Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 26 / 28 (50.000 ký tự/trang)
ག་པ་ནི་ལྷན་ཅིག་པའི་དངོས་པོའོ། །དེའི་ཕྱིར་དེ་ལྟར་ན་ཚོར་བ་ནི་རེག་པ་དང་དུས་མཉམ་པའི་ཡིན་ནོ་ཞེས་རབ་ཏུ་བསྒྲུབས་པ་ ཡིན་ནོ། །དེའི་སྔོན་རོལ་གྱི་རྣམ་པར་ཤེས་པ་ཚོར་བ་དང་བཅས་པ་གང་ཡིན་པ་དེ་ནི་རེག་པ་མ་ཡིན་ཏེ་རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ལ་ཡང་ལན་བཤད་པ་ནི་གང་ཡང་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་རྣམ་པར་ཤེས་པ་ཡིན་ལ་དབང་པོ་དང་ཡུལ་དང་རྣམ་ པར་ཤེས་པ་རྣམས་འདུས་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་དབང་པོ་དང་ཡུལ་མེད་པར་མེད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡིན་ན་གདོན་མི་ཟ་བར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་པ་ཁས་བླང་བར་བྱའོ། །ཅི་སྟེ་འདུས་པར་འདོད་ཀྱི་རེག་པ་ནི་མ་ཡིན་ནོ་ སྙམ་ན་དེའི་ཕྱིར་འདུས་པ་ཡིན་ན་རེག་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ་ཁྱོད་ཀྱི་རེག་པ་ནི་འདུས་པ་ཙམ་ཡིན་ཏེ་དེས་ན་རྣམ་པར་ཤེས་པ་སྔ་མ་རེག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ལོ། །དེའི་ཕྱིར་མདོ་དང་འགལ་བར་འགྱུར་དུ་འོང་བས་གདོན་མི་ཟ་བར་རྣམ་པར་ཤེས་པ་ཐམས་ཅད་ལ་རེག་ པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་འདོད་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཞེས་སེམས་ཀྱི་ཚོར་བ་མདོར་བཤད་ཟིན་ཏོ། །པུ་ཎཿསནྡྷི་ཀ་ར་ཎཾ་ཙཱ་ཏྲེ་ཏི། <འདིར་སླར་ཡང་མཚམས་སྦྱོར་བའི་བྱེད་པས་ཞེས་བྱ་བ་ནི།> མ་ན་ཨུ་པ་བི་ཙཱ་ར་ཨི་ཏི་པྲཱཔྟ་པུ་ནཿསནྡྷི་ཀ་ར་ཎཱནྨ་ནོ་པ་ཙཱ་རཱ་ཨི་ཏི་བྷ་པ་ཏི། ཏདྱ་ཐཱ་སཻ་ཥ་དཱ་ཤ་ར་ཐཱི་རཱ་མཿསཻ་ཥ་རཱ་ཛཱ་ཡུཥྠི་ར་ཨི་ཏེ། <ཡིད་ཀྱི་ཉེ་བར་སྤྱོད་པས་ཞེས་ཐོབ་པ་ལ་སླར་མཚམས་སྦྱོར་བའི་བྱེད་པ་ལས་ཡིད་ཉེར་སྤྱོད་ཞེས་པར་གྱུར་པ་སྟེ། དཔེར་ན་དེ་འདི་ཤིང་རྟ་བཅུ་པ་དགའ་བྱེད་ཀྱིའོ། །དེ་འདི་རྒྱལ་པོ་གཡུལ་ངོར་བརྟན་པའིའོ་ཞེ་བྱ་བ་བཞིན་ནོ། །> ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་ཞེས་བྱ་བ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་ རྒྱུའོ། །དེ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་ཤེས་ནས་ཡིད་བདེ་བའི་གནས་ལྟ་བུའི་ཆོས་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་བའི་བར་ཏེ་ཡིད་བདེ་བ་དང་བཏང་སྙོམས་ཀྱི་གནས་ལྟ་བུ་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དག་ནི་ཐམས་ཅད་ གཅིག་ཏུ་བསྡུས་ནས་བཅོ་བརྒྱད་དུ་འགྱུར་རོ། །དེ་དག་ཇི་ལྟར་རྣམ་པར་གཞག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་རྣམས་ཕན་ཚུན་ངོ་བོ་ཐ་དད་པའི་ཕྱིར་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གསུམ་ཁོ་ནར་འགྱུར་གྱི་བཅོ་བརྒྱད་ནི་ མ་ཡིན་ནོ། །མཚུངས་པར་ལྡན་པ་ལས་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་གཅིག་པུ་ཁོ་ནར་འགྱུར་ཏེ་ཐམས་ཅད་ཀྱང་ཡིད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དམིགས་པ་ལས་ནི་དྲུག་ཏུ་འགྱུར་གྱི་བཅོ་བརྒྱད་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་གཟུགས་ལ་དམིགས་པའི་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ རྣམས་ནི་གཟུགས་ལ་ཉེ་བར་རྒྱུ་བ་ཉིད་ཡིད་ཡིན་ལ་དེ་བཞིན་དུ་ཆོས་ལ་དམིགས་པ་རྣམས་ནི་ཆོས་ལ་ཉེ་བར་རྒྱུ་བ་ཉིད་ཀྱི་བར་དུ་ཡིན་པས་དྲུག་ཏུ་འགྱུར་གྱི་བཅོ་བརྒྱད་ནི་མ་ཡིན་ནོ། །གསུམ་གར་ཡང་གཞག་སྟེ་ཞེས་བྱ་བ་ནི་ངོ་བོ་དང་མཚུངས་པར་ལྡན་པ་དང་དམིགས་པ་ལས་སོ། །ཇི་ལྟར་ཞེ་ན། ཡིད་བདེ་བ་ལ་སོགས་པ་རྣམས་ངོ་བོ་ཐ་དད་པར་གྱུར་ཅིང་། ཡིད་དང་མཚུངས་པར་ལྡན་ལ། རེ་རེ་ཡང་གཟུགས་ལ་སོགས་པ་དྲུག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གསུམ་ཀར་ལས་ཀྱང་རྣམ་པར་བཞག་པས་བཅོ་བརྒྱད་དུ་ འགྱུར་རོ། །དེ་ལྟ་མ་ཡིན་ན་རང་བཞིན་རྣམ་པར་བཞག་པ་ལ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཡོད་པ་མ་ཡིན་པས་ཡིད་དང་མཚུངས་པར་ལྡན་པའི་དབང་དུ་བྱས་པར་མི་འགྱུར་རོ། །ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བར་མི་ འགྱུར་ཏེ། དམིགས་པ་རྣམ་པར་གཞག་པ་ལ་ཡིད་བདེ་བ་ལ་སོགས་པ་ཡོད་པ་མ་ཡིན་པས་རྣམ་པ་དྲུག་ཐ་དད་པར་མི་འགྱུར་རོ། །དེའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་ཅེས་བྱ་བར་མི་འགྱུར་རོ། །གཟུགས་ལ་སོགས་པའི་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་གཟུགས་ལ་དམིགས་ པའི་ཡིད་བདེ་བ་ལ་སོགས་པ་རྣམས་ཀྱི་དམིགས་པ་ནི་གཟུགས་ཁོ་ན་ཡིན་གྱི་ཡུལ་གཞན་ནི་མ་ཡིན་ལ། རེག་བྱ་ལ་དམིགས་པ་རྣམས་ཀྱི་བར་གྱི་ཡང་དེ་བཞིན་དུ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་སོགས་པ་ལ་ཉེ་བར་རྒྱུ་བ་བཅོ་ལྔ་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །ཆོས་ལ་ཉེ་བར་རྒྱུ་བ་ གསུམ་ནི་རྣམ་པ་གཉིས་ཀ་ཡིན་ནོ་ཞེས་བྱ་བ་ནི་འདྲེས་པ་ལ་དམིགས་པ་ཡང་ཡིན་ལ། མ་འདྲེས་པ་ལ་དམིགས་པ་ཡང་ཡིན་ཏེ། རྣམ་པ་འཆད་པ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཟུགས་ལ་སོགས་པ་དག་གམ་མིག་ལ་སོགས་པ་དག་གམ། གཟུགས་ལ་ སོགས་པ་ཕན་ཚུན་ཆོས་དང་ལྷན་ཅིག་དམིགས་ན་ནི་དེ་ལྟ་ན་འདྲེས་པ་ལ་དམིགས་པའོ། །ཅི་སྟེ་ཆོས་ཀྱི་སྐྱེ་མཆེད་ཁོ་ན་ལ་དམིགས་ཀྱི་གཞན་ལ་མ་ཡིན་ན་ནི་དེ་ལྟ་ན་མ་འདྲེས་པ་ལ་དམིགས་པའོ། །ཡིད་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བརྟེན་ནས་ ཞེས་བྱ་བ་ནི་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །ཡུལ་ལ་ཉེ་བར་རྒྱུ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་དག་ལ་ཡང་དང་ཡང་དུ་དམིགས་ཞེས་བྱ་བའི་དོན་ཏོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་ཉེ་བའི་དོན་གྱི་སྒྲ་ཡིན་པའི་ཕྱིར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་གཞན་གྱི་ལུགས་གསལ་བར་བྱེད་པ་སྟེ། དེ་ལྟ་ན་ནི་ཡིད་ལ་བརྟེན་ནས་ཡུལ་རྣམས་ལ་ཉེ་བར་རྒྱུ་བའི་ཕྱིར། །ཡིད་དང་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པ་དག་ཀྱང་ཡིད་ཀྱི་ཉེ་བར་རྒྱུ་བར་འགྱུར་རོ། །ཡུལ་དག་ལ་ཡིད་ཉེ་བར་རྒྱུ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་དང་ཡང་ དུ་རབ་ཏུ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་དང་ཡང་དུ་རྣམ་པར་རྒྱུ་བས་འཇུག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ཡིད་ཁོ་ན་ལ་བརྟེན་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མིག་ལ་སོགས་པ་དག་ལ་ཡང་ཡིན་ནོ། །ཉེ་བར་རྒྱུ་བར་བྱེད་པ་ཡང་མ་ཡིན་པས་ཞེས་བྱ་བ་ནི་ཡང་དག་ པར་རྟོགས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏེ། རྟོགས་པ་མེད་པའི་རྣམ་པར་ཤེས་པ་དང་མཚུངས་པ་ལྡན་པའི་ཕྱིར་ལ། རྣམ་གྲངས་དང་པོའི་དབང་དུ་བྱས་པ་དང་གཉིས་པའི་དབང་དུ་བྱས་ནས་བརྗོད་དེ། ཡིད་ནི་ཡུལ་རྣམས་ལ་རབ་ཏུ་འཇུག་བྱེད་མ་ཡིན་ནོ་ཞེས་བྱ་བའི་ དོན་ཏོ། །ཡིད་བདེ་བ་ལ་སོགས་པ་རྣམས་ནི་རྣམ་པར་རྟོག་པའི་ཕྱིར་དེའི་དབང་གིས་ཡུལ་དག་ལ་ཡང་དང་ཡང་དུ་འཇུག་པའི་ཕྱིར་རོ། །བསམ་གཏན་གསུམ་པའི་བདེ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་ཡིད་ཙམ་ལ་བརྟེན་པའི་ཚོར་བ་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིན་ན། འོ་ན་ནི་ དེས་ན་བསམ་གཏན་གསུམ་པའི་བཏང་སྙོམས་ཀྱིས་ཉེ་བར་རྒྱུ་བ་བཞིན་བདེ་བ་ཉེ་བར་སྤྱོད་པར་ཡང་བརྗོད་པར་བྱ་སྟེ། བསམ་གཏན་གསུམ་པའི་བདེ་བ་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་དང་པོ་འདོད་པའི་ཁམས་ན་ཞེས་བྱ་བ་སྨོས་ཏེ་དང་པོ་ནི་ཐོག་མར་རོ། །གྲག་གོ་ ཞེས་བྱ་བའི་སྒྲ་ནི་ལན་དེ་ལ་སྙིང་པོ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་འདོད་པའི་ཁམས་ནི་ཡིད་ཀྱི་ས་པའི་བདེ་བའི་དབང་པོ་མེད་པས་མ་བཞག་པ་དེའི་ཕྱིར། ཁམས་གོང་མ་ན་སེམས་ཀྱི་བདེ་བའི་དབང་པོ་ཡོད་ཀྱང་མི་གཞག་གོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། ཡིད་ཀྱི་ཉེ་བར་ རྒྱུ་བ་ནི་གདོན་མི་ཟ་བར་གཉེན་པོ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་རིགས་པ་ཅི་ཞིག་སྟེ། དེ་ལྟ་ན་བཏང་སྙོམས་ཀྱང་ཉེ་བར་རྒྱུ་བའི་མཚན་ཉིད་དུ་མི་འགྱུར་ཏེ། ཉེ་བར་རྒྱུ་བའི་གཉེན་པོ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཉེ་བར་རྒྱུ་བར་བྱེད་པ་ཉིད་ཡིན་ན། གཞན་དག་ ན་རེ་བསམ་གཏན་གསུམ་པའི་བདེ་བ་ནི་བརྟན་པ་ཡིན་ལ། ཉེ་བར་རྒྱུ་བ་ནི་མི་བརྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་སྟེ། དེ་ལྟ་ན་བསམ་གཏན་བཞི་པའི་ཉེ་བར་རྒྱུ་བ་ནི་བཏང་སྙོམས་སུ་འགྱུར་རོ། །ཡིད་བདེ་བའི་གནས་ལྟ་བུ་ཞེས་བྱ་བ་ནི་ཡིད་བདེ་བ་སྐྱེད་པར་བྱེད་ པ་རྣམས་སོ། །དེ་ནི་རྣམ་པར་ཤེས་པའི་ཚོགས་ལྔས་མངོན་པར་བསྒྲུབས་པ་ཉིད་ལ་དགོངས་ཏེ་གསུངས་པར་ཟད་ཀྱི་ཞེས་བྱ་བ་ནི་དེ་དག་གིས་དྲངས་ཤིང་དེ་དག་གིས་བསྐྱེད་པ་ཉིད་སེམས་ལ་བསམས་ནས་གསུངས་པར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་མི་སྡུག་པ་ལྟ་བུ་ཞེས་ བྱ་བ་ལ། མིག་གིས་གཟུགས་དག་མཐོང་ནས་མི་སྡུག་པའི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་པ་དེའི་ཕྱིར་མིག་གི་རྣམ་པར་ཤེས་པས་མངོན་པར་བསྒྲུབས་པ་ཡིན་ཏེ། སྔར་རྣམ་པར་བསྔོས་པ་ལ་སོགས་པ་མཐོང་བའི་ཕྱིར་རོ། །ཡིད་ཀྱི་ས་པ་ཡང་ཡིན་ཏེ། དེའི་མཇུག་ཏུ་ དེ་འབྱུང་བའི་ཕྱིར་རོ། །གཞན་ཡང་མཐོང་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདི་སྐད་དུ་མིག་གིས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ཉེ་བར་རྒྱུའོ་ཞེས་བྱ་བར་གསུངས་པར་གྱུར་ན་ནི་ཀླན་ཀར་རུང་བ་ཞིག་ན། འོན་ཀྱང་མཐོང་བས་རེག་པ་དང་ཞེས་བྱ་བའི་བར་ དུ་གསུངས་པའི་ཕྱིར་འདི་ནི་ཀླན་ཀར་མི་རུང་ངོ་། །ཇི་ལྟར་མ་མཐོང་བས་ན་མ་རེག་པའི་བར་དུ་ཉེ་བར་རྒྱུ་ཞེ་ན། གཞན་ལས་ཐོས་ནས་དེའི་བརྗོད་པར་བྱ་བ་ཡིད་ཀྱིས་ཉེ་བར་རྒྱུ་བ་ཡིན་ནོ། །གཞན་དུ་ན་འདོད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་པར་གཏོགས་པའི་ མིག་ལ་སོགས་པ་དག་གིས་ནི་གཟུགས་སུ་གཏོགས་པའི་གཟུགས་དང་སྒྲ་དང་རེག་བྱ་དག་མི་འཛིན་ནོ། །གཟུགས་ཀྱི་ཁམས་ན་འདོད་པའི་ཁམས་ལ་དམིགས་པ་དག་ཀྱང་ཞེས་བྱ་བ་ལ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ནི་འདོད་པར་གཏོགས་པའི་དྲི་དང་རོ་དང་རེག་བྱ་དག་སྣོམ་པ་ འམ། མྱོང་བ་དང་། རེག་པར་མི་བྱེད་དེ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཟུགས་དག་ལ་ལྟ་ལ་སྒྲ་ཡང་ཉན་ཏེ་ཟས་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མ་མཐོང་བར་ཡང་ཉེ་བར་རྒྱུ་ན། འོ་ན་མདོ་ལས་མིག་གིས་གཟུགས་དག་མཐོང་ནས་ཞེས་ཅིའི་ཕྱིར་ གསུངས་ཤེ་ན། དེའི་ཕྱིར་ཇི་ལྟར་ཆེས་གསལ་བ་དེ་ལྟར་བཤད་ཅེས་པ་སྨོས་ཏེ། མིག་ལ་སོགས་པས་མངོན་པར་བསྒྲུབས་པས་ཆེས་སླ་བར་གཅད་དུ་རུང་བའི་ཕྱིར་རོ། །གང་ཡང་པི་ཝཾ་གི་གཟུགས་མཐོང་ནས་དེའི་སྒྲ་ལ་ཉེ་བར་རྒྱུ་བའམ། བུད་མེད་ ཀྱི་སྒྲ་ཐོས་ནས་དེའི་གཟུགས་ལ་ཉེ་བར་རྒྱུ་བ་དེ་ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་ཁོ་ན་ཡིན་ནོ། །དབང་པོ་དང་དོན་རྣམ་པར་ཆད་པའི་སྒོ་ནས་ཞེས་བྱ་བ་ནི་མིག་གིས་གཟུགས་དག་མཐོང་ནས་ཞེས་བྱ་བ་དང་། རྣ་བས་སྒྲ་རྣམས་ཐོས་ནས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། གཞན་དུ་ནི་ མིག་གིས་གཟུགས་དག་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་སྒྲ་རྣམས་ལ་ཉེ་བར་རྒྱུའི་ཞེས་འཆོལ་བར་གསུངས་པར་འགྱུར་རོ། །རྒྱུད་ངེས་པས་ནི་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་དོ། །གང་ཞིག་གཅིག་གིས་ཡིད་བདེ་བའི་གནས་ལྟ་བུ་ཁོ་ནར་འགྱུར་བ་མི་སྲིད་པ་དེ་ཡོད་ དེ། དཔེར་ན་འཁོར་ལོས་སྒྱུར་བའི་བུད་མེད་རིན་པོ་ཆེ་ལྟ་བུའོ། །དམིགས་པ་ནི་མ་མིན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། གཟུགས་དེ་ཉིད་ཁ་ཅིག་གི་ཡིད་བདེ་བའི་གནས་ལྟ་བུ་ཡིན་ལ། ཁ་ཅིག་གི་གཞན་དུ་ཡིན་པའི་ཕྱིར་རོ། འདོད་ཆགས་དང་བྲལ་བའི་ཡང་ འདྲེས་པ་ལ་དམིགས་པ་སྟེ། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ནི་མཐའ་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཉེ་བར་རྒྱུ་བ་དེ་རྣམས་ལ་གོམས་པའི་ཕྱིར་སྦྱོར་བའི་ལམ་གྱི་ནི་ཡིད་བདེ་བའི་ཉེ་བར་རྒྱུ་བར་འགྱུར་རོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ནི་བསམ་གཏན་ གྱི་དངོས་གཞིས་བསྡུས་སོ། །ཡང་འདི་དག་ལས་དུ་ཞིག་ནི་འདོད་པའི་ཁམས་དང་ལྡན་པ་ཡིན། དེ་དག་ལས་ཀྱང་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བ་ནི། དུ་ཞིག་གི་འདོད་པ་ལ་དམིགས་པ་ཡིན། དུ་ཞིག་ནི་གཟུགས་ལ་དམིགས་པ་ཡིན། དུ་ཞིག་ནི་གཟུགས་ མེད་པ་ལ་དམིགས་པ་ཡིན་ཞེས་བྱ་བའོ། །དེ་བཞིན་དུ་གཟུགས་མེད་པ་དང་ལྡན་པའི་བར་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་དང་ལྡན་པ་ཡིན། དེ་དག་ལ་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན། དུ་ཞིག་ནི་གཟུགས་མེད་པའི་ཁམས་དང་ལྡན་པ་ཡིན། དེ་དག་ ལས་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བའོ། །ཇི་རྣམ་པར་དཔྱད་པ་འདི་ལ་ལུས་རྣམ་པར་གཞག་པ་ཁོ་ན་ཞིག་བྱ་སྟེ། འདོད་པའི་ཁམས་ན་ནི་ཡིད་བདེ་བ་ལ་སོགས་པ་གསུམ་ཆར་དང་། གཟུགས་ལ་སོགས་པ་ཡུལ་དྲུག་ཅར་ཡང་ཡོད་དོ། །བསམ་གཏན་ དང་པོ་དང་གཉིས་པ་དག་ན་ནི་ཡིད་བདེ་བ་དང་བཏང་སྙོམས་སོ། །དེ་ཡན་ཆད་སྲིད་པའི་རྩེ་མོའི་བར་ན་ནི་བཏང་སྙོམས་སོ། །བསམ་གཏན་བཞི་ཆར་ན་དྲི་དང་རོ་དག་མེད་དོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ལ་སོགས་པ་ལྔ་ཆར་ཡང་མེད་དོ། །དེ་ལ་འདོད་པར་ གཏོགས་པ་དང་གཟུགས་སུ་གཏོགས་པའི་ཡིད་བདེ་བ་ལ་སོགས་པ་ཐམས་ཅད་ལ་ནི་ཇི་ལྟར་སྲིད་པར་ཁམས་གསུམ་པ་ལ་དམིགས་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་བཏང་སྙོམས་ཏེ། བསམ་གཏན་བཞི་པའི་དམིགས་པ་དང་རང་གི་ས་ལ་དམིགས་ པའོ། །གཟུགས་མེད་པའི་དངོས་གཞི་རྣམས་སུ་རང་གི་ས་ལས་ས་གོང་མ་ལ་དམིགས་པ་ཉིད་དེ། ས་འོག་མ་ལ་དམིགས་པ་མ་ཡིན་ནོ། །ས་འོག་མ་ལ་དམིགས་པ་དང་དགེ་བ་ཉིད་དང་ཉོན་མོངས་ཅན་རང་གི་ས་དང་ས་གོང་མ་ལ་དམིགས་པ་ནི་གཉི་ག་ཇི་ལྟ་བ་བཞིན་ནོ། །གང་དག་གི་དེ་ ཞེས་བྱ་བ་ནི། སློབ་དཔོན་གང་དག་གིས་རྣམ་པར་ཆད་པ་ལ་དམིགས་པ་ཞེས་བྱ་བའོ། །སོ་སོར་དམིགས་པ་ནི་གཟུགས་དང་སྒྲ་དང་རོ་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ཏེ། སོ་སོར་རིགས་པ་ལ་སོགས་པའི་རྣམ་པས་དམིགས་པའི་ཕྱིར་རོ། །བཟླུམས་ཏེ་དམིགས་པ་ནི་ བསྡམས་པ་ལ་དམིགས་པའོ། །གཟུགས་མེད་པའི་ཁམས་ལ་དམིགས་སོ་ཞེས་བྱ་བ་འདིར་ཁམས་ཀྱི་སྒྲས་ཟག་པ་དང་བཅས་པ་གཟུང་ངོ་། །འོག་ནས་ཤེས་པར་བྱའོ་ཞེས་བྱ་བ་ནི། གཟུགས་མེད་དངོས་གཞིའི་དགེ་བ་ཡི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་བྱ་ བའོ། །གཞན་དག་ན་རེ། ཟག་པ་མེད་པ་ལ་དམིགས་པའི་ཡིད་ཀྱི་ཉེ་བར་རྒྱུ་བ་ཡང་ཡོད་དེ། དེ་དག་འདིར་མ་བསྟན་ཏོ་ཞེས་ཟེར་རོ། །འགོག་པ་དང་ལམ་ལ་དམིགས་པ་ལོག་པར་ལྟ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་དང་དགེ་བའི་ཆོས་ལ་འདུན་པ་དང་མཚུངས་པར་ལྡན་པ། ཨེ་མ་བདག་གིས་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཏོ་སྙམ་པའོ། །དེ་ལ་འདོད་པར་གཏོགས་པ་གསུམ་མོ། །བསམ་གཏན་དང་པོ་དང་གཉིས་པའི་ས་པ་གཉིས་སོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་གཅིག་གོ། །གཟུགས་མེད་ པར་གཏོགས་པ་གཅིག་ཁོ་ན་མཚུངས་པར་ལྡན་པ་ལ་དམིགས་པའོ་ཞེས་བཤད་དོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་མ་ཐོབ་པ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པའི་འོ། །བསམ་གཏན་དང་པོ་དང་གཉིས་པའི་ས་པ་ནི་རང་གི་ས་ལ་དམིགས་པའི་ཉོན་མོངས་པ་བརྒྱད་ ཁོ་ན་དང་ལྡན་ཏེ། ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གཟུགས་དང་སྒྲ་དང་ཆོས་ལ་དམིགས་པ་རྣམས་དང་ངོ་། །འདིར་ཡང་ཇི་ལྟར་སྲིད་པ་བཞིན་བརྗོད་པར་བྱའོ། །དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཞེས་བྱ་བ་ནི། །གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་དེ་དག་མ་ གཏོགས་པའོ། །ས་འོག་མར་སྐྱེས་པས་ས་གོང་མའི་སེམས་མ་ཐོབ་པའོ། །ས་གོང་མ་པའི་ཉོན་མོངས་པ་ཁོ་ན་དང་ལྡན་གྱི་དགེ་བ་དང་ནི་མ་ཡིན་ཞེས་སོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པའི་ས་པའི་ཡིན་གྱི་དངོས་གཞི་ནི་མ་ ཡིན་ཏེ་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །འདི་ལྟར་མི་ལྕོགས་པ་མེད་པ་ཐོབ་ནས་གཟོད་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། འདོད་པ་སྤྱོད་པ་ཐམས་ཅད་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །འདོད་པའི་ཁམས་པ་འདོད་ཆགས་ དང་མ་བྲལ་བས་ཡིད་བདེ་བ་ཉེ་བར་རྒྱུ་བ་བསམ་གཏན་གྱི་དངོས་གཞིའི་ས་པ་ཉོན་མོངས་པ་ཅན་བཞི་ཁོ་ན་དང་ལྡན་གྱི། དགེ་བ་དང་ལུང་དུ་མ་བསྟན་པ་དག་དང་ནི་མ་ཡིན་ཏེ་སྦྱོར་བ་དང་སྐྱེ་བ་ལ་རག་ལས་པའི་ཕྱིར་རོ། །དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཞེས་བྱ་བ་ལ། དྲི་དང་ རོ་ལ་ཉེ་བར་རྒྱུ་བ་དག་གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་རོ། །མི་ལྕོགས་པ་མེད་པའི་ས་ལ་དམིགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་དམིགས་པ་རྣམས་ཀྱིའོ། །མི་ལྕོགས་པ་མེད་པའི་ས་པའི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་དང་ལྡན་ནོ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་ པའི་ས་པའི་སེམས་ཐོབ་པའི་ཕྱིར་རོ། །བསམ་གཏན་གྱི་དངོས་གཞིའི་ས་པ་བཞི་དང་མི་ལྕོགས་པ་མེད་པའི་ས་པ་དྲུག་སྟེ་དེ་ལྟར་ན་བཅུར་འགྱུར་རོ། །གལ་ཏེ་བསམ་གཏན་གྱི་དངོས་གཞིའི་ས་པའི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་བཞི་དང་། མི་ལྕོགས་པ་ མེད་པའི་ས་པ་ས་གོང་འོག་ལ་དམིགས་པ་དགེ་བ་བཞི་དང་ཡང་ལྡན་པ་མ་ཡིན་ནམ་ཞེ་ན་བདེན་མོད་ཀྱི་དེ་དག་ལ་ལོགས་སུ་མི་བརྩི་སྟེ། བཏང་སྙོམས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་ས་ཐ་མི་དད་པའི་ཕྱིར་རོ། །སྔ་མ་བཞིན་ཏེ་ཞེས་བྱ་བ་ལ་བསམ་གཏན་དག་ཏུ་དྲི་དང་རོ་མ་གཏོགས་ པ་བསམ་གཏན་གཉིས་པའི་ས་པ་ནི་བརྒྱད་དང་ལྡན་ནོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་ནི་བཞི་དང་ལྡན་ནོ། །གཟུགས་མེད་པ་ན་སྤྱོད་པ་ནི་ཉོན་མོངས་པ་ཅན་གཅིག་ཁོ་ན་དང་ལྡན་ནོ་ཞེས་བྱ་བར་ཐམས་ཅད་ལ་ཁོང་དུ་ཆུད་པར་བྱའོ། །སྲོལ་འདིས་ཞེས་བྱ་བ་ནི་ལུགས་སམ་ ཚུལ་འདིས་སོ། །འདིའི་ནི་མདོར་བསྡུས་པའོ། །ས་འོག་མར་སྐྱེས་པ་དེ་ཡང་ས་གོང་མ་པའི་ཉོན་མོངས་པ་དང་ལྡན་གྱི། དགེ་བ་དང་ལུང་དུ་མ་བསྟན་པ་དང་མ་ཡིན་ཏེ། དེའི་ས་ཐོབ་པ་དང་སྐྱེད་པ་ནི་མ་གཏོགས་སོ། །དེའི་ས་ཐོབ་པ་ལས་ནི་དགེ་བ་དང་ལྡན་པར་དམིགས་ལ། སྐྱེད་ པ་ལས་ནི་ལུང་དུ་མ་བསྟན་པ་དང་ཡང་ལྡན་ནོ། །གང་གི་ཕྱིར་ས་ལས་འདོད་ཆགས་དང་བྲལ་བ་དེ་སའི་ཉོན་མོངས་པ་སྨོས་པའི་ཕྱིར། དེའི་ས་པའི་ཉོན་མོངས་པ་ཅན་རྣམས་དང་མི་ལྡན་ནོ། །ས་གོང་མར་སྐྱེས་པ་ནི་ས་འོག་མ་པའི་ཐམས་ཅད་དང་མི་ལྡན་ཏེ། མྱ་ངན་ལས་འདས་ པའི་སེམས་དང་ལྷན་ཅིག་སྐྱེས་པའི་བཏང་སྙོམས་ཉེ་བར་རྒྱུ་བ་ནི་མ་གཏོགས་སོ། །འདོད་པའི་ཁམས་ལ་དམིགས་པ་ལ་བརྟེན་ནས་དངོས་གཞིའི་བསམ་གཏན་རྣམས་ཏེ། དྲུག་ཏུ་འགྱུར་ཞིང་ཇི་ལྟར་སྲིད་པ་ལྟར་བཅུ་གཉིས་སུ་ཡང་ངོ་། །བསམ་གཏན་གཉིས་པ་ལ་སོགས་པའི་ ཉེར་བསྡོགས་རྣམས་ནི་ས་འོག་མ་ལ་དམིགས་པ་རྣམས་སོ་ཞེ་ན་མ་ཡིན་ཏེ། དེར་དྲི་དང་རོ་ལ་ཉེ་བར་རྒྱུ་བ་དག་ལམ་གྱིས་སྤངས་པའི་ཕྱིར་རོ། །དེ་ལ་ཡིད་བདེ་བ་ནི་མཐའ་གཅིག་ཏུ་དགེ་བ་མ་ཡིན་ཞིང་གཟུགས་མེད་པའི་དངོས་གཞི་རྣམས་ས་འོག་མ་ལ་དམིགས་པ་མ་ཡིན་ནོ། ། མཚན་ཉིད་འདི་རྟོགས་ནས་རྒྱ་ཆེར་བརྗོད་པར་བྱའོ། །དེ་ལ་འདོད་པའི་ཁམས་སུ་སྐྱེས་པའི་གང་ཟག་གསུམ་དུ་བྱས་ནས་ཀ་ཐ་མ་ལཱ་ནི་ས་གོང་མ་པའི་སེམས་ཐོབ་པས་འདོད་ཆགས་དང་བྲལ་བ་དང་ཞེས་སོ། །དེ་ལ་གང་ཟག་ཉིད་དག་ཏུ་བཤད་ པ་ཙ་ལཱ་བྷཱི་ལཱ་བྷཱི་ཙཱ། འདོད་ཆགས་དང་བྲལ་བའོ། །གང་ཞིག་འདོད་པ་ན་སྤྱོད་པའི་འདོད་ཆགས་དང་བྲལ་བ་དེ་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་མི་ལྡན་ནོ། །འདོད་ཆགས་དང་བྲལ་བ་ལ་ནི་ཡིད་མི་བདེ་བ་མེད་པའི་ཕྱིར་འདི་ནི་ ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དགེ་བ་དང་ལྡན་ནོ། །བསམ་གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་མ་ཡིན་པ་བཅུ་གཉིས་དང་། འདོད་པའི་ཁམས་ལ་དམིགས་པའི་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པ་བརྒྱད་དང་ལྡན་ནོ། །བསམ་གཏན་གཉིས་ པའི་ཉེར་བསྡོགས་ཐོབ་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་མ་ཡིན་པ་བཅུ་གཉིས་དང་བསམ་གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་བཅུ་གཉིས་དང་བསམ་གཏན་གཉིས་པའི་ས་པའི་བཏང་སྙོམས་ཉེ་བར་རྒྱུ་བ་དགེ་བ་བཞི་དང་། ཡིད་ བདེ་བ་ཉེ་བར་རྒྱུ་བ་བསམ་གཏན་གྱི་དངོས་གཞིའི་ས་པ་ཉོན་མོངས་པ་ཅན་བཞི་དང་བཏང་སྙོམས་ཉེ་བར་རྒྱུ་བ་རྣམས་ནི་ལོགས་སུ་མི་བརྩིའོ། །སློབ་དཔོན་འདུས་བཟང་ན་རེ། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དགེ་བ་དྲུག་གཉིས་པའི་ཉེར་བསྡོགས་དང་ལྡན་ནོ་ཞེས་ཟེར་རོ། །དེ་ལྟ་ བུ་ལ་དཔྱད་ན་གཉིས་པའི་ཉེར་བསྡོགས་འདོད་པ་ལ་དམིགས་པ་ཡོད་དོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པའི་བཏང་སྙོམས་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་བཞི་རྣམས་དང་ལྡན་པ་ཉིད་མེད་དོ། །གཟུགས་མེད་པ་ན་སྤྱོད་པའི་ཡང་བཏང་སྙོམས་ཉེ་བར་རྒྱུ་བ་ཉོན་ མོངས་པ་ཅན་བཞི་དང་ལྡན་པ་ཉིད་དེ། བསམ་གཏན་དང་པོ་ལ་ཆགས་པ་དང་བྲལ་བ་བསམ་གཏན་གསུམ་པའི་དགེ་བའི་སེམས་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པའི་དགེ་བ་དང་། ལུང་དུ་མ་བསྟན་པ་བཅུ་གཉིས་དང་ལྡན་ནོ། །བསམ་གཏན་དང་པོའི་ས་པའི་དགེ་བ་བཅུ་ གཉིས་དང་བསམ་གཏན་གཉིས་པའི་ས་པའི་དགེ་བ་བཅུ་གཉིས་དང་ས་འོག་མ་པ་ལ་དམིགས་པ་དང་རང་གི་ས་ལ་དམིགས་པ་བརྒྱད་དང་དགེ་བ་དང་ཉོན་མོངས་ཅན་དང་ས་གོང་མ་པ་རྣམས་ནི་སྔ་མ་བཞིན་ཏེ། བསམ་གཏན་གཉིས་པ་ལ་འདོད་ཆགས་དང་བྲལ་ བའོ། །བསམ་གཏན་གསུམ་པའི་སེམས་ཐོབ་པ་འདོད་པ་དང་། བསམ་གཏན་གསུམ་པའི་ས་པ་རྣམས་དང་སྔར་གྱི་བསམ་གཏན་གསུམ་པ་ནས་སྲིད་པའི་རྩེ་མོའི་བར་གྱི་དངོས་གཞི་དང་ཉེར་བསྡོགས་དག་གི་ཚོར་བ་ལ་ཁྱད་པར་མེད་དོ། །འདི་ནི་བསམ་གཏན་ གསུམ་པའི་ཁྱད་པར་ཏེ། ཉེར་བསྡོགས་ལས་དགེ་བ་དང་། དངོས་གཞི་ལས་ཉོན་མོངས་ཅན་ནོ། །བསམ་གཏན་བཞི་པ་ནས་སྲིད་པའི་རྩེ་མོའི་བར་གྱི་ཉོན་མོངས་ཅན་ཁོ་ན་བསམ་གཏན་གཉིས་པའི་འདོད་ཆགས་དང་བྲལ་བའོ། །བསམ་གཏན་བཞི་པའི་སེམས་མ་ཐོབ་པ་འདོད་ པ་དང་བསམ་གཏན་དང་པོའི་ས་པ་རྣམས་དང་སྔ་མ་བཞིན་བསམ་གཏན་གཉིས་པའི་ས་པ་བཅུ་གཉིས་དང་དགེ་བའི་རྩ་བ་རྣམས་ཉིད་དང་དེ་འདོད་ཆགས་དང་བྲལ་བའི་ཕྱིར་བསམ་གཏན་གསུམ་པའི་ས་པའི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་དང་ས་འོག་མ་ལ་དམིགས་པའི་དགེ་བ་དང་རང་ གི་ས་ལ་དམིགས་པ་བཞི་དང་དགེ་བ་དང་ཉོན་མོངས་པ་ཅན་རྣམས་དང་། བསམ་གཏན་བཞི་པའི་ས་པ་ལ་སོགས་པ་སའི་ཉོན་མོངས་པ་ཅན་རྣམས་ཉིད་བསམ་གཏན་བཞི་པར་ཐོབ་བོ། འདོད་པ་དང་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་དང་སྔ་མ་བཞིན་ལྡན་ ནོ། །བསམ་གཏན་གསུམ་པའི་ས་པའི་ཉེར་བསྡོགས་ལས་དགེ་བ་དང་དངོས་གཞི་ལས་ཉོན་མོངས་ཅན་ཉིད་དེ་སྲིད་པའི་རྩེ་མོའི་བར་ལས་བསམ་གཏན་གསུམ་པ་འདོད་ཆགས་དང་བྲལ་བའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་དགེ་བའི་སེམས་མ་ཐོབ་པ་ནི། བསམ་ གཏན་གསུམ་པ་ལས་དགེ་བ་ཉིད་དང་བཞི་པ་ལས་ཉོན་མོངས་ཅན་ཉིད་དེ་ལྷག་མ་སྔ་མ་བཞིན་ནོ། །དེ་ལས་གོང་མའི་སའི་སེམས་ཐོབ་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་འོག་མ་ལ་དམིགས་པ་བཞི་དགེ་བ་ཉིད་དང་དངོས་གཞི་ལས་ཉོན་མོངས་ཅན་ གཅིག་ཉིད་དང་མ་འདྲེས་པ་ལ་དམིགས་པའི་ཕྱོགས་དང་འདྲེས་པ་ལ་དམིགས་པའི་ཕྱོགས་ལ་ནི་ཉེར་བསྡོགས་ལས་ཀྱང་དགེ་བ་གཅིག་ཉིད་དང་ལྡན་ནོ། །ལྷག་མ་སྔ་མ་བཞིན་ནོ། །བསམ་གཏན་བཞི་པའི་འདོད་ཆགས་དང་བྲལ་བའོ། །བསམ་གཏན་ བཞི་པའི་ས་པའི་དགེ་བ་རྣམས་དང་དགེ་བ་ཉིད་ལྡན་གྱི་ཉོན་མོངས་ཅན་ནི་མ་ཡིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་ནི་དགེ་བ་ཉོན་མོངས་ཅན་དང་སྟེ་ལྷག་མ་སྔ་མ་བཞིན་ནོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ས་པའི་སེམས་ཐོབ་པའོ། །ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་དགེ་བ་དང་ཉོན་མོངས་ཅན་དག་དང་ལྡན་ནོ། །དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་རྒྱ་ཆེར་བརྗོད་པར་བྱའོ། །བསམ་གཏན་དུ་སྐྱེས་པ་སྨོས་པ་ནི་གཟུད་ས་ མེད་པར་སྐྱེས་པ་བསལ་བའི་ཕྱིར་རོ། །གཟུགས་མེད་པར་སྐྱེས་པ་ནི་རྟག་ཏུ་རང་གི་ཁམས་དང་ལྡན་པ་ཉིད་ཀྱིས་ཁམས་འོག་མ་ལ་དམིགས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེས་ཆོས་ཀྱི་སྐྱེ་མཆེད་ལ་དམིགས་པ་མ་ཡིན་ནོ། །འདི་ལྟར་གཟུགས་ལ་སོགས་པའི་སྤྱི་ལ་དམིགས་པའི་ཕྱིར་ཆོས་ལ་ ཉེ་བར་རྒྱུ་བ་ཉིད་དུ་རྣམ་པར་གཞག་གོ། །དེ་ལ་བསམ་གཏན་དང་པོར་སྐྱེས་པ་བསམ་གཏན་གཉིས་པའི་ས་པའི་དགེ་བའི་སེམས་མ་ཐོབ་པ་འམ་ཐོབ་པ་དང་འདོད་ཆགས་དང་མ་བྲལ་བ་དང་འདོད་ཆགས་དང་བྲལ་བ་སྟེ་རྣམ་པ་གསུམ་དུ་གྱུར་ཏོ། །དེ་ལ་མ་ཐོབ་པ་ནི་བསམ་གཏན་དང་ པོའི་ས་པའི་ཉོན་མོངས་པ་ཅན་ཐམས་ཅད་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་། བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་ཉོན་མོངས་པ་ཅན་ཉིད་མ་ཐོབ་པའོ། །འདོད་ཆགས་དང་མ་བྲལ་མ་<བ་>ནི་བསམ་གཏན་གཉིས་པའི་ས་པའི་ཡིད་བདེ་བ་ཉེ་བར་རྒྱུ་བ་བཞི་དང་། ཉོན་མོངས་ པ་ཅན་དང་། བཏང་སྙོམས་ཉེ་བར་རྒྱུ་བ་བཞི་དང་དགེ་བ་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཉེར་བསྡོགས་ལས་དགེ་བ་ཉོན་མོངས་པ་ཅན་དང་། ཉེར་བསྡོགས་ལས་དགེ་བའི་རྩ་བ་ཉོན་མོངས་པ་ཅན་རྣམས་དང་སྟེ་ལྷག་མ་སྔ་མ་བཞིན་ནོ། །འདོད་ཆགས་དང་བྲལ་བ་ནི་བསམ་ གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་མ་གཏོགས་པ་རྣམས་དང་། བསམ་གཏན་གཉིས་པའི་ས་པའི་དགེ་བ་ཉོན་མོངས་ཅན་རྣམས་དང་ལྡན་ཏེ་ལྷག་མ་སྔ་མ་བཞིན་ནོ། །ཐམས་ཅད་འདོད་པར་གཏོགས་པའི་སྤྲུལ་པའི་སེམས་ལྷན་ཅིག་སྐྱེས་པ་དང་ལུང་དུ་མ་ བསྟན་པ་དང་བཏང་སྙོམས་ཉེ་བར་རྒྱུ་བ་དང་ལྡན་ནོ། །བསམ་གཏན་གཉིས་པར་སྐྱེས་པ་ནི། འདོད་པར་གཏོགས་པ་དང་བསམ་གཏན་དང་པོའི་ས་པའི་སྤྲུལ་པའི་སེམས་ལྷན་ཅིག་སྐྱེས་པ་དང་ལུང་དུ་མ་བསྟན་པ་དང་བཏང་སྙོམས་ཉེ་བར་རྒྱུ་བ་དང་ལྡན་གྱི་གཞན་དང་མ་ ཡིན་ནོ། །དེ་བཞིན་དུ་བསམ་གཏན་གཏན་བཞི་པའི་བར་དུ་སྐྱེས་པ་རྣམས་ནི་བཏང་སྙོམས་ཉེ་བར་རྒྱུ་བ་དང་ས་འོག་མའི་སྤྲུལ་པའི་སེམས་ལྷན་ཅིག་སྐྱེས་པ་དང་ལྡན་གྱི་གཞན་དང་ནི་མ་ཡིན་ནོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་རྗེས་སུ་འབྲངས་ཏེ། ཉེ་ བར་རྒྱུ་བ་ལྷག་མ་དང་ལྡན་པ་རྒྱ་ཆེར་བརྗོད་པར་བྱའོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པ་ནི་རྟག་ཏུ་རང་གི་ཁམས་པ་གཅིག་ཉིད་དང་སྟེ། ཁམས་འོག་མ་ལ་དམིགས་པའི་ཕྱིར་རོ། །ཡིད་ཀྱི་ཉེ་བར་རྒྱུ་བའི་དོན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་འདི་ལྟ་བུ་ཡང་ཡོད་མོད་ཀྱི་ཞེས་བྱ་བ་ནི། དེ་ཉིད་ཉེ་བར་བསགས་པ་ཟག་པ་དང་བཅས་པ་ཉིད་དེ་ཡིན་གྱི་ཉེ་བར་རྒྱུ་བ་དེ་ལས་བཟློག་པ་ཟག་པ་མེད་པའོ། །རྩོམ་པ་མེད་པར་འཇུག་པའི་ཕྱིར་དང་མཚན་མ་མེད་པར་གཞོལ་བའི་ཕྱིར་རྩོལ་བ་མེད་པའོ། །ཉེ་བར་སྤྱོད་པ་འགའ་ཞིག་ཟག་པ་མེད་པ་ཡིན་ནོ། །དེ་དག་ཀྱང་དགེ་ བ་དང་ཉོན་མོངས་པ་ཅན་ཞེས་ཏེ། ཉེ་བར་སྤྱོད་པའི་དོན་བསྟན་པ་འདི་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཡིན་ནོ། །གཞན་ན་རེ་ཞེས་བྱ་བ་ནི་གཞན་ཡང་མ་ཡིན་གྱི་བདག་ཉིད་ཁོ་ན་ཞེས་བྱ་བའི་དོན་ཏོ། །གང་ཞིག་གང་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གང་ཞིག་གཟུགས་ལ་སོགས་པ་ དེ་ལས་འདོད་ཆགས་དང་མ་བྲལ་བ་ནི་གཟུགས་ལ་སོགས་པའི་དམིགས་པ་དེ་ལ་ཉེ་བར་རྒྱུ་བར་རིགས་པ་མ་ཡིན་ཏེ་དེའི་ས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །ཇི་ལྟར་ཉེ་བར་རྒྱུ་བར་བྱེད་ཅེ་ན། དེ་ལ་རྗེས་སུ་ཆགས་པར་བྱེད་ཁོང་ཁྲོ་བར་བྱེད། སོ་སོར་མ་བརྟགས་པར་ བཏང་སྙོམས་སུ་ཡང་བྱེད་པ་སྟེ། དེའི་ཕྱིར་ཟག་པ་མེད་པ་རྣམས་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྐད་དུ་ཁྱོད་ཀྱིས། འདོད་ན་ཐམས་ཅད་རང་དམིགས་ཅན། །སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །ཞེས་བྱ་བ་ལ་སོགས་པ་སྨྲས་ པའི་ཟག་པ་དང་བཅས་པ་དག་ཀྱང་ཐམས་ཅད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཀུན་ནས་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པའི་འབྲས་བུ་ཅན་རྣམས་ཡིན་ཏེ། ཀུན་ནས་ཉོན་མོངས་པ་རྣམས་ཏེ། ཀུན་ནས་ཉོན་མོངས་པ་དང་མཐུན་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། ། ཡིད་བདེ་བ་ལ་སོགས་པ་དག་ནི་རྣམ་པ་གཉིས་ཏེ། ཡིད་ཡུལ་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པའི་རྗེས་སུ་མཐུན་པ་དང་རྗེས་སུ་མི་མཐུན་པའོ། །དེ་ལ་གང་དག་རྗེས་སུ་ཆགས་པ་ལ་སོགས་པ་དང་མཐུན་པ་དེ་དག་ནི་ཉེ་བར་རྒྱུ་བ་ཞེས་བརྗོད་ཀྱི་གཞན་ནི་ མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་གིས་ཡིད་ཡུལ་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཚོར་བའི་དབང་གིས་རྗེས་སུ་ཆགས་པ་ལ་སོགས་པ་འཇུག་པའི་ཕྱིར་དེ་དག་གིས་ཡུལ་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ་ཞེས་བརྗོད་དོ། །སོ་སོར་བརྟགས་ པའི་བཏང་སྙོམས་ནི་དགེ་བ་ཡིན་པས། དེའི་ཕྱིར་སོ་སོར་མ་བརྟགས་པར་བཏང་སྙོམས་སུ་བྱེད་པ་སྟེ་ཞེས་བྱ་བ་སྨོས་ཏེ། བཏང་སྙོམས་སུ་བྱེད་ཀྱི་གཏོད་པར་མི་བྱེད་དོ་ཞེས་བྱ་བའི་དོན་གང་ཡིན་པའོ། །གང་གིས་གཉེན་པོར་རྟག་ཏུ་གནས་པ་དྲུག་ཡིན་པ་སྟེ། ན་ཧྱ་ཀླིཥྚ་སྱ་ཟག་པ་དང་བཅས་པ་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་ཀྱི་སྒོ་ནས་གཉེན་པོ་མ་གཏོགས་པ་གཞན་གཉེན་པོ་ཡོད་ཅེས་བྱ་བའོ། །རྟག་པ་ནི་གྲུབ་པའི་མཐའ་ལས་རྟག་པར་འབྱུང་བའོ། །དྲུག་ཉིད་ནི་རྣམ་པ་དྲུག་སྟེ་གཟུགས་ལ་སོགས་པ་ལ་མ་དམིགས་ པའི་ཕྱིར་རོ། །དགྲ་བཅོམ་པ་ལ་ཡང་ཞེས་རྒྱས་པར་འབྱུང་བ་ལ། ཆོས་ལ་དམིགས་པ་ནི་ཆོས་ཉན་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་ལ་དམིགས་པའོ། །དེ་དགག་པ་ཡིན་པར་མངོན་ཞེས་བྱ་བ་ལ། མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་མི་ འགྱུར་ཞེས་རྒྱ་ཆེར་འབྱུང་སྟེ། ཀུན་ནས་ཉོན་མོངས་པ་ལས་བྱུང་བ་ཉིད་ཀྱི་ཉེ་བར་རྒྱུ་བ་ཞེས་སོ། །འདི་ལ་སློབ་དཔོན་གོ་ཆ་མཐའ་ཡས་ན་རེ། གང་བཤད་པ་དེ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། མདོ་ལས་གཞན་དུ་བསྟན་པའི་ཕྱིར་ཏེ། དགེ་སློང་དག་དེ་ལ་ཡིད་ བདེ་བའི་ཉེ་བར་རྒྱུ་བ་དྲུག་པོ་གང་ཡིན་པ་དེ་དག་ལ་བརྟེན་ཅིང་གནས་ཏེ་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་པོ་གང་ཡིན་པ་དེ་དག་སྤོངས་ཤིག །དགེ་སློང་དག་དེ་ལ་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་པོ་གང་ཡིན་པ་དེ་དག་ལ་བརྟེན་ཅིང་གནས་ཏེ། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་ པོ་གང་ཡིན་པ་དེ་དག་སྤོངས་ཤིག །དགེ་སློང་དག་དེ་ལ་བཏང་སྙོམས་པ་ནི་གཉིས་ཏེ། ཐ་དད་པ་ཉིད་ལ་བརྟེན་པ་དང་། གཅིག་པ་ཉིད་ལ་བརྟེན་པའོ། །དགེ་སློང་དག་དེ་ལ་གཅིག་པ་ཉིད་ལ་བརྟེན་པའི་བཏང་སྙོམས་གང་ཡིན་པ་དེ་ལ་བརྟེན་ཅིང་གནས་ཏེ་ཐ་དད་ པ་ཉིད་ལ་བརྟེན་པའི་བཏང་སྙོམས་གང་ཡིན་པ་དེ་ཡང་སྤོངས་ཤིག་ཅེས་བཤད་དེ། དེ་ལྟ་བུས་ན་མདོ་འདི་ལས་ཡིད་བདེ་བ་ལ་སོགས་པའི་ཉེ་བར་རྒྱུ་བ་ནི་ཀུན་ནས་ཉོན་མོངས་པ་ཁོ་ན་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེས་ཟེར་རོ། །འདིས་ནི་རེ་ཞིག་ཡིད་བདེ་བ་དང་བཏང་ སྙོམས་དག་ཀུན་ནས་ཉོན་མོངས་པ་ཉིད་ཡིན་པ་བཟློག་པ་མ་ཡིན་ཏེ། འདི་ལྟར་མདོ་ལས་ང་རྒྱལ་ལ་བརྟེན་ནས་ང་རྒྱལ་སྤང་བར་བྱའོ་ཞེས་གསུངས་ཀྱང་། འདིས་ང་རྒྱལ་ཀུན་ནས་ཉོན་མོངས་པ་ཡིན་པ་བཟློག་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་མདོ་ལས་ཉོན་མོངས་པ་རྣམས་ ཀྱང་ལྕི་བ་དང་ཡང་བ་ལ་དགོངས་ནས་སྤང་བ་དང་བརྟེན་པར་གསུངས་པས་སྐྱོན་མེད་དོ། །དེས་ན་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གང་ཡིན་པ་དེ་ཉིད་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་སྤང་བ་དང་བརྟེན་པ་ཉིད་དུ་སྟོན་པ་ཡིན་ནོ། །སྟོན་པའི་མཚན་ཉིད་སུམ་ཅུ་རྩ་དྲུག་ནི། འདི་དག་གིས་ སྟོན་པ་གོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་དག་གིས་སྟོན་པ་གོ་བར་བྱེད་པ་ནི་སྟོན་པས་གསུངས་སོ་ཞེས་བྱ་བར་དགོངས་པའོ། །གཞན་ལ་དེ་དག་རྣམ་པར་འབྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །ཞེན་པ་ལ་བརྟེན་པ་དང་ངེས་པར་འབྱུང་བ་ཉིད་ལ་བརྟེན་པའི་བྱེ་བྲག་ གིས་ཞེས་བྱ་བ་ལ། ཞེན་པ་ནི་བརྐམ་པ་སྟེ། དོན་དུ་གཉེར་བ་དང་ཆགས་པ་དང་མངོན་པར་ཞེན་པ་དང་། སྲིད་པ་ཞེས་བྱ་བ་ནི་རྣམ་གྲངས་དག་གོ། །ངེས་པར་འབྱུང་བ་ཉིད་ནི་འདོད་ཆགས་དང་བྲལ་བའོ། །འཁོར་བའམ་ཀུན་ནས་ཉོན་མོངས་པ་ འམ་སྡུག་བསྔལ་ལས་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་ཉིད་དོ། །དེ་དག་གིས་བྱེ་བྲག་སྟོན་པས་བཀའ་སྩལ་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་སྨྲས་པར་འགྱུར་རོ། །འདི་སྐད་དུ། མདོ་ལས་མིག་གིས་ཤེས་པར་བྱ་བའི་གཟུགས་དག་ལ་ བརྟེན་ནས་ཡིད་བདེ་བ་སྐྱེ་བར་འགྱུར་ཞིང་། དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ཞེན་པ་ཉིད་ལ་བརྟེན་པ་དང་། ངེས་པར་འབྱུང་བ་ལ་བརྟེན་པའོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་དག་ལ་ཡང་དེ་བཞིན་དུ་རིག་པར་བྱ་ལ་ཡིད་ མི་བདེ་བ་དང་བཏང་སྙོམས་ཀྱང་དེ་དང་འདྲའོ། །དེ་ལྟ་ན་ཚོར་བ་ཞེས་བྱ་བ་སྲིད་པའི་ཡན་ལག་འདིའི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི། དེ་ལས་བྱུང་བ་ཚོར་བ་དྲུག །ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། །ཞེས་བྱ་བ་རྒྱ་ཆེར་ཏེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཚོར་བ་དགེ་བ་ ཀུན་ནས་ཉོན་མོངས་པའི་ཕྱོགས་དང་རྗེས་སུ་མཐུན་པ་དང་། དགེ་བ་ཉོན་མོངས་པ་ཅན་གྱི་ཕྱོགས་དག་ཁོ་ནར་རྟོགས་པར་བྱ་བ་ཡིན་པས་དེ་ལོགས་སུ་མ་བསྟན་ཏོ། །གལ་ཏེ་འདིར་ཡན་ལག་ཅུང་ཟད་བཤད་པ་དང་ཅུང་ཟད་འཆད་པར་འགྱུར་བ་དེ་ལྟ་བུ་ཡོད་པ་གོ་བར་ཟད་ པའི་ཕྱིར་ཅིའི་དོན་དུ་མདོ་རྩོམ་ཞེ་ན། བཤད་པ་དང་འཆད་པར་འགྱུར་བ་གཞན་ཞེས་བྱ་སྟེ་གཞན་དུ་ནི་ཕྱི་མའི་དོན་དུའོ། །གང་འདིར་བཅོམ་ལྡན་འདས་ཀྱིས་འགྲེལ་པ་བཞི་རྒྱས་པར་གསུངས་པར་ཤེས་པར་བྱའོ། །འདིར་ནི་ཉོན་མོངས་འདོད་ཅེས་བྱ་བ་ལ་སོགས་པ་ནི་རྟེན་ཅིང་ འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་སྦྱར་བར་བྱ་བའི་ཕྱིར་མདོ་རྩོམ་པའོ། །ཉོན་མོངས་པ་དང་ལས་དང་གཞི་རྣམས་སོ་ཞེས་བྱ་བས་ནི་སོ་སོར་ཤེས་པར་བྱས་པ་སྟེ། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་ཞེས་བྱ་བ་དེ་ལྟ་བུའོ། །ཉོན་མོངས་པ་ དང་ལས་དང་གཞི་འདི་དག་གི་སོ་སོའི་བྱེད་པ་ཕྱི་རོལ་གྱི་དཔེའི་སྒོ་ནས་བསྟན་པའི་ཕྱིར། འདིར་ནི་ཉོན་མོངས་ས་བོན་བཞིན། །ཞེས་བྱ་བ་རྒྱས་པར་སྨོས་སོ། །ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་ཆོས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ། ཉོན་མོངས་པ་ཡོད་ན་ལས་རྣམས་ ཉེ་བར་སོག་པར་འགྱུར་ལ། དེ་ནི་དེ་ལས་སྐྱེ་བ་ཡིན་པས་ཉོན་མོངས་པ་ཡོད་ན་འགའ་ཞིག་གི་ཡང་སྐྱེ་བའི་མཚོ་སྐམས་པར་མི་འགྱུར་རོ། །ལས་རྣམས་ཀྱང་རྣམ་པར་སྨིན་པ་བསྐྱེད་པར་བྱ་བ་ལ་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཉེ་བའི་རྒྱུར་ཏེ། ཉོན་མོངས་པ་རྣམས་ནི་ རིང་བ་ཡིན་ནོ། །ཐར་པ་ནི་མི་འགྱུར་རོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་ཡང་ཡང་སྲིད་ཀྱི་ཉོན་མོངས་མེད་པའི་ཕྱིར་རོ། །དེ་དག་ནི་བཤད་ཟིན་ཏོ་ཞེས་བྱ་བ་ཇི་ལྟར་ཞེ་ན། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །ཞེས་བྱ་བས་སྲིད་པ་བར་མ་དང་། སྐྱེ་བའི་སྲིད་པ་ ནི་འགྲོ་བ་དག་ཏུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་གོ་ཞེས་བྱ་བ་དང་། དེ་ཕན་ཆད་འཆི་བའི་སྐད་ཅིག་མ་གཏོགས་པ་གཞན་ནི་དུས་སྔ་མའི་སྲིད་པའོ། །གང་གི་འོག་ཏུ་སྲིད་པ་བར་མ་འབྱུང་བ་ཐ་མའི་སྐད་ཅིག་མ་ནི་འཆི་བའི་སྲིད་པའོ། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་ བྱ་བ་ནི་དགེ་བ་མ་ཡིན་ཞིང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་ཡིན་པ་སྟེ་དེའི་ཕྱིར་གཅིག་ཏུ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཉོན་མོངས་པ་དམིགས་ཀྱིས་མ་ཕྱེད་པས་འདྲ་བ་ནི་ཉོན་མོངས་པ་གང་གིས་ཞེས་བྱ་སྟེ། དེའི་ཕྱིར་ཉོན་ མོངས་ཀུན་ཞེས་བྱ་བ་སྨོས་སོ། །ཅི་སྐྱེ་བའི་སྲིད་པ་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་དུ་འགྱུར་རམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ས་པའི་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པ་ཁོ་ན་སྟེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་ རྒྱལ་དང་། གཏི་མུག་དང་། ལྟ་བ་དང་ཐེ་ཚོམ་ཞེས་བྱ་བ་དག་གིས་སོ། །ཀུན་ནས་དཀྲིས་པ་ཚིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པས། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། གཉིད་ཅེས་བྱ་བ་ཀུན་ནས་དཀྲིས་པ་རང་དབང་མ་ཡིན་པ་མེད་པས་དེའི་ཕྱིར་ཚིག་རྐྱ་ཐུབ་པ་རྣམས་ཀྱིས་ཞེས་ཁྱད་པར་དུ་བྱས་སོ། །མ་རིག་པ་ལས་གཞན་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་མཚུངས་ པར་མི་ལྡན་པས་ན་ཆིག་རྐྱ་ཐུབ་པ་དག་ཅེས་བྱ་སྟེ། ཕྲག་དོག་དང་། སེར་སྣ་དང་། འགྱོད་པ་དང་། ཁྲོ་བ་དང་། འཚིག་པ་ཞེས་བྱ་བ་དང་ལྔ་ལ་ཆིག་རྐྱ་ཐུབ་པ་རྣམས་ཞེས་བརྗོད་དོ། །ཉོན་མོངས་པ་རྣམས་ཀྱིས་ཉིང་མཚམས་སྦྱོར་རོ་ཞེས་འབྱུང་བ་དང་། རང་ དབང་བ་རྣམས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་མི་ལྡན་པའི་ཕྱིར་དེ་དག་གིས་ཉིང་མཚམས་སྦྱོར་བ་དགག་གོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པས་རང་དབང་མ་ཡིན་པ་རྣམས་ཀྱིས་ནི་ཉིང་མཚམས་ སྦྱོར་བ་མི་དགག་གོ། །ཡང་འདིར་ཉོན་མོངས་པ་རྣམས་ཁོ་ན་ཉིང་མཚམས་སྦྱོར་བའི་རྒྱུ་ཡིན་པ་ཀུན་ནས་དཀྲིས་པ་རྣམས་མ་ཡིན་པ་ཅི་ཞེ་ན། དེ་ནི་གནས་སྐབས་སུ་དེར་འབད་པ་མེད་པས་ཞེན་པའི་ཕྱིར་དང་སོ་སོར་བརྟགས་པ་སྔོན་དུ་འགྲོ་བ་མ་ཡིན་པའི་ཕྱིར་དང་། འཆབ་པ་དང་། འགྱོད་པ་ལ་སོགས་པ་སྟོབས་ཆུང་བའི་ཕྱིར་རོ། །ཀུན་ནས་བཀྲིས་པའི་བག་ཆགས་རྣམས་འབད་པ་མེད་པར་ཀུན་དཀྲིས་པ་རྣམས་ལ་འཇུག་པ་དེ་མི་སྲིད་དོ། །ཉོན་མོངས་པ་རྣམས་ནི་རང་གི་ངང་གིས་འཇུག་པའི་ཕྱིར་དེའི་གནས་སྐབས་སུ་ཞན་ ཡང་ཀུན་ཏུ་སྤྱོད་པར་བྱེད་དོ། །དེའི་ཕྱིར་ཉོན་མོངས་པ་རྣམས་ཁོ་ན་ཉིང་མཚམས་སྦྱོར་བའི་འཆིང་བར་འདོད་ཀྱི་ཀུན་ནས་དཀྲིས་པ་རྣམས་ནི་མ་ཡིན་ནོ། །གལ་ཏེ་གནས་སྐབས་དེ་ནི་ཞེན་པ་མ་ཡིན་ནམ། ཇི་ལྟར་དེར་ལོག་པར་ལྟ་བ་ལ་སོགས་པ་དག་ཀུན་ཏུ་འབྱུང་ཞེ་ན་དེའི་ ཕྱིར། གནས་སྐབས་དེ་ཞེན་པ་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་མི་གཡེང་བའི་ཕྱིར་གནས་སྐབས་དེ་ནི་ཞན་པ་ཡིན་ཞེས་བྱའོ། །གཞན་དག་ན་རེ་དེ་ནི་ཚོར་བ་བཏང་སྙོམས་ཁོ་ན་ཡོད་པས་དེའི་ཕྱིར་ཞན་པ་ཞེས་བརྗོད་དོ་ ཞེས་ཟེར་རོ། །གང་ཞིག་གིས་གང་ལ་ཡང་དང་ཡང་དུ་ཞེས་བྱ་བ་ནི་རྟག་ཏུ་ཞུགས་ཞེས་བྱ་བའི་དོན་ཏོ། །ཉེ་བར་ཞེས་བྱ་བ་ནི་འཆི་བ་དང་ཉེ་བ་སྟེ་སྤྱད་པ་ཞེས་བྱ་བ་དང་སྦྱར་རོ། །དེའི་ཚེ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པའི་གནས་སྐབས་ནའོ། །ཉོན་མོངས་པ་དེ་ཉིད་ལ་ཉེ་བར་གནས་ཞེས་བྱ་བ་ནི་ཉོན་ མོངས་པ་གང་ལ་ཡང་དང་ཡང་དུ་ཉེ་བར་སྤྱད་པའོ། །སྔོན་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་གོམས་པས་དེའི་ཚེ་ཡང་རྣམ་པ་དེ་ལྟ་བུའི་ཉོན་མོངས་པ་ཁོ་ན་ཉེ་བར་གནས་པའོ། །ཡང་ན་སྔོན་དུ་ཡང་ཡང་ཉེ་བར་སྤྱོད་པ་དེས་དེའི་འཕེན་པ་སྟེ་འབྲས་བུའི་ངོ་བོས་འཕེན་པ་གང་ཡིན་ པ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ལུས་ལ་སྲེད་པ་ནི་སེམས་ཅན་རྣམས་ཀྱི་ངའོ་སྙམ་པའི་ང་རྒྱལ་ཏེ། དྷུ་བཱ་ནཾ་གི་ཎཽ་པརྱཱ་ཡེ་ན་ཏཽ་ཏ་སྱཱ་པ་སྠཱ་ཡཱཾ་སཱུཀྵྨཽ་ས་མུ་དཱ་ཙ་རནྟཽ་པནྟ་ཏིཾ་ན་བི་ཛ་ཧཱི་ཏཿ། <ལུས་ཀྱི་ངེས་པའི་རྣམ་གྲངས་ཀྱིས། །དེ་དག་དེ་ཡི་གནས་སྐབས་སུ། །ཕྲ་བར་རྒྱུ་བ་ཉིད་ཡིན་གྱི། །རྒྱུད་ལ་སྤངས་པ་ནི་མ་ཡིན་པས།> དེ་དག་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་དུ་འགྱུར་རོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་ འཕགས་པ་རྣམས་ལ་དེ་ཀུན་ཏུ་སྤྱོད་པ་སྲིད་པའི་ཕྱིར་སྐྱེ་བའི་སྲིད་པར་མི་འགྱུར་རོ་ཞེ་ན། སྲེད་པ་ཆད་པ་ལ་རྗེས་སུ་ཐོགས་པ་སྲིད་པའི་ཕྱིར་འདི་མཐའ་གཅིག་ཏུ་མ་ཡིན་ནོ། །སྲིད་ པ་བར་མར་ཉིང་མཚམས་སྦྱོར་བ་ཡང་དེ་བཞིན་དུ་ཞེས་བྱ་བ་ནི་ཡང་སྲིད་ཀྱི་མཚམས་སྦྱོར་དུ་བཤད་པ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་མེད་གསུམ་ཞེས་བྱ་བ་ལ། །གཟུགས་མེད་པ་དང་མཚུངས་པར་ལྡན་པའི་ལས་ཀྱི་སྲིད་པ་བར་མའི་འབྲས་བུ་ཡོད་པ་མ་ཡིན་ནོ། ། ཅིའི་ཕྱིར་མེད་ཅེ་ན། གཟུགས་མེད་པའི་ཁམས་ན་གནས་གཞན་དུ་ཡོངས་སུ་ཆད་པ་མེད་དེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་གི་ཟས་ཀྱང་མདོ་ལས་བཞི་ཁོ་ནར་བཤད་དོ། །བྱིས་པ་ཞེས་བྱ་བ་ནི་འོ་མ་དང་མར་ཟ་བའི་བར་རོ། །སོགས་པའི་སྒྲས་ནི་མངལ་ན་གནས་པ་བསྡུ་ སྟེ་འདི་དག་ཡོངས་སུ་ཆད་པ་ཉིད་ཀྱིས་ལྷག་མ་རྣམས་ཀྱི་ནི་རེག་པ་ཉིད་དོ་ཞེས་བྱ་བ་གྲུབ་བོ། །ཡང་ཅི་འདི་རྣམས་ཐམས་ཅད་ཁམས་ཐམས་ཅད་ན་ཡོད་དམ་ཞེ་ན་དེའི་ཕྱིར་ཁམ་གྱི་ཟས་ནི་འདོད་པ་ཁོ་ན་ན་ཡོད་པ་ཡིན་ཏེ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་མ་བྲལ་བ་ནི་གཟུགས་ དང་གཟུགས་མེད་པར་མི་སྐྱེ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་ཇི་སྲིད་དེ་མ་སྐྱེས་པ་དེ་སྲིད་དུ་ཟས་ཀྱིས་གནས་པ་ཉིད་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེར་ནི་ལུས་གནས་པ་ཕྱི་རོལ་གྱི་རྐྱེན་ལ་རག་ལས་པ་མ་ ཡིན་ནོ། །དེ་ལྟ་མོད་ཀྱི་གཟུགས་ཀྱི་ཁམས་ན་ཡོད་པའི་འབྱུང་བ་ཕན་འདོགས་པ་རྣམས་ནི་ཁམ་གྱི་རྣམ་པའི་འདོད་པའི་ཡོན་ཏན་མ་ཡིན་ཏེ། ཇི་ལྟར་གཟུགས་ཀྱི་ཁམས་ཀྱི་གཟུགས་དང་སྒྲ་དང་རེག་བྱ་རྣམས་ཡོན་ཏན་ཡིན་ཡང་འདོད་པའི་ཡོན་ཏན་མ་ཡིན་པ་བཞིན་ ནོ། །འདི་ལ་ཕན་འདོགས་པའི་རེག་བྱའི་ཁྱད་པར་ཡང་དེ་བཞིན་ནོ། །འདི་ལྟར་དགའ་བ་ཡང་དེར་ཟས་ཞེས་བཤད་དེ་ཁམ་གྱི་རྣམ་པས་ཡོངས་སུ་ལོངས་སྤྱད་པ་སྲིད་པའི་ཕྱིར་ཁམ་གྱི་ཟས་སུ་འགྱུར་རོ་ཞེ་ན། འདིར་ཟས་ཞེས་བྱ་བ་བརྗོད་པ་ཟས་བཞིའི་བྱ་བ་མ་ཡིན་ཏེ། དགའ་བ་ཟ་བ་ནི་དུས་རིང་པོར་གནས་པ་སྟེ། དགའ་བ་ཟ་བའི་ལྷ་འོད་གསལ་བ་ལྟ་བུའོ་ཞེས་བྱ་བ་བཞིན་ནོ། །འོ་ན་འདོད་པའི་ཁམས་སུ་ཡང་གང་ཁའི་སྒོ་ནས་མིད་པ་དེ་ཉིད་ཁམ་གྱི་ཟས་ཡིན་གྱི་དེ་དག་གི་དེའི་དོན་དུ་སྒྲུབ་པ་ཉིད་མ་ཡིན་ནོ་ཞེ་ན་དེ་མངོན་པར་བརྗོད་པ་མ་ གྲུབ་བོ། གཟུགས་ཀྱི་ཁམས་སུ་ཅུང་ཟད་ཀྱང་མིད་པ་མེད་ལ་ཁམ་གྱི་ཟས་ནི་འདོད་ཁམས་ན་ཞེས་བཤད་པ་དེའི་ཕྱིར་འདི་ལ་ཀླན་ཀ་མེད་དོ། །དྲི་དང་། རོ་དང་། རེག་བྱའི་སྐྱེ་མཆེད་རྣམས་ནི་འདོད་པའི་ཁམས་ན་སྣ་དང་ལྕེས་ཁམ་དུ་བཅད་ནས་ཁམ་དུ་བྱ་སྟེ་མིད་པའི་ཕྱིར་ཁམ་གྱི་ ཟས་ཞེས་བརྗོད་ན་གྲིབ་མ་ལ་སོགས་པ་དག་ནི་ཁམ་དུ་བྱས་ནས་མིད་དོ་སྙམ་དུ་ཐེ་ཚོམ་ཟ་བས་འདྲི་བ་ནི་གྲིབ་མ་དང་ཉི་མ་དང་མེ་དང་། འོད་དག་ལ་ཡོད་པའི་དྲི་དང་རོ་དང་རེག་བྱ་དེ་དག་ཇི་ལྟར་ཟས་ཉིད་ཡིན་ཞེས་བྱ་བའོ། །འདི་ནི་ཕལ་ཆེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདོད་ པ་ན་སྤྱོད་པའི་དྲི་དང་རོ་དང་རེག་བྱ་དེ་དག་ཕལ་ཆེར་ཁམ་དུ་བཅད་ནས་མིད་པ་ན་གནས་པ་འདྲེན་པ་བྱེད་མོད་ཀྱི་ཁམ་གྱི་ཟས་ཕྲ་བ་དེ་དག་ཀྱང་ཁྲུས་དང་ལུས་མཉེ་བ་བཞིན་དུ་དེའི་རིགས་ཅན་ཡིན་པའི་ཕྱིར་ཟས་ཉིད་ལས་མི་འདའ་བས་འགལ་བ་མེད་དོ། །གཞན་དག་ན་རེ། བསྐལ་པ་དང་པོ་པ་སའི་བཅུད་ལ་སོགས་པ་བཅད་ཅིང་ཟ་བའི་ཕྱིར་དེ་ཡང་ཁམ་ཉིད་དུ་བརྗོད་དེ་གང་གི་ཕྱིར་གཅོད་པས་ན་ཁམ་ཞེས་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་པཱུ་རྦཱནྟ་བི་ཀལྤེ་ཥྭ་སྱཻ་བ་བྲདྷཱ་ནྱཾ་སུ་ཏ་རཱ་མ་ཤུ་ཙེནྡྲི་ཡ་མ་ཧཱ་བྷཱུ་ཏཱ་ནུ་གྲ་ཧཱ་ཡ་པྲ་བྲྀཏྟི་ར་ཏཿ། པྲཱདྷཱ་ནྱ་ད་ཡནྣི་རྡེ་ཤ་ཨི་ཏི། <སྔོན་རྨི་མཐའི་རྟོག་པ་རྣམས་ལ་འདི་ཉིད་ཆེས་གཙོ་བོར་གྱུར་པས་མི་གཙང་བ་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་འདོགས་པའི་ཕྱིར་འཇུག་གོ། །དེའི་ཕྱིར་གཙོ་བོ་ལ་སོགས་པ་ངེས་པར་བསྟན་ནོ་ཞེས་ཟེར་རོ། །>བཀྲེས་པ་དང་ སྐོམ་པ་དག་ཁོ་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་ཟས་ཀྱི་བྱ་བ་བྱེད་པ་མ་ཡིན་ནམ། ཇི་ལྟར་དེ་ལས་གཞན་པ་ཉིད་བརྗོད་ཅེ་ན་དབང་པོའི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་བྱས་ཏེ། དྷྱཱ་ཡཱ་མ་བི་ཤྲ་མ་བཙྩོ་པ་ཙ་ཡཾ་ཀྲྀ་ཏྭ་ནྱེ་བཱ་རོ་གཱ་ཁྱེ་ཛི་གྷཏྶ་བི་བཱ་སེ་ཙ། ཨཱ་ཧཱ་རོ་ནཱ་ནྱེ་ཨཱ་ཧཱ་རོ་ཧི་<བསམ་པ་ངལ་བ་མིན་པ་ཉེ་བར་བསགས་པ་བྱས་ནས་བཀྲེས་པ་དང་སྐོམ་པའི་ནད་ཟས་གཞན་མིན་ཟས་ནི།> ཞེས་རྒྱས་པར་འབྱུང་སྟེ་ཟས་མིད་པར་བྱེད་པ་ན་དབང་པོ་འཁོགས་པ་རྣམས་དང་དེའི་རྟེན་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་ཤིང་རྒྱས་པར་བྱེད་དོ། །གཟུགས་ཀྱི་སྐྱེ་མཆེད་ནི་མིད་ པའི་ཚེ་ཞེས་བྱ་བ་ནི་མིད་པའི་དུས་ན་སྟེ་ཟས་ནི་གང་གི་ཚེ་ཁར་བཅུག་པ་དང་སོས་མནལ་བ་དང་མཆིལ་མས་བརླན་པ་མིད་པ་ལས་གྱུར་པ་དེའི་ཚེ་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་དག་གམ། དེ་དག་གིས་དྲི་ལ་སོགས་པ་རྣམས་འཛིན་ པས་དེའི་རྟེན་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པ་དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་ནི་མིད་པའི་ཚེ་མ་ཡིན་ནོ། །གཟུགས་ཀྱི་སྐྱེ་མཆེད་ནི་རང་གི་དབང་པོ་སྟེ་མིག་གི་དབང་པོ་གང་ཡིན་པའམ། དེའི་འབྱུང་བ་ཆེན་པོ་སྟེ་དབང་པོའི་རྟེན་འབྱུང་བ་ཆེན་པོ་གང་དག་ཡིན་པ་དེ་ལ་ཕན་མི་འདོགས་ན་དབང་པོ་ གཞན་རྣ་བ་ལ་སོགས་པ་དག་ལ་ཕན་འདོགས་པ་ལྟ་སྨོས་ཀྱང་ཅི་དགོས། ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དབང་པོ་དེ་དག་གི་ཡུལ་གཟུགས་ལ་སོགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་མིད་པའི་ཚེ་གཟུགས་ཀྱི་སྐྱེ་མཆེད་མིག་གིས་མ་གཟུང་བས་མིག་གི་དབང་པོ་ལ་ཕན་འདོགས་ན་འོ་ན་ ཟས་ཀྱི་ཚེ་མཐོང་བ་ན་ཕན་འདོགས་པར་འགྱུར་རོ་ཞེ་ན་དེའི་ཕྱིར་གང་གི་ཚེ་མཐོང་བ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལ་དམིགས་པ་ནི་མཐོང་བཞིན་པའི་གཟུགས་ལ་དམིགས་པའོ། །ཡང་དེའི་ཚེ་ཡང་དེ་ལ་དམིགས་པ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་ཡིན་གྱི་གཟུགས་ནི་ མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་ཤེ་ན། དེའི་ཕྱིར་གྲོལ་བའི་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕྱིར་མི་འོང་བ་སྨོས་པ་ནི་དེ་དག་ཀྱང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །མཐོང་བའི་ གཟུགས་སུ་ཟས་ཀྱི་བྱ་བ་བྱེད་པ་ན་ཇི་ལྟར་དྲི་དང་། རོ་དང་། རེག་བྱ་མིད་བཞིན་པ་དག་བཞིན་དུ་ཕྱིར་མི་འོང་བ་རྣམས་དང་དགྲ་བཅོམ་པ་ལ་ཡང་བྱེད་པར་འགྱུར་ཏེ། འདི་སྐད་དུ་ཁམ་གྱི་ཟས་ནི་ལག་ན་ཡོད་པ་འམ་སྣོད་ན་ཡོད་པས་ཟས་ཀྱི་བྱ་བ་མི་བྱེད་ཀྱི། འོན་ཀྱང་གང་གི་ ཚེ་ཁར་བཅུག་པ་དང་། སོས་མནལ་བ་དང་། མཆིལ་མས་བརླན་པ་དང་། མིད་པ་དང་། ཕོ་བ་ཁེངས་པར་གྱུར་པ་ཞེས་བྱ་བ་རྒྱས་པར་སྲིན་བུའི་རིགས་རྣམས་ལ་ཕན་པར་གྱུར་པ་དེའི་ཚེ་ཟས་ཉིད་ཀྱི་སྐྱེ་མཆེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཏེ། ཟས་ཀྱི་དངོས་པོ་ བྱེད་ཅེས་བྱ་བའི་དོན་ཏོ། །དེ་ནི་གོང་བུ་མཐའ་དག་ལག་པ་ལ་སོགས་པ་ན་ཡོད་པ་ན་འབྱུང་བར་འགྱུར་བའི་མིང་གིས་ཁམ་གྱི་ཟས་ཞེས་བྱ་བའོ། །གང་གི་ཚེ་ཟས་ཀྱི་བྱ་བ་བྱེད་པ་དེའི་ཚེ་དྲི་དང་རོ་དང་རེག་བྱ་ཁོ་ན་ཟས་ཀྱི་མིང་ཐོབ་སྟེ། འདི་དེའི་ཚེ་ཡུལ་དུ་འགྱུར་བས་ སོ། །ཅི་སྟེ་གཟུགས་ཀྱང་ཞེས་སྨོས་ཏེ། དྲི་ལ་སོགས་པ་བཞིན་དེ་ལྟར་འདོད་ན་མི་ལྡན་པའི་འདུ་བྱེད་ཀྱི་རང་བཞིན་སྒྲ་ཡང་ཟས་སུ་འགྱུར་ཏེ། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཐར་ལྟོ་བར་གནས་པས་ཕན་པར་བྱེད་པས་སོ་ཞེས་སོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། དྲི་ལ་ སོགས་པ་བཞིན་སོ་སོར་ནུས་པ་མཐོང་བའི་ཕྱིར་དེའི་ཚེ་ཡང་དེའི་ཡུལ་རྣམ་པར་ཤེས་པ་མི་འཐད་པའི་ཕྱིར་རོ། །དྲི་ཙམ་ཟས་ཡིན་པ་ནི་རེ་ཞིག་ཡོད་དོ་ཞེས་འགྲུབ་བོ། །གཞན་དག་ན་རེ་གཟུགས་ནི་ཟས་མ་ཡིན་ཏེ། ཕྲད་ནས་འཛིན་པའི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་སྒྲ་ བཞིན་ནོ་ཞེས་ཟེར་རོ། །སློབ་དཔོན་དཔལ་ལེན་ན་རེ། གང་ཞིག་འདུས་པ་འདི་དག་ཐམས་ཅད་ཀྱིས་ཟ་བར་བྱེད་པས་ཟས་ཏེ་ཐ་དད་མེད་པར་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ཡོངས་སུ་འགྱུར་བ་ལས་བཅུད་དང་ཁྲག་དང་ཤ་ལ་སོགས་པའི་ངོ་བོ་བསྒྲུབ་པའི་ཕྱིར་རྒྱུད་ཉེ་བར་རྟོན་པར་ བྱེད་པ་དེའི་ཕྱིར་འདི་ཐམས་ཅད་ཟས་སོ་ཞེས་ཟེར་རོ། །ཟག་པ་དང་བཅས་པ་ཁོ་ན་ཟས་ཞེས་བྱ་བ་ལ། འདི་ཉིད་དུ་ཟག་པ་དང་བཅས་པ་སྨོས་པ་ནི་དྲི་ལ་སོགས་པ་རྣམས་ལ་མ་ཡིན་ཏེ། དེ་དག་ཁོ་ན་མཐར་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །སྲིད་པ་གསོ་བར་བྱེད་ པའི་དོན་ཟས་ཀྱི་དོན་ཞེས་བྱ་བ་ལ། ཇི་ལྟར་ན་དེ་དག་སྲིད་པ་གསོ་བར་བྱེད་ཅེ་ན་མ་འཕངས་པ་འཕེན་པའི་ཕྱིར་དང་། འཕངས་པ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ཏེ། སྲིད་པ་རྗེས་སུ་མི་སྲིད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རེག་པ་དང་ སེམས་པ་དང་། རྣམ་པར་ཤེས་པ་ཟག་པ་མེད་པ་དེ་དག་ནི་སྲིད་པ་ཟད་པར་བྱ་བའི་ཕྱིར་སྐྱེས་པ་དག་ཡིན་ཏེ་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་སྐྱེས་ཟིན་པའི་སྲིད་པ་རྒྱས་པར་བྱེད་མོད་ཀྱི་སྲིད་པ་གཞན་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་ ཟག་པ་དང་བཅས་པ་ཡིན་ཡང་ཁམས་དང་ས་དང་སྐལ་བ་མི་མཉམ་པ་དག་ནི་ཟས་མ་ཡིན་ནོ། །སྐལ་བ་མི་མཉམ་པའི་ས་ན་ནི་རྒྱས་པའི་རྒྱུ་ཉིད་ཡིན་ན་ཡང་ཕྱི་མ་ལ་སྲིད་པ་དེ་སྦྲེལ་བའི་རྒྱུ་མ་ཡིན་པའི་ཕྱིར་ཟས་མ་ཡིན་ནོ། །ཟས་བཞི་པོ་འདི་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་གནས་པ་ནི་མི་འཆད་པའོ། །འཚོ་བ་ནི་རྒྱུན་ཆགས་སུ་རྗེས་སུ་འཇུག་པའོ། །ཡང་ན་ནི་སྔ་མའི་བཤད་པ་ཕྱི་མ་ཡིན་ནོ། །ཕན་པར་བྱེད་པ་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པའོ། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་པས་ཞེས་བྱ་བ་ནི་རྒྱུན་མི་ འཆད་པར་རམ། ཡང་སྲིད་པ་མངོན་པར་འགྲུབ་པ་མ་ཡིན་པ་སྟེ། དེའི་ཕྱིར་རེག་པ་ལ་སོགས་པ་རྣམས་ནི་ཟག་པ་དང་བཅས་པ་ཁོ་ན་ཟས་ཡིན་གྱི་ཟག་པ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་མདོ་ལས་ཁོང་དུ་ཆུད་དོ། །རེ་ཞིག་བྱུང་བ་ནི་ཞེས་བྱ་བ་ལ་བྱུང་བ་ནི་སྐྱེས་པ་དང་ མངོན་པར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །ཡིད་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ཡིད་ཙམ་ལས་སྐྱེས་པའི་ཕྱིར་ཏེ། དེ་ལྟར་ན་ཡིད་ཁོ་ན་སྨོས་པ་འབྲས་བུ་དང་བཅས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར་ཕྱིའི་ཁུ་ཆུ་དང་ཁྲག་ཅེས་བྱ་བ་ལ་སོགས་པ་སྨོས་ ཏེ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཅིན་དང་ཕྱི་ས་དང་འདམ་རྫབ་དང་མེ་ཏོག་ལ་སོགས་པ་རྣམས་བསྡུའོ། །དྲི་ཟ་བའི་ཕྱིར་ན་ཞེས་བྱ་བ་ནི་དྲི་ཟ་བ་དང་དྲི་ཟས་སུ་ཟ་བའི་ཕྱིར་ན་ཞེས་བྱ་བའི་དོན་ཏེ་སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ། མ་སྐྱེས་པས་ཕལ་ཆེར་སྐྱེ་བ་ལ་གཞོལ་བ་ནི་སྲིད་པ་ཚོལ་བའི་ངང་ཚུལ་ཅན་ནོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་ཞེས་བྱ་བ་ལ། དེའི་དོན་དུ་མངོན་པར་གྲུབ་པའི་ཕྱིར་དང་། དེ་མ་ཐག་ཏུ་སྐྱེ་བའི་ཕྱིར་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པའོ། །གཞན་དག་ན་རེ། འཆི་བའི་མཐར་རྟེན་ཐམས་ ཅད་མ་ཚང་བ་མེད་པ་མངོན་པར་གྲུབ་པའི་ཕྱིར་རོ་ཞེས་ཟེར་རོ། །གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས་ཞེས་བྱ་བ་འབྱུང་སྟེ། སྲིད་པ་བར་མ་མངོན་པར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ། རྣམ་པར་བཤད་པ་གཉིས་སུ་ཡང་དེའི་ཁུངས་ནི་སྡུག་བསྔལ་དང་བཅས་པས་ གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ཏེ། གང་གི་ཕྱིར་སྔར་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བའི་ཕྱིར་རོ། །མུ་བཞི་གསུངས་པའི་ཕྱིར་ཅི་ཡིན་ཞེ་ན། སྲིད་པ་བར་མ་མངོན་པར་གྲུབ་པར་བརྗོད་དོ་ཞེས་བྱ་ བར་སྦྱར་རོ། །མུ་དང་པོ་ནི་ཕྱིར་མི་འོང་བ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བའོ། །གཞན་དག་ན་རེ་སོ་སོ་སྐྱེ་བོ་ཡང་ངོ་ཞེས་ཟེར་རོ། །དགེ་སློང་དག་གང་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་ནི་སོ་སོ་སྐྱེ་ བོའི་ཞེས་སོ། །གཉིས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་ནི་དགྲ་བཅོམ་པའོ། །བཞི་པ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་གཟུགས་སུ་ཉེ་བར་འགྲོ་བ་དང་། བདག་ཅག་ལ་སོགས་པ་རྣམས་སོ། །ཡང་ན་བྱུང་བ་ནི་ དགྲ་བཅོམ་པའོ་ཞེས་བྱ་བ་ནི་བྱུང་བ་དང་སྐྱེས་ཟིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །སྲིད་པ་ཚོལ་བ་ནི་མ་ཡིན་ཏེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །སྲིད་པ་ཚོལ་བ་རྣམས་ནི་སྲེད་པ་དང་བཅས་པ་དག་གོ་ཞེས་བྱ་བ་ལ། དེ་དག་ནི་འདོད་ཆགས་དང་མ་བྲལ་བའི་ ཕྱིར་སྲིད་པ་ཚོལ་བ་ཡིན་ནོ། །ཡང་ཟས་དུ་ཞིག་ནི་སེམས་ཅན་འབྱུང་བ་རྣམས་གནས་པར་བྱེད་པ་ཡིན་ཞེས་བྱ་བ་ནི་སེམས་ཅན་སྐྱེས་པ་རྣམས་གནས་པའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །དུ་ཞིག་ནི་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ཞེས་བྱ་བ་ནི་ཡང་ སྲིད་པ་ཚོལ་བ་རྣམས་ཀྱི་ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཀྱང་གཉིས་ཀ་ཡིན་ནོ་ཞེས་བྱ་བའི་ཟས་བཞི་ཅར་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་། སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་འདོགས་པར་བྱེད་པ་ ཡིན་ནོ་ཞེས་བྱ་བའོ། །གནས་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡིད་ལ་སེམས་པ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་ལ། དེ་དང་མཚུངས་པར་ལྡན་པའི་རིག་པ་དང་། རྣམ་པར་ཤེས་པ་ནི་དེ་དང་འབྲས་བུ་གཅིག་པའི་ཕྱིར་དང་། དགེ་བ་དང་མི་ དགེ་བ་ཡིན་པའི་ཕྱིར་སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་ལ་རག་ན། ཁམ་གྱི་ཟས་ལས་ཀྱི་བདག་ཉིད་མ་ཡིན་ཞིང་ལུང་དུ་མ་བསྟན་པ་གོ་ཅི་ལྟར་སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་འདོགས་པར་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་ཁམ་གྱི་ཟས་ཀྱང་ཞེས་བྱ་བ་རྒྱས་ པར་སྨོས་སོ། །དོན་འདི་ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཟས་བཞི་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། ནད་དང་འབྲས་དང་། ཟུང་རྔུ་དང་རྒ་ཤི་རྣམས་ནི་མདོ་འདི་ལས་ཡང་བྱུང་བའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རྣམ་གྲངས་ཀྱི་ཚིག་ཏུ་གསུངས་ཏེ། ཟུང་ རྔུའི་རྩ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་འབྱུང་བའི་རྒྱུ་ནི་ཟས་བཞི་སྟེ། རྩ་བ་དང་རྒྱུ་དང་བྱེད་རྒྱུ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་མདོ་ལས་ཁམ་གྱི་ཟས་ཀྱང་དེ་ལ་ཆགས་པ་རྣམས་ཀྱི་ཡང་འབྱུང་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། འདི་ལྟར་ཁམ་གྱི་ ཟས་ནི་སྲེད་པ་འགའ་ཞིག་གི་གེགས་དང་། ཡང་སྲིད་ཀྱི་ལས་ཀྱི་འཕེན་པར་ཡང་འགྱུར་རོ། །གཞན་དག་ནི་རྒ་ཤིའི་རྐྱེན་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་དཔེར་བརྗོད་པ་ཡིན་ཏེ། བདག་འདིའི་འོག་རོལ་དུ་རྒ་ཤི་རྣམ་པར་གཞག་པའི་ཕྱིར་རོ་སྙམ་དུ་སེམས་སོ། །འདིར་ཁམ་གྱི་ཟས་ ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་མངོན་སུམ་གྱིས་མཐོང་ལ། དེ་བཞིན་དུ་བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་། དེ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ཡང་སེམས་ཅན་བྱུང་བ་རྣམས་ལ་ཕན་འདོགས་པར་བྱེད་ པ་ཡིན་ལ་རག་ན། ཡིད་ལ་སེམས་པ་ནི་ཇི་ལྟར་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་ཡིད་ལ་སེམས་པ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དྲུང་དུ་སོང་ཞེས་བྱ་བ་ནི་དྲུང་དུ་རབ་ཏུ་སོན་པའོ། །འགྲོ་བའི་རྣམ་གྲངས་ལས་ཀྱང་ཞེས་བྱ་བ་ནི་ཆོས་མངོན་ པའི་བསྟན་བཅོས་ཞིག་ལས་སོ། །ཆོས་མངོན་པའི་བསྟན་བཅོས་ནི་དྲུག་སྟེ། ཡེ་ཤེས་ལ་འཇུག་པ་དང་། རབ་ཏུ་བྱེད་པའི་རྐང་པ་དང་། རྣམ་པར་ཤེས་པའི་ཚོགས་དང་། ཡང་དག་པར་བགྲོ་བའི་རྣམ་གྲངས་དང་། གདགས་པའི་བསྟན་བཅོས་དང་། ཆོས་ ཀྱི་ཕུང་པོའོ། །འདི་སྐད་དུ་སྒོ་ང་གང་དག་གིས་མ་ལས་བརྩམས་ནས་དྲན་པས་མི་བརྗེད་པ་ཞེས་བྱ་བ་འབྱུང་ངོ་། །ལུས་ནུར་ནུར་པོར་གྱུར་པ་དེ་དག་ལ་མའི་ཡུལ་ཅན་གྱི་དྲན་པ་ཡོད་དོ་ཞེས་ཇི་ལྟར་བརྗོད་པར་བྱ། དེ་ཉིད་ཀྱི་ཕྱིར་ན་བགྲོ་བའི་རྣམ་གྲངས་ལས་མ་དག་གིས་སྒོ་ང་ ལས་བརྩམས་ཏེ་ཞེས་འདོན་ཏེ་སྒོ་ང་དག་ལ་དྲན་པ་མེད་པའི་ཕྱིར་རོ་ཞེ་ན་དེའི་ཕྱིར་རེག་པའི་གནས་སྐབས་དེ་དྲན་པས་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྲིད་པའི་རྗེས་སུ་འཇུག་པར་གནས་པའི་བྱེད་རྒྱུ་ཡིན་པའི་ཕྱིར་སྲིད་པ་རྣམས་གསོ་ བར་བྱེད་པ་དག་མ་ཡིན་ནམ་ཞེ་ན། གཙོ་བོར་བཤད་དེ་ཟས་བཞི་ཞེས་བྱ་བར་སྦྱར་རོ། །རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་དེ། ཞེས་གཙོ་བོའི་སྒོ་ནས་སྟོན་པ་ཡང་མཐོང་སྟེ། ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་དག་ཀྱང་དེ་སྐྱེ་བའི་ རྒྱུ་མ་ཡིན་པ་ནི་མ་ཡིན་ནོ། །བཞི་པོ་འདི་དག་ཉིད་ད་ལྟར་བའི་སྐྱེ་བ་གསོ་བ་དང་མ་འོངས་པའི་སྐྱེ་བ་འཕེན་པ་དང་འགྲུབ་པ་དག་ལ་གཙོ་བོ་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར་འདི་ལ་གནས་དང་ནི། བརྟེན་པ་རྒྱས་པའི་དོན་དུ་གཉིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །གསོ་བར་བྱ་བ་དང་ བསྐྱེད་པར་བྱ་བའི་ཆོས་ནི་གཉིས་ཏེ་གཟུགས་དང་མིང་ངོ་། །དེ་ལ་གཟུགས་ནི་རྟེན་ཏེ་དབང་པོ་དང་བཅས་པའི་ལུས་སོ། །མིང་ནི་བརྟེན་པ་སྟེ་སེམས་རང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་ལ་རྟེན་རྒྱས་པར་བྱེད་པ་ན་ཁམ་གྱི་ཟས་ཏེ་འདོད་པ་ན་སྤྱོད་པའི་གཟུགས་ནི་དེ་ལ་ བརྟེན་པའི་ཕྱིར་རོ། །བརྟེན་པ་རྒྱས་པར་བྱེད་པ་ནི་རེག་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེས་འཚོ་བའི་ཕྱིར་ཏེ། དེ་སྐད་དུ་ཡང་ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་གང་ཅི་ཡོད་པ་དེ་དག་ནི་རེག་པ་ལ་བརྟེན་ནས་ཡིན་ནོ་ཞེས་འབྱུང་བའི་ ཕྱིར་རོ། །ཡིད་ལ་སེམས་པས་ནི་མིང་དང་གཟུགས་ཀྱི་བདག་ཉིད་ཀྱི་ཡང་སྲིད་འཕེན་པར་བྱེད་དེ། ཡིད་ལ་སེམས་པ་ནི་ཡང་སྲིད་པ་འཕེན་པའི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་འཕེན་པར་བྱེད་ཅེ་ན། རྒྱུ་དེ་སྐྱེ་བ་དང་མཐུན་པར་གནས་པར་བྱེད་པའི་ཕྱིར་རོ། ། ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་ཞེས་བྱ་བ་ལ་སོགས་པ་ལ། བསྒོས་པ་ནི་ལས་ཀྱིས་འཕངས་པའི་ཡང་སྲིད་པ་བསྐྱེད་པའི་ནུས་པ་སྟེ། འདི་ལྟར་སྲིད་པས་ནི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་བརླན་པར་བྱེད་ལ། དེས་ནི་མིང་དང་གཟུགས་གཞན་མངོན་པར་འགྲུབ་པར་བྱེད་དེ། བརླན་གྱིས་རྗེས་སུ་ཟིན་པའི་ས་བོན་གྱིས་མྱུ་གུ་འགྲུབ་པར་བྱེད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བཤད་དོ། །རིམ་གྱིས་འཇིག་པ་ནི་ མངོན་སུམ་དུ་རྒྱུ་དང་འབྲས་བུ་བསྟན་པ་ཉིད་ཀྱིས་ཏེ། མིང་དང་གཟུགས་ཐོག་མ་མེད་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། མཐའ་སྔ་མ་མེད་པ་དེའི་ཕྱིར་འདིར་ཡང་གྲུབ་པ་ཁོ་ན་སྐྱེ་བར་བསྟན་ཏོ། །སྔ་མ་གཉིས་ནི་ཁམ་དང་རེག་པ་དག་གོ། །ཕྱི་མ་གཉིས་ནི་ཡིད་ལ་སེམས་པ་ དང་རྣམ་པར་ཤེས་པའོ། །མུ་བཞི་ནི་ཁམ་ཡིན་ལ། ཟས་མ་ཡིན་པ་དང་། ཟས་ཡིན་ལ་ཁམ་མ་ཡིན་པ་དང་། གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པའོ། །མུ་གཉིས་པ་ནི་ཁམ་ལས་གཞན་པའི་ཟས་གསུམ་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ཞེས་ བྱ་བ་ནི་སྒྲ་དང་ཚོར་བ་སྡུག་བསྔལ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དེ། དེ་བཞིན་དུ་རེག་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་མུ་བཞིར་བྱའོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། གང་ལ་རེག་པ་ཡིན་པ་དེ་ཐམས་ཅད་ཟས་ཀྱང་ ཡིན་ནམ། རེག་པ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད། ཟས་ཡིན་ལ་རེག་པ་མ་ཡིན་པ་ཡང་ཡོད། གཉིས་ཀ་ཡིན་པ་ཡང་ཡོད། གཉིས་ཀ་མ་ཡིན་པ་ཡང་ཡོད་དོ། །མུ་དང་པོ་ནི་རེག་པ་གང་ལ་བརྟེན་ནས་དབང་པོ་རྣམས་ཉམས་པར་འགྱུར་ལ་འབྱུང་བ་ཆེན་པོ་རྣམས་ཀྱང་ཡོངས་སུ་འཇིག་པར་འགྱུར་ བའོ། །གཉིས་པ་ནི་རེག་པ་ལས་གཞན་པའི་ཟས་གསུམ་དག་གོ། །གསུམ་པ་ནི་རེག་པ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་ཆེན་པོ་རྣམས་ཀྱང་འཕེལ་བར་འགྱུར་བའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེ་བཞིན་དུ་ཡིད་ལ་སེམས་ པ་དང་། རྣམ་པར་ཤེས་པ་ལ་མུ་བཞི་ཡང་བརྗོད་པར་བྱ་སྟེ། རེག་པ་ལ་སོགས་པ་དབང་པོ་རྒྱས་པའི་རྒྱུ་དང་། འབྱུང་བ་ཆེན་པོ་འཕེལ་བའི་རྒྱུ་རྣམས་ཁྱད་པར་མེད་པར་ཟས་ཉིད་དུ་བཤད་པ་དེའི་ཕྱིར་རེག་པ་ལ་སོགས་པ་ལ་བརྟེན་ནས་ཞེས་བྱ་བ་རྒྱ་ཆེར་དྲིས་ཏེ། སོགས་པ་ཞེས་བྱ་ བའི་སྒྲས་ནི་རྣམ་པར་ཤེས་པ་དང་སེམས་པ་གཉིས་བསྡུའོ། །ཡོད་དེ་གཞན་གྱི་ས་པ་དང་ཟག་པ་མེད་པ་རྣམས་སོ་ཞེས་བྱ་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། རེག་པ་ལ་སོགས་པ་རང་གི་ས་པ་རྣམས་ཁོ་ན་དབང་པོ་དང་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་ན་ཟས་ཡིན་གྱི་གཞན་གྱི་ས་ པ་རྣམས་ནི་མ་ཡིན་ནོ། །ཁམ་གང་ལ་བརྟེན་ནས་དབང་པོ་ཉམས་པར་འགྱུར་ལ་ཞེས་བྱ་བ་འབྱུང་བ་དེའི་ཕྱིར་གང་ཞིག་ཟོས་ནས་གནོད་པར་བྱེད་པ་དེ་ཟས་མ་ཡིན་པ་ཉིད་དུ་ཐལ་བས་དེའི་ཕྱིར་གང་ཞིག་ཟོས་ན་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །འདི་ཉིད་ལ་རྒྱུ་སྨྲས་པ་ནི་དང་པོ་ཕན་ འདོགས་པའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །བྱེ་བྲག་ཏུ་སྨྲ་བ་སྨོས་པ་ནི་མུ་བཞི་ལ་གནོད་པའི་ཕྱིར་རོ། །རྒྱས་པར་འགྱུར་བའི་ཟས་ལ་དགོངས་ཏེ་གསུངས་པའི་ཕྱིར་འགལ་བ་མེད་དོ་ཞེས་བྱ་བ་ལ། རྒྱས་པར་འགྱུར་བའི་ཟས་ལ་དགོངས་པས་མུ་བཞི་བཤད་པ་དང་མི་འགལ་ལོ། ། ཉམས་པར་འགྱུར་བའི་ཟས་ནི་དམྱལ་བ་དག་ཏུ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། བཀྲེས་པ་དང་སྐོམ་པ་འཇོམས་པར་ནུས་པ་ཉིད་ནི་ཁམ་གྱི་ཟས་ཀྱི་མཚན་ཉིད་ཡིན་ལ། དམྱལ་བ་དག་ན་ཡང་ལྕགས་ཀྱི་ཐོ་ལུམ་འབར་བ་དང་། ཟངས་ཞུན་མས་བཀྲེས་པ་དང་སྐོམ་པ་དག་འཇོམས་པར་ནུས་པ་འདི་ ཟས་ཉིད་དུ་མི་འགལ་ལོ། །ཇི་ལྟར་འཇོམས་ཤེ་ན། འཇོམས་སོ་ཞེས་ནི་མི་སྨྲའི་འོན་ཀྱང་འཇོམས་པར་ནུས་པ་ཡིན་ནོ། །གལ་ཏེ་འཇོམས་པར་ནུས་ན་ཇི་ལྟར་མི་འཇོམས་ཤེ་ན། གང་གིས་ན་འཇོམས་པར་མི་འགྱུར་བ་མེའི་ཁམས་ཤས་ཆེ་བའི་ཕྱིར་རམ། སེམས་ཅན་ རྣམས་ཀྱི་སྐལ་བ་མཉམ་པ་དེ་དང་འདྲ་བ་ཡིན་པས་སོ། །ཁམ་གྱི་ཟས་ཀྱི་ཞར་ལ་འདི་ཡང་དཔྱད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །ཛམྦུའི་གླིང་ན་གནས་པ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་གང་ལ་ལ་ཛམྦུའི་ཚལ་ནས་འབབ་པ་དེ་ཐམས་ ཅད་ནི་རྒྱ་མཚོར་འབབ་པ་རྒྱ་མཚོར་བབ་པའོ་ཞེས་གསུངས་ཏེ། དེའི་ཕྱིར་ཛམྦུའི་གླིང་ཉིད་ལ་ཛམྦུའི་ཚལ་ཞེས་བསྙད་དོ། །ཟས་ཀྱི་སྐབས་སུ་བབ་པའི་ཕྱིར་དེར་སྐྱེས་པ་ལྟོ་བ་དང་ལྡན་པ་དག་གོ་ཞེས་བྱ་བར་ཤེས་ཀྱི་ནུར་ནུར་པོ་ལ་སོགས་པ་དག་ནི་མ་ཡིན་ནོ། །གཞན་དག་ན་རེ་སྐྱེ་བོ་ཆུང་ངུ་ རྣམས་ནི་མ་ཡིན་ནོ་ཞེས་སོ། །དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རིགས་པ་དང་མ་འབྲེལ་པའོ། །ཅིའི་ཕྱིར་ཞེ་ན་གཅིག་ཅེས་གསུངས་པའི་ཕྱིར་ཏེ། གང་གིས་ཛམྦུའི་ཚལ་ན་འདུག་པའི་སོ་སོའི་སྐྱེ་བོ་གཅིག་ལ་ཞེས་བྱ་བར་རོ། །འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ལ། གལ་ཏེ་འདོད་ཆགས་དང་བྲལ་བ་ཉུང་ངུ་ལ་ཟས་བྱིན་ནས་བསོད་ནམས་མང་པོར་འགྱུར་ན་ནི། དེ་ལྟ་ན་ཁྱད་པར་ཡོད་པར་འགྱུར་རོ་སྙམ་དུ་དགོངས་ཏེ། མང་པོ་ལ་ཟས་བྱིན་ན་བསོད་ནམས་མང་པོར་འགྱུར་རོ་ཞེས་བྱ་བ་འདི་ལ་མཚར་བ་ཅི་ཡོད། བྱང་ཆུབ་སེམས་དཔའ་ཉེ་བ་ ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་ལ་ཉེ་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་མིང་ཡང་དོན་དང་མཐུན་པ་མ་ཡིན་ཞེས་བྱ་བ་ནི་དོན་དང་རྗེས་སུ་འབྲེལ་པ་མ་ཡིན་པའོ། །འོ་ན་འོལ་ཕྱིར་མིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་མདོའམ་བསྟན་བཅོས་གང་ལས་ཀྱང་ཛམྦུའི་ཚལ་དུ་གཏོགས་པ་ནི་ངེས་ པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པའོ་ཞེས་འོལ་ཕྱིར་མ་བཤད་པས་ཞེས་བྱ་བ་སྨོས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཞིང་དང་གྲོང་གཟིགས་སུ་གཤེགས་པས་ཛམྦུའི་ཤིང་གི་དྲུང་དུ་བཞུགས་པ་ནི་བྱང་ཆུབ་སེམས་དཔའ་ ཁོ་ན་ཡིན་པར་རིགས་སོ། །དེ་ལ་བྱིན་ན་དགྲ་བཅོམ་པ་བྱེ་བ་ལ་བྱིན་པ་བས་བསོད་ནམས་ཆེས་མང་བའི་ཕྱིར་རོ་ཞེས་སྨྲས་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་སོ་སོའི་སྐྱེ་བོ་དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་དང་འབྲེལ་བས་ཞེས་བྱ་བ་སྨོས་ཏེ། མཚུངས་པའི་སྒོ་ནས་སོ་སོའི་ སྐྱེ་བོ་འདོད་ཆགས་དང་བྲལ་བ་དག་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །འོ་ན་བརྒྱ་སྨོས་པ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་བཤད་པ་གང་གི་ཕྱིར་དྲང་སྲོང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་པ་བས་ཞེས་བརྒྱ་སྨོས་ནི་ དང་པོའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟ་བུ་དེ་ནི་གདོན་མི་ཟ་བར་དེ་ལྟ་ཡིན་པར་ཞེས་བྱ་བ་ལ་དེ་ནི་རྒྱུ་འདི་ལས་ཀྱང་དེ་ལྟར་ཡིན་ཏེ། གང་བྱང་ཆུབ་སེམས་དཔའ་ཛམྦུའི་ཚལ་ན་བཞུགས་པ་ཁོ་ནས་སོ་སོ་སྐྱེ་བོ་ཡིན་པར་དགོངས་ཀྱི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་ བའི་རྩ་བ་ཐོབ་པ་ནི་མ་ཡིན་པའོ། །འདི་ལྟར་ཛམྦུའི་ཚལ་ན་འདུག་པ་མ་གཏོགས་པའི་ཕྱི་རོལ་པ་རྣམས་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཡིན་ན་ནི་གང་གིས་ཛམྦུའི་ཚལ་ན་འདུག་པ་བརྒྱ་ལ་ ཟས་བྱིན་པ་བས། གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེས་ཆེའོ་ཞེས་ཛམྦུའི་ཚལ་ན་འདུག་པ་ལས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཁྱད་པར་དུ་འཕགས་པ་མཛད་པར་ འགྱུར་བ་ཞིག་གོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་ཞེས་བྱ་བ་ནི་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཆ་གསུམ་མོ་ཞེས་བྱ་བ་ལ་སོགས་པས་སོ། །ཇི་ལྟར་གནས་པ་ནི་འགྲོ་བ་ཟས་ཀྱིས་གནས་པ་ཡིན་ཞེས་བྱ་བས་བཤད་ཟིན་ལ། འཆི་འཕོ་ཡང་ཚེ་ཟད་པས་འཆི་ལ་བསོད་ནམས་ཟད་པས་མ་ཡིན་པ་ཡང་ཡོད་དེ་ཞེས་རྒྱས་པར་བཤད་ཟིན་ཏོ། །ད་ནི་སེམས་གང་ལ་གནས་ཏེ་ཞེས་བྱ་བ་འབྱུང་ངོ་། །སྲིད་པ་བར་མ་ལ་སོགས་པ་སྲིད་པ་བཞི་བཤད་པ་གང་ཡིན་པ་དེ་ལ། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་གཉིས་ ཁོ་ན་སྐད་ཅིག་མ་ཡིན་པ་དེའི་ཕྱིར་རྣམ་པར་ཤེས་པ་གང་གི་སྐད་ཅིག་ལ་གནས་པ་ལ། འཆི་འཕོ་བ་དང་སྐྱེ་བར་འགྱུར་ཞེས་བྱ་བ་འདི་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར། ཚད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ སོ། །ལོག་པར་ལྟ་བས་རྩ་བ་གཅོད་ཅེས་འབྱུང་བའི་ཕྱིར་དགེ་བའི་རྩ་བ་ཡང་དག་པར་འཆད་པར་ནི་ལོག་པར་ལྟ་བས་ཡིན་ལ། ལོག་པར་ལྟ་བ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་ན་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་ ནི་ཐེ་ཚོམ་དང་ཡང་དག་པའི་ལྟ་བས་ཡིན་ཏེ། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་འཆད་པར་འགྱུར་རོ། །ཐེ་ཚོམ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ལ། ཡིད་མི་བདེ་བ་ཡང་ཡིད་ཀྱི་ས་པ་ཁོ་ན་ཡིན་ནོ། །རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །དེས་རྟོག་མེད་ཕྱིར་ ལྟ་མ་ཡིན། །ཞེས་བྱ་བས་ཡང་དག་པའི་ལྟ་བ་ཡང་ངེས་པར་རྟོག་པའི་བདག་ཉིད་ཡིན་ལ། དེ་ནི་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་རོ། །ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་ནི་སེམས་མཉམ་པར་གཞག་པ་ལ་ ཡོད་པ་ཡིན་ལ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་ཁ་ཕྱིར་བལྟས་པའི་ཕྱིར་མཉམ་པར་མ་བཞག་པ་ཡིན་པས། དེ་ཡང་ཡིད་ཀྱི་རྣམ་ཤེས་ཁོ་ན་མ་ཡིན་ནོ། །ཉམས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཅན་ཡིན་པས་ཡིད་ཀྱི་རྣམ་ཤེས་ཁོ་ན་ལ་ཡིན་གྱི། རྣམ་པར་ ཤེས་པའི་ཚོགས་ལྔ་ལ་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འཆི་འཕོ་བ་ནི་དབང་པོ་ལྔའི་རྒྱུ་བ་བསྡུས་ཤིང་རྒྱུན་འཆད་པ་དང་། རྗེས་སུ་མཐུན་པའི་རྣམ་པར་ཤེས་པ་ལ་གནས་པ་ཡོད་པ་མིན་པས་དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལ་ཡིན་ནོ། ། འཁྲུལ་པའི་སྐྱེ་བ་སྨོས་པ་ནི། སྐྱེ་བ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཚོར་བ་གསུམ་དང་མཚུངས་པར་ལྡན་པའི་ཕྱིར་ཚོར་བ་གང་ལ་གནས་པ་ལ་འཆི་འཕོ་དང་སྐྱེ་བ་ཡོད་པ་མི་ཤེས་པས་དེའི་ཕྱིར་ཚོར་བ་ལ་ནི། འཆི་འཕོ་ སྐྱེ་བ་བཏང་སྙོམས་ལ། ཞེས་བྱ་བ་སྨོས་ཏེ་ཚོར་བ་གཞན་དག་ནི་གསལ་བ་ཡིན་ཏེ་ཞེས་བྱ་བ་ནི། ཡིད་བདེ་བའི་མཚན་ཉིད་ཅན་ཏེ། དེ་དག་ནི་ཀུན་བཏགས་པ་ན་སྐྱེ་བའི་ཕྱིར་ཕན་འདོགས་པ་དང་གནོད་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་ནི་སྡུག་བསྔལ་མ་ཡིན་པའི་དོན་ཏོ། ། ཇི་སྐད་བཤད་པ་ལས་བཟློག་སྟེ་དཔྱོད་པ་ཉེ་བར་མཚོན་པའི་ཕྱིར་རོ། །རྣམ་པར་ཤེས་པ་གསལ་བ་ནི་འཆི་བ་དང་སྐྱེ་བར་རུང་བ་མ་ཡིན་ཏེ། གནས་སྐབས་དེ་དག་གཞན་པ་ཉིད་ཡིན་པས་དེ་ཉིད་མེད་པའི་ཕྱིར་རོ། །བསམ་གཏན་གསུམ་པ་དག་ན་སེམས་ཅན་རྣམས་ལ་ཉེར་ བསྡོགས་ཁོ་ན་ལས་འཆི་འཕོ་བ་དང་སྐྱེ་བའི་སེམས་ཡོད་དེ། དངོས་གཞི་དག་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མེད་པའི་ཕྱིར་རོ། །ཁྱད་པར་མེད་པར་བརྗོད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བ་ཡིན་པར་འགྱུར་ཡང་། ཡིད་ཀྱི་ རྣམ་པར་ཤེས་པ་དེ་ལ་ཡང་། རྩེ་གཅིག་སེམས་མེད་ལ་དེ་མེད། །ཅེས་བྱ་བ་སྨོས་སོ། །འདོད་པའི་ཁམས་སུ་སྐྱེ་ཤིང་མཉམ་པར་གཞག་པའི་སེམས་ལ་གནས་པ་ལ་ནི་འཆི་འཕོ་བ་དང་སྐྱེ་བ་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། སྐལ་བ་མི་མཉམ་པའི་ས་པ་ཡིན་པའི་ཕྱིར་ཏེ། ས་ གཞན་དུ་སྐྱེས་ཤིང་ས་གཞན་གྱི་སེམས་ལ་གནས་པ་ནི་འཆི་འཕོ་བའམ་ས་གཞན་དུ་སྐྱེ་བར་མི་འགྱུར་རོ། །འོ་ན་གང་གི་ཚེ་གཟུགས་ཀྱི་ཁམས་ཉིད་དམ། གཟུགས་མེད་པའི་ཁམས་ཉིད་དུ་འཆི་བ་དང་། སྐྱེ་བ་དེའི་ཚེ་རང་གི་ས་པའི་སེམས་མཉམ་པར་གཞག་པ་ཡོད་དོ་ཞེ་ན། དེའི་ ཕྱིར་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་དང་ཕན་འདོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རང་གི་ས་པའི་མཉམ་པར་གཞག་པའི་སེམས་ཀྱིས་ཀྱང་འཆི་འཕོ་བ་དང་སྐྱེ་བར་མི་འགྱུར་རོ། །སྦྱོར་བ་ལས་ལྟོས་པའི་ཕྱིར་ན་མངོན་པར་འདུ་བྱེད་པ་ལས་ བྱུང་བའོ། །ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཕྱིར་ན་ཕན་འདོགས་པར་བྱེད་པའོ། །མངོན་པར་འདུ་བྱེད་པ་ལས་བྱུང་བའི་སེམས་ནི་གསལ་བའི་ཕྱིར་ཆད་པ་དང་རྗེས་སུ་མཐུན་པ་མ་ཡིན་ལ། འཆི་བའི་སེམས་ནི་གནོད་པར་བྱེད་པ་ཡིན་ཞིང་མཉམ་པར་གཞག་པ་ནི་ཕན་འདོགས་པར་བྱེད་ པ་ཡིན་ཏེ། དེའི་ཕྱིར་དེ་ལས་འཆི་འཕོ་བར་མི་རུང་ངོ་། །གང་གི་ཕྱིར་སྐྱེ་བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་ལ་མཉམ་པར་གཞག་པ་ནི་དགེ་བ་ཡིན་པས་དེས་ནི་སྐྱེ་བར་ཡང་མི་རིགས་སོ། །གནས་སྐབས་དེ་ནི་ཞན་པ་ཡིན་ལ་མཉམ་པར་གཞག་པ་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་ པའི་ཕྱིར་གསལ་བ་ཡིན་པས་གནས་སྐབས་དེ་ན་དེ་མེད་པའི་ཕྱིར་མཉམ་པར་གཞག་པས་སྐྱེ་བ་ག་ལ་ཡོད། སྐལ་བ་མི་མཉམ་པའི་ཉོན་མོངས་པ་ཅན་ཡང་ཕན་འདོགས་པའི་ཕྱིར་མེད་པ་དེར་གནས་ཀྱང་འཆི་འཕོའོ། །མངོན་པར་འདུ་བྱེད་པ་ལས་བྱུང་བའི་ཕྱིར་སྐྱེ་བ་མེད་དོ། །སྐལ་བ་མི་ མཉམ་པའི་ཉོན་མོངས་པ་ཅན་ཨུཏྐྲྀཥྚ་ས་པ་དེ་ཇི་ལྟར་རྐྱེན་གཞན་གྱི་ས་ལ་སྐྱེ་བར་བྱེད། སེམས་མེད་པ་ལ་ཡང་མེད་དེ་ཞེས་བྱ་བ་འབྱུང་སྟེ། འཆི་འཕོ་དང་སྐྱེ་བ་གཉིས་ཞེས་བྱ་བར་སྦྱར་རོ།