Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 27 / 28 (50.000 ký tự/trang)
།སེམས་མེད་པ་ནི་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ ཞུགས་པ་དང་། འདུ་ཤེས་མེད་པ་པར་ཉེ་བར་གནས་པའོ། །གནོད་པར་བྱར་མི་ནུས་པ་ནི་དུག་དང་མཚོན་དང་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཏེ། དེའི་ཕྱིར་སེམས་མེད་པ་ལ་འཆི་འཕོ་བ་མེད་དོ་ཞེས་བྱ་བར་བསྟན་ཏོ། །གང་གི་ཚེ་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ སྙོམས་པར་ཞུགས་པའམ། འདུ་ཤེས་མེད་པ་དང་ལྡན་པ་དེ་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ཟད་པས་ལུས་ཡོངས་སུ་འགྱུར་བར་བཅོམ་པ་དེའི་ཚེ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་རིས་མཐུན་པ་འཆད་པ་དང་མཐུན་པར་གནས་པའི་ཚེ་ཞེས་བྱ་བའི་དོན་ཏོ། །ལུས་དང་འབྲེལ་ པ་ཞེས་བྱ་བ་ནི་ལུས་ལ་ས་བོན་གྱི་ངོ་བོར་གནས་ཞེས་བྱ་བའི་དོན་ནོ། །གཞན་དག་ན་རེ་ལུས་ལ་སྲེད་པ་དང་བཅས་པ་ཉིད་དུ་འབྲེལ་ལོ་ཞེའོ། །གཞན་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མཉམ་པར་གཞག་པའི་སེམས་ཀྱིས་ལྡང་བའི་སེམས་སྐྱེ་བར་ངེས་པར་བྱས་པའི་ཕྱིར་དེའི་ཚེ་ཡང་དེ་ ལ་གདོན་མི་ཟ་བར་དོའི་ལུས་དང་འབྲེལ་བའི་སེམས་མངོན་དུ་འགྱུར་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཆོས་སྐྱེ་བ་ནི་སུས་ཀྱང་དགག་པར་མི་ནུས་སོ། །སེམས་ཅན་དེ་དག་འདུ་ཤེས་བསྐྱེད་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་བྱ་བའི་ ལུང་གིས་ཀྱང་སེམས་མེད་པ་ལ་འཆི་འཕོ་མེད་དོ་ཞེས་ཤེས་པར་བྱེད་དོ། །སེམས་འཆད་པའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སེམས་འཆད་པའི་རྒྱུ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་དག་ཡིན་ནོ། །དེ་དག་ནི་སྐྱེ་བའི་ཚེ་འབྱུང་བ་མེད་དོ། །གཞན་དག་ན་རེ། བསམ་གཏན་ བཞི་པ་ནས་སྲིད་རྩེའི་མཐར་ཐུག་པའི་སེམས་ནི་སེམས་འཆད་པའི་རྒྱུའོ་ཞེས་ཟེར་རོ། །གནས་སྐབས་སུ་སྲིད་པ་མེད་དོ་ཞེས་བྱ་བ་ལ། སྐྱེ་བ་ཡང་གཅིག་ཏུ་ཉོན་མོངས་པ་ཅན་མ་ཡིན་ནོ། །སེམས་མེད་པར་ཡང་ཉོན་མོངས་པ་འབྱུང་བ་མེད་པས་སེམས་མེད་པ་ལ་སྐྱེ་ བ་མེད་དོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མི་འཇུག་ན་ནི་ཞེས་རྒྱས་པར་འབྱུང་ངོ་། །འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་ལ་སྟེ། གཞན་རྣམ་གསུམ་ཞེས་འབྱུང་བའི་ཕྱིར་རོ། །དགྲ་བཅོམ་པ་ལ་ནི་ཉོན་མོངས་པ་ཅན་གྱི་སེམས་ཡོད་པ་མ་ ཡིན་ཏེ། འོ་ན་ཅི་ཞེ་ན། དགེ་བ་དང་ལུང་མ་བསྟན་པའོ། །དེ་ལ་ཡང་། མྱ་ངན་འདའ་ལུང་བསྟན་མིན་གཉིས་ཏེ་འདིར་ནི་ལུང་དུ་མ་བསྟན་པ་གཉིས་ཁོ་ན་མྱ་ངན་ལས་འདའོ་ཞེས་བརྗོད་ཀྱི། དགྲ་བཅོམ་པ་ཁོ་ན་ནི་མ་ཡིན་ནོ། །ཉིང་མཚམས་སྦྱར་བ་མེད་པའི་འཆི་བ་ཁོ་ན་ལ་མྱ་ ངན་ལས་འདས་པ་ཞེས་བྱའོ། །གལ་ཏེ་འདོད་པའི་ཁམས་ན་རྣམ་པར་སྨིན་པ་བཏང་སྙོམས་ཡོད་ན་ཞེས་བྱ་བ་ནི་འོག་ན་ཡང་བར་མ་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། གང་གི་ཕྱིར། བསམ་གཏན་ཁྱད་པར་རྣམ་སྨིན་ལས། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་ བྱ་བའི་ཁ་ཅིག་གི་ལུགས་ཡོངས་སུ་བཟུང་ནས་སྨྲས་པའོ། །ཁ་ཅིག་ནི་བསམ་གཏན་གསུམ་པ་ཡན་ཆད་ན་ལས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡོད་པར་འདོད་དེ། དེ་དག་གི་ལྟར་ན་ཇི་སྟེ་མེད་ན་ནི་སྤྱོད་ལམ་པ་ཁོ་ན་ལའོ་ཞེས་བྱ་བ་སྨོས་སོ། ། གཞན་ལ་མ་ཡིན་ཞེས་བྱ་བ་ནི་དགེ་བ་ལ་མ་ཡིན་ཞེས་བྱ་བའི་དོན་ཏེ་ཉོན་མོངས་པ་ཅན་ནི་མི་སྲིད་པའི་ཕྱིར་རོ། །དགེ་བའི་སེམས་ནི་སྟོབས་དང་ལྡན་པའི་ཕྱིར་སེམས་འཆད་པའི་རྗེས་སུ་མཐུན་པ་མ་ཡིན་ལ། ཉམ་ཆུང་བའི་ཕྱིར་ལུང་དུ་མ་བསྟན་པ་ནི་སེམས་འཆད་པའི་རྗེས་སུ་མཐུན་ པ་ཡིན་ཏེ། འདིར་སེམས་འཆད་པ་ནི་སེམས་ཉིང་མཚམས་སྦྱོར་བ་མེད་པར་འགག་པའོ། །ཡིད་བདེ་བ་དང་མཚུངས་པར་ལྡན་པ་རྣམ་པར་སྨིན་པ་ལས་སྐྱེས་པའི་ཡས་ཀྱི་རྗེས་སུ་མྱ་ངན་ལས་འདའ་བར་བྱེད་དེ། ད་ནི་གསལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདིར་ངེས་པར་འཆི་འཕོ་ སྐྱེ་བ་བཏང་སྙོམས་པ་ཞེས་འབྱུང་ངོ་། །གཞན་དག་ན་རེ་དགེ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱང་མ་འོངས་པའི་རྣམ་པར་སྨིན་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པའི་ཕྱིར་དགེ་བའི་སེམས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཡོད་པ་མ་ ཡིན་ནོ་ཞེའོ། །འདི་རྣམ་པར་སྨིན་པ་ལས་སྐྱེས་པ་ཉིད་དུ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ལ་ཇི་ལྟར་ཡང་ཕྱིར་ཕྱོགས་པ་མེད་པའི་ཕྱིར་རོ། །ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་འགག་ཅེ་ན་ཞེས་བྱ་བ་ལ། རྣམ་པར་ཤེས་པ་བསྟན་དུ་མེད་པ་ནི་ཡུལ་ན་གནས་པར་མི་རུང་ ལ་ཁྱད་པར་དུ་ཡང་ཡིད་ཀྱི་རྣམ་པར་ཤེས་པར་མི་རུང་མོད་ཀྱི། དེ་ནི་འདིར་ལུས་ཀྱི་དབང་པོ་འགག་པར་ངེས་པའི་སྒོ་ནས་བརྗོད་དོ། །མོད་ལ་འགག་པར་འགྱུར་རོ་ཞེས་བྱ་བ་ནི་ལུས་ཀྱི་དབང་པོ་དེ་ལ་རག་ལས་ཏེ། འཇུག་པའི་ཡིད་དང་བཅས་པ་མཐའ་དག་སྐད་ ཅིག་ཙམ་དེ་ཉིད་ལ་འགག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གྲངས་བཞིན་དུ་ཞེས་བྱ་བ་ལ། ངན་སོང་དུ་འགྲོ་བ་རྣམས་ཀྱི་ནི་རྐང་པ་དག་ཏུའོ། །མིའི་ནང་དུ་འགྲོ་བ་རྣམས་ཀྱི་ནི་ལྟེ་བར་རོ། །ལྷའི་ནང་དུ་འགྲོ་བ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱི་ནི་སྙིང་གར་རོ། ། གཞན་དག་ན་རེ་དགྲ་བཅོམ་པ་རྣམས་ཀྱི་ནི་སྤྱི་བོར་ཏེ། ལུས་ཀྱི་དབང་པོ་དེར་འགག་པའི་ཕྱིར་དེ་དང་འབྲེལ་པའི་རྣམ་པར་ཤེས་པ་ཡང་དེར་འགག་གོ་ཞེས་ཟེར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཇི་ལྟར་ལུས་ཀྱི་དབང་པོ་དང་འབྲེལ་ནས་འཇུག་ཅེ་ན། འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ ལུས་ཀྱི་དབང་པོ་མེད་པར་མི་འབྱུང་བའི་ཕྱིར་རྐང་པ་ལ་སོགས་པ་དག་ཏུ་འགག་གོ་ཞེས་བྱ་སྟེ། རྒྱུན་གཞན་གྱི་རྒྱུའི་དངོས་པོར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕལ་ཆེར་ཞེས་བྱ་བ་ནི་ཐམས་ཅད་མ་ཡིན་ཏེ་དགེ་བ་བྱེད་ཅིང་གནད་དུ་སྣུན་པར་བྱེད་པ་མ་ ཡིན་པ་རྣམས་ཅིག་ཅར་འཆི་བའི་གནད་གཅོད་པ་མེད་པར་འཆི་བའི་ཕྱིར་རོ། །གང་ཞིག་དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་མ་ཡིན་པར་སྤྱོ་བའི་ཚིག་དག་གིས་གཞན་དག་ལ་གནད་དུ་སྣུན་པར་བྱེད་པ་དེ་ནི་གནད་འཆད་པའི་ཚོར་བ་དག་གི་རེག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་སྨྲའོ། ། གནད་དག་གང་གིས་གཅོད་ཅིང་གནད་འཆད་པ་ཡང་གང་ཞེ་ན། དེའི་ཕྱིར་གནད་གཅོད་པ་ནི་ཆུ་སོགས་ཀྱིས་ཞེས་བྱ་བ་སྨོས་སོ། །དེ་ནི་དངོས་པོ་གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ལུས་ཀྱི་ཕྱོགས་འགའ་ཞིག་ཅེས་བྱ་བ་རྒྱ་ཆེར་སྨོས་སོ། །རླུང་ལ་སོགས་པ་ དེ་དག་ནི་བཟློག་པའི་སྒོ་ནས་ཆུ་ལ་སོགས་པ་གཙོ་བོ་ཡིན་ལ། མི་མཐུན་པའི་རྐྱེན་ཉེ་བས་དེ་དག་རེ་རེའམ་མཐའ་དག་འཁྲུགས་ཤིང་ཤུགས་དང་ལྡན་པའི་རལ་གྲི་རྣོན་པོ་ལྟར་རྣ་བས་ལུས་ཀྱི་ཕྱོགས་དེ་དང་དེར་ཚོར་བ་ཤིན་ཏུ་མི་བཟད་པ་སྐྱེད་པར་བྱེད་དེ་དེ་ནི་གནད་གཅོད་པ་ཞེས་བྱའོ། ། དེ་དག་ཤིང་ལྟར་གཉིས་སུ་བྱས་པས་གཅོད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཚོར་བ་མི་བཟད་པ་དག་གིས་བཅད་པ་ལྟ་བུར་གཅོད་དོ། །ཡང་ན་བཅད་པ་དང་འདྲ་བར་གཡོ་བ་མེད་པས་ཞེས་བྱ་བ་ནི་ཡན་ལག་དང་ཉིང་ལག་བཅད་པ་བཞིན་དུ་མི་གཡོ་བས་ན་བཅད་པ་ཞེས་བྱའོ། ། ཅི་རིགས་པར་ཞེས་བྱ་བ་ལ་བད་ཀན་གྱི་གཙོ་བོ་ནི་ཆུའོ། །མཁྲིས་པའི་གཙོ་བོ་ནི་མེའོ། །རླུང་གི་གཙོ་བོ་ནི་རླུང་ངོ་། །སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆོས་མཐུན་པས་སོ་ཞེས་བྱ་བས་ནི་གནས་དང་འདྲ་བར་གནས་དང་ལྡན་པ་རྣམས་ཀྱང་སྟོན་པར་བྱེད་དོ། །ཕྱི་རོལ་གྱི་དངོས་ པོ་འཇིག་པའི་རྒྱུ་དང་ཆོས་མཐུན་པས་ནང་དག་ཀྱང་འཇིག་གོ་ཞེས་བྱ་བའི་དོན་ཏོ། །འཇིག་པ་ནི་གསུམ་སྟེ། མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ། །ལྷ་དག་གི་ནང་ན་ནི་གནད་འཆད་པ་མེད་མོད་ཀྱི་ཞེས་བྱ་བ་ནི་བརྫུས་ཏེ་སྐྱེ་བ་ཉིད་ཀྱིས་ཅིག་ཅར་ འཆི་བའོ། །དེ་དག་ནི་འཁྲུལ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་བཟློག་པར་ནུས་པའི་ཕྱིར་རོ། །འཆི་ལྟས་ལྔ་ལས་ནི་མི་འདའ་སྟེ་ཞེས་བྱ་བ་ནི་བཟློག་པར་མི་ནུས་པའི་ཕྱིར་རོ། །འདི་དག་ནི་ཐམས་ཅད་ལ་གདོན་མི་ཟ་བར་མི་འབྱུང་བ་ཐམས་ཅད་ཀྱང་མི་འབྱུང་མོད་ཀྱི། ལྷའི་འཆི་ ལྟས་བསྡོམས་ནས་ལྔ་ཞེས་དེ་ལྟར་བརྗོད་དོ། སྔ་ལྟས་དེ་དག་ནི་ལྷའི་ཞག་ལྔ་འབྱུང་ངོ་། སེམས་ཅན་གྱི་འཇིག་རྟེན་འདི་དེ་ལྟར་སྐྱེ་བ་ནི་མ་རིག་པ་ལ་སོགས་པའི་རིམ་གྱིས་སོ། །གནས་པ་ཞེས་བྱ་བ་ནི་ཟས་བཞིས་སོ། འཆི་འཕོ་བ་ཞེས་པ་ནི་འཆི་འཕོ་སྐྱེ་བ་བཏང་སྙོམས་ པ་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན་ནས་སྤངས་པ་དང་ཞེས་བྱ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །གཏན་ནས་སྤངས་ཞེས་བྱ་བ་ནི་ཐམས་ཅད་ དུ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་འདི་ཡང་དག་པ་ཉིད་ཡིན་ཞེ་ན། དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་པ་ལ་འཇུག་པའི་ཆོས་ཟད་པའི་ཕྱིར་དང་། རྣལ་འབྱོར་པ་རྣམས་ཀྱིས་རྟག་པ་ཉིད་དུ་བཞེད་པའི་ཕྱིར་རོ། །ལོག་པ་ཉིད་ནི་ངན་འགྲོ་རྣམས་ཏེ་ལོག་པ་ཉིད་ནི་གང་ཞེ་ན། དམྱལ་བ་རྣམས་དང་དུད་འགྲོ་དང་ཡི་དགས་རྣམས་ཏེ། འདི་དག་ནི་ལོག་པ་ཉིད་དུ་ངེས་པ་ཞེས་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །འདི་ལ་ངེས་པ་ནི་སློབ་པ་དང་མི་སློབ་པ་རྣམས་དང་། མཚམས་མེད་པའི་ལས་དང་ལྡན་པ་རྣམས་སོ་ཞེས་འདོན་ཏེ། གོ་རིམས་བཞིན་དུ་ བྲལ་བ་དང་དམྱལ་བའི་འབྲས་བུ་ངེས་པའི་ཕྱིར་རོ། །དེ་ལྟར་ན་གང་དག་དང་ལྡན་པ་དེ་དག་ནི་ཡང་དག་པ་དང་ལོག་པ་ཉིད་དུ་ངེས་པ་ཞེས་བྱའོ། །དེ་དག་ཀྱང་གང་ཞེ་ན། འཕགས་དང་མཚམས་མེད་བྱེད་པ་ནི། །ཞེས་བྱ་བའོ། །སྡིག་པའི་ཆོས་ལས་རིང་དུ་སོང་ བས་ན། ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རིང་དུ་ཞེས་བྱ་བ་ནི་རྒྱང་རིང་དུ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་རིང་དུ་སོང་ཞེ་ན། དེའི་ཕྱིར་གཏན་དུ་བྲལ་བའི་ཐོབ་པ་རྙེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བལ་ལའི་ཐོབ་པ་གཏན་དུ་རྙེད་པ་ནི་གང་གི་ཕྱིར་ཡང་དེ་ལས་ ཡོངས་སུ་མི་ཉམས་པའོ། །ཡང་ན་བྲལ་བ་ཐོབ་པ་གཏན་དུ་བ་སྟེ། དེ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བྲལ་བ་ཡིན་ལ། དེ་ལས་ཡོངས་སུ་ཉམས་པ་མེད་པས་ནི་གཏན་དུའོ། །འབྲས་བུ་དང་པོ་ལ་ཞུགས་པ་ནི་འབྲས་བུ་ཐོབ་པ་མ་ ཡིན་ཏེ། ཞུགས་པའི་ལམ་ཡོངས་སུ་བཏང་ཡང་འཕགས་པ་མ་ཡིན་པའི་རྒྱུན་གྱི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །བི་ཧཱ་ནི་ཤྩཏ་ཏྲི་ཥྱ་ཏེ། ན་བ་རི་ཧཱ་ཎཱི་རི་ཏི། འདི་ལ་སྐྱོན་མེད་དེ། གཞན་དག་ན་རེ། ཉོན་མོངས་པ་ལས་ངེས་པར་གྲོལ་བར་བྱེད་པ་དང་གྲོལ་ བར་འགྱུར་བ་ཉིད་ཀྱི་ཕྱིར་འཕགས་པ་སྟེ། འཕགས་པ་ནི་རང་དབང་དུ་གྱུར་པ་ལ་བརྗོད་དོ་ཞེས་ཟེར་རོ། །འདི་ལ་མཚམས་ཡོད་པ་མ་ཡིན་པས་ན་མཚམས་མེད་པའོ། །མཚམས་མེད་པའི་དངོས་པོ་ནི་མཚམས་མེད་པ་སྟེ། དེ་དག་དེའི་ངང་ཚུལ་གྱིས་བྱེད་པས་ན་མཚམས་མེད་ པའོ། །དེ་དག་ནི་ལོག་པ་ཉིད་དུ་ངེས་པར་ཡང་འགྱུར་ལ་ཞེས་བྱ་བ་ནི་གལ་ཏེ་ཐར་པའི་ཆ་དང་མཐུན་པ་ཐོབ་པ་རྣམས་མཚམས་མེད་པ་དག་བྱེད་ནའོ། །དེ་དག་གིས་ནི་བཟོད་པ་ཐོབ་པ་རྣམས་ལྟར་མཚམས་མེད་པ་མི་བྱེད་པའི་ངེས་པ་ཐོབ་པ་མ་ཡིན་ནོ། །ཇི་ལྟར་དེ་ལྟར་ཐོགས་ན་ སྲིད་པ་ལན་བདུན་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་ནས་རིགས་སུ་སྐྱེ་བ་དང་བར་ཆད་གཅིག་པ་དང་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པ་བསྡུའོ། །རྐྱེན་ལ་ལྟོས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཡང་དག་པ་ཉིད་ ཀྱི་རྐྱེན་གྱིས་ཐོབ་ན་ནི་ཡང་དག་པ་ཉིད་ལ་བརྟེན་ཏོ། །འོན་ཏེ་ལོག་པ་ཉིད་ཀྱི་རྐྱེན་གྱིས་ཐོབ་ན་ནི་ལོག་པ་ཉིད་ལའོ། །དེ་དག་རྐྱེན་གཉིས་ག་མེད་ན་ནི་མ་ངེས་པ་དག་ཡིན་ནོ། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། གནས་པར་འདོད་པའི་འོག་དག་ནི། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། ། གླིང་བཞི་བྱེ་བ་ཕྲག་བརྒྱ་ཅིག་ཅར་འཇིག་ཅིང་འཆགས་ལ། སྣོད་ཀྱི་འཇིག་རྟེན་དེའི་གནས་པ་ནི་འདི་ལྟར་འདོད་དོ། །འདི་ལ་བསམ་གཏན་བསྒོམས་ཤིང་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་ལ་གནས་པའི་སེམས་ཅན་རྣམས་ཡོད་པ་ན། ཡུན་རིང་ མོ་ཞིག་འདས་ནས་འོག་ཏུ་ནམ་མཁའ་ལ་དེ་དག་གི་ལས་ཀྱི་དབང་གིས་རླུང་འཇམ་པོ་འཇམ་པོ་དག་ལྡང་ལ། རླུང་དེ་དག་ཀྱང་དེར་ཆེས་ཏེ་པོར་སོན་པ་ན་རིམ་གྱིས་རླུང་གི་དཀྱིལ་འཁོར་དུ་གྲུབ་པོ། ལས་ཀྱི་རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་དང་། བདག་པོའི་འབྲས་བུ་ནི་ སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱད་པ་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཞེས་བྱ་བ་སྨོས་སོ། །ཆུའི་དཀྱིལ་འཁོར་ནི་ཁོར་ཡུག་ཏུ་རླུང་གི་དཀྱིལ་འཁོར་དང་འདྲའོ། །རྫོང་གི་ཚུལ་དུ་ཞེས་བྱ་བ་ནི་ཀུན་ནས་ར་བ་བཞིན་དུ་འདུག་པའི་ཕྱིར་རོ། །འོ་མ་ བསྐོལ་བ་སྤྲིས་མ་ཆགས་པ་ཞེས་བྱ་བ་ནི་ཞུ་བ་དང་འཐས་པའི་ངོ་བོར་འདུག་པའི་ཕྱིར་རོ། །གང་གི་ཚེ་ཆུ་དེ་གསེར་དུ་གྱུར་པ་དེའི་ཚེ་ནི་གང་དག་གི་རེ་རེའི་ཚད་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་ཞེས་བྱ་བ་ལ་སོགས་པར་བཤད་དོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱར་ གནས་སོ། །དེས་ཏེ་ཁོར་ཡུག་གིས་ཁོར་ཡུག་ཏུ་བསྐོར་ཏེ་དེ་ཉིད་ཀྱི་ཕྱིར་ཁོར་ཡུག་ཅེས་བྱའོ། །ལྕགས་ཀྱི་རང་བཞིན་ཞེས་བྱ་བ་ནི་ལྕགས་ལས་བྱས་པའོ། །ངོས་བཞི་དག་ཏུ་གྲངས་བཞིན་ནོ། །ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་གྱི་ངོས་ནི་གསེར་གྱི་རང་བཞིན་ནོ། །ལུས་ འཕགས་པོའི་ངོས་ནི་དངུལ་གྱི་རང་བཞིན་ནོ། །འཛམ་བུའི་གླིང་གི་ངོས་ནི་བཻ་ཌཱུརྱའི་རང་བཞིན་ནོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ངོས་ནི་ཤེལ་གྱི་རང་བཞིན་ཏེ། དེའི་ཕྱིར་དེ་ལྟར་ན་རི་རབ་ནི་གྲུ་བཞི་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ས་བོན་སྣ་ཚོགས་ཁོང་ན་ཡོད་པ་ ཞེས་བྱ་བ་ནི་རྒྱུ་སྣ་ཚོགས་པ་དང་ལྡན་པ་ཡིན་གྱི། གོང་གི་གསེར་གྱི་ས་བོན་ཁོང་ན་ཡོད་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ཏེ། དེའི་ཕྱིར་འདི་གསེར་དང་དངུལ་ལ་སོགས་པའི་རྫས་སུ་ཐ་དད་དོ་སྙམ་དུ་དགོངས་སོ། །མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་ ཞེས་བྱ་བ་ནི་དེ་སྐྱེད་པ་ལ་ནུས་པ་རྣམ་པ་དུ་མ་ཐ་དད་པ་དག་གིས་ཞེས་བྱ་བའི་དོན་ཏོ། །མཐུ་ནི་ནུས་པ་དང་ནུས་མཐུ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་དེ་དང་དེ་དག་ཏུ་འགྱུར་རོ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་མཚན་ཉིད་ཅན་ནོ། །མ་ཕྲད་པར་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་ གཉིས་ནི་ཐ་དད་པའི་ཕྱིར་དང་། འདུ་བྱེད་རྣམས་སྐད་ཅིག་མ་ཡིན་པའི་ཕྱིར་འབྲས་བུའི་དུས་ན་རྒྱུ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །རྐྱེན་དུ་འགྱུར་བ་ཡིན་ཞེས་བྱ་བ་ནི་རྒྱུ་འགག་བཞིན་པ་ནི་ཡོད་པ་ཙམ་གྱིས་འབྲས་བུ་སྐྱེ་བཞིན་པའི་རྒྱུར་འགྱུར་རོ་ ཞེས་བྱ་བའི་དོན་ཏོ། །རྫས་གནས་པ་ལ་ཞེས་བྱ་བ་ལ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་བདག་ཉིད་ཅན་ནོ། །ཆོས་གཞན་ལོག་ན་ཞེས་བྱ་བ་ནི་འོ་མ་ཞེས་བྱ་བའི་ཆོས་གཞན་ལོག་ནའོ། །ཆོས་གཞན་འབྱུང་བ་ཞེས་བྱ་བ་ནི་ཞོ་ཞེས་བྱ་བའི་ཆོས་གཞན་འབྱུང་ བའོ། །གནས་པ་གང་གི་ཞེས་བྱ་བ་ལ་དེ་ལས་ཐ་དད་པར་འོ་མ་ལ་སོགས་པ་ལ་དམིགས་པས་འོ་མ་ལ་སོགས་པའི་ཆོས་རྣམས་ཁོ་ན་གཟུགས་ལ་སོགས་པའི་ཁྱད་པར་ཚོགས་པའི་བདག་ཉིད་ཡིན་ཞིང་། རོ་དང་ནུས་པ་དང་སྨིན་པར་བྱེད་པ་དང་མཐུ་ཐ་དད་པས་ ཕན་ཚུན་ཐ་དད་པ་ཡང་ཡིན་ཏེ། དེའི་ཕྱིར་གང་གི་ཆོས་ལྡོག་ཅིང་ཆོས་གཞན་པའི་ཆོས་ཅན། ཆོས་སྐྱེ་ཞིང་འཇིག་ཀྱང་མི་སྐྱེ་ཞིང་མི་འཇིག་པ་ཡོད་པ་མ་ཡིན་ནོ། །གང་ཞིག་གནས་པའི་ཆོས་གཞན་ལྡོག་པ་དང་ཆོས་གཞན་འབྱུང་བར་ཡང་ཡོངས་སུ་རྟོགས་པར་ བྱེད། ཡང་གཞན་དུ་འགྱུར་བ་ཙམ་ཞིག་འགྱུར་བ་ཡིན་ཏེ་གཟུགས་ལ་སོགས་པའོ། །འོ་མའི་ངོ་བོར་གནས་པ་དེ་དག་ཉིད་འོ་མའི་ངོ་བོ་ལོག་པ་ན་ཞོའི་ངོ་བོར་གནས་ཤིང་གཞན་དུ་གྱུར་པ་ཙམ་འགྱུར་བ་ཡིན་པར་བརྗོད་དོ་ཞེ་ན་དེ་ཉིད་འདི་ཡིན་ལ་ཞེས་འབྱུང་སྟེ། ཆོས་དང་ཆོས་ཅན་ གཞན་མ་ཡིན་པས་འོ་མ་ཉིད་ཞོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་ཞོ་འདི་འོ་མ་མ་ཡིན་ནོ་ཞེས་བྱ་བའོ། །ཚིག་གི་ཚུལ་འདི་ནི་སྔོན་མ་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་མ་འབྲེལ་བ་རྒྱུ་མེད་པ་དག་གོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅིག་ཤོས་ གང་ཡིན་པ་དེ་ལས་གཞན་མ་ཡིན་པ་དེ་ནི་ཕན་ཚུན་ཡང་གཞན་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་འོ་མ་ཉིད་ཡིན་པས་འདི་དེ་ལྟ་བུ་ཡང་ན་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ། །གལ་ཏེ་རྫས་དེ་དེ་ཉིད་ཡིན་ནོ། །དེ་དེ་ཁོ་ནར་འགྱུར་ལ། དེ་ལྟ་མ་ཡིན་ན་གཞན་ཁོ་ན་མ་ ཡིན་པས་དེས་ན་ཁྱད་པར་མ་མཐོང་བའི་ཕྱིར་རོ། །གསེར་ལ་སོགས་པ་ཞེས་བྱ་བ་ནི། གསེར་དང་དངུལ་དང་བཻཌཱུརྱ་དང་ཤེལ་ལ་སོགས་པ་རྣམས་སོ། །འཇམ་པ་དང་ཞེས་བྱ་བ་ནི་མཆོག་ཏུ་ཕྲ་བ་རྒྱུར་བྱས་པའི་གཟུགས་དང་ལྡན་པའི་ཕྱིར་རོ། །དེའི་ངོས་ལ་སུམ་འགྱུར་རོ་ ཞེས་བྱ་བ་ནི་གཉའ་ཤིང་འཛིན་གྱི་ངོས་གཅིག་གི་དབང་དུ་བྱས་ནས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི་བྱང་ཆུབ་སེམས་དཔའི་སྐུ་མ་གཏོགས་པའི་ལུས་གཞན་དང་། རྡོ་རྗེ་གདན་གྱི་ས་ཕྱོགས་མ་གཏོགས་པའི་ས་ཕྱོགས་གཞན་གྱིས་བཟོད་པར་མི་ནུས་སོ། །ཡུལ་དེར་ཆུ་ རྣམ་པ་གཉིས་སུ་གྱུར་པས་ན་གླིང་ངོ་། །དེའི་བར་གྱི་གླིང་བརྒྱད་ནི་ཞེས་བྱ་བ་ལ། དེ་དག་ཐམས་ཅད་ནི་ལས་ངན་པའི་དབང་གིས་གྲུབ་པ་ཞིག་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལ་གནས་པའི་མི་རྣམས་ནི་ལུས་ཆུང་བ་ཡིན་ནོ་ཞེས་བརྗོད་དོ། །གཅིག་ན་སྲིན་པོ་དག་གནས་ སོ་ཞེས་བྱ་བ་ནི་རྔ་ཡབ་བོ། །ཛམྦུའི་གླིང་འདིའི་བྱང་ཕྱོགས་ན་རི་ནག་པོ་ཤིན་ཏུ་རྒྱང་རིང་བར་གནས་པ་མ་ཡིན་པ་གསུམ་ཡོད་དོ། །དེ་དག་འདས་ནས་ཡང་གསུམ་ཡོད་དོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེའི་དབང་གིས་ཞེས་བྱ་བ་སྟེ་ཛམྦུ་དེའི་དབང་དུ་བྱས་ཤིང་ ཆེད་དུ་བྱས་ནས་ཛམྦུའི་གླིང་ཞེས་བྱའོ། །ཡང་ན་དེའི་འབྲས་བུའི་དབང་གིས་ཞེས་བྱ་བ་ནི་ཛམྦུའི་ཤིང་ཏོག་གི་དབང་དུ་བྱས་ནས་སོ། །ཛམྦུའི་འདི་ཉིད་ཀྱི་ཞེས་བྱ་བ་ལ། ཡང་ཅིའི་ཕྱིར་ཛམྦུའི་གླིང་འདི་ཉིད་ཀྱི་གཞན་གྱི་མ་ཡིན་ཞེ་ན། ཛམྦུ་གླིང་ཁོ་ནར་ལས་ངན་པ་ ཀུན་ཏུ་སྤྱོད་པ་སྲིད་པའི་ཕྱིར་དང་། མཚོན་ཆར་འགྱུར་བའི་ལས་ཡོད་པའི་ཕྱིར་དང་། དབང་པོ་རྣོན་པོ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །སྡུག་བསྔལ་བར་ཆད་མེད་པའི་ཕྱིར་ཞེས་བྱ་བ་ནི། དེ་ན་སྡུག་བསྔལ་རྒྱུན་ཆད་པ་ཡོད་པ་མ་ཡིན་ཏེ། མནར་མེད་པའི་སྒྲ་ནི་བར་མེད་པའི་ རྣམ་གྲངས་སོ། །དེས་ན་བདེ་བའི་སྐབས་མེད་པས་ཞེས་བྱ་བ་ནི་བདེ་བ་གཞན་མེད་པ་སྟེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་ཡིན་པ་ནི་བཟློག་པར་མི་བྱའོ། །ལུགས་སྔ་མ་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མེད་པ་ཡིན་ནོ། །དེ་ལྟ་ན་ཧ་ཅང་ཐལ་བར་འགྱུར་ཏེ། གཅིག་ཏུ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་དམྱལ་བ་གཞན་དག་ན་ཡང་ཚོར་བ་བདེ་བ་མེད་པའི་ཕྱིར་མནར་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། །དེའི་ཕྱིར་གཞན་དག་ན་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་དག་ ན་རེ་སྣང་བའི་བུ་ག་མེད་པ་ཞེའོ། །སྙིང་སྟོབས་ཆུང་ངུས་གནས་ཀྱང་ལུས་ཆེ་བའི་ཕྱིར་ཕྱི་རོལ་གྱི་བདག་ཉིད་རང་དང་གཞན་གྱི་ལུས་ལས་བྱུང་བའི་མེའི་ཚོགས་ཀྱིས་ཕན་ཚུན་དུ་ཉེ་བར་འཇོམས་པའི་ཕྱིར་རབ་ཏུ་ཚ་བའོ། །ལུས་ཀྱི་རྗེས་སུ་སོང་བའི་མེ་དག་གིས་མཆོག་ཏུ་གདུང་ བའི་ཕྱིར་ཚ་བའོ། །ཤིན་ཏུ་གཟིར་བའི་ཆོ་ངེ་འདོན་པའི་ཕྱིར་ངུ་འབོད་ཆེན་པོའོ། །གཟིར་བའི་སྒྲ་མང་དུ་འདོན་པའི་ཕྱིར་ངུ་འབོད་དོ། །མཉམ་པར་བསྡུས་ཏེ་ཕན་ཚུན་འཇོམས་པའི་ཕྱིར་བསྡུས་འཇོམས་སོ། །ཐིག་ནག་པོ་བཏབ་ནས་གཤེག་པའི་ཕྱིར་ཐིག་ནག་གོ། །ཤི་ ཞིང་ཤི་བ་རྣམས་ཀུན་ཏུ་འཚོ་བའི་ཕྱིར་ཡང་སོས་སོ། །ལྷག་བཅུ་དྲུག་ཅེས་བྱ་བ་ལ་རྒྱུ་རྣམ་པ་སྣ་ཚོགས་ཀྱིས་རླག་པར་བྱེད་པའི་ཕྱིར་ལྷག་པའོ། །གཞན་དག་ན་རེ། དམྱལ་བའི་སྡུག་བསྔལ་ལས་གོང་མར་གྱུར་པ་དག་གིས་འཇོམས་པའི་ཕྱིར་ལྷག་པའོ་ཞེས་ཟེར་རོ། །རྩིག་པ་བཞི་ ཞེས་བྱ་བ་ནི་ར་བ་བཞི་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་ཕྱེ་ཞེས་བྱ་བ་ནི་རྣམ་པར་ཕྱེ་ནས་འདུག་པའོ། །ཇི་ལྟར་ཞེ་ན་འདི་ལྟར་རིས་སུ་ཆད་པ་ཡིན་ཞེས་བྱ་བ་སྨོས་སོ། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ཞེས་བྱ་བ་ནི་ལྕགས་ཀྱི་ར་བས་ཡོངས་སུ་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། ། ལྕགས་དག་གིས་ནི་གང་བ་ཡིན། ཞེས་བྱ་བ་ནི་ལྕགས་ཀྱིས་སྒོ་བཅད་པའོ་ཞེས་བྱ་བའི་དོན་ཏོ། །ཁྱབ་པར་གནས་ཞེས་བྱ་བ་ནི་ཁེབས་པའོ། །སྔ་མ་བཞིན་ཞེས་བྱ་བ་ནི་རྐང་པ་བཏེག་ན་ནི་པགས་པ་དང་། ཤ་དང་ཁྲག་སླར་སྐྱེ་བའོ། །ཐག་མདུང་ཐོགས་པ་ཞེས་བྱ་བ་ལ་ སོགས་པ་འབྱུང་སྟེ་དགྲ་སྟ་ཐོགས་པའོ། །གཞན་དག་ཅེས་བྱ་བ་ནི་གནས་བརྟན་ཡིད་འོང་སྟེ། དེ་ནི་རྩ་བའི་དམྱལ་བའི་སྡུག་བསྔལ་བས་འདི་ཆེས་ཞན་པའི་ཕྱིར་ལྷག་པ་ཞེས་བྱ་བའི་སྒྲ་བླ་ལྷག་པའི་དོན་ལ་མི་འདོད་དེ། འོ་ན་ཅི་ཞེ་ན། བར་མཚམས་མེད་པའི་དོན་དང་འཇོམས་ པའི་དོན་ལ་ཡང་འདོད་དོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ནི། དམྱལ་བ་ཕྱོགས་ནི་གོང་རོལ་ན་ཡོད་ཚད་ནི་ཇི་ཙམ་ཞེས་བྱ་བའི་དྲི་བ་འདི་ལས་ལྟ་ཅི་དམྱལ་བའི་སྲུང་མ་དེ་དག་ཅེས་བྱ་བ་དྲི་བ་གཞན་རྒྱས་པས་སྨོས་པ་འདི་འབྱུང་ངོ་། །ད་ནི་ཇི་ལྟར་ན་དེ་དག་གཡོ་ ཞེས་བྱ་བ་ནི་ཤིང་ལ་སོགས་པ་སེམས་མེད་པ་རྣམས་མི་གཡོ་བའི་ཕྱིར་ལ་དེ་ལས་བཟློག་སྟེ། སེམས་དང་བཅས་པ་ལ་གཡོ་བ་མཐོང་བའི་ཕྱིར་འདྲི་བ་སྟེ། དེ་སྐད་དུ། རང་ལུས་བློ་སྔོན་འགྲོ་བ་ཡི། བྱ་བ་མཐོང་ནས་གཞན་ལ་དེར། །འཛིན་ཕྱིར་བློ་ཡོད་གང་ན་དེ། །མེད་ དེར་བློ་ནི་མེད་པར་རྟོགས། །ཞེས་བཤད་དོ། །ཆགས་པའི་རླུང་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཆགས་པའི་རླུང་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་འགྲུབ་པ་དང་རྗེས་སུ་མཐུན་པར་གཡོ་བ་བཞིན་ནོ། །དེ་དག་སེམས་ཅན་དུ་བགྲང་བ་ནི་མ་ཡིན་ ཏེ། དམྱལ་བའི་སྣོད་ཀྱི་རྒྱུ་ཅན་གྱི་སྡུག་བསྔལ་ཉམས་སུ་མི་མྱང་བའི་ཕྱིར་རོ། །འོ་ན་བཙུན་པ་ཆོས་ལྡན་རབ་འབྱོར་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེའི་རྒྱུ་ལས་དང་ཉོན་མོངས་པ་བསྟན་པའི་ཕྱིར་སེམས་ཅན་དག་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གཤིན་རྗེས་བསྒོ་བ་གང་ གིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཤིན་རྗེའི་སྲིན་པོ་གང་དག་ལྷའི་ཕོ་ཉ་ལྟ་བུ་མདོ་ལས་བསྟན་པ་རྣམས་ནི་གཞན་ཉིད་ཡིན་གྱི། དམྱལ་བའི་སྲུང་མ་ནི་མ་ཡིན་པས་འགལ་བ་མེད་དོ། །སྡུག་ཅིང་སྡུག་བསྔལ་བ་རྣམས་ལ་བསོད་ནམས་མ་ཡིན་པ་མང་བས་མི་སྲིད་པར་ འདྲི་བ་ནི་ད་ནི་ལས་དེ་དག་གང་དུ་རྣམ་པར་སྨིན་ཞེས་བྱ་བའོ། །དེ་དག་ཁོ་ནར་དེ་བས་ཀྱང་ཁ་ན་མ་ཐོ་བ་ཆེ་བའི་ལས་ཀྱི་རྣམ་པར་སྨིན་པའི་གོ་སྐབས་ཡོད་པར་མཐོང་ནས་གང་དག་ཏུ་ཞེས་བྱ་བ་སྨོས་ཏེ་དམྱལ་བ་དེ་དག་ཏུའོ། །མཚམས་མེད་པ་བྱེད་པ་རྣམས་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། མཚམས་མེད་པ་རྣམས་ལས་གཞན་པའི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལས་ནི་མེད་དོ། །མེའི་ནང་ན་གནས་པ་ཇི་ལྟར་མི་འཚིག་ཅེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་དག་སེམས་ཅན་ཡིན་ན་དམྱལ་བ་པ་ལྟར་མི་འཚིག་སྙམ་དུ་བསམས་པའོ། །ལས་དག་གིས་མཚམས་གཅད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་དག་བསྲེག་ པར་མི་བྱའོ། །ཞེས་མེ་ནི་གདོན་མི་ཟ་བར་ལས་དག་གིས་དམྱལ་བའི་སྲུང་མ་རྣམས་ལས་མཚམས་གཅད་པའོ། །ཡང་ན་འབྱུང་བའི་ཁྱད་པར་གྲུབ་པ་ཞེས་བྱ་བ་ནི་གང་གིས་ན་མེའི་ནང་ན་གནས་ཀྱང་མི་འཚིག་པ་དེ་དག་གི་ལུས་ཀྱི་འབྱུང་བ་ཆེན་པོའི་ཁྱད་པར་ནི་ ལས་དག་གིས་དེ་འདྲ་བར་བསྒྲུབས་སོ་ཞེས་བྱ་བའོ། །ལུས་དང་སྒྲ་འགྱུར་བ་དང་མཐུན་པ་དག་ཡིན་ཞེས་བྱ་བ་ལ། ལུས་འགྱུར་བ་དང་མཐུན་པ་ནི་ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་དག་ ཡིན་ལ། སྒྲ་འགྱུར་བ་དང་མཐུན་པ་ནི་སོ་ཐམས་ཐམས་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་རྣམས་སོ། །ཐད་ཀ་ན་ཡོད་དོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར། ཁ་ཅིག་ན་རེ་དེ་དག་ན་གྲང་བ་ཡོད་པ་ནི་རྒྱ་མཚོ་ཆེན་པོ་དང་ཆེས་ཉེ་བའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ དག་ན་རེ་ལས་ཀྱིས་བྱས་པ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་ཉ་རྣམས་ལ་ཡང་གྲང་བས་ཅེས་གནོད་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་གྲང་བའི་དམྱལ་བ་རྣམས་ཀྱི་གནས་ནི། ཁོར་ཡུག་གི་རི་གླིང་བཞི་ཡོངས་སུ་བསྐོར་བའི་ངོས་ན་གཅིག་ཏུ་མུན་ནག་ཏུ་གྱུར་པ་ ཡིན་ནོ་ཞེས་ཟེར་རོ། །དམྱལ་བ་ཐམས་ཅད་སྟེང་ནས་སྟེང་དུ་གནས་སོ། །སྡུག་བསྔལ་གྱིས་གཟིར་བས་ན་མིང་མི་གསལ་བ་ཟུར་ཆགས་པའི་སྐད་ཀྱིས་སྨྲའི། །ཛམྦུའི་གླིང་གི་ངོས་གསུམ་ནི་སྟོང་ཕྲག་གཉིས་པ་ཡིན་པའི་ཕྱིར་དང་བཞི་པ་ལ་དཔག་ཚད་ཕྱེད་དང་བཞི་ཡིན་ པའི་ཕྱིར་འོག་ན་དམྱལ་བ་རྣམས་ལ་གོ་སྐབས་མེད་པར་མཐོང་ནས། ཛམྦུའི་གླིང་འདི་ཙམ་གྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །རེ་རེ་ལ་དམྱལ་བ་ཡིན་པས་ན་ཉི་ཚེ་བའི་དམྱལ་བ་རྣམས་སོ། །ལྷའི་དཔལ་ལྟ་བུ་ཡང་ཉམས་སུ་མྱོང་ངོ་ཞེས་བྱ་བ་ནི་གཤིན་རྗེ་ལ་སོགས་པ་དག་ གིས་སོ། །སྐར་མའི་གཞལ་མེད་ཁང་ཞེས་བྱ་བ་ལ། གང་ཞིག་ཐམས་ཅད་ཀྱི་ནང་ན་ཆེ་བ་དེའི་ཚད་ནི་དཔག་ཚད་བཅུ་དྲུག་གོ། །ཟླ་བའི་གཞལ་མེད་ཁང་ནི་ཆུ་ཤེལ་ཞེས་བྱ་བ་ནི་འོག་ཆུ་ཤེལ་གྱི་དཀྱིལ་འཁོར་དང་འབྲེལ་པའོ། །ཤེལ་ནི་རྣམ་པ་གཉིས་ཡིན་ཏེ། མེའི་ཁམས་ ཤས་ཆེ་བ་དང་། ཆུའི་ཁམས་ཤས་ཆེ་བའོ། །སྲོག་ཆགས་རྣམས་ཀྱི་ལས་དག་གིས་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གཉིས་དང་སྦྱར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གླིང་དག་ལའོ། །ཇི་ལྟར་ཞེ་ན། གང་གི་ཚེ་ཤར་གྱི་ལུས་འཕགས་སུ་ ནམ་ཕྱེད་པ་དེའི་ཚེ་ཛམྦུ་གླིང་དུ་ཉི་མ་ནུབ་པོ། ནུབ་ཀྱི་བ་ལང་སྤྱོད་ན་ནི་ཉི་མ་ཕྱེད་དོ། །བྱང་གི་སྒྲ་མི་སྙན་དུ་ནི་ཉི་མ་ཤར་རོ་ཞེས་བྱ་བ་རྒྱ་ཆེར་རོ། །འདི་ནི་མདོར་བསྡུས་ན། གླིང་གང་དུ་ཉི་མ་དང་ཟླ་བ་དག་གུང་དུ་གྱུར་པ་དེ་ལས་ཕྱིས་ནུབ་པ་དང་སྔོན་དུ་ཤར་བ་སྟེ། དེའི་ཕྱིར་གསུམ་པ་ལ་ཉིན་ དང་། མཚན་མོ་ཕྱེད་དག་གོ། །དེ་ལྟར་བྱས་ན་ཤར་ལུས་འཕགས་པོའི་གླིང་དུ་ཉི་མ་ཕྱེད་དུ་གྱུར་པ་དང་། ནུབ་བ་ལང་སྤྱོད་དུ་ཟླ་བ་ཡང་དུས་དེར་གྱུར་པ་ན་གླིང་བཞི་སྣང་བར་འགྱུར་རོ། །ལྷོའི་མཐའི་གླིང་དག་ཏུ་ཡང་བལྟ་བར་བྱའོ། །ཛམྦུ་གླིང་དུ་ཉི་མ་ཤར་བ་དང་ནུབ་པ་ དང་བྱང་གི་སྒྲ་མི་སྙན་དུ་ཟླ་བ་ཤར་བ་དང་ནུབ་པ་དག་གོ། །ཤར་གྱི་ལུས་འཕགས་པོར་ཟླ་བ་དང་ཉི་མ་ཡང་དེ་བཞིན་དུ་བལྟ་སྟེ། དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་དུ་ཡང་ཟླ་བ་ཉིད་དོ་ཞེས་དེ་ལྟར་གཞན་ལ་ཡང་སྦྱར་བར་བྱའོ། །ཡང་གང་གི་ཉིན་མོ་དག་རིང་བ་དང་ཐུང་བར་འགྱུར་ཞེ་ ན། ཉི་མའི་འགྲོས་ཀྱི་བྱེ་བྲག་གིས་སོ། །ཉི་མ་དང་ནི་ཉེ་བ་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཉི་མའི་འོད་ཟེར་དག་ཟླ་བའི་གཞལ་མེད་ཁང་ལ་འབབ་སྟེ། དེས་ན་ཕ་རོལ་གྱི་ངོས་སུ་རང་གི་གཞལ་མེད་ཁང་གི་འོད་ལ་གནོད་པ་བྱས་པའི་གྲིབ་མ་མཐོང་བ་ལ་སྒྲིབ་པར་བྱས་པ་ན། ཟླ་བའི་དཀྱིལ་འཁོར་མ་རངས་པར་སྣང་ངོ་། །དེ་ལྟ་བུ་དེ་ནི་འདི་ལྟར་ཡིན་ཏེ། གང་གི་ཕྱིར་དཀྱིལ་འཁོར་མཐའ་དག་མི་གསལ་བར་ཡོངས་སུ་བསྐོར་ཏེ་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ནུབ་ཀྱི་རི་བོ་ལ་ཉི་མ་གནས་ཤིང་། ཤར་གྱི་རི་བོ་ལ་ཟླ་བ་གནས་པ་ན། ཟླ་བའི་ དཀྱིལ་འཁོར་རངས་པར་སྣང་སྟེ། ཟླ་བ་ཤིན་ཏུ་ཐག་རིང་བར་གནས་པའི་ཕྱིར་རོ། །དེ་ལྟ་བུ་དེ་ནི་རྒྱུ་བའི་ཚུལ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཁད་ཀྱིས་བསྒྱུར་བ་ན་ཕྱོགས་གང་ཞིག་མཐོ་བ་དེ་ནི་དམིགས་ལ་གང་ཞིག་དམའ་བ་དེ་ནི་མི་དམིགས་པ་ བཞིན་ནོ། །ཁ་ཅིག་ན་རེ། ངེས་པ་མེད་པར་ཐལ་བར་འགྱུར་བས་དེ་ནི་དེ་ལྟར་མ་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་ངེས་པའི་རྒྱུ་བཚད་བར་བྱའོ་ཞེས་མར་རོ། །རྒྱལ་ཆེན་བཞིའི་རིས་པའི་ལྷ་རྣམས་སོ་ཞེས་བྱ་བ་ལ། རྒྱལ་པོ་ཆེན་པོ་བཞིའི་རིས་ ནི་ཚོགས་ཏེ་གླང་པོ་ཆེའི་ཚོགས་བཞིན་ནོ། །དེ་ན་ཡོད་པ་ནི་རྒྱལ་ཆེན་བཞིའི་རིས་དག་གོ། །ཅི་དེ་དག་གིས་འདི་དག་ཁོ་ནའམ་ཞེས་བྱ་བ་ནི་ཉི་མ་ལ་སོགས་པའི་གཞལ་མེད་ཁང་དག་ཁོ་ནའམ་ཞེས་བྱ་བའོ། །རི་རབ་བང་རིམ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་ བའི་སྒྲས་ནི་མུ་ཁྱུད་འཛིན་ལ་སོགས་པ་བསྡུའོ། །བཞི་པ་ལ་ནི་རྒྱལ་པོ་ཆེན་པོ་བཞི་དག་ཉིད་ཅེས་བྱ་བ་འབྱུང་སྟེ། དེ་ལ་ཤར་གྱི་ཕྱོགས་ན་ནི་ཡུལ་འཁོར་སྲུང་ངོ་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོའོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་ངོ་། །བྱང་ཕྱོགས་ན་ནི་རྣམ་ཐོས་ ཀྱི་བུའོ། །དེའི་ཕྱིར་དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་བཤད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་བང་རིམ་བཞི་པ་ལ་བདག་ཉིད་གནས་པའི་ཕྱིར་རོ། །དེའི་ཕྱིར་འདི་སྐད་དུ་ཚིགས་སུ་བཅད་པ་ལས། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཞེས་བཤད་དེ། །རྒྱལ་པོ་ཆེན་པོ་བཞི་ དག་ཡོད་པས་ན་རྒྱལ་པོ་ཆེན་པོ་བཞིའོ། །བང་རིམ་ནི་ནམ་མཁའ་ལ་འཕགས་པ་ལ་བརྗོད་དོ། །ཆེ་བ་ཡིན་ཞེས་བྱ་བ་ནི་རབ་ཏུ་མང་བ་ཡིན་གྱི་ཕུན་སུམ་ཚོགས་པ་ཆེ་བ་ནི་མ་ཡིན་ནོ། །དེ་དག་ལ་གནོད་སྦྱིན་ལག་ན་རྡོ་རྗེ་གནས་ཞེས་བྱ་བ་ནི་བག་མེད་པའི་ལྷ་ བསྲུང་བར་བྱ་བའི་ཕྱིར་རོ། །ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་ཞེས་བྱ་བ་ནི་ཚོན་སྣ་བརྒྱ་རྩ་གཅིག་གིས་སོ། །ནེམས་ཞེས་བྱེད་པ་དང་སྦར་ཞེས་བྱེད་ཅེས་བྱ་བ་ནི། ནེམས་ཞེས་བྱེད་པ་དང་སྦར་ཞེས་བྱེད་པའི་ངང་ཚུལ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རིན་པོ་ ཆེ་དང་གནས་རྣམ་པ་དུ་མ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། རིན་པོ་ཆེ་དར་གནས་རྣམ་པ་དུ་མ་དེ་ཕུན་སུམ་ཚོགས་ཡ་མནེ་ན་བ་སྟེ་ཆེན་པོ་ཉིད་དོ། །ངོ་ཚ་བར་བྱེད་ཅེས་བྱ་བ་ནི་ངོ་ཚ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་བ་རྒྱས་ པར་འབྱུང་སྟེ། དེ་ལ་ཤིང་རྟ་སྣ་ཚོགས་ཅན་དུ་ནི་ལྷ་རྣམས་ཀྱི་དབང་ཐང་གི་མཐུས་ཤིང་རྟ་སྣ་ཚོགས་འབྱུང་བར་འགྱུར་ཏེ། རྩུབ་འགྱུར་དུ་ནི་གཡུལ་སྒྲོད་པར་འདོད་པ་དེ་དག་ལ་གོ་མཚོན་འབྱུང་བར་འགྱུར་རོ། །འདྲེས་པའི་ཚལ་དུ་ནི་དེ་དག་ཉེ་བར་ཕྲད་པ་ལས་ དགའ་བ་དང་བདེ་བར་སྐྱེའོ། །དགའ་བའི་ཚལ་དུ་ནི་ཤིན་ཏུ་འབྱོར་པ་དང་ལྡན་པར་མཐོང་བ་ན་དགའ་བར་འགྱུར་ཏེ། སྐྱེད་མོས་ཚལ་དེ་དག་ནི་གྲུ་བཞི་པ་ཡིན་ལ། དེ་དག་གི་ངོས་རེ་རེ་ལ་ནི་དཔག་ཚད་ཕྱེད་དང་སུམ་བརྒྱའོ། །འདབ་མ་དང་ལོ་མ་ཞེས་བྱ་བ་ལ་འདབ་མ་ཉིད་ ལོ་མ་ཡོན་པས་ན་འདབ་མ་དང་ལོ་མའོ། །དེ་རྫི་ཕྱོགས་མ་ཡིན་པར་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གང་དུ་སྐྱེས་པ་ཉིད་དུ་འཇིག་པའི་ཕྱིར་རོ། །ཅི་མེ་ཏོག་གི་དྲིའི་རྒྱུན་དེ་ཞེས་བྱ་བ་ནི་ཇི་ལྟར་མེ་ཏོག་དང་འབྲེལ་པ་ལས་ཏིལ་དག་ལ་དྲི་གཞན་འབྱུང་བ་དེ་བཞིན་དུ་མེ་ ཏོག་དང་འབྲེལ་པ་ལས་དེའི་དྲི་རླུང་གིས་བདས་པ་ཞིག་འབྱུང་བ་ཞིག་གམ་ཞེས་བྱ་བ་ཡིན་ནོ། །མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྩ་བ་ལ་ཡོད་པ་ནི་རྩ་བ་སྟེ། པུ་ཤེལ་ཙི་དང་གླ་སྒང་ལ་སོགས་པའི་དྲིའོ། །མཁས་རྣམས་དྲི་ནི་ ཞེས་བྱ་བ་ནི་གྲགས་པ་ཞེས་བྱ་བའི་དོན་ཏོ། །བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་ལྷ་མ་ཡིན་ཕྱིར་བཟློག་པ་ལ་སོགས་པའི་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ལྷ་རྩེད་མོས་དྲན་པ་བརླག་པ་ལ་སོགས་པ་དག་ཀྱང་ ཡོད་པས་དེའི་ཕྱིར་མདོར་བསྡུ་ན་ཞེས་བྱ་བ་སྨོས་སོ། །འཐབ་བྲལ་ནས་འོག་མིན་དུ་ཉེ་བར་འགྲོ་བ་དང་འོག་མིན་གྱི་མཐར་ཐུག་པའི་བར་གྱི་ལྷ་རྣམས་ནི་སྤྲིན་གྱི་ཚོགས་ལྟར་གཞལ་མེད་ཁང་དག་ན་གནས་པ་ཡིན་ནོ། །གཞན་དག་ནི་འཐབ་བྲལ་བ་རྣམས་ས་དང་འབྲེལ་ལོ་ ཞེས་ཟེར་རོ། །འོག་མིན་གྱི་མཐར་ཐུག་པའི་སེམས་ཅན་དེ་དག་ཁོ་ནའི་སྣོད་མངོན་གྱི། གཞན་དག་གི་ནི་མ་ཡིན་ཏེ་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཚངས་པ་མདུན་ན་འདོན་ལ་སོགས་པ་རྣམས་ཏེ། དེ་དག་ནི་ གཉེན་པོས་འདོད་པ་ཐམས་ཅད་བཟློག་པ་ཉིད་ཀྱི་ཕྱིར་རོ། །རྒྱལ་པོ་ཆེན་པོའི་ལྷ་རྣམས་ནི་དེ་དག་ལ་སྤྱོད་པས་རྒྱལ་པོ་ཆེན་པོ་རྣམས་སོ། །སུམ་ཅུ་རྩ་གསུམ་པའི་ཚོགས་ནི་འདི་དག་ཡོངས་སུ་འགྱུར་བས་སུམ་ཅུ་རྩ་གསུམ་པའོ། །འཐབ་པ་ལ་ནི་འཐབ་ པ་དང་ཕྱི་ཕྱིར་བྲལ་བས་ཨེ་མའོ་བདེའོ་ཞེས་བརྗོད་པས་འཐབ་བྲལ་ལོ། །རང་ཉིད་ཡོངས་སུ་གཟུང་བ་ལ་དགའ་བས་དགའ་ལྡན་ནོ། །འདིས་ཡུལ་སྤྲུལ་ཏེ་འདོད་པ་ལ་ཉེ་བར་སྤྱོད་པས་འཕྲུལ་དགའོ། །གཞན་གྱིས་སྤྲུལ་པ་ལ་དབང་བསྒྱུར་བས་གཞན་འཕྲུལ་དབང་བྱེད་དེ། །མི་ རྣམས་ཇི་ལྟ་བ་བཞིན་ཞེས་བྱ་བ་ལ། དེ་དག་དང་འདིའི་ཁྱད་པར་ནི་མི་རྣམས་ནི་ཁུ་ཆུ་བཏང་བས་ཡོངས་སུ་གདུང་བ་དང་བྲལ་བ་དེ་དག་ནི་རླུང་བཏང་བས་དེ་ཁུ་ཆུ་མེད་པའི་ཕྱིར་རོ། །དེ་མེད་པ་ཡང་དེ་ན་གནས་པའི་ཟས་ལ་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །ཆེས་གཞན་པར་ འདོད་ཆགས་པ་ཉིད་ཀྱིས་འཁྱུད་པས་དེར་འདོད་པ་དང་ལྡན་པ་རྣམས་ལ་འཁྱུད་པའི་བདེ་བ་འབྱུང་གི་འདོད་ཆགས་མེད་ན་ནི་དེ་དག་ལ་རེག་པ་སྐྱོན་ཅན་མི་འབྱུང་སྟེ་མ་ལ་འཁྱུད་པ་བཞིན་ནོ། །དགའ་ལྡན་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། གཉི་ག་ཆེས་གཞན་དུ་ འདོད་ཆགས་པས་འཁོར་བའི་སྒྲུབ་པ་སྔ་མ་བཞིན་བརྗོད་པར་བྱའོ། །ཉེ་བར་མཁོ་བ་རྣམས་ནི་དེར་སྤྲུལ་པར་བྱེད་དོ། །ངེས་པར་གསུམ་པོ་ཁོ་ན་གཉིས་ཀྱིས་ཀུན་ཏུ་འདོད་ཆགས་པ་མི་འཐད་པར་འགྱུར་བ་མ་ཡིན་ནོ། །ཇི་ཙིམ་ཇི་ཙམ་དུ་ཞེས་བྱ་བ་ནི་གོང་ནས་གོང་དུ་ ཞེས་བྱ་བའི་དོན་ཏོ། །ཡུལ་རྣམས་ཤས་ཆེ་བ་ཞེས་བྱ་བ་ནི་ཆེས་ཆེར་བདོ་བ་ཞེས་བྱ་བའི་དོན་ཏོ། །དེ་དག་ཡུལ་ཤས་ཆེ་བ་དང་ལུས་ཉམས་པ་མེད་པའི་ཕྱིར་དེ་ཡོངས་སུ་འགྱུར་བས་ཡང་དང་ཡང་འདོད་པ་བརྟེན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ལྷ་རྣམས་ཉིད་འདོད་པའི་བདེ་བ་ཤིན་ ཏུ་ཆུང་བར་འགྱུར་རོ། །ཡང་ཇི་ལྟར་རྫུས་ཏེ་སྐྱེ་བ་རྣམས་ལ་ནི་འདི་བདག་གི་པ་ཡིན་ནོ། །བུ་ཡིན་ནོ་སྙམ་པའི་འདུ་ཤེས་འབྱུང་ཞེ་ན། དེའི་ཕྱིར་ལྷ་འམ་ལྷ་མོ་གང་གི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གྲངས་བཞིན་ཏེ་ཞེས་བྱ་བ་ནི་རྒྱལ་ཆེན་བཞི་པ་དག་ཏུ་ནི་ལོ་ལྔ་ལོན་པ་ལྟ་བུའོ་ཞེས་བྱ་ བ་ནས་གཞན་འཕྲུལ་དབང་བྱེད་པ་ནི་ལོ་བཅུ་ལོན་པ་ལྟ་བུའོ་ཞེས་བྱ་བའི་བར་རོ། །དེ་དག་ཀྱང་ལྷའི་རིས་བཞི་རྣམས་སོ་ཞེས་བྱ་བ་ནི་རྒྱལ་ཆེན་བཞིའི་རིས་པ་ནས་བརྩམས་ཏེ་དགའ་ལྡན་པའི་བར་རོ། །ཇི་ལྟར་བྱུང་བ་རྣམས་ལ་ལོངས་སྤྱོད་པ་ནི་ཇི་ལྟར་བྱུང་བ་ལ་ལོངས་སྤྱོད་པ་སྟེ། འདི་དག་ལ་ཡོད་པས་ན་ཇི་ལྟར་བྱུང་བ་ལ་ལོངས་སྤྱོད་པའོ། །ཇི་ལྟར་འདོད་པ་བཞིན་བདག་ཉིད་སྤྲུལ་པ་འདི་དག་ལ་དེས་ལོངས་སྤྱོད་པས་ན་དེ་དག་ནི་ཇི་ལྟར་འདོད་པ་བདག་དང་གཞན་གྱིས་སྤྲུལ་པ་ལ་ལོངས་སྤྱོད་པའོ། །ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ ནི་ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ཡིན་ལ། དེ་ཡོངས་སུ་ལོངས་སྤྱོད་པ་ནི་ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པ་སྟེ། གང་ལ་དེ་ཡོད་པ་ཞེས་ཐམས་ཅད་ལ་སྦྱར་རོ། །འཕྲུལ་དགའ་བ་རྣམས་ལ་གཞན་ གྱིས་སྤྲུལ་པའི་འདོད་པ་ཉེ་བར་སྤྱོད་པ་མི་འབྱོར་ཏེ། །དེ་ལྟར་ན་འཕྲུལ་དགའ་བ་རྣམས་དང་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཁྱད་པར་བཤད་པ་ཡིན་ནོ། །གཞན་དག་ན་རེ་དང་པོ་ནི་ཡུལ་ཇི་ལྟར་བྱུང་བ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །གཉིས་པ་ནི་ཡུལ་ཇི་ལྟར་འདོད་ པ་བཞིན་བདག་ཉིད་ཀྱི་སྤྲུལ་པ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །གསུམ་པ་ནི་ཡུལ་བྱེད་པ་མེད་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ཡང་ན་གོ་རིམས་བཞིན་དུ་ཡུལ་དམན་པ་དང་། བར་མ་དང་། གྱ་ནོམ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ཉེ་བར་གནས་པ་རྣམས་ ནི་གནོད་པ་དང་ཁ་ན་མ་ཐོ་བ་དང་བཅས་པ་དང་འབད་པ་དང་བཅས་པར་ཉེ་བར་ལོངས་སྤྱོད་དོ། །སྤྲུལ་པ་རྣམས་ནི་ཁ་ན་མ་ཐོ་བ་མེད་པ་དང་འབད་པ་དང་བཅས་པར་རོ། །གཞན་གྱིས་སྤྲུལ་པ་རྣམས་ནི་ཁ་ན་མ་ཐོ་བ་མེད་པ་དང་འབད་པ་མེད་པར་ཉེ་བར་ལོངས་སྤྱོད་དོ། །ལྷ་དེ་དག་ ཅེས་བྱ་བ་ལ། བསམ་གཏན་དང་པོའི་ས་པ་དག་ནི་དབེན་པ་ལས་སྐྱེས་པའི་དགའ་བའི་བདེ་བས་ཏེ་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བསམ་གཏན་གཉིས་པའི་ས་པ་དག་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བས་སོ། །བསམ་གཏན་གསུམ་པའི་ས་པ་ དག་ནི་དགའ་བ་མེད་པའི་བདེ་བས་ཏེ། དགའ་བ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བདེ་བས་གནས་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཞན་དག་ན་རེ་བདེ་བ་དེ་དག་ཀྱང་ཚོར་བ་རྣམ་པར་སྨིན་པ་བདེ་བ་མ་ཡིན་པས་དེ་དག་ཉིད་བདེ་བ་སྐྱེ་བར་ བརྗོད་དོ། །ས་འོག་མའི་སྡུག་བསྔལ་ཡང་ཚོར་བ་རྣམ་པར་སྨིན་པ་ཡིན་པས་འདི་བདེ་བ་བསྐྱེད་པ་མ་ཡིན་ནོ། །གང་ཡང་འདི་དག་ནི་གསུམ་དུ་འགྱུར་ཏེ། ཏཏྶ་མཾ་གི་ནཱི། དབེན་པ་ལས་སྐྱེས་པ་དང་ཏིང་ངེ་འཛིན་ལས་སྐྱེས་པ་དང་། དགའ་བ་མེད་པའི་བདེ་བས་གནས་པའི་ཕྱིར་ རིམ་པ་བཞིན་གསུམ་དུ་འགྱུར། གཞན་དག་ན་རེ་འཇིག་པའི་དབྱེ་བས་སོ་ཞེས་ཟེར་རོ། །གཞན་དག་ན་རེ། རྟོག་པ་དང་དགའ་བ་དང་བདེ་བའི་དབང་དུ་བྱས་ནས་ཐོས་པས་སོ་ཞེས་ཟེར་རོ། །བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ན་ ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡོད་པས་བདེ་བ་སྐྱེ་བ་ཉིད་དུ་མི་རུང་ངོ་། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདི་ནི་ཕལ་ཆེ་བར་བསྟན་པ་ཡིན་ཏེ། དཔེར་ན་མངོན་པར་ཤེས་པ་གང་ཞེ་ན། ཤེས་རབ་དགེ་བའོ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ། ། གང་དག་ལྷ་རྣམས་ཀྱི་གནས་ཉི་ཤུ་རྩ་གཉིས་བཤད་པ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པ་རྣམས་ཀྱི་གནས་ནི་དྲུག་ཡིན་ལ། གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་བཅུ་དྲུག་ཡིན་ཏེ། ཚངས་པ་ཆེན་པོ་ནི་ཚངས་པའི་མདུན་ན་འདོན་དག་གི་ཁོངས་སུ་འདུ་བའི་ཕྱིར་རོ། །དཔག་ཚད་ བཞི་ཁྲི་ནི་ཞེས་བྱ་བ་ནི་དེ་དག་གིས་ནི་རི་རབ་ཀྱི་ཕྱེད་མན་ཆད་དུ་ཕྱིན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །བསགས་པར་གནས་པའི་གཟུགས་ཞེས་བྱ་བ་ལ་བསགས་པ་ལ་གནས་པ་ནི་བསགས་པར་གནས་པའོ། །ཡང་ན་བསགས་ཤིང་གནས་པས་ན་བསགས་པར་གནས་པ་སྟེ། ཕན་ ཚུན་འབྲེལ་ཅེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་རྫུ་འཕྲུལ་གྱིས་སམ་གཞན་ལ་བརྟེན་ནས་ཏེ། རྫུ་འཕྲུལ་དང་ལྡན་པའམ། དེ་ན་གནས་པའི་ལྷས་ཁྲིད་པར་གྱུར་ན་འཐབ་བྲལ་བ་རྣམས་དགའ་ལྡན་པ་དག་གི་ནང་དུ་འགྲོ་བར་འགྱུར་ཏེ། དེ་བཞིན་དུ་དགའ་ལྡན་པ་རྣམས་འཕྲུལ་དགའ་བ་དག་གི་ནང་དུ་འགྲོའོ་ཞེས་རྒྱས་པར་ཐམས་ཅད་དུ་བརྗོད་པར་བྱའོ། །གོང་དུ་སྐྱེས་པ་འོངས་པ་མཐོང་སྟེ། འདོད་པ་ན་སྤྱོད་པའམ་ས་མཚུངས་པ་མཐོང་ངོ་། །ཁམས་གོང་མ་པ་ཡང་མ་ཡིན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པས་ གཟུགས་ཀྱི་ཁམས་སུ་སྐྱེས་པ་མི་མཐོང་བའོ། །ས་གོང་མ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་ཁམས་མཚུངས་ཀྱང་བསམ་གཏན་དང་པོར་སྐྱེས་པས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མི་མཐོང་བའོ། །རེག་བྱ་རོག་པར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི་ཁམས་གོང་ མ་པའམ་ས་གོང་མ་པའོ། །ཅིའི་ཕྱིར་ཞེ་ན་ཡུལ་མ་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་ཡུལ་མ་ཡིན་པའི་ཕྱིར་གཟུགས་ཀྱང་མི་མཐོང་ངོ་། །དེའི་འདོད་པས་འདི་ན་འཁོད་པ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་བྱ་བ་ལ། ཇི་ལྟར་འདོད་པ་ན་སྤྱོད་པས་འདོད་པ་ན་སྤྱོད་པ་མཐོང་ བ་དེ་བཞིན་དུ། དེའི་འདོད་པས་གཟུགས་ན་སྤྱོད་པ་དང་། ས་གོང་མར་སྐྱེས་པ་འོངས་པ་ཡང་ས་འོག་པའི་ལུས་སུ་མ་སྤྲུལ་པར་ཡང་མཐོང་བར་འགྱུར་རོ། །གཞན་དག་ན་རེ་དེ་ནི་དེ་ལྟར་མ་ཡིན་ཏེ། གཟུགས་དང་ཁམས་དང་ས་རྣམས་རྒྱུ་དང་འབྲས་བུ་ཡོངས་ སུ་ཆད་པའི་ཕྱིར་རོ། །ས་འོག་མ་ལས་འདོད་ཆགས་བྲལ་བ་ནི་ས་གོང་མ་དེར་སྐྱེ་སྟེ། དེའི་ཕྱིར་ས་གོང་མའི་གཟུགས་ནི་ས་འོག་མའི་མིག་གི་ཡུལ་མ་མིན་ཏེ། ལས་ཀྱི་འབྲས་བུ་ཆེས་མཆོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེའི་འདོད་པས་ཀྱང་མི་མཐོང་ངོ་། །སུམ་ཅུ་ རྩ་གསུམ་ལ་སོགས་པ་རྣམས་ཀྱི་ཚངས་དང་འབྲེལ་པ་ནི་བཤད་ན། ཡང་འཐབ་བྲལ་ལ་སོགས་པ་རྣམས་ཀྱི་ཚད་ཇི་ཙམ་ཞེ་ན། གཞན་དག་ན་རེ། བཞི་པ་ལ་ཚད་མེད་དོ་ཞེས་ཟེར་རོ། །བསམ་གཏན་བཞི་པའི་གཞལ་མེད་ཁང་ནི་སྐར་མ་ལྟར་རྣམ་པར་ཆད་པ་ཡིན་ཏེ། མི་རྟག་དེའི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་འབྱུང་ངོ་། །དེའི་ཕྱིར་དེ་ལ་ཚད་མེད་ལ། ལྷག་མ་རྣམས་ལ་ཚད་ཡོད་དེ། གཅིག་ཏུ་འབྲེལ་བའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་ཞེས་བྱ་བ་སྨོས་པས་བསམ་གཏན་གཉིས་པ་ལ་སོགས་པ་ རྣམས་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ལ་སྤྱི་ཕུད་ཅེས་བྱ་སྟེ། གཙུག་ཕུད་དུ་གྱུར་པའི་ཕྱིར་དང་སྤྱི་ཕུད་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་དེ་དག་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡོད་པ་ཉིད་དོ། ། ཅིའི་ཕྱིར་གང་ལས། དེ་སྟོང་ལ་ནི་སྟོང་གཉིས་པ། །ཞེས་རྒྱ་ཆེར་འབྱུང་སྟེ། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན་ཞེས་བྱ་བ་ལ་འདིར་སེམས་ཅན་རྣམས་མཉམ་པོར་འཇིག་ཅིང་སྣོད་དག་མཉམ་དུ་འབྱུང་ངོ་། །སྣོད་འབྱུང་བ་ནས་བཟུང་སྟེ། འཆགས་པའི་བསྐལ་པ་ཞེས་བྱ་སྟེ། གང་ཕྱིས་འཇིག་པ་དེ་ནི་སྔར་ཆགས་སོ་ཞེས་ཕྱིས་བཤད་པར་བྱའོ། །ཛམྦུའི་གླིང་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཛམྦུའི་གླིང་པ་རྣམས་ལ་དང་པོ་དང་མཐའི་བསྐལ་པའི་རིམ་གྱིས་འཕེལ་བ་དང་འགྲིབ་པ་མཐོང་བའི་ཕྱིར་ཅི་ལྟར་འདི་ཞེས་བརྗོད། ཁྲུ་གང་ཡིན་པ་དེ་ ཉིད་ཀྱང་འཕེལ་བ་དང་འགྲིབ་པར་འགྱུར་བས་སོ། །གལ་ཏེ་དེའི་མཚན་ཉིད་རྣམ་པར་གཞག་ན་རྡུལ་ཕྲ་རབ་ལ་སོགས་པ་རྣམས་དེ་ལྟ་བུ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ནི་གང་ཞིག་སངས་རྒྱས་ཉིད་ལ་སྐྱེ་བ་གཅིག་གིས་ཆོད་པ་སྟེ། དེ་ དགའ་ལྡན་ན་གནས་ཤིང་སྐུ་ཚེ་རངས་པར་གསོན་པར་འགྱུར་རོ། །སྲིད་པ་ཐ་མ་པ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་པ་སྟེ། གང་གིས་ན་སྐྱེ་བ་དེ་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །རྒྱལ་བས་བསྟན་པ་ནི་གང་ཞིག་དེའི་ཚེ་ནི་འདི་ཙམ་མོ་ཞེས་རྒྱལ་བས་ལུང་ བསྟན་པའོ། །རྒྱལ་བའི་ཕོ་ཉ་ནི་ཕོ་ཉའི་བྱ་བ་བྱས་མ་ཟིན་པའོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ནི་མཐོང་བའི་ལམ་ལ་གནས་པ་དབང་པོ་རྣོན་པོ་དང་རྟུལ་པོ་དག་གོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། འགོག་པ་དང་། འདུ་ཤེས་མེད་པ་དང་། བྱམས་པའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་བསྡུའོ། །དཔག་ཚད་ཀྱི་ཚད་ཀྱིས་གནས་རྣམས་དང་ལུས་རྣམས་ཀྱང་བཤད་དེ། སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་ནི་དཔག་ཚད་ཀྱི་གནས་རྣམས་བཤད་དོ། །འདོད་ དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་ཞེས་བྱ་བ་ལ་སོགས་པས་ནི་ལུས་རྣམས་བཤད་དོ། །ལོའི་ཚད་ཀྱིས་ཚེ་བཤད་པ་ནི་སྒྲ་མི་སྙན་ན་ཚེ་སྟོང་སྟེ། གཉིས་ན་ཕྱེད་ཕྱེད་སྤངས་པའོ། །ཞེས་བྱ་བའོ། །ཐམས་ཅད་ཀྱི་རྣམ་པར་གཞག་པ་ཡང་མིང་གིས་ཡིན་པ་ནི། དེ་ལ་ལག་ན་གཞོང་ ཐོགས་དང་། ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །ཞེས་བྱ་བའོ། །གཟུགས་འགྲིབ་པའི་ཞེས་བྱ་བ་ནི་འདུས་པའི་གཟུགས་ཀྱི་ཡིན་གྱི། རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱི་ནི་མ་ཡིན་ཏེ། ཆ་ཤས་མེད་པས་འགྲིབ་པ་མེད་པའི་ཕྱིར་རོ། །མཐའ་ནི་གང་ཞིག་ལ་དབྱེ་བར་མི་ ནུས་པའོ། །དེའི་སྐད་ཅིག་ལ་སོགས་པ་དུས་ཀྱི་མཐའ་ནི་གང་ན་གཞན་དུ་དབྱེ་བ་ཡོད་པ་མ་ཡིན་པ་དེ་ནི་རྐྱེན་རྣམས་ཚོགས་པ་ན་དངོས་པོ་རྣམས་བདག་ཉིད་ཐོབ་པའི་སྐད་ཅིག་གོ། །སློབ་དཔོན་འདུས་བཟང་ན་རེ། ལ་བྷོ་ཧྱ་ལབྡྷ་སྱ་བྷ་བ་ཏི། བདག་གི་དངོས་པོ་རྣམས་རྟག་ པར་ཡོད་པར་བརྗོད་པར་མི་བྱ་སྟེ། རྐྱེན་རྣམས་ཚོགས་པ་ན་ཇི་ཙམ་ཆོས་ཀྱི་བདག་ཉིད་ཐོབ་པའོ། །འོ་ན་ཅི་ཡོད་པ་ཁོ་ན་རྐྱེན་རྣམས་ཚོགས་པ་ལ་འབྲས་བུ་འཕེན་པའི་དུས་སུ་འོངས་པ་སྐྱེད་ཅེས་བརྗོད་པར་བྱེད་ཅེ་ན། འབྲས་བུ་འཕངས་པ་ནི་སྐྱེས་པའོ། །འཕངས་ནས་ ཡང་མི་འཕེན་པས་དེའི་ཕྱིར་མ་བསྟན་ཏེ། རྐྱེན་རྣམས་ནི་དེ་ལ་སྔར་ཡོད་པ་མ་ཡིན་པའི་བདག་ཉིད་ཀྱི་ཁྱད་པར་འགའ་ཡང་བྱེད་པ་མེད་དོ། །གང་གི་ཕྱིར་སྔར་མ་འོངས་པ་དང་འབྲས་བུ་འཕེན་པར་བྱེད། གང་ཞིག་སྔར་རྒྱུ་མེད་པ་དེ་ནི་ཕྱིས་ཀྱང་རྒྱུ་མེད་པ་ཉིད་དེ། དེ་ནི་ནམ་ ཡང་རྐྱེན་མ་ཚང་བ་ཐོབ་པ་རྣམས་ལ་དུས་ཐམས་ཅད་དུ་ཡོད་པ་མ་ཡིན་པའི་ཕྱིར་དང་། འཕེན་པའི་དངོས་པོ་ནི་འབྲས་བུ་ཡོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཞར་ལས་བྱུང་བས་ཆོག་སྟེ། འདི་ཉིད་འདས་པ་དང་མ་འོངས་པ་རྣམ་པར་ངེས་པའི་སྐབས་སུ་བབ་པས། དེ་ཉིད་དུ་རྒྱ་ཆེར་ རྣམ་པར་དཔྱད་དོ། །མིང་གི་མཐའ་ནི་ཡི་གེ་སྟེ་ཡི་གེ་མེད་པའི་མིང་མེད་པའི་ཕྱིར་རོ། །དགུན་རྣམས་ཀྱི་ཟླ་བ་བཞི་ཞེས་འབྱུང་སྟེ། དགུན་སྨད་ཀྱང་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །དཔྱིད་རྣམས་ཀྱི་ཟླ་བ་བཞི་ཞེས་བྱ་སྟེ། དཔྱིད་ཀྱང་དྲོ་བར་འདྲ་བར་སོས་ཀར་བཤད་ དོ། །དབྱར་ཟླ་བ་བཞི་ཞེས་བྱ་སྟེ། སྟོན་ཡང་ཆར་འབབ་པར་འདྲ་བའི་ཕྱིར་དབྱར་དུ་བཤད་དོ། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཞེས་བྱ་བ་ནི་འདི་ལ་ཕྱེད་ལྷག་པ་ཡོད་པས་ན་ཕྱེད་དང་གཉིས་སོ། །མཱ་སེ་ཞེས་ཐོབ་པ་ལ་མཱ་སི་ཞེས་བྱ་བའི་སྒྲ་ སྦྱར་བ་ནི་མདོ་བཅིང་བའི་སྙན་ངག་གི་དབང་གིས་ཡིན་ནོ། །འདས་ནས་ཞེས་བྱ་བ་ནི་ཐལ་ནས་སོ། །དེ་ལྟར་སྤྱད་པས་ཟླ་བ་གཉིས་པའི་ཕྱོགས་ཕྱི་མ་ལ་ཞག་མི་ཐུབ་འདོར་བས་ལོ་ལ་ནི་ཞག་མི་ཐུབ་དྲུག་ཏུ་འགྱུར་རོ། །འགྲོ་བ་འཇིག་པ་ནི་འགྲོ་བ་ལྔ་ཅར་གཟུགས་ན་སྤྱོད་པའི་ལྷའི་ འགྲོ་བ་གཅིག་ཏུ་འཇིག་པའོ། །དེའི་མཇུག་ཐོགས་སུ་ནི་ཁམས་འཇིག་སྟེ། ཁམས་འཇིག་པ་ནི་འགྲོ་བ་འཇིག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་ཞིག་མ་ཐག་ཏུ་སྣོད་འཇིག་སྟེ། སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་གྲུབ་པའི་ཕྱིར་སེམས་ ཅན་ཅིག་འདུག་ན་ཡང་སྣོད་འཇིག་པར་མི་འགྱུར་རོ། །དེ་ལས་ནི་ངེས་པར་འབྱུང་བ་ཞེས་བྱ་བ་ནི་གང་ཆགས་པའི་རྒྱུན་གནས་པ་དེ་ལས་ངེས་པར་འབྱུང་བ་སྟེ་འདའ་ཞེས་བྱ་བའི་དོན་ཏོ། །དེ་ལ་ནི་ཞུགས་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལས། དེ་ཞེས་བྱ་བ་ནི་འཇིག་པ་ལ་ ཞུགས་ཞེས་བྱ་བ་སྟེ། གང་ཞིག་བརྩམས་ནས་ཆགས་པ་དང་གནས་པ་ལས་ངེས་པར་འབྱུང་བ་ཉིད་དེ། འཇིག་པ་རྩོམ་པའོ། །འཇིག་རྟེན་གཞན་དག་ཏུ་འཕེན་ཞེས་བྱ་བ་ནི། དེའི་གནས་སྐབས་སུ་ནི་སྣོད་ཀྱང་འཇིག་པར་མི་འགྱུར་བའོ། །གང་གི་ཚེ་དུད་འགྲོ་དག་ན་ སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་ཞེས་བྱ་བ་ནས་བཟུང་སྟེ། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འཕེན་པར་འགྱུར་ཏེ་ཞེས་བྱ་བའི་བར་དུ་ཐམས་ཅད་བརྗོད་པར་བྱའོ། །ཡི་དགས་རྣམས་ཀྱང་དེ་དང་འདྲའོ། །མི་དང་ལྷན་ཅིག་རྒྱུ་བ་རྣམས་ཞེས་བྱ་བ་ནི་དེ་དག་ ནི་མི་རྣམས་དང་ཐུན་མོང་བའི་ལོངས་སྤྱོད་དུ་འགྱུར་བའི་ལས་དག་གིས་མངོན་པར་བསྒྲུབ་པའི་ཕྱིར་རོ། །ལྷ་དང་ལྷན་ཅིག་རྒྱུ་བ་རྣམས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ལ་ཆོས་ཉིད་ནི་དེའི་ཚེ་བསམ་གཏན་གྱི་ས་བོན་དུས་ཐོག་མ་མེད་པ་ནས་ འཇུག་པ་ཐོབ་པའོ། །གཞན་དག་ན་རེ་ཆོས་ཉིད་ནི་དགེ་བའི་རྩ་བ་ཤས་ཆེན་པོ་ཡིན་ཏེ། དེའི་ཚེ་དགེ་བའི་ཆོས་རྣམས་འཇུག་པ་ཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་མེད་པར་ཚངས་པའི་འཇིག་ རྟེན་དུ་སྐྱེ་བ་མེད་དོ་ཞེས་སྟོན་པའོ། །འདི་ཉིད་ནས་ཀུན་ནས་ཞེས་བྱ་བ་ནི་གླིང་བཞི་ཀུན་ནས་སོ། །གཞན་དག་ན་རེ་ཛམྦུའི་གླིང་ཀུན་ནས་ཏེ། ལས་ཀྱི་ལམ་ཤས་ཆེ་བའི་ཕྱིར་རོ་ཞེས་ཟེར་རོ། །དེའི་ལས་ཀྱི་འཕེན་པ་རྣམས་ཞེས་བྱ་བ་ནི། སྣོད་སྐྱེད་པར་བྱེད་པའི་ལས་རྣམས་ཟད་ པའོ། །བར་དུ་བསྲེག་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རིས་མི་མཐུན་པའི་སྐྱོན་དག་ཅེས་བྱ་བ་ནི་ཉེ་བར་འཚེ་བ་མེ་ལ་སོགས་པ་མེ་འདྲ་བ་དག་གོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་ནི་འོ་ན་ཇི་ལྟར་རབ་ཏུ་འབར་བ་དེ་ཉིད་ལས་ཞེས་བྱ་བ་ རྒྱས་པར་སྨྲས་ཏེ་ཞེ་ན། དེའི་ཕྱིར་དེ་དང་འབྲེལ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ན་སྤྱོད་པའི་མེ་ལྕེ་དེ་ནི་འདོད་པ་ན་སྤྱོད་པའི་མེ་ལྕེ་དང་འབྲེལ་ཏེ་འབྱུང་བ་ཡིན་ཏེ། དེའི་ཕྱིར་རབ་ཏུ་འབར་བ་དེ་ཉིད་ལས་ཞེས་དེ་སྐད་དུ་བཤད་དོ། དེ་བཞིན་ དུ་འཇིག་པ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཆུས་འཇིག་པ་དང་། རླུང་གིས་འཇིག་པ་དག་ལ་སྟེ། བསམ་གཏན་དང་པོ་དང་གཉིས་པའི་ས་པ་ཁོ་ནའི་ཆུའི་ཁམས་ཡིན་གྱི། བསམ་གཏན་དང་པོ་དང་གཉིས་པ་དག་ལས་ས་གཞན་པ་ནི་མ་ཡིན་ནོ། ། ཐམས་ཅད་སྐལ་བ་མི་མཉམ་པའི་མ་ཡིན་པས་དེ་ལྟར་ན་རླུང་ཡང་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ས་པ་ཁོ་ན་ཡིན་གྱི་ས་གཞན་པ་ཐམས་ཅད་མ་ཡིན་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཞེས་བྱ་བ་ནི་ཇི་ལྟར་མེས་འཇིག་པ་དག་ ཏུ་འགྲོ་བ་དང་ཁམས་དང་སེམས་ཅན་དང་སྣོད་འཇིག་པ་བཤད་པ་དེ་བཞིན་དུ་ཆུ་དང་རླུང་གིས་འཇིག་པ་དག་ལ་ཡང་ཚུལ་དེ་ཉིད་ཀྱི་སྣོད་སྟོང་པར་རང་གི་ས་པའི་ཆུའི་ཁམས་ཀྱིས་རིམ་གྱིས་སྣོད་ཀྱི་འཇིག་རྟེན་ལན་ཚྭ་ལ་བྱ་བ་བཞིན་དུ་འཇུ་བར་བྱེད་ཅིང་དེ་ཉིད་དུ་མི་སྣང་བར་བྱེད་དོ་ཞེས་ བྱ་བ་དང་། རང་གི་ས་པའི་རླུང་གི་ཁམས་ཁོ་ནས་རིམ་གྱིས་སྣོད་ཀྱི་འཇིག་རྟེན་འཐོར་བར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་དེ་དེ་ཉིད་ཀྱིས་མི་སྣང་བར་བྱེད་དོ་ཞེས་བྱ་བའི་བར་བརྗོད་པར་བྱའོ་ཞེས་བྱ་བའོ། །དེ་ལས་ངེས་པར་བྱུང་བ་ཞེས་བརྗོད་པར་བྱ་བ་ནི་ ཡོངས་སུ་རྫོགས་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་འོངས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་བཤད་པའི་རིམ་པ་དང་ཚུལ་དུ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རིམ་པ་དང་ཇི་སྐད་བཤད་པའི་ཚུལ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་སྐད་བཤད་པའི་ རིམ་པ་ནི་རླུང་གི་དཀྱིལ་འཁོར་དང་། ཆུའི་དཀྱིལ་འཁོར་ནས་རི་རབ་ལ་སོགས་པའི་བར་རོ། །ཇི་སྐད་བཤད་པའི་ཚུལ་ནི་ཚུལ་གང་ཞིག་གང་ལ་བཤད་པ་སྲིད་དང་། རྒྱ་དང་། ཚད་དང་། དབྱིབས་ཀྱི་མཚན་ཉིད་དོ། །དེའི་འོག་ཏུ་ན་འཐབ་བྲལ་བའི་བར་དུའོ་ཞེས་བྱ་བས་ནི་ ནམ་མཁའ་ལ་གནས་པའི་གཞལ་མེད་ཁང་རྣམས་ཀྱི་ས་མཚམས་སྟོན་ཏོ། །དེ་ཙམ་གྱིས་ནི་འདི་ལྟ་སྟེ། སྣོད་ཆགས་པས་འཇིག་རྟེན་ཞེས་རྒྱ་ཆེར་འབྱུང་བ་ལ། སེམས་ཅན་གྱི་དབང་གིས་འཇིག་པ་དང་ཆགས་པ་དང་གནས་པ་མངོན་ནོ། །དེ་ལྟ་མོད་ཀྱི་གང་གི་ཚེ་སེམས་ ཅན་གཅིག་ཆགས་པ་དེའི་ཚེ་སྣོད་རྣམས་ཆགས་པའོ། །བྲལ་བ་ལས་འདུས་པ་ནི་ཆགས་པའོ། །གང་གི་ཚེ་ཡང་འོད་གསལ་བ་རྣམས་ལས་སེམས་ཅན་ཞིག་འདུས་ནས་ཆགས་ཏེ་དེའི་ཚེ་སྣོད་རྣམས་ཆགས་ཏེ། ཁ་ཅིག་ཀུན་ཏུ་འཇུག་པའོ་ཞེས་ཟེར་རོ། །འདིར་སྣོད་རྣམས་འཇུག་ པ་དང་། ལྡོག་པ་དག་ནི་འཇིག་པ་དང་སྐྱེ་བ་དག་ཏུ་དགོངས་སོ་ཞེས་འདི་བསམ་པར་བྱའོ། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཅེས་བྱ་བ་ལ། འདི་ནི་ཚངས་པ་ཆེན་པོ་སྟེ། དེའི་ཕྱིར་ན་ཚངས་པ་ཆེན་པོ་ཐམས་ཅད་ནི་སོ་སོའི་སྐྱེ་བོ་ཡིན་ཏེ། འཕགས་པ་ལ་འོག་ཏུ་འགྲོ་བ་ མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཅིག་གིས་བར་མེད་པར་སྐྱེ་བ་གཉིས་སུ་ཚངས་པ་ཆེན་པོ་ཉིད་བྱེད་པ་མ་ཡིན་ནོ། །གལ་ཏེ་ཚངས་པ་ཆེན་པོ་ཉིད་ནངས་ཀྱི་ཕྱི་ནས་འཆི་འཕོའོ་ཞེས་བཤད་ལ། འོད་གསལ་བ་རྣམས་ཀྱི་ཚེ་ཡང་བསྐལ་པ་ཆེན་པོ་བརྒྱད་ཡིན་ཞིང་བར་གྱི་བསྐལ་པ་ཉི་ཤུ་ ན་ཡང་སླར་ཆགས་པས་དེའི་ཕྱིར་དེ་འོད་གསལ་བའི་ས་པའི་ཚེ་མ་ཟད་པར་དེ་ནས་འཆི་འཕོ་བར་འགྱུར་ཞེ་ན། དེ་ན་བར་ཆད་དུ་འཆི་བ་ཡོད་དེ། བསོད་ནམས་རླབས་ཆེན་པོ་ལས་སྐྱེས་པ་དག་ནི་ཚེ་ལོ་བསྐལ་པ་ཆེན་པོ་བརྒྱད་པ་ཡིན་ནོ། །གང་བར་གྱི་བསྐལ་པ་ཉི་ཤུ་ཞེས་བྱ་བ་འདི་ནི་ཆེས་ཉུང་བ་ ཡིན་ནོ། །ཁ་ཅིག་ན་རེ་དེར་སྐྱེ་བ་དེ་ནི་གཞན་ཞིག་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ལས་སྣ་ཚོགས་པས་འདི་ལ་ངེས་པ་མེད་དོ་ཞེས་ཟེར་རོ། །གང་མཇུག་ཏུ་འཇིག་པ་དེ་དག་དང་པོར་ཆགས་ཞེས་བྱ་བ་ནི་དཔེར་ན་མེས་འཇིག་པ་དག་ནི་ཚངས་པའི་གཞལ་མེད་ཁང་བཞིན་ནོ། །འདི་ནི་ ཆོས་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་བའི་ལས་སྔོན་བསགས་པ་རྣམས་ཀྱི་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ནོ་ཞེས་བྱ་བའོ། །འཇིག་རྟེན་ཆགས་པ་ན་ཞེས་བྱ་བ་ནི་གང་གི་ཚེ་ཆགས་པར་རྩོམ་པ་ན་སྟེ། སེམས་ཅན་དང་སྣོད་རྣམས་ཆགས་པ་ན་བར་གྱི་བསྐལ་པ་ཉི་ཤུར་འགྱུར་རོ། །ཚེ་ དཔག་ཏུ་མེད་པ་ཉིད་ནས་འགྲིབ་པ་ནི་ཞེས་བྱ་བ་ནི་དམྱལ་བའི་སྲིད་པ་ནས་བརྩམས་ནས་སོ། །ཇི་ལྟར་ཞེ་ན། གང་གི་ཚེ་ཚེ་དཔག་ཏུ་མེད་པ་དག་ཤི་སྟེ། དམྱལ་བ་དག་ཏུ་སྐྱེ་བ་དེ་ནས་བཟུང་སྟེ་བརྩིའོ། །དེ་ལྟར་ན་འདི་ནི་ཆགས་ནས་གནས་པ་རྣམས་ཀྱི་བར་གྱི་བསྐལ་པ་དང་པོ་ ཡིན་ནོ་ཞེས་བྱ་བ་འདི་མི་འགལ་ལོ། །དེ་ནས་ཡར་སྐྱེ་མར་འབྲི་བའི་ཞེས་བྱ་བ་ནི་བཅོ་བརྒྱད་པོ་དེ་དག་རེ་རེ་ཡང་ཡར་སྐྱེ་བ་དང་མར་འབྲི་བའི་རང་བཞིན་ནོ། །ཡང་ཇི་ལྟར་ཡར་སྐྱེ་བའི་རང་བཞིན་དང་མར་འབྲི་བའི་རང་བཞིན་ནི་ཡར་སྐྱེ་བ་དང་མར་འབྲི་བའི་རང་བཞིན་ཅན་གྱི་བསྐལ་པ་རྣམས་དང་དུས་མཉམ་པར་འགྱུར་ ཞེ་ན། མགྱོགས་པ་དང་མགྱོགས་པ་མ་ཡིན་པར་འགྲོ་བའི་ཁྱད་པར་ལས་ཏེ། འདི་ལྟར་དང་པོ་དང་མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ་བར་མ་བཅོ་བརྒྱད་ནི་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྱུར་རོ། །ཆགས་པ་རྣམས་ཁོ་ན་ལ་ཡར་སྐྱེ་བ་དང་། མར་འབྲི་བ་མངོན་ གྱི་གཞན་གྱི་ཚེ་ནི་མ་ཡིན་ནོ། །དེ་དག་ལ་བར་གྱི་བསྐལ་པ་རྣམ་པར་གཞག་ཅེ་ན། དེའི་ཕྱིར་གལ་ཏེ་ཡང་དེའི་ཚེ་ཡར་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསྐལ་པ་ཕུང་པོ་ལྔའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ཉིད་དུས་གཏམ་གཞི་དང་། །ཞེས་ཁམས་ཀྱི་མཛོད་ཉིད་ལས་བཤད་དེ་ དུས་མང་པོ་ནི་བསྐལ་པ་ཡིན་ནོ། །སིལ་བུ་ཞེས་བྱ་བ་ནི་ལུང་དག་གི་ནང་དུ་མ་འདུས་པའི་ཕྱིར་རོ། །གཞན་དག་ལ་ལྟ་བ་སྐྱེས་ཏེ་ཞེས་བྱ་བ་ནི་འདིར་ལྟ་བས་ཞེས་བྱ་བའི་སྒྲས་སྙིང་རྗེས་བཤད་ཀྱི་སྲེད་པ་ནི་མ་ཡིན་ནོ། །རིགས་གཞན་ཁོ་ན་ཞེས་བྱ་བ་ནི་སྐྱེ་མཆེད་ དྲུག་གི་ཁྱད་པར་རམ་དགེ་བའི་རྩ་བ་དག་གོ། །དམན་པ་དེ་དང་དེའི་ཐབས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་སོ་སོའི་སྐྱེ་བོ་དང་འཕགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་བཤད་དོ། །དེའི་ཚེ་སྙིགས་མ་ལྔ་པོ་འདི་ལྟ་སྟེ་ཞེས་བྱ་བ་ནི་ཤིན་ཏུ་ ལྷག་པ་ནི་ཆེས་བླ་ལྷག་པའོ། །འདིར་ཚེ་ཉིད་ཐ་ཆད་ཡིན་ཞིང་། ངན་སྙིགས་སུ་གྱུར་པ་ནི་སྙིགས་མ་དག་གོ། །དུས་ཀྱི་སྙིགས་མ་ལ་སོགས་པ་ཡང་དེ་དང་འདྲའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ཚེའི་སྙིགས་མས་ནི་སྲོག་རྒུད་པར་བྱེད་དེ་གནས་པའི་དུས་ཐུང་ངུ་འཕེན་པར་བྱེད་ པའི་ཕྱིར་རོ། །དུས་ཀྱི་སྙིགས་མས་ནི་ཡོ་བྱད་རྒུད་པར་བྱེད་དེ། འབྲུ་ལ་སོགས་པ་རྣམས་རོ་དང་ནུས་པ་དང་སྨིན་པ་དང་མཐུ་ཆུང་བར་འགྱུར་བའི་ཕྱིར་དང་། དུས་ཀྱང་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཉིས་ཀྱིས་ནི་དགེ་བའི་ཕྱོགས་རྒུད་པར་བྱེད་དོ་ཞེས་བྱ་བ་ནི་ཉོན་མོངས་ པ་དང་ལྟ་བའི་སྙིགས་མ་དག་གིས་སོ། །ཇི་ལྟར་ཞེ་ན་དེའི་ཕྱིར་འདོད་པའི་བསོད་ནམས་དང་བདག་ངལ་བ་ཞེས་སྨོས་ཏེ། འདོད་པའི་བདེ་བ་ཉིད་འདོད་པའི་བསོད་ནམས་ཏེ་དེར་ཆགས་པའི་ཕྱིར་རོ། །ཡང་ན་འདོད་པའི་བསོད་ནམས་ནི་འདོད་པའི་སྲེད་པ་སྟེ། དེས་འདོད་པའི་བདེ་བ་ལ་ ཆགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་ངལ་བ་ནི་བདག་ལ་ཉེ་བར་གདུང་བ་སྟེ་བདག་གཟིར་བའོ། །དེ་དག་བརྩམ་པ་ནི་བརྟེན་པ་སྟེ་དེ་དག་གོམས་པར་བྱེད་པའོ། འདི་སྐད་བཤད་པར་འགྱུར་ཏེ། གོ་རིམས་བཞིན་དུ་འདོད་པའི་བདེ་བ་དང་། བདག་ལ་གདུང་བ་ བརྟེན་པའི་དབང་དུ་བྱས་པ་སྟེ། ཆེད་དུ་བྱས་ཤིང་བརྩམས་ནས་ཉོན་མོངས་པ་དང་ལྟ་བའི་སྙིགས་མ་གཉིས་ཀྱིས་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །ཡང་ན་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་ཞེས་བྱ་བ་ཡང་གོ་རིམས་བཞིན་ཡིན་ཏེ། དེ་གཉིས་ཀྱིས་ནི་དགེ་བའི་ཕྱོགས་ རྒུད་པར་བྱེད་དེ་ཞེས་བྱ་བ་དང་སྦྱར་རོ། །འདི་ལྟར་ཁྱིམ་པ་རྣམས་ནི་འདོད་པ་གཙོ་ཆེ་བ་ཡིན་ལ། རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་གཙོ་ཆེ་བ་ཡིན་ནོ། །གཅིག་གིས་ནི་ལུས་རྒུད་པར་བྱེད་དེ་ཞེས་བྱ་བ་ནི་ལྔ་པ་སེམས་ཅན་གྱི་སྙིགས་མའི་བྱ་བ་བཤད་དོ། །གཞན་དག་ན་རེ། ཡར་སྐྱེ་བའི་ བསྐལ་པ་ལ་སངས་རྒྱས་རྣམས་མི་འབྱུང་སྟེ། དེའི་ཚེ་སེམས་ཅན་རྣམས་བདེ་བ་ཤས་ཆེ་བས་སྐྱེ་བར་དཀའ་བ་དང་། ལེགས་པར་སྤྱད་པ་སྤྱོད་པས་ངན་སོང་དུ་གཞོལ་བར་མི་འགྱུར་བས་སོ་ཞེས་ཟེར་རོ། །ཅིའི་ཕྱིར་ཆེས་ཤིན་ཏུ་མར་འགྲིབ་པའི་དུས་སུ་མི་འབྱུང་ཞེ་ན། དེའི་དུས་སུ་ སངས་རྒྱས་ཀྱི་མཛད་པ་མཐའ་དག་མི་སྤྱོད་པའི་ཕྱིར་ཏེ། སྐལ་བ་དང་དབང་དང་ཚེ་དང་། སྤྲོ་བ་དང་ཏིང་ངེ་འཛིན་ཏེ་ལུས་འཚོ་བའི་འདུ་བྱེད་དུ་གྱུར་པ་ལྔ་པོ་ལ་རག་ལས་པའི་གདུལ་བྱ་མེད་པས་དགོས་པ་ཆུང་བའི་ཕྱིར་མི་འབྱུང་ངོ་། །ཏཻ་ར་པི་དྲྀཥྚིཿ <དེ་རྣམས་ཀྱིས་ཀྱང་མཐོང་བས།> འདིར་དགོས་པ་ཅི་ཞེ་ན་དེ་ལ་འདི་སྐད་ བརྗོད་པར་བྱ་སྟེ། སྙིགས་མ་ལྔས་ཉེ་བར་བཅོམ་པས་དེའི་ཚེ་གདུལ་བྱ་ཤིན་ཏུ་ཉུང་ངུ་ལས་མི་གནས་ཏེ་དེས་ན་མར་འབྲི་བའི་བརྒྱ་མན་ཆད་དུ་དགོས་པ་མེད་པའི་ཕྱིར་མི་འབྱུང་ངོ་། །རང་སངས་རྒྱས་རྣམས་ནི་ཡར་སྐྱེ་བ་ན་ཡང་འབྱུང་སྟེ་བདག་ཉིད་ཀྱི་དབང་དུ་བྱས་ཏེ་ཞུགས་པའི་ཕྱིར་རོ། ། ཉན་ཐོས་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་གང་དག་སངས་རྒྱས་གཞན་གྱི་ཚེ་བདེན་པ་མཐོང་བ་རྣམས་སོ། །སོ་སོ་སྐྱེ་བོ་སྔོན་དུ་འགྲོ་བ་དག་ཀྱང་ཞེས་བྱ་བ་ནི་ཚོགས་ན་སྤྱོད་པ་དག་གོ། །གང་དག་གཞན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པ་ཞེས་བྱ་བ་ནི་གང་དག་གིས་སྔར་ སངས་རྒྱས་གཞན་གྱི་ཚེ་དྲོ་བར་གྱུར་པ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་གསུམ་བསྐྱེད་པའོ། །དེའི་སྤྱོད་ལམ་བསྟན་པས་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་སྤྱོད་ལམ་སྐྱིལ་མོ་ཀྲུང་བཅའ་བ་ལ་སོགས་པ་བསྟན་པས་ཞེས་བྱ་བའི་དོན་ཏོ། །འཕགས་པ་དག་ གཅིག་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཕགས་པ་རྣམས་ཀྱིས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྤང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཚོགས་དག་ལ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དག་སྟེ། སྤྱད་པ་ནི་སྦྱོར་བ་ བྱས་པའོ། །ཆོས་སྟོན་པར་སྤྱོད་དོ་ཞེས་བྱ་བ་ནི་གལ་ཏེ་སོ་སོ་ཡང་དག་པར་རིག་པ་མ་ཐོབ་ཏུ་ཟིན་ཀྱང་སྙམ་དུ་བསམས་པའོ། །བྱ་བ་ཉུང་བ་ནི་འདོད་པ་ཆུང་བའོ། །རྣམ་པར་གཡེང་བ་དང་འདུ་འཛིས་སྐྲག་པས་འཁོར་ཡོངས་སུ་གཟུང་བར་འགྱུར་བ་སྤང་བར་བྱ་བའི་ཕྱིར་ ཞེས་བྱ་བ་ལ། འཁོར་ཡོངས་སུ་གཟུང་བར་གྱུར་ན་ནི་རྣམ་པར་གཡེང་བ་དང་འདུ་འཛི་གཉིས་སྤང་བར་མི་ནུས་སོ། །དེ་དག་རྣམ་པར་གཡེང་བ་དང་། འདུ་འཛིས་སྐྲག་པ་ནི་སྔོན་གོམས་པའི་དབང་གིས་སོ། །བསེ་རུ་ལྟ་བུ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མ་འདྲེས་པར་གནས་པ་སྟེ། བསེའི་རྭ་ལྟར་གཉིས་པ་མེད་པའི་ཕྱིར་རོ། །དེ་ནི་གླིང་གཅིག་གི་བདག་པོ་ཡིན་ནོ་ཞེས་བྱ་བ་ནི་ཛམྦུའི་གླིང་གི་བདག་པོའོ། །དེ་ནི་གཉིས་ཀྱིའོ་ཞེས་བྱ་བ་ནི་ཛམྦུའི་གླིང་དང་ཤར་གྱི་ལུས་འཕགས་པོ་གཉིས་ཀྱིའོ། །དེ་ནི་གསུམ་གྱིའོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་ པའིའོ། །དེ་ནི་གླིང་བཞི་ལ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་དང་བཅས་པ་ལའོ། །འདི་ནི་གདགས་པ་ལས་བསྟན་པ་ཡིན་ནོ་ཞེས་བྱ་བས་ནི་མདོ་ལས་མ་ཡིན་ནོ་ཞེས་སྟོན་ཏོ། །མདོ་དང་འགལ་བ་སྤང་བའི་ཕྱིར་མདོ་ལས་ནི་གཙོ་བོ་སྨོས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། ། སྔ་ཕྱི་མེད་པར་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་སྟེ། འཕྱི་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །གཉིས་སུ་འགྱུར་བ་གཅིག་སྐྱེའོ། །ཞེས་བརྗོད་པར་འགྱུར་རོ། །སངས་རྒྱས་ཀྱི་མཐུ་ཐོགས་པ་ཡོད་པར་འགྱུར་དུ་འོང་ངོ་ཞེས་བྱ་བ་ནི་རྒྱུ་སྨྲས་པ་སྟེ། མཐུ་ལ་ཐོགས་པ་ ཡོད་ན་ནི་སངས་རྒྱས་རྣམས་ཅིག་ཅར་འབྱུང་བ་འབྲས་བུ་དང་བཅས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ནི་གཞན་གྱིས་ཀྱང་མི་སྤྱོད་དོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ནུས་མཐུ་མཚུངས་པའི་ཕྱིར་རོ། །མཉམ་ཞིང་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དང་མི་མཉམ་པ་ དག་དང་མཉམ་པས་མཉམ་ཞིང་མཉམ་པའོ། །གཞན་དག་ན་རེ། ཤིན་ཏུ་མཉམ་པ་ནི་མཉམ་ཞིང་མཉམ་པ་སྟེ་གྲང་ཞིང་གྲང་བ་བཞིན་ནོ། །ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་མཉམ་པ་ཡོད་མོད་ཀྱི་མཉམ་ཞིང་མཉམ་པ་ནི་མ་ཡིན་ཏེ་ཤེས་བྱའི་སྒྲིབ་པ་དང་མ་བྲལ་བའི་ཕྱིར་རོ། ། སྡེ་པ་གཞན་དག་ནི་འཕགས་པ་དགེ་འདུན་ཕལ་ཆེན་པ་ལ་སོགས་པ་རྣམས་སོ། །འབྱུང་བ་ལ་གེགས་བྱེད་པ་ཡང་འགའ་ཡང་མེད་ཅེས་བྱ་བ་ནི་ཚོགས་བསགས་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འབྱུང་བ་ལའོ། །འཇིག་རྟེན་གྱི་ཁམས་དག་ཀྱང་མཐའ་ཡས་པས་ཞེས་བྱ་ བས་ནི་དེར་ནི་གཞན་གྱིས་ཀྱང་མི་སྤྱོད་དོ་ཞེས་གང་སྨྲས་པ་དེ་ཡོངས་སུ་སྤངས་པ་ཡིན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རིམ་གྱིས་སྤྱོད། རིམ་གྱིས་འཇུག་ན་ནི་འདུལ་བའི་དུས་ལས་འདའ་བར་འགྱུར་རོ། །ཁམས་ཀྱི་རྒྱལ་ཕྲན་ནི་རྒྱལ་ཕྲན་དག་གོ། ། ཕན་ཚུན་མཚོན་བརྩམས་པ་ཞེས་བྱ་བ་ནི་གཟས་པ་ཞེས་བྱ་བའི་དོན་ཏོ། །ཁྱིམ་བདག་རིན་པོ་ཆེ་ནི་མཛོད་ཀྱི་སྤྱན་ནོ། །བློན་པོ་རིན་པོ་ཆེ་ནི་དཔུང་གི་སྤྱན་ནོ། །དེ་དང་འབྲེལ་པ་ནི་འཁོར་ལོས་སྒྱུར་བ་དང་འབྲེལ་བ་སྟེ། ལས་གང་ཡིན་པ་དང་ངོ་། ལས་དེ་ནི་དེ་དང་འབྲེལ་ པར་འགྱུར་བའོ། །ཤིན་ཏུ་ཡུལ་ན་གནས་པ་ཞེས་བྱ་བ་ནི། སྐུའི་ཡུལ་གང་དང་གང་ཞིག་ཏུ་འབྱུང་བར་འགྱུར་བ་དེ་ནི་དེ་ཁོ་ནར་གནས་པའི་ཕྱིར་རོ། །ཤིན་ཏུ་གསལ་བ་ནི་ཤིན་ཏུ་འབར་བའི་ཕྱིར་དང་ཡིད་འཕྲོག་པའི་ཕྱིར་རོ། །ཤིན་ཏུ་རྫོགས་པ་ཞེས་བྱ་བ་ནི་གང་ཞིག་ གི་དེ་སྙེད་ཡོད་པ་སྟེ། མ་ཚང་བ་མི་མངའ་བའི་ཕྱིར་རོ། །འཁོར་ལོས་སྒྱུར་བའི་ཞར་ལ་འདི་ཡང་དཔྱད་པར་བྱ་སྟེ། ཡང་ཅི་བསྐལ་པ་དང་པོ་པའི་མི་རྣམས་ཀྱང་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །གཟུགས་དང་ལྡན་པ་ནི་ཁ་དོག་དང་དབྱིབས་ལེགས་པའོ། །ཡིད་ཙམ་ལས་ སྐྱེས་པའི་ཕྱིར་ཡིད་ལས་བྱུང་བའོ། །ལག་པ་དང་རྐང་པ་དང་དེ་དག་གི་སོར་མོ་ལ་སོགས་པ་དང་ལྡན་པའི་ཕྱིར་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པའོ། །དབང་པོ་ལྔ་ཆར་ཚོགས་པའི་ཕྱིར་དབང་པོ་མ་ཚང་བ་མེད་པའོ། །ཞར་བ་དང་འཁྲུལ་པ་ལ་སོགས་པ་མེད་པའི་ ཕྱིར། དབང་པོ་ངན་པ་མ་ཡིན་པའོ། །ཡིད་དུ་འཐད་པའི་ཕྱིར་དང་ནད་དང་བྲལ་བའི་ཕྱིར་མཛེས་པའོ། །རྒ་བ་མེད་པའི་ཕྱིར་ཁ་དོག་ལ་གནས་པའོ། །ཚེ་རིང་བ་ནི་གང་གི་ཕྱིར་ཡུན་རིང་པོར་གནས་པའི་ཕྱིར་རོ། །སྦྲང་རྩིའི་རོ་བྲོ་བ་ཞེས་བྱ་བ་ནི། འདི་ལ་སྦྲང་རྩི་ལྟ་བུའི་རོ་ བྲོ་བ་ཡོད་པས་སྦྲང་རྩིའི་རོ་བྲོ་བའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉིད་ཆུ་སྲིན་གྱི་ཁ་ཡིན་པ་དེའི་ཁམ་དུ་སོང་སྟེ། དེ་ལ་རག་ལས་པས་འཇུག་པའི་ཕྱིར་དང་། དེར་འབབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ཉིད་འབྱུང་པོའི་གདོན་ཡིན་ ཏེ། ཡང་དག་པ་མ་ཡིན་པའི་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་རློམ་པ་ནི་དམ་པ་མ་ཡིན་པའི་བྱ་བ་ལ་འཇུག་པ་ན་དེ་ལ་རག་ལས་པའི་ཕྱིར་རོ། །རྒྱལ་རིགས་ཀྱི་ཞར་ལ་འདི་ཡང་དཔྱད་པར་བྱ་སྟེ། དེ་ལ་གང་དག་ཁྱིམ་དག་ནས་ཡིད་ཕྱིར་ཕྱོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྒྱལ་ རིགས་ལ་སོགས་པའི་མི་རྣམས་ནི་ངེས་པའི་ཚིག་གི་ཚུལ་གྱིས་སོ། །བསྐལ་པ་མཚོན་དང་ནད་དང་མུ་གེ་དག་གིས་ཚར་ཕྱིན་ཅིང་ཡོངས་སུ་རྫོགས་པར་འགྱུར་ཏེ་བསྡུས་པས་ནི་མ་ཡིན་ནོ། །ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པ་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་ པ་ལ་ལྷག་པར་ཞེན་པའོ། །ཡ་ང་བ་ལ་ཆགས་པས་ཟིལ་གྱིས་ནོན་པ་ནི་བརྣབ་སེམས་ཅན་ནམ། མ་བྱིན་པར་ལེན་པ་དག་གོ། །ལོག་པའི་ཆོས་ཀྱིས་ཀུན་ནས་དཀྲིས་པ་ཞེས་བྱ་བ་ནི་ལོག་པའི་ཆོས་ཀུན་ཏུ་སྟོན་པར་བྱེད་པའོ། །ཉེས་པ་དེ་དག་ཉིད་ཀྱིས་ཞེས་བྱ་བས་ནི་ཆོས་མ་ ཡིན་པ་ལ་འདོད་ཆགས་ལ་སོགས་པ་དག་གིས་སོ། །ཡམས་ཀྱི་ནད་གཏོང་བར་བྱེད་ཅེས་བྱ་བ་ནི་མདངས་འཕྲོག་པའམ། སྨན་རྣམས་མ་རུང་བར་བྱེད་པའོ། །མུ་གེ་ནི་རྣམ་པ་གསུམ་ཡིན་ལ། སླར་རེ་རེ་ལ་ཡང་རྣམ་པ་གཉིས་གཉིས་ཡིན་པས་རྣམ་པ་དྲུག་གོ། །གླིང་གཉིས་སུ་ ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ། །དེ་དག་དང་མཐུན་པ་ཞེས་བྱ་བ་ནི་མཚོན་དང་ནད་དང་མུ་གེ་དག་དང་སྟེ། མཚོན་དང་མཐུན་པ་ནི་གནོད་སེམས་སོ། །ནད་དང་མཐུན་པ་ནི་ཁ་དོག་ངན་པ་དང་ཉམ་ཆུང་བའོ། །མུ་གེ་དང་མཐུན་པ་ནི་བཀྲེས་པ་དང་སྐོམ་པའོ། ། ལྷག་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ཅི་རིགས་པར་ཐམས་ཅད་དང་སྦྱར་བར་བྱའོ། །ཡར་སྐྱེ་བའི་ཚེ་ནི་མི་ཚེ་ལོ་བཅུ་པ་རྣམས་ལས་བུ་ཚེ་ལོ་ཉི་ཤུ་པ་དག་སྐྱེ་ལ། ཚེ་ལོ་ཉི་ཤུ་པ་རྣམས་ལས་བུ་ཚེ་ལོ་བཞི་བཅུ་པ་རྣམས་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་ཚེ་ལོ་བརྒྱད་ཁྲི་པའི་བར་དུ་ཡིན་ནོ། ། དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཞེས་བྱ་བ་ནི་མེས་འཇིག་པ་བཤད་ནས། དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཞེས་བྱ་བ་སྨོས་སོ། །ཆ་ཤས་ཕྲ་མོ་ཡང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དག་ཀྱང་མི་ལུས་པར་བྱེད་པའོ། །འདི་ལ་མུ་སྟེགས་བྱེད་ཁ་ཅིག་ཅེས་བྱ་བ་ནི་གཟེགས་ཟན་ལ་སོགས་པ་དག་གོ། ། རྡུལ་ཕྲ་རབ་དག་ནི་རྟག་པ་ཞེས་བྱ་བ་ནི་ཡོད་པ་རྒྱུ་དང་མི་ལྡན་པའི་ཕྱིར་རམ་འཇིག་པའི་རྒྱུ་མེད་པའི་ཕྱིར་ཏེ། དེ་མེད་ན་ནི་འདུ་བ་ཅན་མ་ཡིན་པའི་རྒྱུ་མི་སྲིད་པའི་ཕྱིར་རོ། །རྟག་པའི་ཕྱིར་ན་དེ་དག་དེའི་ཚེ་མེ་ལ་སོགས་པ་དག་གིས་མི་འཇིག་པས་དེའི་ཚེ་བསྡུས་སོ། །དེ་དག་ཅིའི་ཕྱིར་དེ་ལྟར་འདོད་ཅེས་བྱ་བ་ནི་ རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་པས་དེའི་ཚེ་བསྡུས་སོ་ཞེས་བྱ་བར་རོ། །གལ་ཏེ་འདིར་རྒྱུ་རྟག་པ་དང་རྒྱུ་མེད་པ་བཞིན་དེ་རྟག་པར་བཤད་པ་མ་ཡིན་ནམ་ཞེ་ན་བཤད་པ་བདེན་མོད། དེ་ནི་གཞན་གྱི་ཕྱིར་མ་གྲུབ་པ་ཡིན་པས་རྒྱུ་གཞན་སྨྲའོ། །རྒྱུ་མེད་པ་ཅན་དུ་འབྱུང་བ་ནི་མི་རུང་ངོ་ཞེས་བྱ་བ་ནི། བྱེད་རྒྱུ་ མེད་པ་ཅན་ནོ། །རགས་པ་རྣམས་ཞེས་བྱ་བ་ནི་རླུང་དང་ཆུ་དང་སའི་དཀྱིལ་འཁོར་དང་། རི་རབ་ལྷུན་པོ་ལ་སོགས་པ་ཞིག་པ་རྣམས་ཏེ། སངས་རྒྱས་པ་རྣམས་ཀྱི་ལྟར་ན་ཡང་འབྱུང་བར་འགྱུར་ན་ཞེས་བྱ་བར་བསམས་པའོ། །སངས་རྒྱས་པ་རྣམས་ཀྱིས་ནི་མ་ལུས་པར་འཇིག་པར་ཁས་ བླངས་པས་རགས་པ་རྣམས་ས་བོན་མེད་པ་ཅན་དུ་འབྱུང་བར་ཁས་བླངས་པ་ཡིན་ཏེ་འདུ་བ་ཅན་གྱི་རྒྱུ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །འདི་ནི་བུམ་པ་དང་སྣམ་བུ་ལ་སོགས་པ་རགས་པ་རྣམས་རྒྱུ་མེད་པ་ཅན་དུ་འབྱུང་བ་ཡང་མ་མཐོང་བས། སངས་རྒྱས་པ་རྣམས་ཀྱིས་ཀྱང་རྒྱུ་མེད་ པ་ཅན་དུ་འབྱུང་བར་མི་འདོད་པའམ། གྲུབ་པ་ལ་བསྒྲུབ་པ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །མཐུ་ཁྱད་པར་དུ་འཕགས་པའི་རླུང་རྒྱུར་བཤད་དེ། མཐུ་རྣམ་པ་སྣ་ཚོགས་པའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་ བཤིགས་པ་ན་ཞེས་འབྱུང་བའི་ཕྱིར་རོ། །རླུང་དེ་ཡང་རགས་པ་ཡིན་པའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་བར་མི་རིགས་སོ་ཞེ་ན། དེའི་ཕྱིར་ཡང་ན་དེའི་རྒྱུ་ནི་འཇིག་པའི་རྩེ་མོའི་རླུང་ཡིན་པར་འགྱུར་རོ་ཞེས་སྨོས་སོ། །དེ་ལ་རྒྱུ་མེད་པ་ཅན་གྱི་དོགས་པ་ནི་རིགས་ཏེ། ལས་ལས་སྐྱེས་པའི་ཞེས་ བཤད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ལུགས་གཞན་ལ་ལྟོས་ནས་སྨོས་སོ། །འཇིག་པའི་རྩེ་མོ་ནི་བསམ་གཏན་གཉིས་པ་ལ་སོགས་པ་བསམ་གཏན་གསུམ་ཡིན་ལ། དེའི་ས་པའི་རླུང་ནི་སྐད་ཅིག་དང་པོར་སྐྱེས་པའི་རླུང་དེའི་རྒྱུ་ཡིན་པར་འགྱུར་རོ། ། ས་བོན་དག་ཁྱེར་ཏེ་འོང་ངོ་ཞེས་བྱ་བ་ལ་ས་བོན་ནི་རིགས་ལྔ་སྟེ། རྩ་བའི་ས་བོན་དང་། ས་བོན་གྱི་ས་བོན་དང་། འབྲས་བུའི་ས་བོན་དང་། སྡོང་བུའི་ས་བོན་དང་། མདོའི་ས་བོན་ནོ། །དེ་ལྟར་ཡིན་ན་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ས་བོན་དག་ཁྱེར་ཏེ་འོང་མོད་ཀྱི། དེ་ལྟ་ ན་ཡང་དངོས་པོ་རྣམས་རྒྱུ་མེད་པ་ཅན་དུ་འབྱུང་བ་ཡིན་ནོ། །འདི་ལྟར་དེ་དག་ས་བོན་ལ་སོགས་པ་དག་ལས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མྱུ་གུ་དང་ལོ་མ་ལ་སོགས་པ་བསྡུའོ། །རང་གི་ཡན་ལག་དག་ཁོ་ན་ལས་ཞེས་བྱ་བས་ནི། མྱུ་གུ་ནི་རང་གི་ཡན་ ལག་དག་ཁོ་ན་ལས་སྐྱེ་ལ། ཡན་ལག་དེ་དག་ཀྱང་རང་གི་ཡན་ལག་དག་ཁོ་ན་ལས་སྐྱེ་སྟེ། རྡུལ་ཕྲ་རབ་དག་ལས་སྐྱེ་བའི་བར་དུ་ཡང་དེ་དང་འདྲའོ། །དེ་དག་ནི་ཆ་ཤས་མེད་པའི་ཕྱིར་གང་ལས་ཀྱང་མི་སྐྱེའོ། །གལ་ཏེ་མྱུ་གུ་ལ་སོགས་པ་རྣམས་ས་བོན་ལ་སོགས་པ་དག་ལས་མི་སྐྱེ་ན། ད་ནི་གང་ལས་དེ་དོན་དུ་གཉེར་བས་དེ་དག་ཉེ་བར་ལེན་པ་དང་དེ་ཡོད་པ་དང་མེད་པ་ནི་དེ་རྣམས་ཡོད་པ་དང་མེད་པར་འགྱུར་བ་མྱུ་གུ་ལ་སོགས་པ་དག་ལ་ས་བོན་ལ་སོགས་པའི་ནུས་པ་ཅི་ཞིག་ཡོད། འདིས་ནི་མཐོང་བ་དང་འགལ་བ་དང་འཇིག་རྟེན་དང་འགལ་བར་བསྟན་ཏོ། །དེའི་རྡུལ་ཕྲ་རབ་རྣམས་ཕྲད་པ་ལ་མ་གཏོགས་ པར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པའི་རྡུལ་ཕྲ་རབ་མ་མཐོང་བས་བསྐུལ་བ་རྣམས་ས་བོན་གྱི་ཡུལ་དུ་ཉེ་བར་འདུག་སྟེ། དེ་དག་ནི་དེར་ཕན་ཚུན་ཕྲད་ནས་འབྲས་བུ་མྱུ་གུ་ལ་སོགས་པ་རྩོམ་མོ། །མྱུ་གུ་ལ་སོགས་པ་དག་ལ་ས་བོན་ལ་སོགས་པའི་ནུས་པ་ནི་དེ་ཡིན་གྱི་མྱུ་ གུ་ལ་སོགས་པ་དག་ལ་ནུས་པ་ནི་མ་ཡིན་ཏེ། དེས་ན་དེ་དོན་དུ་གཉེར་བ་དག་གིས་དེ་དག་ཉེ་བར་ལེན་པས་མཐོང་བ་དང་འགལ་བ་མེད་དོ། །ཡང་ཅིའི་ཕྱིར་དེ་དག་དེ་ལྟར་འདོད་ཅེ་ན་ཞེས་བྱ་བ་ནི་རྒྱུ་མེད་པར་ས་བོན་ལ་སོགས་པ་མཐོང་བའི་རྒྱུ་ཡོངས་སུ་སྤངས་ནས་མ་མཐོང་བ་རྡུལ་ཕྲ་རབ་ ཀྱི་བདག་ཉིད་ཅན་བརྟག་པར་ནི་རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །ངེས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་རིགས་མི་མཐུན་པ་ལ་རིགས་མི་མཐུན་པ་སྐྱེ་ན་ནི་དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ན་དེ་ནི་དེ་ལྟར་ན་མཐོང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་མྱུ་གུ་ དང་རིགས་མཐུན་པའི་ཡན་ལག་དག་ཁོ་ན་ལས་མྱུ་གུ་སྐྱེ་བར་རིགས་ཏེ། ས་བོན་ལ་སོགས་པ་དག་ལས་ནི་མ་ཡིན་ཏེ་རིགས་མི་མཐུན་པའི་ཕྱིར་རོ། །ནུས་པ་ངེས་པའི