Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 006_འདུལ་བ།_ཆ

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
ེ་འདུན་གྱི་ནང་དུ་གཤེགས་པར་མཛོད་

ཅིག་ཅེས་བསྒོ་བར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་གིས་ཕྱི་དེ་ཉིན་པར་གནས་མལ་བཤམ་པ་བྱས་ཏེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ཀྱང་རང་རང་གི་
ལྷུང་བཟེད་དག་བྱིན་གྱིས་བརླབས་པ་ཕྱུང་ཞིང་ཐོགས་ཏེ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་གིས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ལྷུང་བཟེད་འབྲེལ་པ་མེད་པ་ཐོགས་ཏེ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་
ནས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ལགས་ཀྱིས་གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་འབྲེལ་པ་མེད་པའི་བསྔགས་པ་བརྗོད་དེ་དབུལ་
བར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་གལ་ཏེ་འདོད་ན་བླང་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་དེ་བླངས་ན་དགེ་འདུན་གྱི་གནས་བརྟན་གྱི་ལྷུང་བཟེད་གང་ཡིན་པ་དེ་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གནས་བརྟན་གཉིས་པའི་ལྷུང་བཟེད་གང་ཡིན་
པ་དེ་གནས་བརྟན་གསུམ་པ་ལ་དབུལ་བར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་དགེ་འདུན་གྱི་སར་བུ་ལ་དབུལ་བའི་བར་དུ་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་བླངས་ན་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གལ་ཏེ་གནས་བརྟན་གཉིས་
པས་མ་བླངས་ན་གནས་བརྟན་གསུམ་པ་ལ་དབུལ་བར་བྱའོ། །གལ་ཏེ་གནས་བརྟན་གསུམ་པས་མ་བླངས་ན་དགེ་འདུན་གྱི་གནས་བརྟན་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང་བརྗོད་པ་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གནས་
བརྟན་གྱི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གསུམ་པས་མ་བླངས་ན་གསར་བུ་གཉིས་པ་ལ་དབུལ་བར་བྱའོ། །གལ་ཏེ་གསར་བུ་གཉིས་པས་མ་བླངས་ན་གསར་བུ་ལ་དབུལ་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གསར་བུས་

བླངས་པ་ན་གསར་བུ་གསུམ་པ་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང་། བརྗོད་པ་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གསར་བུ་གསུམ་པས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པའི་བར་དུ་བྱའོ། །དགེ་སློང་
གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱའོ། །ལྷུང་བཟེད་འབྲེལ་
པ་མེད་པ་འབྲིམ་པའི་དགེ་སློང་གིས་ཀུན་ཏུ་སྤྱད་པར་བྱ་བའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ངས་ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གི་ཀུན་ཏུ་སྤྱད་པར་བྱ་བའི་ཆོས་དག་བཅའ་བར་བྱ་སྟེ་ལྷུང་བཟེད་འབྲེལ་པ་མེད་པ་
འཆང་བའི་དགེ་སློང་གིས་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་གཞག་པར་བྱ་ཞིང་དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །དེས་ལྷུང་བཟེད་གཉི་ག་ཐོགས་ཏེ་བསོད་སྙོམས་ལ་འཇུག་པར་བྱ་ཞིང་
གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་པ་མེད་པས་བླང་བར་བྱའོ། །གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ལྷུང་བཟེད་བྱིན་གྱིས་བརླབས་པས་བླང་བར་བྱའོ། །གཙུག་ལག་ཁང་དུ་འོངས་ནས་དཀྱིལ་འཁོར་བྱས་ཏེ་ལྷུང་བཟེད་འབྲེལ་པ་མེད་པ་མདུན་དུ་བཞག་ནས་ལྷུང་བཟེད་བྱིན་གྱིས་བརླབས་
པར་བཟའ་བར་བྱའོ། །ཟོས་ཟིན་ནས་བྱི་དོར་དང་། ཁ་ཟས་འབགས་པའི་དྲིལ་ཕྱི་བྱ་བ་ཡང་དང་པོར་ལྷུང་བཟེད་འབྲེལ་པ་མེད་པ་ལ་བྱ་ཞིང་། དེའི་འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབས་པ་ལ་བྱའོ། །བཀྲུ་བ་དང་། བསྐམ་པ་དང་། ལྕི་བས་བྲུད་པ་ལ་ཡང་དེ་བཞིན་དུ་བྱའོ། །གལ་ཏེ་ལྷུང་བཟེད་
ཀྱི་ངོས་ཁུང་གཉིས་ཡོད་ན་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་གཅིག་ཡོད་ལ་གལ་ཏེ་ཤོད་བཟང་ན་ཤོད་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། ངོས་ཁུང་དུ་

ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་བཟང་ན་ངོས་ཁུང་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཤོད་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །ལྷུང་བཟེད་ཀྱི་ལས་བྱེད་པ་ན་གལ་ཏེ་རྫ་བོ་གཉིས་ཡོད་ན་རྫ་བོ་བཟང་
པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་བསྲེག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྲེག་པར་བྱའོ། །གལ་ཏེ་རྫ་བོ་གཅིག་ཡོད་ན་གལ་ཏེ་འོག་མ་ལེགས་པར་ཚོས་པར་འགྱུར་ན་འོག་ཏུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། སྟེང་དུ་ལྷུང་བཟེད་བྱིན་
གྱིས་བརླབས་པ་གཞག་པར་བྱའོ། །གལ་ཏེ་སྟེང་དུ་བཞག་པ་ལེགས་པར་ཚོས་པར་འགྱུར་ན་སྟེང་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་བྱ་ཞིང་། འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །ལམ་དུ་འགྲོ་བ་ན་ལྷུང་བཟེད་ཀྱི་སྣོད་གཉིས་བསྐུར་བར་བྱ་སྟེ། དེ་ལ་བཟང་པོ་གང་
ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང་། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ཁུར་ཚ་བ་འགའ་ཞིག་ཡོད་ན་དེ་ལ་ལྷུང་བཟེད་འབྲེལ་པ་མེད་པ་བསྐུར་བར་བྱ་ཞིང་། བདག་ཉིད་ཀྱིས་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྐུར་བར་བྱའོ། །
གལ་ཏེ་ཁུར་ཚ་བ་འགའ་ཡང་མེད་ན་ཕྲག་པ་གཡོན་པས་ལྷུང་བཟེད་འབྲེལ་པ་མེད་པ་བསྐུར་བར་བྱ་ཞིང་། ཕྲག་པ་གཡས་པས་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྐུར་བར་བྱའོ། །འདི་ནི་རེ་ཞིག་ཆད་པའི་ལས་ཡིན་ཏེ་ཚུལ་ཁྲིམས་ཡང་དག་པར་རྗེས་སུ་སྲུང་བས་ཇི་སྲིད་འཚོའི་བར་དུ་སྤྱད་པར་བྱའོ། །
ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གིས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།
དགེ་སློང་གི་ལྷུང་བཟེད་ཆག་ཀྱང་ལྷན་པ་གཅིག་གིས་གླན་པར་འོས་ཤིང་མ་གླན་ལ་སྤྱད་བཟོད་པ་ཡིན་ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་

བཟེད་ཆག་ཀྱང་ལྷན་པ་གཉིས་ཀྱིས་གླན་པར་འོས་ཤིང་མ་གླན་ལ་སྤྱད་བཟོད་པ་ཡིན་ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཀྱང་
ལྷན་པ་གསུམ་གྱིས་གླན་པར་འོས་ཤིང་མ་གླན་ལ་སྤྱད་བཟོད་པ་ཡིན་ན། དེ་ལ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཀྱང་ལྷན་པ་བཞིས་
གླན་པར་འོས་ཤིང་མ་གླན་ལ་སྤྱད་བཟོད་པ་ཡིན་ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཀྱང་ལྷན་པ་གཅིག་གིས་གླན་
པར་འོས་ཤིང་གླན་ལ་སྤྱད་བཟོད་པ་ཡིན་ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཀྱང་ལྷན་པ་གཉིས་ཀྱིས་གླན་པར་འོས་
ཤིང་གླན་ལ་སྤྱད་བཟོད་པ་ཡིན་ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཀྱང་ལྷན་པ་གསུམ་གྱིས་གླན་པར་འོས་ཤིང་གླན་ལ་
སྤྱད་བཟོད་པ་ཡིན་ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཀྱང་ལྷན་པ་བཞིས་གླན་པར་འོས་ཤིང་གླན་ལ་སྤྱད་བཟོད་པ་ཡིན་
ན། དེ་ལྷུང་བཟེད་སྤྱད་བཟོད་པ་དེ་ཡོད་བཞིན་དུ་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ལྷུང་བཟེད་ཆག་ཅིང་ལྷན་པ་ལྔས་གླན་པར་འོས་པ་ཡིན་ན་དེ་དེས་གླན་ཀྱང་རུང་། མ་གླན་ཀྱང་རུང་།

སྤྱད་བཟོད་ཀྱང་རུང་། སྤྱད་མི་བཟོད་ཀྱང་རུང་། ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ན་དེ་ཚོལ་བ་ལ་ཡང་ལྟུང་བ་མེད་ལ། ཐོབ་ན་ཡང་ལྟུང་བ་མེད་དོ། །རིན་གྱིས་ལེན་པ་དང་། བརྗེ་བས་ལེན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་
འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ལྷུང་བཟེད་ཚོལ་བའི་སྤང་བ་སྟེ་ཉི་ཤུ་གཉིས་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
ཉེ་དགའས་བསམས་པ། འདི་དག་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམས་པས་ཕྱིན་ཆད་རས་ཡུག་ཕྲན་སྦོམ་པོ་གཅིག་གི་རིན་ཡང་གང་ལས་ཀྱང་བསླང་བར་མི་ནུས་ཀྱིས། སོང་སྟེ་བལྟས་ལ་གལ་ཏེ་ལ་ལ་ལས་བསླང་བར་ནུས་ཀྱང་
སྲིད་དོ་སྙམ་ནས་དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་ཤར་སྒོ་ནས་བསོད་སྙོམས་ལ་ཞུགས་པ་དང་། སྐྱེད་མོས་ཚལ་ཞིག་ན་ཡུགས་ས་མོ་ལྔ་བརྒྱ་ཙམ་དོག་པ་འཁལ་ཞིང་འཁོད་པ་དེ་དག་དེས་མཐོང་ནས་བསམས་པ། འདི་དག་ནི་
ལས་བདག་གིར་བྱ་བ་དང་ལྡན་པ་དག་གཅིག་སྟེ། ཉིན་མཚན་དུ་ཐོང་གཤོལ་དཀར་པོ་སྤྱོད་ཀྱང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྒྱུར་དཔྱ་འཇལ་བར་མི་བྱེད་པ་དག་ཡིན་ནོ་སྙམ་ནས་དེས་དེ་དག་ལ་སྨྲས་པ། སྲིང་མོ་དག་ཨ་རོག་གྱ། ཨ་རོག་གྱ། དེ་དག་ཅང་མི་སྨྲ་བར་
འཁོད་པ་དང་དེས་དེ་དག་ལ་སྨྲས་པ། སྲིང་མོ་དག་སྐྱེ་བོ་མང་པོ་མི་འདོད་པ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོ་ལ་མི་སྡུག་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་འཇིག་རྟེན་ཐམས་ཅད་དང་ཐུན་མོང་བ་འདི་ལྟ་སྟེ། འཆི་བ་ཞེས་བྱ་བའི་ཆོས་དེ་འོང་བར་འགྱུར་
བས་ཁྱེད་ཅག་དེའི་ཚེ་ཚིག་སྨྲར་ནི་དང་པོ་ཉིད་ནས་མི་ནུས་པར་འགྱུར་རོ། །དེ་ན་གཞོན་ནུ་མ་བསོད་ནམས་འདོད་པ་ཅིག་འདུག་པ་དེས་སྟན་ལས་ལངས་ཏེ་ཉེ་དགའི་སྟན་བཏིང་བ་དང་། ཉེ་དགའ་དེ་ལ་འདུག་ནས་དེས་ཉེ་དགའི་རྐང་པ་ལ་ཕྱག་འཚལ་ཏེ་མདུན་དུ་འདུག་གོ། །ཉེ་དགའས་དེ་

དག་ལ་སྨྲས་པ། སྲིང་མོ་དག་ཁྱེད་ཅག་ལ་དགེ་བའི་ཆོས་ཡང་དག་པར་བླངས་ཏེ་འཇུག་པར་བྱ་བ་ཅུང་ཟད་ཡོད་དམ། འཕགས་པ་ཅི་ཡང་མ་མཆིས་སོ། །སྲིང་མོ་དག་མ་ལེགས་སོ། །བུ་མོ་འདིས་ནི་རེ་ཞིག་དགེ་བའི་ཆོས་གཉིས་བྱས་ཤིང་བསགས་ཏེ། འདིས་ཁོ་བོ་ལ་སེམས་
མངོན་པར་དད་པར་བྱས་པ་གང་ཡིན་པ་དེས་ནི་འདིས་ཕྱུག་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ། །འདིས་ཁོ་བོ་ལ་མངོན་དུ་ལྡང་བ་བྱས་ཤིང་སྟན་བཏིང་བ་དང་། ཕྱག་བྱས་པ་གང་ཡིན་པ་དེས་ནི་འདིས་རིགས་མཐོན་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ། །
གལ་ཏེ་ཅུང་ཟད་སྦྱིན་པར་བྱེད་ན་དེ་ནི་འདིའི་ལོངས་སྤྱོད་ཆེན་པོར་འགྱུར་བ་ཡིན་ནོ། །སྲིང་མོ་དག་ཁྱེད་ཅག་གི་འཚོ་ཚིས་དག་ག་ལས་འབྱུང་། འཕགས་པ་སྒྱུར་བ་འདི་ཉིད་ལས་སོ། །གོས་དག་ག་ལས་འབྱུང་། སྒྱུར་བ་འདི་ཉིད་ལས་སོ། །ཁྱེད་ཅག་གིས་འཇིག་རྟེན་ཕ་རོལ་
ཏུ་འགྲོ་བའི་ལམ་རྒྱགས་ཅུང་ཟད་ཁྱེར་བ་ཡོད་དམ། འཕགས་པ་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་སོ་སྲིང་མོ་དག་མ་ལེགས་སོ་མ་ལེགས་སོ། །འཕགས་པ་སུ་ལ་ཐུགས་ངན་མཛད། ཁྱེད་ཅག་ལ་སྟེ། ཁྱེད་ཅག་འཇིག་རྟེན་ཕ་རོལ་ནས་ཀྱང་བཅོམ་ཞིང་འདིར་འོངས་
ལ། འདི་ནས་བཅོམ་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་བྱེད་དོ། །འཕགས་པ་གང་གིས་བདག་ཅག་གིས་འཇིག་རྟེན་ཕ་རོལ་ཏུ་མཆི་བའི་ཤུལ་རྒྱགས་ཅུང་ཟད་བསྐུར་བའི་ཐབས་ཅི་མཆིས། སྲིང་མོ་དག་གལ་ཏེ་ཁྱེད་ཀྱིས་དགེ་སྦྱོང་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་
བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་དང་། གྲོལ་བའི་སྤོབས་པ་དང་ལྡན་པ་གང་ཡིན་པ་དེ་ལ་རས་ཡུག་ཆེན་བསྐོན་ན་དེས་ཁྱེད་ཅག་གིས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ལམ་རྒྱགས་མང་པོ་ཁྱེར་བར་འགྱུར་རོ། །འཕགས་པ་བདག་ཅག་གིས་དགེ་སློང་
དེ་ལྟ་བུ་ག་ལས་རྙེད། སྲིང་མོ་དག་ཁྱེད་ཀྱིས་ཁོ་བོ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་ཡིན་པར་མི་ཤེས་སམ། འཕགས་པ་བདག་ཅག་ལ་རས་ཡུག་ཆེན་གྱི་འབྱོར་པ་ག་ལས་མཆིས། སྲིང་

མོ་དག་ཁྱེད་ཀྱིས། བསོད་ནམས་ཆུང་ཡང་བརྙས་མི་བྱ། །དེ་ནི་བདག་ལ་མི་འོང་མིན། །ཆུ་ཡི་ཐིགས་པ་འཛག་པ་ཡིས། །སྣོད་ཆེན་གང་བར་འགྱུར་བ་བཞིན། །བརྟན་པ་རྣམས་ཀྱིས་བསོད་ནམས་ནི། །ཅུང་ཟད་ཅུང་ཟད་བསགས་ན་རྫོགས། །ཞེས་བྱ་བ་དེ་མི་ཤེས་སམ། ཁྱེད་ཀྱིས་
རེ་ཞིག་དོག་པ་སྲང་གཅིག་སྦྱིན་ནུས་སམ། རྔོ་ཐོག་གོ། །གཞན་ཞིག་གིས་སྨྲས་པ། བདག་གིས་ཀྱང་སྲང་བྱེད་དབུལ་ལོ། །གཞན་ཞིག་གིས་ཀྱང་སྨྲས་པ། བདག་གིས་ཀྱང་སྲང་གི་བཞི་ཆ་ཅིག་དབུལ་ལོ། །དེ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་ཤས་ཤས་ཀྱིས་དབུལ་བར་
ཁས་བླངས་སོ། །ཉེ་དགའས་སྨྲས་པ། སྲིང་མོ་དག་དོག་པ་ཕྲ་མོ་དག་བྱིན་ཅིག །འཕགས་པ་བདག་ཅག་ཐམས་ཅད་ནི་སྦོམ་པོ་འཁལ་བ་དག་ལགས་སོ། །བདག་ཅག་གི་ནང་ན་བདེ་གནས་མ་ཞིག་ནི་ཕྲ་མོར་འཁལ་ལོ། །སྲིང་མོ་དག་དེ་ཇེ་བོས་ཤིག །དེ་དག་གིས་དེ་
བོས་པ་དང་། ཉེ་དགའས་དེ་ལ་སྨྲས་པ། བུ་མོ་ཇེ་དོག་པ་ཕྲར་ཁོལ་ཅིག །དེས་ཕྲར་བཀལ་བ་དང་། ཉེ་དགའས་སྨྲས་པ། བུ་མོ་དེ་བས་ཀྱང་ཕྲར་ཁོལ་ཅིག །དེས་དེ་བས་ཀྱང་ཕྲར་བཀལ་བ་དང་། ཉེ་དགའས་ཡང་དང་ཡང་དུ་བུ་མོ་དེ་བས་ཀྱང་ཕྲར་ཁོལ་ཅིག་ཅེས་སྨྲས་
པ་དང་། དེས་སྨྲས་པ། འཕགས་པ་འདི་ལས་ཕྲ་བར་ནི་རྔོ་མི་ཐོག་གོ། །ཉེ་དགའས་དེ་དག་ལ་སྨྲས་པ། སྲིང་མོ་དག་ཁྱེད་ཅག་ཐམས་ཅད་ཀྱིས་དོག་པ་འདི་འདྲ་བ་ཤ་སྟག་བྱིན་ཅིག །འཕགས་པ་བདག་ཅག་གིས་དོག་པ་འདི་འདྲ་བ་འཁལ་དུ་རྔོ་མི་ཐོག་གོ། །བུ་མོ་
འདིས་ཀྱང་མི་ནུས་སམ་ཅི། ཁྱེད་ཅག་གིས་འདིའི་དོན་དུ་འཁོལ་ལ་འདི་ཁྱེད་ཅག་གི་དོན་དུ་འཁལ་དུ་ཆུག་ཤིག །འཕགས་པ་གལ་ཏེ་བཏུབ་ནའོ། ཉེ་དགའས་དེ་ལ་སྨྲས་པ། བུ་མོ་གྱིས་ཤིག་དང་ཁྱོད་ལ་བསོད་ནམས་སུ་འགྱུར་རོ། །འཕགས་པ་དོག་པ་འདི་ནི་ཕྲ་བདར་ཆེ་བ་ལགས་
པས་ཡུན་རིང་མོས་བཀལ་འཚལ་གྱིས་ཧ་ཅང་ངོས་དྲག་ཏུ་མ་མཛད་པར་དུས་འདི་ཙམ་ན་སྤྱོན་ཅིག །ཉེ་དགའས་དེ་ལ་ཨ་རོག་གྱ་ཞེས་སྨྲས་ནས་སྟན་ལས་ལངས་ཏེ་སོང་ངོ་། །བདེ་གནས་མ་དེས་དུས་དེ་སྲིད་ཀྱིས་དོག་པ་བཀལ་ནས་དེ་གཞན་དག་གི་གན་དུ་སོང་སྟེ་ཐམས་ཅད་འདུས་ནས་དོག་པ་

དེ་ཉེ་དགའ་ལ་ཕུལ་ལོ། །ཉེ་དགའས་དེ་དག་ལ་ཨ་རོག་གྱ་སྦྱིན་པ་འདིས་ཁྱེད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་གོས་དག་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ་། །དེ་ནས་ཉེ་དགའས་
དོག་པ་དེ་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས། དེས་དགེ་སློང་རྣམས་ལ་དོག་པ་དེ་བསྟན་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་དོག་པ་ཅི་འདྲ་ལྟོས། གནས་བརྟན་དོག་པ་བཟང་ངོ་། །གནས་བརྟན་གྱིས་གང་རས་ཡུག་ཆེན་འཐག་པར་འགྱུར་བའི་ཐ་ག་པ་འགའ་བཙལ་བ་མཆིས་
སམ། ཚེ་དང་ལྡན་པ་དག་ཅི་ཁྱེད་ཀྱིས་ཉེ་དགའ་ཟིལ་གྱིས་གནོན་ཏམ། གལ་ཏེ་ཉེ་དགའ་རབ་ཏུ་མ་བྱུང་དུ་ཟིན་ན་ཉེ་དགའ་རང་ཉིད་འཐག་པར་འགྱུར་རོ། །གནས་བརྟན་བདག་ཅག་གིས་གནས་བརྟན་གལ་ཟིལ་གྱིས་གནོན། འདི་ལྟར་ར་བ་ག་གེ་མོའི་དྲུང་ན་ཐ་ག་པ་སྤྱི་ཅེར་ཁྱོ་ཤུག་མཆིས་ཏེ།
གལ་ཏེ་དེས་དོག་པ་འདི་རྙེད་དུ་ལགས་ན་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་འགྲུབ་པར་འགྱུར་རོ། །བུ་དག་ཨ་རོག་གྱ་དོན་གྱིས་ན་ཁྱེད་ཀྱིས་ཁོ་བོའི་རས་ཡུག་ཆེན་འཐག་ཏུ་བཅུག་གོ་ཞེས་དེས་དོག་པ་དེ་ཁྱེར་ཏེ་ཐ་ག་པ་དེའི་ཁྱིམ་དུ་སོང་བ་དང་། དེས་ཐ་ག་པ་དེ་ཐག་རིང་པོ་ཁོ་ན་ནས་མཐོང་
ནས་ཚིགས་སུ་བཅད་པ་སྨྲས་པ། མཁས་པ་རིང་ནས་རབ་སྣང་བ། །གངས་དང་ལྡན་པའི་རི་བོ་བཞིན། །མི་མཁས་རབ་ཏུ་མི་སྣང་བ། །མུན་པའི་ནང་དུ་མདའ་འཕངས་བཞིན། །བཞིན་བཟངས་ཁྱོད་ཀྱི་གྲགས་པས་མཉན་ཡོད་ཐམས་ཅད་གང་བར་གྱུར་པ་ནི་ཁྱོད་ཀྱིས་
རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །དོག་པ་འདི་ཅི་འདྲ་ཇེ་ལྟོས་ཤིག །འཕགས་པ་དོག་པ་བཟང་ངོ་། །དོག་པ་ནི་འདི་ལགས་ལ་ཐག་པ་ནི་བདག་ལགས་ན་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་དུ་འགྱུར་རོ། །བཞིན་བཟངས་ཐོགས་ཤིག །འཕགས་པ་བདག་ལ་
ཐགས་གླ་སུས་སྩོལ་བར་འགྱུར། བཞིན་བཟངས་ཁྱོད་རྟག་པ་ཉིད་དུ་ཐགས་གླས་མི་ངོམས་སམ། འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ལམ་རྒྱགས་ཀྱང་བསྐུར་བར་གྱིས་ཤིག །དེ་ལ་ཆུང་མས་སྨྲས་པ། རྗེའི་སྲས་འདིས་ཐག་རིང་པོ་ཁོ་ན་ནས་བདག་ཅག་གཉིས་ཀྱི་བསྔགས་པ་

བརྗོད་ཀྱིས་འདིའི་རས་ཡུག་ཆེན་ཐོགས་ཤིག །འཕགས་པ་དོག་པ་འདི་ཕྲ་བདར་ཆེ་བ་ལགས་ཀྱིས་ཡུན་འདི་ཙམ་ན་སྤྱོན་ཅིག །ཉེ་དགའས་ཨ་རོག་གྱ་ཞེས་སྨྲས་ཏེ་སོང་ངོ་། །ཐ་ག་པ་དེས་རས་ཡུག་ཆེན་དེ་དུས་དེ་ཙམ་གྱིས་བཏགས་སོ། །ཉེ་དགའས་
ཡང་དུས་དེ་ཙམ་གྱིས་དེར་སོང་བ་དང་ཐ་ག་པ་དེས་དེ་ལ་རས་ཡུག་ཆེན་དེ་ཕུལ་ལོ། །ཉེ་དགའས་དེ་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས་དེས་དགེ་སློང་རྣམས་ལ་རས་ཡུག་ཆེན་དེ་བསྟན་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་རས་ཡུག་ཆེན་ཅི་འདྲ་ལྟོས། གནས་བརྟན་
རས་ཡུག་ཆེན་བཟང་ངོ་། །འདི་ལྟར་གང་ལ་འདི་ལྟ་བུ་གཉིས་པ་ཡང་མཆིས་པ་དེ་ནི་སར་པ་ལས་སྣམ་སྦྱར་ཉི་རིམ་དུ་བགྱིས་ཏེ་དགེ་བའི་ཕྱོགས་ལ་སྙིང་ལས་ཆུང་ངུས་ཏྲོན་བགྱིད་པར་འགྱུར་རོ། །ཚེ་དང་ལྡན་པ་དག་ཅི་ཁྱོད་ཀྱི་སྙིང་ལམ་ན་ཉེ་དགའས་རས་ཡུག་ཆེན་འདི་འདྲ་བ་
གཉིས་སྦྱོར་དུ་འཇུད་མི་ནུས་སྙམ་མམ། ཇི་ལྟར་སྦྱོར་དུ་འཇུད་པ་ལྟོས་ཤིག །དེ་ནས་ཉེ་དགའ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་ནུབ་སྒོ་ནས་བསོད་སྙོམས་ལ་ཞུགས་པ་དང་། སྐྱེད་མོས་ཚལ་ཞིག་ན་ཡུགས་ས་མོ་ལྔ་བརྒྱ་ཙམ་དོག་པ་
འཁལ་ཞིང་འཁོད་པ་དེ་དག་དེས་མཐོང་ནས་བསམས་པ། འདི་དག་ནི་ལས་བདག་གིར་བྱ་བ་དང་ལྡན་པ་དག་ཅིག་སྟེ། ཉིན་མཚན་དུ་ཐོང་གཤོལ་དཀར་པོ་སྤྱོད་ཀྱང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྒྱུར་དཔྱ་འཇལ་བར་མི་བྱེད་པ་དག་ཡིན་ནོ་སྙམ་ནས་དེས་དེ་དག་
ལ་སྨྲས་པ། སྲིང་མོ་དག་ཨ་རོག་གྱ་ཨ་རོག་གྱ། དེ་དག་ཅང་མི་སྨྲ་བར་འཁོད་པ་དང་དེས་དེ་དག་ལ་སྨྲས་པ། སྲིང་མོ་དག་སྐྱེ་བོ་མང་པོ་མི་འདོད་པ་དང་སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོ་ལ་མི་སྡུག་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་འཇིག་རྟེན་ཐམས་ཅད་
དང་ཐུན་མོང་པ་འདི་ལྟ་སྟེ། འཆི་བ་ཞེས་བྱ་བའི་ཆོས་དེ་འོང་བར་འགྱུར་བས་ཁྱེད་ཅག་དེའི་ཚེ་ཚིག་སྨྲར་ནི་དང་པོ་ཉིད་ནས་མི་ནུས་པར་འགྱུར་རོ། །དེ་ན་གཞོན་ནུ་མ་བསོད་ནམས་འདོད་པ་ཅིག་འདུག་པ་དེས་སྟན་ལས་ལངས་ཏེ་ཉེ་དགའི་སྟན་བཏིང་བ་དང་ཉེ་དགའ་དེ་ལ་འདུག་ནས་

དེས་ཉེ་དགའི་རྐང་པ་ལ་ཕྱག་འཚལ་ཏེ་མདུན་དུ་འདུག་གོ། །ཉེ་དགའས་དེ་དག་ལ་སྨྲས་པ། སྲིང་མོ་དག་ཁྱེད་ཅག་ལ་དགེ་བའི་ཆོས་ཡང་དག་པར་བླངས་ཏེ་འཇུག་པར་བྱ་བ་ཅུང་ཟད་ཡོད་དམ། འཕགས་པ་ཅི་ཡང་མ་མཆིས་སོ། །སྲིང་མོ་དག་མ་ལེགས་སོ། །བུ་མོ་འདིས་ནི་རེ་ཞིག་
དགེ་བའི་ཆོས་གཉིས་བྱས་ཤིང་བསགས་ཏེ། འདིས་ཁོ་བོ་ལ་སེམས་མངོན་པར་དད་པར་བྱས་པ་གང་ཡིན་པ་དེས་ནི་འདིས་ཕྱུག་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ། །འདིས་ཁོ་བོ་ལ་མངོན་དུ་ལྡང་བ་བྱས་ཤིང་སྟན་བཏིང་བ་དང་ཕྱག་བྱས་པ་གང་ཡིན་པ་དེས་ནི་འདིས་
རིགས་མཐོན་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ། །གལ་ཏེ་ཅུང་ཟད་སྦྱིན་པར་བྱེད་ན་དེ་ནི་འདིའི་ལོངས་སྤྱོད་ཆེན་པོར་འགྱུར་བ་ཡིན་ནོ། །སྲིང་མོ་དག་ཁྱེད་ཅག་གི་འཚོ་ཚིས་དག་ག་ལས་འབྱུང་འཕགས་པ་སྒྱུར་བ་འདི་ཉིད་ལས་སོ། །གོས་དག་ག་ལས་འབྱུང་། སྒྱུར་
བ་འདི་ཉིད་ལས་སོ། །ཁྱེད་ཅག་གིས་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ལམ་རྒྱགས་ཅུང་ཟད་ཁྱེར་བ་ཡོད་དམ། འཕགས་པ་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མ་མཆིས་སོ། །སྲིང་མོ་དག་མ་ལེགས་སོ་མ་ལེགས་སོ། །འཕགས་པ་སུ་ལ་ཐུགས་ངན་མཛད། ཁྱེད་ཅག་ལ་སྟེ།
ཁྱེད་ཅག་འཇིག་རྟེན་ཕ་རོལ་ནས་ཀྱང་བཅོམ་ཞིང་འདིར་འོངས་ལ། འདི་ནས་ཀྱང་བཅོམ་བཞིན་དུ་འཇིག་རྟེན་ཕ་རོལ་དུ་འགྲོ་བར་བྱེད་དོ། །འཕགས་པ་གང་གིས་བདག་ཅག་གིས་འཇིག་རྟེན་ཕ་རོལ་དུ་མཆི་བའི་ཤུལ་རྒྱགས་ཅུང་ཟད་བསྐུར་བའི་ཐབས་ཅི་མཆིས། སྲིང་མོ་དག་
གལ་ཏེ་ཁྱེད་ཀྱིས་དགེ་སློང་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་གང་ཡིན་པ་དེ་ལ་རས་ཡུག་ཆེན་བསྐོན་ན་དེས་ཁྱེད་ཅག་གིས་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ལམ་རྒྱགས་མང་པོ་ཁྱེར་བར་འགྱུར་
རོ། །འཕགས་པ་བདག་ཅག་གིས་དགེ་སློང་དེ་ལྟ་བུ་ག་ལས་རྙེད། སྲིང་མོ་དག་ཁྱེད་ཀྱིས་ཁོ་བོ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་ཡིན་པར་མི་ཤེས་སམ། འཕགས་པ་བདག་ཅག་ལ་

རས་ཡུག་ཆེན་གྱི་འབྱོར་པ་ག་ལས་མཆིས། སྲིང་མོ་དག་ཁྱེད་ཀྱིས། བསོད་ནམས་ཆུང་ཡང་བརྙས་མི་བྱ། །དེ་ནི་བདག་ལ་མི་འོང་མིན། །ཆུ་ཡི་ཐིགས་པ་འཛག་པ་ཡིས། །སྣོད་ཆེན་གང་བར་འགྱུར་བ་བཞིན། །བརྟན་པ་རྣམས་ཀྱིས་བསོད་
ནམས་ནི། །ཅུང་ཟད་ཅུང་ཟད་བསགས་ན་རྫོགས། །ཞེས་བྱ་བ་དེ་མི་ཤེས་སམ། ཁྱེད་ཀྱིས་རེ་ཞིག་དོག་པ་སྲང་གཅིག་སྦྱིན་ནུས་སམ། རྔོརྡོ་ཐོག་གོ། །གཞན་ཞིག་གིས་སྨྲས་པ། བདག་གིས་ཀྱང་སྲང་ཕྱེད་དབུལ་ལོ། །གཞན་ཞིག་གིས་ཀྱང་སྨྲས་པ། བདག་གིས་
ཀྱང་སྲང་གི་བཞི་ཆ་ཅིག་དབུལ་ལོ། །དེ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་ཤས་ཤས་ཀྱིས་དབུལ་བར་ཁས་བླངས་སོ། །ཉེ་དགའས་སྨྲས་པ། སྲིང་མོ་དག་དོག་པ་ཕྲ་མོ་དག་བྱིན་ཅིག །འཕགས་པ་བདག་ཅག་ཐམས་ཅད་ནི་སྦོམ་པོ་འཁལ་བདག་ལགས་སོ། །བདག་ཅག་
གི་ནང་ན་བདེ་གནས་མ་ཞིག་ནི་ཕྲ་མོར་འཁལ་ལོ། །སྲིང་མོ་དག་དེ་ཇེ་བོས་ཤིག །དེ་དག་གིས་དེ་བོས་པ་དང་ཉེ་དགའས་དེ་ལ་སྨྲས་པ། བུ་མོ་ཇེ་དོག་པ་ཕྲར་འཁོལ་ཅིག །དེས་ཕྲར་བཀལ་བ་དང་ཉེ་དགའས་སྨྲས་པ། བུ་མོ་དེ་བས་ཀྱང་ཕྲར་འཁོལ་ཅིག །དེས་དེ་བས་ཀྱང་
ཕྲར་བཀལ་བ་དང་། ཉེ་དགའས་ཡང་དང་ཡང་དུ་བུ་མོ་དེ་བས་ཀྱང་ཕྲར་འཁོལ་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། འཕགས་པ་འདི་ལས་ཕྲ་བར་ནི་རྔོ་མི་ཐོག་གོ། །ཉེ་དགའས་དེ་དག་ལ་སྨྲས་པ། སྲིང་མོ་དག་ཁྱེད་ཅག་ཐམས་ཅད་ཀྱིས་དོག་པ་འདི་འདྲ་བ་ཤ་སྟག་བྱིན་ཅིག །
འཕགས་པ་བདག་ཅག་གིས་དོག་པ་འདི་འདྲ་བ་འཁལ་དུ་རྔོ་མི་ཐོག་གོ། །བུ་མོ་འདིས་ཀྱང་མི་ནུས་སམ་ཅི་ཁྱེད་ཅག་གིས་འདིའི་དོན་དུ་འཁོལ་ལ། འདི་ཁྱེད་ཅག་གི་དོན་དུ་འཁལ་དུ་ཆུག་ཤིག །འཕགས་པ་གལ་ཏེ་བཏུབ་ནའོ། །ཉེ་དགའས་དེ་ལ་སྨྲས་པ། བུ་མོ་གྱིས་ཤིག་
དང་ཁྱོད་ལ་བསོད་ནམས་སུ་འགྱུར་རོ། །འཕགས་པ་དོག་པ་འདི་ནི་ཕྲ་བདར་ཆེ་བ་ལགས་པས་ཡུན་རིང་མོས་བཀལ་འཚལ་གྱིས་ཧ་ཅང་ངོས་དྲག་པར་མ་མཛད་པར་དུས་འདི་ཙམ་ན་སྤྱོན་ཅིག །ཉེ་དགའས་དེ་ལ་ཨ་རོག་གྱ་ཞེས་སྨྲས་ནས་སྟན་ལས་ལངས་ཏེ་སོང་ངོ་། །བདེ་གནས་

མ་དེས་དུས་དེ་སྲིད་ཀྱིས་དོག་པ་བཀལ་ནས་དེ་གཞན་དག་གི་གན་དུ་སོང་སྟེ་ཐམས་ཅད་འདུས་ནས་དོག་པ་དེ་ཉེ་དགའ་ལ་ཕུལ་ལོ། །ཉེ་དགའས་དེ་དག་ལ་ཨ་རོག་གྱ། སྦྱིན་པ་འདིས་ཁྱེད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་
གྱི་མཆོག་ཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་གོས་དག་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ་། །དེ་ནས་ཉེ་དགའས་དོག་པ་དེ་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས་དེས་དགེ་སློང་རྣམས་ལ་དོག་པ་དེ་བསྟན་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོའི་དོག་པ་འདི་ཅི་འདྲ་ལྟོས།
གནས་བརྟན་དོག་པ་བཟང་ངོ་། །གནས་བརྟན་གྱིས་གང་རས་ཡུག་ཆེན་འཐག་པར་འགྱུར་བའི་ཐ་ག་པ་འགའ་བཙལ་བ་མཆིས་སམ། ཚེ་དང་ལྡན་པ་དག་ཅི་ཁྱེད་ཀྱིས་ཉེ་དགའ་ཟིལ་གྱིས་གནོན་ཏམ། གལ་ཏེ་ཉེ་དགའ་རབ་ཏུ་མ་བྱུང་དུ་ཟིན་ན་ཉེ་དགའ་རང་ཉིད་འཐག་པར་འགྱུར་
རོ། །གནས་བརྟན་བདག་ཅག་གིས་གནས་བརྟན་གལ་ཟིལ་གྱིས་གནོན། འདི་ལྟར་ར་བ་ག་གེ་མོའི་དྲུང་ན་ཐ་ག་པ་སྤྱི་ཅེར་ཁྱོ་ཤུག་མཆིས་ཏེ། གལ་ཏེ་དེས་དོག་པ་འདི་རྙེད་དུ་ལགས་ན་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་འགྲུབ་པར་འགྱུར་རོ། །བུ་དག་ཨ་རོག་གྱ་དེ་དོན་གྱིས་ན་
ཁྱེད་ཀྱིས་ཁོ་བོའི་རས་ཡུག་ཆེན་འཐག་ཏུ་བཅུག་གོ་ཞེས་དེས་དོག་པ་དེ་ཁྱེར་ཏེ་ཐ་ག་པ་དེའི་ཁྱིམ་དུ་སོང་བ་དང་། དེས་ཐ་ག་པ་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་ཚིགས་སུ་བཅད་པ་སྨྲས་པ། མཁས་པ་རིང་ནས་རབ་སྣང་བ། །གངས་དང་ལྡན་པའི་རི་བོ་བཞིན། །མི་མཁས་
རབ་ཏུ་མི་སྣང་བ། །མུན་པའི་ནང་དུ་མདའ་འཕངས་བཞིན། །བཞིན་བཟངས་ཁྱོད་ཀྱི་གྲགས་པས་མཉན་ཡོད་ཐམས་ཅད་གང་བར་གྱུར་པ་ནི་ཁྱེད་ཀྱིས་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །དོག་པ་འདི་ཅི་འདྲ་ཇེ་ལྟོས་ཤིག །འཕགས་པ་དོག་པ་བཟང་ངོ་། །དོག་པ་ནི་འདི་
ལགས་ལ་ཐ་ག་པ་ནི་བདག་ལགས་ན་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་དུ་འགྱུར་རོ། །བཞིན་བཟངས་འདི་ཡང་ཐོགས་ཤིག །འཕགས་པ་བདག་ལ་ཐགས་གླ་སུས་སྩལ་བར་འགྱུར། བཞིན་བཟངས་ཁྱོད་རྟག་པ་ཉིད་དུ་ཐགས་གླས་མི་ངོམས་སམ། འཇིག་རྟེན་ཕ་རོལ་

དུ་འགྲོ་བའི་ལམ་རྒྱགས་ཀྱང་བསྐུར་བར་གྱིས་ཤིག །འཕགས་པ་རས་ཡུག་ཆེན་སྔ་མ་དེ་འཐག་པ་ན་བདག་གིས་བུ་ལོན་གང་དག་བླངས་པ་དེ་དག་ཀྱང་ད་དུང་མ་འཁོར་རོ། །དེས་ཆུང་མའི་གདོང་དུ་བལྟ་བར་བརྩམས་པ་དང་། ཆུང་མས་སྨྲས་པ།
འཕགས་པ་གལ་ཏེ་འདི་འཚལ་ཡང་བདག་ནི་མི་འཚལ་ལོ། །ཉེ་དགའས་སྤྱོས་ཏེ་སྨྲས་པ། ཀྭའི་ཐ་ག་པ་སྤྱི་ཅེར་ཉོན་ཅིག །ཁོ་བོས་གལ་ཏེ་ཁྱོད་རས་ཡུག་ཆེན་འདི་འཐག་ཏུ་མ་བཅུག་ན་སྤྱི་ཅེར་གྱི་མགོ་འདིས་མནའ་འདོར་རོ། །ཐ་ག་པ་དེས་ཀྱང་སྤྱོས་ཏེ་སྨྲས་པ། ཀྭའི་དགེ་སྦྱོང་
མགོ་རེག་ཉོན་ཅིག །ཁོ་བོ་གལ་ཏེ་ཁྱོད་ཀྱི་རས་ཡུག་ཆེན་འཐག་ན་མགོ་རེག་གི་མགོ་འདིས་མནའ་འདོར་རོ། །ཉེ་དགའས་སྤྱོས་ཏེ་སོང་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་གི་ཡིད་བརྟེན་པ་ཆེ་བ་ཞེས་བྱ་བ་ཉེ་དགའི་མཛའ་བོ་ཞིག་ཡོད་དེ། ཉེ་དགའ་དེའི་
སྡུམ་པར་སོང་སྟེ། གཡོག་འཁོར་དག་ལ་སྨྲས་པ། ཀྱེ་ནང་རྗེ་དག་ཆེ་བ་གར་སོང་། དེ་དག་གིས་སྨྲས་པ། འཕགས་པ་སྲང་དུ་མཆིས་སོ། །ཉེ་དགའ་དེ་འོང་བའི་སྲང་དུ་སོང་བ་དང་། ཆེ་བ་ཆང་འཚོང་བའི་ཚོང་རྡལ་ཞིག་ཏུ་ཞུགས་སོ། །ཉེ་དགའ་ཚོང་རྡལ་དེའི་སྒོར་བསྡད་
དེ་ཆེ་བ་ལ་ཉེ་དགའ་སྒོ་ན་སྡོད་ཀྱིས་ཕྱིར་བྱུང་ཤིག་ཅེས་ཕྲིན་སྤྲིང་བ་དང་། ཆེ་བ་ཕྱིར་བྱུང་ནས་སྨྲས་པ། བཙུན་པ་ཉེ་དགའ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཉེ་དགའས་སྨྲས་པ། ཆེ་བ་ཁོ་བོས་ཀོ་ཁྱོད་རྒྱལ་པོའི་བྱ་བ་དང་། རྒྱལ་པོའི་བྱེད་པ་དག་ལ་བརྩོན་པར་གྱུར་
སྙམ་དུ་བསམས་ཀྱིས། ཁོ་བོས་ཁྱོད་འདི་ལྟར་ཆང་འཚོང་བའི་ཁྱིམ་ནས་ཆང་འཚོང་བའི་ཁྱིམ་དུ་འཕྱན་པར་ནི་མ་བསམས་སོ། །འཕགས་པ་བདག་རྒྱལ་པོའི་དགོས་པས་འདིར་ཞུགས་སོ། །བཙུན་པ་ཉེ་དགའ་བྱོན་པའི་དགོས་པ་ཅི་མཆིས། ཆེ་བ་དོག་པ་ཅུང་ཞིག་རྙེད་
པ་འདིས་རེ་ཞིག་རས་ཡུག་ཆེན་འཐག་ཏུ་ཆུག་ཤིག །བདག་གིས་བཙུན་པ་ཉེ་དགའ་ལ་རས་ཡུག་ཆེན་ཉིད་དབུལ་ལོ། །དེ་ཡང་བསྐུར་ན་ཅི་དད་པས་སྦྱིན་པར་བྱ་བ་འདི་དོར་བར་བྱའམ། ཆེ་བས་མི་ཞིག་ལ་བསྒོ་བ། ཀྱེ་ནང་རྗེ་ཐ་ག་པའི་སྣ་བོའི་གན་དུ་སོང་ལ་འཕགས་

པ་ཉེ་དགའི་རས་ཡུག་ཆེན་འདི་ཐོགས་ལ་ཕུལ་ཅིག་ཅེས་གྱིས་ཤིག །ཉེ་དགའས་སྨྲས་པ། འདི་ཐ་ག་པའི་སྣ་བོ་འཐག་ཏུ་མ་གཞུག་པར་འདི་ལྟར་ར་བ་ག་གེ་མོ་ཞིག་གི་དྲུང་ན་ཐ་ག་པ་སྤྱི་ཅེར་ཁྱོ་ཤུག་འདུག་པ་དེས་འདི་བཏག་པར་བྱའོ། །ཆེ་བས་མི་དེ་ལ་སྨྲས་པ། ཀྱེ་ནང་
རྗེ་ཐ་ག་པ་སྤྱི་ཅེར་དེའི་གན་དུ་སོང་ལ་འདི་སྐད་ཅེས་ཆེ་བ་ན་རེ་འདི་ཐོགས་ལ་བྱིན་ཅིག་ཅེས་ཟེར་རོ་ཞེས་གྱིས་ཤིག །མི་དེས་དོག་པ་དེ་ཁྱེར་ཏེ་ཐ་ག་པ་སྤྱི་ཅེར་གྱི་གན་དུ་སོང་སྟེ་སྨྲས་པ། ཀྱེ་སྤྱི་ཅེར་ཆེ་བའི་ཞལ་ནས་འདི་ཐོགས་ལ་བྱིན་ཅིག་ཅེས་གསུང་ངོ་། །སྤྱི་ཅེར་གྱིས་དོག་པ་
དེ་ངོ་ཤེས་ནས་དེས་སྨྲས་པ། བདག་གིས་རེས་འཁོར་རོ། །མི་དེ་སོང་སྟེ་ཆེ་བ་ལ་སྨྲས་པ། ཐ་ག་པ་སྤྱི་ཅེར་གྱི་མཆིད་ནས་བདག་གི་རེས་འཁོར་རོ་ཞེས་མཆིའོ། །ཆེ་བས་སྨྲས་པ། ཀྱེ་ནང་རྗེ་སྤྱི་ཅེར་གྱི་གན་དུ་སོང་ལ་འདི་སྐད་ཅེས་རེས་གཞན་བྱེད་དུ་མི་གཞུག་གོ་ཞེས་
གྱིས་ཤིག །མི་དེ་སོང་སྟེ་སྨྲས་པ། ཀྱེ་སྤྱི་ཅེར་ཆེ་བའི་ཞལ་ནས་རེས་གཞན་བྱེད་དུ་མི་གཞུག་གོ་ཞེས་གསུང་ངོ་། །སྤྱི་ཅེར་གྱིས་སྨྲས་པ། ཀྱེ་ནང་རྗེ་ཆེ་བ་མཉན་ཡོད་དུ་དབང་བྱེད་ན་ཁོ་བོ་མཉན་ཡོད་དུ་མི་གནས་པར་ཟད་མོད། ཁོ་བོ་སྐལ་བ་མ་ཡིན་པའི་ལས་མི་བྱེད་དོ། །
མི་དེ་ཆེ་བའི་གན་དུ་སོང་སྟེ་སྨྲས་པ། སྤྱི་ཅེར་གྱི་མཆིད་ནས་ཆེ་བ་མཉན་ཡོད་དུ་དབང་བྱེད་ན་ཁོ་བོ་མཉན་ཡོད་དུ་མི་གནས་པར་ཟད་མོད། ཁོ་བོ་སྐལ་བ་མ་ཡིན་པའི་ལས་མི་བྱེད་དོ་ཞེས་མཆིའོ། །ཆེ་བས་སྨྲས་པ། ཀྱེ་ནང་རྗེ་ཐ་ག་པའི་སྣ་བོའི་གན་དུ་སོང་ལ་དོག་པ་འདི་
ལས་རས་ཡུག་ཆེན་ཐོགས་ཤིག་ཅེས་བགྱི་ཤིག །ཉེ་དགའས་སྨྲས་པ། འདི་ཐ་ག་པའི་སྣ་བོས་བཏག་པར་མི་བྱ་བར་འདི་ལྟར་ཐ་ག་པ་སྤྱི་ཅེར་གྱིས་བཏག་པར་བྱའོ། །ཆེ་བས་མི་དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཐ་ག་པ་སྤྱི་ཅེར་གྱི་གན་དུ་སོང་ལ། ཆེ་བ་ན་རེ་སྐོམ་ཟོང་སྦྱིན་གྱིས་
རས་ཡུག་ཆེན་ཐོགས་ཤིག་ཅེས་ཟེར་རོ་ཞེས་གྱིས་ཤིག །དེ་འཕགས་པ་ཉེ་དགའས་དེ་ལ་སྨྲས་པ། བཀྲེན་པ་ཁྱོད་སུ་ཞིག་གིས་རྒྱལ་པོའི་མིར་བཞག །ཁྱོད་ལྕག་རྒོད་མང་པོས་བརྡབས་ཏེ་ས་དང་ཤིང་དག་སྐྱེད་དུ་གཞུག་པར་བྱ་བ་ཡིན་ནོ། །ཐ་ག་པ་སྤྱི་ཅེར་གྱི་གན་དུ་

སོང་སྟེ་འདི་སྐད་ཅེས་ཆེ་བའི་ཞལ་ནས་རས་ཡུག་ཆེན་ཐོགས་ཤིག་ཅེས་བྱུང་ངོ་། །ཞེས་ཟེར་མི་ནུས་སམ། གལ་ཏེ་མི་འཐག་གོ་ཞེས་ཟེར་ན་ཐོར་ཏོ་དག་ནས་བཟུང་སྟེ་ཁུག་ལ་ཁུ་ཚུར་གྱིས་གཏོགས་ཤིག་གལ་ཏེ་ངུ་ན་ཐགས་མི་མཐུན་པར་དྲིལ་ཅིག །གལ་ཏེ་
དེའི་ཆུང་མ་ངུ་ན་ལན་བུ་ནས་བཟུང་སྟེ་དྲང་བར་བྱ་ཞིང་། ཁྱེད་གཉིས་ཀྱིས་ཆེ་བའི་མཆིད་བཅག་པས་ཁྱེད་གཉིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་གཞལ་དགོས་པའི་གྱོད་ལ་བསྒྲིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟ་ན་ཁོ་བོའི་རས་ཡུག་ཆེན་ཡང་འགྲུབ་
པར་འགྱུར་ལ་ཁྱོད་ཀྱིས་ཀྱང་གསུག་མང་པོ་འཐོབ་པར་འགྱུར་རོ། །དེ་སོང་སྟེ་སྨྲས་པ། ཆེ་བའི་ཞལ་ནས་སྐོམ་ཟོང་སྦྱིན་གྱིས་རས་ཡུག་ཆེན་ཐོགས་ཤིག་ཅེས་བྱུང་ངོ་། །སྤྱི་ཅེར་གྱིས་སྨྲས་པ། ཁོ་བོ་སྐལ་བ་མ་ཡིན་པ་འཐག་མི་ནུས་སོ། །དེས་དེའི་ཐོར་ཏོ་དག་ནས་བཟུང་
སྟེ་བཀུག་ནས་ཁུ་ཚུར་གྱིས་བཏགས་སོ། །དེས་ངུ་བར་བརྩམས་པ་དང་། དེས་དེའི་ཐགས་མི་མཐུན་པར་དྲིལ་བར་བརྩམས་སོ། །དེའི་ཆུང་མས་ངུ་བར་བརྩམས་པ་དང་། དེས་དེའི་ལན་བུ་ནས་བཟུང་སྟེ་དྲང་བར་བརྩམས་ཤིང་ཁྱེད་གཉིས་ཀྱིས་ཆེ་བའི་མཆིད་བཅག་པས་
ཁྱེད་གཉིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་གཞལ་དགོས་པའི་གྱོད་ལ་བསྒྲིན་པར་བྱས་ཚུར་ཤོག །རྒྱལ་པོའི་ཕོ་བྲང་དུ་འདོང་ངོ་ཞེས་དེས་དེ་གཉིས་ཁྲིད་དེ་འཕགས་པ་དང་། ཆུང་མས་སྤྱི་ཅེར་ལ་སྨྲས་པ། རྗེའི་སྲས་གལ་ཏེ་བདག་ཅག་གཉིས་
བཙོན་རར་བཅུག་པར་གྱུར་ན་བདག་ཅག་གཉིས་ལ་ཐར་བར་བྱེད་པ་འགའ་ཡང་མེད་པས་བཙོན་རར་གནོད་པ་དག་གིས་འཆི་བར་བྱ་དགོས་ཀྱིས་རས་ཡུག་ཆེན་འདི་ཐོགས་ཤིག །སྤྱི་ཅེར་གྱིས་སྨྲས་པ། ཀྱེ་ནང་པོ་བདག་ཅག་རྒྱལ་པོའི་ཕོ་བྲང་དུ་མ་བཀྲི་བར་དོག་པ་ཞོག་ལ་བཞུད་
ཅིག་དང་བདག་གིས་རས་ཡུག་ཆེན་ཡང་བཏག་ཅིང་ཁྱོད་ལ་ཡང་གསུག་མང་པོ་དབུལ་ལོ། །དེས་དོག་པ་བཞག་སྟེ་སོང་བ་དང་སྤྱི་ཅེར་གྱིས་ཆུང་མ་ལ་སྨྲས་པ། བཟང་མོ་རས་ཡུག་ཆེན་འདི་གང་གིས་དོག་པར་ཡང་མི་རུང་ལ་རས་ཡུག་ཆེན་དུའང་མི་རུང་བར་འགྱུར་བ་དེ་ལྟར་

བཏག་པར་བྱའོ། །ཆུང་མས་སྨྲས་པ། རྗེའི་སྲས་དེ་དགེ་སྦྱོང་ཧྲལ་པོ་དེ་ལྟ་བུ་ཡིན་པས་བདག་ཅག་གིས་རས་ཡུག་ཆེན་དེ་ལྟ་བུར་བྱས་ན་དེས་བཏང་རེ་སྐན། དེས་རས་ཡུག་ཆེན་དེ་བཏགས་ནས་དེ་རས་ཡུག་ཆེན་དེ་ཐགས་ལས་འགྲོལ་ཞིང་འདུག་པ་ན་ཉེ་དགའ་ཡང་འོངས་
ནས་ཉེ་དགའས་རས་ཡུག་ཆེན་དེ་བླངས་པ་དང་། སྤྱི་ཅེར་གྱིས་སྨྲས་པ། འཕགས་པ་བདག་ལ་སྐོམ་ཟོང་སྩོལ་ཅིག །བཀྲེན་པ་ཁོ་བོ་ཁྱོད་ཀྱི་སྐོམ་ཟོང་དབུལ་བ་ཡིན་ནམ། དུག་ཅིའི་ཕྱིར་མི་བརྒྱུད། ནུར་རྩི་ཅིའི་ཕྱིར་མི་བརྒྱུད། དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་
གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་ཁའི་ཆོས་ཅུང་ཟད་ཀྱིས་ཀྱང་འཐག་ཏུ་བཅུག་གོ། །རྒྱལ་པོའི་ཕོ་བྲང་གི་མཐུ་ཅུང་ཟད་ཀྱིས་ཀྱང་འཐག་ཏུ་བཅུག་གོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་
པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་
པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་
བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རང་གིས་བསླངས་པའི་དོག་པས་ཐ་

ག་པ་ཉེ་དུ་མ་ཡིན་པ་ལས་གོས་འཐག་ཏུ་འཇུད་ན་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གིས་བསླངས་པའི་དོག་པས་ཞེས་བྱ་བ་ནི་འདུན་པས་ལ་ལ་ལས་སྲང་
གཅིག །ལ་ལ་ལས་སྲང་ཕྱེད། ལ་ལ་ལས་ཞོ་གཉིས། ལ་ལ་ལས་ཞོ་གཅིག་བསླངས་པའི་དོག་པས་སོ། །ཐ་ག་པ་ཞེས་བྱ་བ་ནི་ཐགས་མཁན་ནོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལས་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་
ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་འཇུད་ན་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལ་བ་གང་ཡང་རུང་བའོ། །གོས་གྲུབ་ན་
ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པ་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་ཏེ་ཐ་
ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་ཏེ་ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ཉེས་
བྱས་སུ་འགྱུར་ལ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུད་པ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་ཏེ་བདག་ཉིད་ཀྱིས་འཐག་པར་བྱེད་ན། དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ་བདག་ཉིད་ཀྱིས་འཐག་པ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །
དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་ཏེ་ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུད་པ་ལ་ལྟུང་བ་མེད་དོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུད་པ་ལ་སྤང་བའི་ལྟུང་

བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་ཏེ་བདག་ཉིད་དང་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། བདག་ཉིད་ཀྱིས་འཐག་པ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུད་པ་ལ་
སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་ཏེ་བདག་ཉིད་དང་ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། བདག་ཉིད་ཀྱིས་འཐག་པ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུད་
པ་ལ་ལྟུང་བ་མེད་དོ། །དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ཏེ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ལྟུང་བ་མེད་ལ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ཏེ་
ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ལྟུང་བ་མེད་ལ། ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་པ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ཏེ་བདག་ཉིད་ཀྱིས་འཐག་པར་བྱེད་ན་དེ་སློང་བ་ལ་ལྟུང་བ་མེད་ལ་བདག་ཉིད་ཀྱིས་འཐག་པ་ལ་ཉེས་བྱས་
ཉིད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ཏེ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ལྟུང་བ་མེད་ལ། ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་པ་ལ་ཡང་ལྟུང་བ་མེད་དོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་པ་ལ་སྤང་བའི་ལྟུང་
བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ཏེ་བདག་ཉིད་དང་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ལྟུང་བ་མེད་ལ། བདག་ཉིད་ཀྱིས་འཐག་པ་ལ་ཉེས་བྱས་ཉིད་དུ་འགྱུར་རོ། །ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུད་པ་ལ་སྤང་བའི་ལྟུང་
བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ཏེ་བདག་ཉིད་དང་ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་ན་དེ་སློང་བ་ལ་ལྟུང་བ་མེད་ལ། བདག་ཉིད་ཀྱིས་འཐག་པ་ལ་ཉེས་བྱས་ཉིད་དུ་འགྱུར་རོ། །ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུད་པ་ལ་ལྟུང་བ་མེད་དོ། །གླ་རྔན་གྱིས་

འཐག་ཏུ་འཇུད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཐག་ཏུ་འཇུད་པའི་སྤང་བ་སྟེ་ཉི་ཤུ་གསུམ་པ་རྫོགས་སྷོ།། །།སངས་རྒྱས་
བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །
ཁྱིམ་བདག་དེ་དུས་གཞན་ཞིག་ན་གཞན་གྱི་ཆུང་མ་ལ་ཆགས་པར་གྱུར་ནས་དེ་ལ་ཆུང་མས་རྗེའི་སྲས་དེ་ལྟ་མ་མཛད་ཅིག་ཅེས་ཕྱིར་ཟློག་ན། ཇི་ཙམ་དུ་དེ་ཕྱིར་བཟློག་ཀྱང་མ་ལོག་པ་དེ་ཙམ་དུ་དེའི་ཆུང་མ་དེ་ཡང་སྐྱེས་པ་གཞན་དག་དང་ལྷན་ཅིག་འཁྲུལ་པ་རྩོམ་པར་བྱེད་དོ། །ཁྱིམ་
བདག་དེ་ཡང་བུད་མེད་གཞན་དག་ལ་སྦྱིན་པར་བྱེད་ལ། ཆུང་མ་དེ་ཡང་སྐྱེས་པ་གཞན་དག་ལ་སྦྱིན་པར་བྱེད་པས་དེ་ལྟར་ཁྱིམ་དེ་གཉིས་ཀ་རྒུད་པར་གྱུར་ནས་དེ་གཉིས་ལ་བུ་མོ་མངག་གཞུག་མ་ཞིག་ཡོད་ནས་ཁྱིམ་བདག་དེས་བུ་མོ་དེ་ལ་འདིས་ཁྱིམ་རྒུད་པར་བྱས་སོ་ཞེས་
ཁུ་ཚུར་དང་། ཐལ་ལྕག་དག་གིས་རྡེག་པར་བྱེད་དོ། །བུ་མོ་དེས་སྨྲས་པ། བདག་གིས་ཁྱིམ་རྒུད་པར་གྱུར་པ་འདི་ཅི་ལས་གྱུར་པ་འཚལ་མོད་ཀྱི་འོན་ཀྱང་བདག་གིས་ཇི་ལྟར་རྗེ་དག་ལ་བསྔགས་པ་མ་ལགས་པ་བརྗོད་པར་བགྱིར་རུང་། ཉེ་དགའས་དེ་ཚོར་ནས་ཁྱིམ་
བདག་དེ་དང་ཁྱིམ་བདག་གི་ཆུང་མ་དེའི་གན་དུ་སོང་སྟེ་ཅི་ནས་ཀྱང་དེ་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་ཅིང་། ཚུལ་ཁྲིམས་འཆལ་པའི་བསྔགས་པ་མ་ཡིན་པ་བརྗོད་ནས་དེས་
དེ་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །ཁྱིམ་བདག་དེ་གཏུམ་པ། བརྟུན་ངས་པ། དྲག་ཤུལ་ཆེ་བ་ཡིན་པས་ཡང་བུ་མོ་དེ་ལ་བརྡེག་པར་བརྩམས་པ་དང་། ཆུང་མས་དེ་ལ་སྨྲས་པ། རྗེའི་སྲས་གང་གི་ཚེ་

བདག་ཅག་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་མཁྱེན་པ་དེའི་ཚེ་གོ་རྡེག་པར་མཛད་མོད། ད་བདག་ཅག་དགེ་བའི་བཤེས་གཉེན་འཕགས་པ་ཉེ་དགའ་ལ་བརྟེན་ནས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པས་འདི་ལྟར་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལགས་
པས་སུ་ཞིག་སུའི་བྲན་ལགས། བུ་མོ་འདི་ལ་རྡེག་པར་མ་མཛད་ཅིག །བཟང་མོ་ཁྱོད་ཟེར་བ་མཉེས་སོ། །བུ་མོ་ཚུར་ཤོག །ཁྲུས་གྱིས་ལ་ཤོག་ཤིག །བུ་མོ་དེ་ཁྲུས་བྱས་ཏེ་འོངས་པ་དང་། དེས་དེ་ལ་གོས་ཕྲུགས་གཅིག་བསྐོན་ནས་སྨྲས་པ། བུ་མོ་དགའ་ཞིང་ལས་
བྱོས་ཤིག །བུ་མོ་དེས་བསམས་པ། ཁྱིམ་བདག་ཁྱོ་ཤུག་འདི་སྔོན་གཏུམ་པ། བརྟུན་ངས་པ། དྲག་ཤུལ་ཆེ་བ་ཡིན་ཏེ། ཡང་དང་ཡང་དུ་བདག་ལ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་ཅིང་ཟས་དང་གོས་ངན་པ་དག་སྦྱིན་པར་བྱེད་ན། ད་འདི་བདག་གི་ཕ་མ་དང་
འདྲ་བར་གྱུར་ཏོ་སྙམ་ནས། ཡང་བསམས་པ། གང་ཚུན་ཅད་ནས་འཕགས་པ་ཉེ་དགའ་ཁྱིམ་འདིར་འཇུག་པར་བརྩམས་པ་དེ་ཚུན་ཆད་ནས་ཁྱིམ་བདག་འདི་ཕ་མ་དང་འདྲ་བར་གྱུར་པས་བདག་གིས་འཕགས་པ་ཉེ་དགའ་ལ་ཅི་ཞིག་གིས་དགའ་བར་བྱ་སྙམ་ནས་དེས་བསམས་པ། གལ་
ཏེ་བདག་གིས་འདི་ལས་ཆུང་ཞིག་བརྐུས་ཏེ་དབུལ་དུ་ནི་ཁྱིམ་བདག་འདིས་བདག་བརྡེག་བཙོག་མང་པོ་བྱས་ཏེ་སྔོན་གྱི་གནས་སུ་བཞག་པར་འགྱུར་རོ་སྙམ་ནས་དེ་སྡོད་ཅིང་འདུག་གོ། །ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་བདག་དེ་ལ་སྨྲས་པ། རྗེའི་སྲས་མཁྱེན་པར་མཛོད་ཅིག །འཕགས་པ་
ཉེ་དགའ་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ཏེ། འཕགས་པ་ཉེ་དགའས་བདག་ཅག་ལས་དྲི་མ་ཅན་དང་ཕྲལ་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་དེ། ཡང་དང་ཡང་དུ་བདག་ཅག་ལ་ཆོས་ཀྱིས་སྡུད་པར་བྱེད་པས་བདག་ཅག་གིས་ཀྱང་དེ་
ལ་ཟང་ཟིང་ཅུང་ཟད་ཀྱིས་བསྡུ་བར་བགྱིའོ། །བཟང་མོ་དེ་བཞིན་བྱའོ། །རྗེའི་སྲས་བདག་གིས་དོག་པ་འཇམ་པོ་བཀལ་ཏེ། དོག་པ་དེ་ལས་ཐ་ག་པ་ཆེ་གེ་མོ་ཞིག་ལ་རས་ཡུག་ཆེན་འཐག་ཏུ་སྩལ་ཅིང་སླད་ཀྱིས་རས་ཡུག་ཆེན་བསྐོན་པར་བགྱིའོ། །ཁྱིམ་བདག་དེས་དོག་པ་དེ་ཐ་ག་

པ་ལ་བྱིན་ནས་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་དོག་པ་འདི་ལས་རས་ཡུག་ཆེན་ཐོགས་ཤིག་དང་འཕགས་པ་ཉེ་དགའ་ལ་དབུལ་བར་བའོ། །དེ་ལྟར་བྱའོ། །བུ་མོ་དེས་དེ་ཐོས་ནས་བསམས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགའ་བ་དེ་སྦྲན་
པར་བྱའོ་སྙམ་མོ། །ཉེ་དགའ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང་། བུ་མོ་དེས་ཁྱིམ་ལེགས་པར་བྱུགས་ཤིང་ཕྱག་དར་བོར་ནས།
དེས་ཉེ་དགའ་མཐོང་བ་དང་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགྱེས་པ་སྦྲན་པར་བགྱིའོ། །ཉེ་དགའས་སྨྲས་པ། བུ་མོ་ཁྱོད་ཀྱིས་ཁོ་བོ་ལ་དགའ་བ་ཅི་ཞིག་སྦྲན་པར་བྱ། ཁྱིམ་བདག་འདི་ཁྱོད་ལ་རས་ཡུག་ཆེན་འབུལ་བར་འགྱུར་རོ། །ཉེ་
དགའས་བསམས་པ། སའི་སྟེང་ན་འདོད་པའི་བདག་ཉིད་ཅན་གང་ཇི་སྙེད་ཡོད་པ་དེ་དག་དང་བདག་མཉམ་པར་དེང་བུ་མོ་འདིས་ཀྱང་འཕྲིགས་སོ་སྙམ་དུ་རིག་ནས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཅི་ཁོ་བོ་ལ་ཐོ་འཚམ་པར་བྱེད་དམ། བུ་མོས་སྨྲས་པ། བདག་ཅིའི་
སླད་དུ་འཕགས་པ་ལ་ཐོ་འཚམ་པར་བགྱིད། ཉེ་དགའས་སྨྲས་པ། བུ་མོ་གལ་ཏེ་བདེན་པར་གྱུར་ན་ནི་ངས་ཁྱོད་ལ་གཤེ་བ་དག་ལ་ཆུགས་མ་བྱའོ། །ཇི་སྟེ་བརྫུན་པར་གྱུར་ན་ནི་བརྡེག་བཙོག་མང་པོ་བྱེད་དུ་བཅུག་སྟེ་སྔོན་གྱི་གནས་ཇི་ལྟ་བར་གཞག་པར་བྱའོ། །འཕགས་པ་གལ་ཏེ་
བདག་ལ་ཐུགས་མི་ཆེས་ན་ཕྱོགས་ག་གེ་མོ་ཞིག་ན་ཐ་ག་པ་མཆིས་པ་དེར་བཞུད་ཅིག་དང་ཁྱོད་ཉིད་ཀྱིས་མཁྱེན་པར་འགྱུར་རོ། །དེ་དེར་སོང་སྟེ་ཐ་ག་པ་ལ་སྨྲས་པ། བཞིན་བཟངས་རས་ཡུག་ཆེན་འཐག་པ་འདི་སུའི་ཡིན། འཕགས་པ་བཙུན་པ་ཉེ་དགའི་ལགས་སོ། །ཁྱོད་
ཀྱིས་ཉེ་དགའ་ཤེས་སམ། མ་འཚལ་ཏོ། །དེ་ནི་ཁོ་བོ་ཡིན་ནོ། །བཞིན་བཟངས་སྲིད་དུ་འདི་ཙམ་གྱིས་སྲིངས་ཤིག །འཕགས་པ་དོག་པ་སུས་སྩོལ་བར་འགྱུར། ཁྱིམ་བདག་དེ་ཉིད་ཀྱིས་སྦྱིན་པར་འགྱུར་རོ། །ཁོ་བོས་ཀྱང་ཁྱོད་ལ་ཅུང་ཞིག་ཉེ་བར་བསྒྲུབ་པར་

བྱའོ། །ཉེ་དགའ་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན། བཙུན་མོ་ཕྲེང་ལྡན་མའི་ཁྱིམ་དུ་ཞུགས་ནས། དེས་དེའི་སྟན་བཏིང་བ་དང་། དེ་དེ་ལ་འདུག་
ནས་བཙུན་མོ་ཕྲེང་ལྡན་མས་ཉེ་དགའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེས་དེ་ལ་ཆོས་བསྟན་ནས་དེས་སྨྲས་པ། འཕགས་པ་ཅི་ལགས། དེང་སྤྱན་དྲངས་སམ། བསོད་སྙོམས་མཛད། བསོད་སྙོམས་བགྱིད་དོ། །དེས་བསམས་
པ་སུ་ཞིག་བདག་པས་བསོད་སྙོམས་ཆེས་བཟང་བ་འབུལ་བར་འགྱུར་སྙམ་ནས་དེས་དེ་ལ་ཧྭགས་ཀྱི་ལ་ཐུ་དག་གིས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །ཉེ་དགའས་དེ་དག་བླངས་ཏེ་ཐ་ག་པ་དེའི་གན་དུ་སོང་ནས་དེས་དེ་ལ་སྨྲས་པ། བཞིན་བཟངས་ཇེ་ལག་པ་གཉིས་ཟེད་ཅིག །
དེས་ལག་པ་གཉིས་བཟེད་པ་དང་། དེས་དེ་ལ་ལ་ཐུ་གཅིག་བྱིན་ནས་སྨྲས་པ། བཞིན་བཟངས་ཇེ་ཟོ་ཤིག །དེས་དེ་ཟོས་པ་དང་། དེས་དེ་ལ་སྨྲས་པ། བཞིན་བཟངས་ལ་ཐུའི་རོ་ཅི་འདྲ། འཕགས་པ་བདའོ། །ཁྱོད་ཀྱིས་སྔོན་ལན་འགའ་ལ་ཐུ་འདི་འདྲ་བ་
ཟོས་སམ། འཕགས་པ་ལན་འགའ་ཡང་མ་འཚལ་ཏོ། །ཐུ་བ་ཟེད་ཅིག །དེས་ཐུ་བ་བཟེད་པ་དང་། དེས་དེའི་ཐུ་བར་ལ་ཐུ་ཐམས་ཅད་བླུགས་ཏེ་སྨྲས་པ། བཞིན་བཟངས་ཁོ་བོའི་རས་ཡུག་ཆེན་འདི་ལེགས་པར་ཐོགས་ཤིག །ཁོ་བོས་ཁྱོད་ལ་ཕྱིས་ཀྱང་ལ་ཐུ་ཆུང་ཟད་ཉེ་
བར་བསྒྲུབ་པར་བྱས་ཞེང་དུ་འདི་ཙམ་གྱིས་སྐྱེད་ཅིག །འཕགས་པ་དོག་པ་བས་པར་གྱུར་ན་སུས་སྩོལ་བར་འགྱུར། ཁྱིམ་བདག་དེ་ཉིད་ཀྱིས་སྦྱིན་པར་འགྱུར་རོ། །དེས་རས་ཡུག་ཆེན་དེ་འཐག་པ་ན་དོག་པ་ཟད་ནས་དེ་ཁྱིམ་བདག་དེའི་གན་དུ་སོང་བ་དང་། ཇི་ཙམ་ན་ཁྱིམ་
བདག་གི་ཆུང་མ་ནི་མེད། ཁྱིམ་བདག་ནི་འདུག་ནས་ཐ་ག་པ་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་རས་ཡུག་ཆེན་དེ་བཏག་པའི་དོག་པ་ཟད་ཀྱིས་དོག་པ་བྱིན་ཅིག་ཁྱིམ་བདག་དེས་བྱིན་ཏེ་བཏང་ངོ་། །ཡང་འཐག་པ་ན་དོག་པ་ཟད་པ་ནས་དེ་ཡང་ཁྱིམ་བདག་དེའི་

གན་དུ་སོང་བ་དང་། ཇི་ཙམ་ན་ཁྱིམ་བདག་ནི་མེད་ཁྱིམ་བདག་གི་ཆུང་མ་ནི་འདུག་ནས་ཐ་ག་པ་དེས་ཁྱིམ་བདག་གི་ཆུང་མ་དེ་ལ་སྨྲས་པ། སྲུ་རས་ཡུག་ཆེན་དེ་བཏག་པའི་དོག་པ་ཟད་ཀྱིས་དོག་པ་བྱིན་ཅིག །དེས་བྱིན་ཏེ་བཏང་ངོ་། །ཡང་འཐག་པ་ན་དོག་
པ་ཟད་ནས་དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། ཅི་ཙམ་ན་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་ག་འདུག་ནས་ཐ་ག་པ་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཡང་རས་ཡུག་ཆེན་དེ་བཏག་པའི་དོག་པ་ཟད་ཀྱིས་ཡང་དོག་པ་བྱིན་ཅིག །ཁྱིམ་བདག་གི་ཆུང་
མས་སྨྲས་པ། ཀྱེ་ཐ་ག་པ་ཅི་རས་ཡུག་ཆེན་དེ་བསྐྱེད་དམ། ཁྱིམ་བདག་གིས་ཆུང་མ་ལ་སྨྲས་པ། བཟང་མོ་ཅི་ཁྱོད་ཀྱིས་ཀྱང་འདི་ལ་དོག་པ་བྱིན་ནམ། སྩལ་ཏོ། །ཁྱིམ་བདག་གིས་སྨྲས་པ། ཀྱེ་ཐ་ག་པ་ཅི་རས་ཡུག་ཆེན་དེ་བསྐྱེད་དམ། ཐ་ག་པས་སྨྲས་པ། ཁྱིམ་
བདག་ཅི་དེང་བསྐྱེད་པར་བརྩམས་སྙམ་མམ། ཉི་མ་གང་ཁོ་ན་ལ་བཙུན་པ་ཉེ་དགའ་མཆིས་ནས་འདི་སྐད་ཅེས་སྲིད་དུ་འདི་ཙམ་གྱིས་སྲིངས་ཤིག །ཞེང་དུ་འདི་ཙམ་གྱིས་སྐྱེད་ཅིག་ཅེས་མཆི་བའི་ཉི་མ་དེ་ཁོ་ན་ལ་བསྐྱེད་པར་བརྩམས་སོ། །ཁྱིམ་བདག་གི་ཆུང་མས་བསམས་
པ། རས་ཡུག་ཆེན་དེ་ཅི་འདྲ་ཇི་ལྟར་འགྲོ་འོ་སྙམ་ནས་དེ་དེར་སོང་བ་དང་། ཇི་ཙམ་ན་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་མཐོང་ངོ་། །དེ་མཐོང་ནས་དེའི་མིག་ཁྲག་གིས་གང་སྟེ་སྨྲས་པ། ཁོ་མོས་རས་ཡུག་ཆེན་འདི་འཕགས་པ་ཉེ་དགའ་ལ་མི་བྱིན་ནོ། །ཁོ་མོས་དེའི་དོན་དུ་
རས་ཡུག་ཆེན་གཞན་ཞིག་འཐག་ཏུ་གཞུག་གོ་ཞེས་ཟེར་ཏེ་སོང་ངོ་། །ཉེ་དགའ་དུས་དང་དུས་སུ་དེར་འོངས་ནས་སྨྲས་པ། ཀྱེ་ཐ་ག་པ་རུང་ངམ། འཕགས་པ་བདག་གི་ནི་རུང་ན་ཁྱོད་ཀྱི་ནི་མི་རུང་ངོ་། །ཀྱེ་ཐ་ག་པ་ཇི་ལྟར་གྱུར། དེས་སྨྲས་པ། ཁྱིམ་བདག་གི་ཆུང་
མ་མཆིས་པར་གྱུར་ཏེ་དེས་རས་ཡུག་ཆེན་མཐོང་ནས་དེའི་མིག་ཁྲག་གིས་གང་སྟེ། ཁོ་མོས་འཕགས་པ་ཉེ་དགའ་ལ་རས་ཡུག་ཆེན་འདི་མི་སྦྱིན་ནོ། །ཁོ་མོས་དེའི་དོན་དུ་རས་ཡུག་ཆེན་གཞན་འཐག་ཏུ་གཞུག་གོ་ཞེས་མཆི་སྟེ་མཆིས་སོ། །ཀྱེ་ཐ་ག་པ་ཁྱོད་ལ་ཁོ་བོས་ཅུང་ཞིག་

བྱས་པ་ཡོད་པ་ཤེས་སམ། དེས་སྨྲས་པ་ཅིའི་སླད་དུ་མ་འཚལ། བདག་ད་དུང་ཡང་ཁྱོད་ཀྱི་ལ་ཐུ་དག་འཚལ་ཞིང་མཆིས་སོ། །ཀྱེ་ཐ་ག་པ་གང་གི་ཚེ་ཁོ་བོ་ཁྱིམ་དེར་འོངས་པར་གྱུར་པ་དེའི་ཚེ་ན་ཁྱོད་ཀྱིས་རས་ཡུག་ཆེན་འདི་ཁྱེར་ཤོག་ཤིག །འཕགས་པ་ཇེ་བཞུད་ཅིག་དང་
བདག་གིས་ཀྱང་ཁ་ཚར་བཀལ་ཏེ་མཆིའོ། །ཉེ་དགའ་དེའི་ཁྱིམ་དུ་སོང་སྟེ་སྒོའི་ཐད་ཀར་འདུག་པ་དང་། ཁྱིམ་བདག་གི་ཆུང་མ་དེས་རྐང་པ་ལ་ཕྱག་འཚལ་ཏེ་ཁ་སྒོར་ལྟ་ཞིང་མདུན་དུ་འདུག་གོ། །ཐ་ག་པ་དེས་ཀྱང་རས་ཡུག་ཆེན་དེའི་ཁ་ཚར་དྲིལ་ནས་དེ་ཁྱེར་ཏེ་དེར་སོང་བ་
དང་། ཁྱིམ་བདག་གི་ཆུང་མ་དེས་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་ལག་བརྡས་མ་འོང་ཤིག་ཅེས་བྱས་པ་དང་། ཐ་ག་པ་དེས་ཕྱོགས་བཞིར་རྣམ་པར་བལྟས་ནས་ལྟོས་བཟུང་བས་མགོ་སྨད་དེ་ནང་དུ་ཞུགས་ནས་དེས་རས་ཡུག་ཆེན་དེ་ཁྱིམ་བདག་གི་ཆུང་མ་དེའི་
པང་དུ་བཞག་པ་དང་། ཉེ་དགའས་ཚམ་ཚོམ་མེད་པར་བླངས་ཏེ་སྨྲས་པ། ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་འཐོབ་པ་དང་། ལྷ་དང་མི་རྣམས་ཀྱི་གོས་ཐོབ་པར་གྱུར་ཅིག །
ཁྱིམ་བདག་གི་ཆུང་མས་སྨྲས་པ། འཕགས་པ་ཁྱིམ་བདག་གིས་རང་གི་སུག་པ་ནས་དབུལ་གྱིས་སླར་སྩོལ་ཅིག །ཉེ་དགའས་སྨྲས་པ། ཁོ་བོས་འདི་ཇེ་རུང་བར་བྱས། དེའི་འོག་ཏུ་ཁྱིམ་བདག་དྲང་སྲོང་གི་རྒྱལ་མཚན་སྐོན་དུ་གཞུག་གོ། །ཁྱིམ་བདག་གི་ཆུང་མས་
སྨྲས་པ། འཕགས་པ་བཅོམ་ལྡན་འདས་ཀྱིས་ཁ་དོག་དཀར་པོ་བསྔགས་སོ། །ཉེ་དགའས་སྨྲས་པ། དྲང་སྲོང་གི་རྒྱལ་མཚན་སྐོན་དུ་ཆུག་ཤིག་ཅེས་སྨྲས་ནས་ལངས་ཏེ་སོང་ངོ་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་ལྔ་པ། ཐ་ག་
པས་སྨྲས་པ། ཁྱིམ་བདག་གི་བཙུན་མོ་བདག་ལ་གླ་བྱིན་ཅིག །དེས་སྨྲས་པ། ཁོ་མོའི་རས་ཡུག་ཆེན་གཅིག་ཀྱང་འཕྲོག་ཏུ་བཅུག་ནས་གླ་གཞན་ཡང་དེད་དམ། སོང་ལ་ཁྱོད་ཀྱིས་གང་ལ་རས་ཡུག་ཆེན་བྱིན་པ་དེ་ཉིད་ལ་གླ་དོས་ཤིག །དེ་ཉེ་དགའི་གན་དུ་སོང་སྟེ་

སྨྲས་པ། འཕགས་པ་བདག་ལ་གླ་སྩོལ་ཅིག །སོང་ལ་ཁྱིམ་བདག་གི་ཆུང་མ་དེ་ཉིད་ལ་དོས་ཤིག །འཕགས་པ་ཁྱིམ་བདག་གི་མཆིས་བྲང་དེ་མཆིད་འབོ་ཞིང་འདི་སྐད་ཅེས་ཁྱོད་ཀྱིས་གང་ལ་རས་ཡུག་ཆེན་བྱིན་པ་དེ་ཉིད་ལ་གླ་དོས་ཤིག་ཅེས་མཆིའོ། །
ཉེ་དགའས་སྨྲས་པ། སོང་ཤིག་དང་བྱིན་པར་འགྱུར་རོ། །ཐ་ག་པ་དེ་ཡང་དེའི་གན་དུ་སོང་སྟེ་སྨྲས་པ། ཁྱིམ་བདག་གི་བཙུན་མོ་བདག་ལ་གླ་བྱིན་ཅིག །དེས་སྨྲས་པ། ཀྭའི་ཁྱོ་ག་ཁྱོད་འདུག་མི་ཕོད་དམ། གལ་ཏེ་འདུག་ན་ནི་འདུག་ཤིག །མི་འདུག་ན་ཁོ་མོས་
ཁྱོད་ཀྱི་མགྲིན་པར་ཆོལ་ཟངས་བཏགས་ཏེ་མཉན་ཡོད་ཐམས་ཅད་དུ་བསྐོར་བར་བྱའོ། །ཐ་ག་པ་དེ་ཡང་ཉེ་དགའི་ཐད་དུ་སོང་སྟེ་སྨྲས་པ། འཕགས་པ་ཁྱིམ་བདག་གི་མཆིས་བྲང་དེས་བདག་སྤྱོས་ཏེ། ཀྭའི་ཁྱོ་ག་ཁྱོད་འདུག་མི་ཕོད་དམ། གལ་ཏེ་འདུག་ན་ནི་འདུག་ཤིག །
མི་འདུག་ན་ཁོ་མོས་ཁྱོད་ཀྱི་མགྲིན་པར་ཆོལ་ཟངས་བཏགས་ཏེ་མཉན་ཡོད་ཐམས་ཅད་དུ་བསྐོར་བར་བྱའོ་ཞེས་མཆི་ཡིས་འཕགས་པས་བདག་ལ་གླ་སྩོལ་ཅིག །ཉེ་དགའས་སྨྲས་པ། ཀྱེ་ནང་རྗེ་གལ་ཏེ་གང་གིས་ཁོ་བོའི་རས་ཡུག་ཆེན་འཐག་ཏུ་བཅུག་པ་དེའི་གླ་ཁོ་བོ་
འཇལ་བར་གྱུར་ན་ཁོ་བོའི་ལྷུང་བཟེད་དང་ཆོས་གོས་ཀྱང་མེད་པར་འགྱུར་རོ། །གཞན་ཡང་ཚུར་ཤོག་རྩིས་བྱས་ཁྱོད་ཀྱིས་ཁོ་བོ་ལས་བག་ཕྱེའི་རིན་དང་། ཞུན་མར་དང་། ཧྭགས་ལ་སོགས་པ་ཇི་ཙམ་ཁྱེར་བ་དག་ཁོད་ཅིག་ཅེས་རྩིས་བྱས་པ་དང་། ཇི་ཙམ་ན་ཆེས་ལྷག་
པར་ཁྱེར་བར་གྱུར་ནས། ཉེ་དགའས་ཐ་ག་པ་དེ་ཡུད་ཙམ་ཞིག་ཉི་ཚན་ལ་བཏགས་ཏེ་བཏང་ངོ་། །ཐ་ག་པ་དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། དེ་ལྟར་ལྷག་པ་ཁོ་ན་བྱའོ་ཞེས་ཟེར་ལ་འབྲི་བ་ཁོ་ནར་བྱེད་དོ་ཞེས་
སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་

དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་
དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་
མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས་དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་
རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གིས་ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་།
ཐགས་རན་བཟང་བར་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ཙམ་མམ་བཟའ་རྒྱུ་ཅུང་ཟད་སྦྱིན་ནོ་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་
བའམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྱིམ་བདག་ཅེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་

ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཐ་ག་པ་ཞེས་བྱ་བ་ནི་ཐ་གས་མཁན་ནོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་།
མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་བཅུག་པ་ལས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་
པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་ལའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཞེས་བྱ་བ་ནི་བསྙེན་བཀུར་
བྱེད་པ་འགའ་ཞིག་བྱུང་ནས་སོ། །ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་ཞེས་བྱ་བ་ནི་དྲུང་དུ་སོང་སྟེའོ། །འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གིས་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །ཞེང་ཆེ་བ་
ཞེས་བྱ་བ་ནི་རྒྱར་ཆེ་བའོ། །ཁྲུན་རིང་བ་ཞེས་བྱ་བ་ནི་ཆུར་རིང་བའོ། །ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པའོ། །ཐགས་རན་བཟང་བར་ཞེས་བྱ་བ་ནི་བྱེར་ཟུག་སྙོམས་པ་དང་། ཤས་བཟང་བ་དང་། སད་སེད་མེད་པར་རོ། །བཟའ་བའམ་ཞེས་བྱ་བ་ནི་
བཟའ་བ་ལྔ་པོ་དག་གོ། །བཅའ་བ་ཙམ་མམ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དག་གོ། །བཟའ་རྒྱུ་ཞེས་བྱ་བ་ནི་བཟའ་བའི་རྒྱུའོ། །དེ་ལ་གལ་ཏེ་དགེ་སློང་དེས་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའས་སོ། །གོས་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ། །གོས་གྲུབ་
ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་དུ་གོ་ས་བསྒྲུབ་པའི་ཕྱིར་ཁྲི་

ལས་ལྡང་བར་བྱེད། གོས་དག་དང་། ཤམ་ཐབས་གོན་པར་བྱེད། ལག་པ་དང་། ལྷུང་བཟེད་འཁྲུ་བར་བྱེད། བསོད་སྙོམས་ལ་འཇུག་པར་བྱེད། བཅའ་བ་ལྔ་དང་བཟའ་བ་ལྔ་དག་སློང་བར་བྱེད། ཐ་ག་པ་ལ་སྦྱིན་པར་བྱེད་ཅིང་ཇི་སྲིད་དུ་གོས་ཐོབ་པར་མི་བྱེད་ཀྱི་བར་དུ་
ཉེས་བྱས་སུ་འགྱུར་རོ། །གོས་ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ཕྱོགས་ག་གེ་མོ་ཞིག་ཏུ་གོས་འཐག་ཏུ་བཅུག་གིས་དེ་ཁྱོད་ཀྱིས་བལྟ་བར་བྱའོ་ཞེས་སྔར་བསྟབས་པར་གྱུར་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་
དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །འཐག་པ་སྐྱེད་པའི་སྤང་བ་སྟེ་ཉི་ཤུ་བཞི་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་
ལྷན་ཅིག་གནས་པ་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ། བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་ཏུ་སྤྱོད་པར་ཤེས་པ་
དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་
ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་
ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་བཅོམ་ལྡན་འདས་

དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག །དགའ་བོས་ཐོས་ཏེ། ཐོས་ནས་ཀྱང་ཉེ་དགའ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་
ལ་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ན། གལ་ཏེ་
བདག་ཅག་འདི་ཉིད་དུ་འདུག་ན་ནི་སྒོ་འཕར་བརྒྱ་དག་འདས་ཏེ་ཅི་ནས་ཀྱང་ལྟོ་དགང་བ་བསྒྲུབ་པར་བྱ་དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་
སྟོང་ཕྲག་དུ་མ་དག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བར་འགྱུར་བས། གལ་ཏེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུང་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱིས་བདག་ཅག་དགེ་སློང་
རབ་ཏུ་བཤེས་པ་འགའ་ཞིག་ཁྲིད་དེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་མདུན་དུ་དོང་ན་དེ་ལྟ་ན་བདག་ཅག་བདེ་བར་རྒྱུ་བར་འགྱུར་ཞིང་རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ། །ཉེ་དགའས་སྨྲས་པ། སློབ་དཔོན་རེ་ཞིག་གསེར་
གྱི་སྣོད་སྤངས་ཏེ་སའི་སྣོད་ཀྱིས་བསོད་སྙོམས་རྒྱུ་བར་བྱེད་དམ། ཁྱོད་ཀྱི་ལྷན་ཅིག་གནས་པ་ཆོས་ལྟ་བུ་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་སུ་ལ་ཡོད། དེས་ཁོ་བོ་མཐོང་བར་ཡང་མི་འདོད་དོ། །སློབ་དཔོན་བཅོམ་
ལྡན་འདས་ཀྱིས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་གང་དག་བཀའ་སྩལ་པ་དེ་དག་ལས་སློབ་དཔོན་གྱིས་འགའ་ཞིག་ཡང་དག་པར་བླངས་ཏེ་འཇུད་པར་བྱས་པ་ཡོད་དམ། དེ་ནི་ཐམས་ཅད་ཀྱི་ཐམས་

ཅད་དུ་མེད་དོ། །དེའི་ཕྱིར་ཁྱོད་ཀྱི་གནས་སྐབས་དེ་ལྟ་བུ་དེར་གྱུར་ཏོ། །ཚེ་དང་ལྡན་པ་ཆོས་ཀྱི་སྣམ་སྦྱར་རྙིངས་ནས་དེས་རས་ཡུག་ཆེན་ཞིག་རྙེད་ནས་བསམས་པ། བདག་སོང་ལ་མཁན་པོ་ལ་ཞུས་ཏེ་སྣམ་སྦྱར་བཙེམ་པར་བྱའོ་སྙམ་ནས། དེས་དེ་ཁྱེར་ཏེ་དགའ་
བོའི་གན་དུ་འཕགས་པ་དང་། དེ་འགྲོ་བ་ན་བསོད་སྙོམས་པ་ཞིག་གིས་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་ཆོས་གར་འགྲོ། དེས་སྨྲས་པ། ཁོ་བོའི་སྣམ་སྦྱར་རྙིངས་ཏེ་ཁོ་བོའི་རས་ཡུག་ཆེན་འདི་རྙེད་པས་བདག་སོང་སྟེ་མཁན་པོ་ལ་ཞུས་ལ་སྣམ་སྦྱར་བཙེམ་
པར་བྱའོ། །བསོད་སྙོམས་པས་སྨྲས་པ། གལ་ཏེ་ཁྱོད་སྣམ་སྦྱར་སར་པ་གཞན་འཚེམ་ན་སྣམ་སྦྱར་རྙིང་པ་འདི་ཁོ་བོ་ལ་བྱིན་ཅིག །དེ་བཞིན་བྱའོ། །དེ་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། མཁན་པོ་བདག་གི་སྣམ་སྦྱར་རྙིངས་ཏེ་བདག་གིས་རས་ཡུག་ཆེན་
འདི་རྙེད་པས་སྣམ་སྦྱར་བཙེམ་པར་ཞུའོ། །ཉེ་དགའས་སྨྲས་པ་སློབ་དཔོན་འདི་ནི་དེའི་དུས་ལགས་སོ། །དགའ་བོས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཁོ་བོ་ཉིད་ལ་སྣམ་སྦྱར་ཞིག་ཡོད་པ་དེ་ཁོ་བོས་ཁྱོད་ལ་སྦྱིན་ནོ། །མཁན་པོ་མི་འཚལ་ཏེ་བདག་གིས་རས་ཡུག་
ཆེན་འདི་ལས་སྣམ་སྦྱར་དྲུབས་ཏེ་བཅང་བར་བགྱིའོ། །ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཁོ་བོས་ཀོ་གཞན་ཐོས་ལ་གཞན་མཐོང་སྟེ། ཁོ་བོས་ཁྱོད་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་འདོད་པ་ཡིན་པར་ཤེས་ཀྱི། ཁོ་བོས་
ཁྱོད་འདི་ལྟར་མཁན་པོའི་ཆོས་དང་ལྡན་པའི་ཚིག་གཅོག་པར་མི་ཤེས་སོ། །ཅི་ཁྱོད་མཁན་པོ་དང་མི་མཐུན་པའི་དོན་ཡང་དག་པར་ལེན་པར་བྱེད་དམ། དེ་དགེ་སློང་དབང་ཆེན་པོས་སྨད་པས་ཅང་མི་སྨྲ་བར་འདུག་པ་དང་། དགའ་བོས་ཀྱང་དེ་ལ་སྣམ་སྦྱར་བྱིན་ནོ། །
དེས་དེ་བླངས་ནས་སྨྲས་པ། མཁན་པོ་ཁྱོད་རས་ཡུག་ཆེན་འདི་བཞེས་ཤིག །ཚེ་དང་ལྡན་པ་ཆོས་ཅི་ཁོ་བོས་ཁྱོད་ལ་བརྗེ་བའི་ཕྱིར་སྣམ་སྦྱར་བྱིན་ནས་རས་ཡུག་ཆེན་ཡང་ཁྱོད་ཉིད་ཁྱེར་ཅིག །དེས་བསམས་པ། བདག་ལ་ཡོ་བྱད་དོན་མེད་པ་འདིས་ཅི་བྱ། བདག་

གིས་རས་ཡུག་ཆེན་འདི་དགེ་འདུན་ལ་དབུལ་བར་བྱ་ཞིང་སྣམ་སྦྱར་རྙིང་པ་འདི་ཡང་བསོད་སྙོམས་པ་དེ་ལ་སྦྱིན་པ་མཁན་པོ་ལ་ཞུའོ་སྙམ་ནས་སྨྲས་པ། མཁན་པོ་བདག་གིས་རས་ཡུག་ཆེན་འདི་དགེ་འདུན་ལ་དབུལ་བར་བགྱི་ཞིང་སྣམ་སྦྱར་རྙིང་པ་འདི་
ཡང་བསོད་སྙོམས་པ་ཞིག་གིས་བསླངས་པས་དེ་ལ་སྩལ་བར་བགྱི་བ་མཁན་པོ་ལ་ཞུའོ། །དེ་བཞིན་གྱིས་ཤིག །དེས་རས་ཡུག་ཆེན་དེ་དགེ་འདུན་ལ་ཕུལ་ཞིང་སྣམ་སྦྱར་རྙིང་པ་དེ་ཡང་བསོད་སྙོམས་པ་དེ་ལ་བྱིན་ནོ། །ཕྱི་དེ་ཉིན་པར་དེ་སྣམ་སྦྱར་དེ་གྱོན་ཏེ་མཁན་པོའི་
རྐང་པ་ལ་ཕྱག་འཚལ་དུ་འོངས་པ་དང་། དགའ་བོས་སྨྲས་པ། ཚེ་དང་ལྡན་པ་ཆོས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་
ཀྱིས། ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ན། གལ་ཏེ་བདག་ཅག་འདི་ཉིད་དུ་འདུག་ན་ནི་སྒོ་འཕར་བརྒྱ་དག་འདས་ཏེ་ཅི་ནས་ཀྱང་ལྟོ་གང་བ་བསྒྲུབ་པར་བྱ་
དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་ན་ནི་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་པར་གསུངས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བར་འགྱུར་བས་གལ་
ཏེ་བཅོམ་ལྡན་འདས་དང་ཐབས་ཅིག་འགྲོ་བ་ན་རེ་ཞིག་ཆུ་ཡང་རྙོག་པ་ཅན་དག་བཏུང་དགོས་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱིས། བདག་ཅག་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བསྔགས་པ་བརྗོད་ཅིང་མདུན་དུ་དོང་ན་དེ་
ལྟ་ན་བདག་ཅག་བདེ་བར་རྒྱུ་བར་འགྱུར་ཞིང་། རྙེད་པ་མང་པོ་ཡང་འགྲུབ་པར་འགྱུར་རོ། །མཁན་པོ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་མཆིས་པར་བཀའ་སྩལ་པ་གང་དག་ལགས་པ་དེ་དག་མཁན་པོ་ལ་ཉེས་དམིགས་ཁོ་ནར་གྱུར་ཏེ་

བདག་ནི་རེ་ཞིག་བཅོམ་ལྡན་འདས་ཉིད་དང་ཐབས་ཅིག་མཆིའོ། །དགའ་བོས་སྨྲས་པ། ཁོ་བོ་དང་ལྷན་ཅིག་འདོང་ངོ་། །དེས་སྨྲས་པ། བཅོམ་ལྡན་འདས་ཉིད་དང་ལྷན་ཅིག་མཆིའོ། །དགའ་བོས་སྤྱོས་ཏེ་སྨྲས་པ། ངན་པ་ཅི་ཁོ་བོས་ཁྱོད་ལ་ཆོས་ལ་ཆོས་ཉིད་
བཟང་པོས་སྣམ་སྦྱར་བྱིན་སྙམ་མམ། ཁྱོད་ཁོ་བོ་དང་ལྷན་ཅིག་འགྲོ་བའི་ཕྱིར་བྱིན་པ་ཡིན་ན་གལ་ཏེ་ཁོ་བོ་དང་ལྷན་ཅིག་མི་འགྲོ་ན་སྣམ་སྦྱར་འོན་ཅིག་ཁྱོད་ལ་མི་སྦྱིན་ནོ། །ཚེ་དང་ལྡན་པ་ཆོས་ཀྱིས་བསམས་པ། བདག་ལ་ཆོས་གོས་ཕྲོགས་པ་ནི་བླའི་བདག་གནས་ངན་ལེན་
ཀུན་ཏུ་སྤྱོད་པ་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེས་དེ་ལ་སྣམ་སྦྱར་ཕྱིར་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་
དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་
ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་
ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་
སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་

སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་
ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་
གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་། སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་
ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་
པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗ