟེ་ གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ ཞེ་ན། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་གི་གླིང་བུ་འཇོག་པར་བྱེད་པ་དང་། རྔ་པ་ཊ་ཧ་དང་། པི་བང་དང་། རྫ་རྔ་ཁ་གཅིག་པ་དང་། ཁར་རྔ་དང་། སུ་གྷོ་ཥ་ཀ་འཇོག་པར་བྱེད་པ་དང་། མོང་ཕང་དང་། ཕང་ལོ་འཇོག་པར་བྱེད་པ་དང་། གང་དུ་རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། འཆའ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། འཐུང་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་དེ་ནི་དེ་དག་གི་ཉེན་ཀོར་ཡིན་ནོ། །དགེ་སློང་གིས་ནང་དུ་ཆོས་གོས་དག་བཞག་སྟེ་ཉེན་ཀོར་དུ་སྐྱ་རེངས་ འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྟེ