Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 209

Văn bản gốc(Tây Tạng)

Trang 10 / 28 (50.000 ký tự/trang)
ོར་བྱེད་པ་ནི་དབང་བྱེད་པ་སྟེ་དབང་བྱེད་པ་དང་གཙོ་བོ་ཉིད་དག་རྣམ་གྲངས་ཡིན་ནོ། །གཙོ་བོ་ཉིད་ནི་དེའི་རྒྱུ་དང་འབྲས་བུ་འབྲེལ་པར་སྐྱེ་བས་དེའི་ཕྱིར་བདག་པོ་ཉིད་ཀྱི་དོན་ཏོ། །ལྷག་པར་དབང་བྱེད་པ་ནི་མ་ཡིན་ཏེ། དེ་ལ་ལྷག་
པར་དབང་བྱེད་པ་མེད་པའི་ཕྱིར་རོ། །ཡང་ལྷག་པར་དབང་བྱེད་པའི་དོན་གང་ཡིན་པ་མེད་པ་ཅི་ཞེ་ན། གཟུགས་ཐམས་ཅད་དམིགས་པར་བྱ་བ་ལ་ཞེས་རྒྱ་ཆེར་འབྱུང་སྟེ། གསལ་བ་དང་མི་གསལ་བ་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་འཁྲུགས་
པ་དང་མ་འཁྲུགས་པ་དང་རིག་པ་དང་མི་རིགས་པའི་རྗེས་སུ་བྱེད་པ་གཟུང་ངོ་། །དེ་ལས་བཟློག་པ་ཡིན་པའི་ཕྱིར་གཟུགས་ཀྱི་ནི་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུགས་ཐམས་ཅད་དམིགས་པ་ལ་མིག་བཞིན་དུ་གཟུགས་ནི་མ་ཡིན་ཏེ། ཐུན་མོང་བའི་རྒྱུར་ཡིད་ཆེས་ཤིང་ངེས་པའི་གཟུགས་
དམིགས་པའི་རྒྱུ་ཡིན་པའི་ཕྱིར་དམིགས་པ་དེ་ལ་གསལ་བ་དང་མི་གསལ་བའི་བྱེད་པ་མི་འཇུག་གོ། །དེའི་ཕྱིར་གཟུགས་ལ་སོགས་པ་ལ་དབང་བྱེད་ཀྱི་གཟུགས་ནི་མ་ཡིན་ནོ། །ཡིད་ཆོས་རྣམས་ལ་དབང་བྱེད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ལ། རྣ་བ་དང་སྣ་དང་
ལྕེ་དང་ལུས་དང་ཡིད་རྣམས་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་དམིགས་པ་ལ་ལྷག་པར་དབང་བྱེད་པ་ཡིན་ཏེ། སྒྲ་ལ་སོགས་པ་ཐམས་ཅད་དམིགས་པའི་ཐུན་མོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །གསལ་བ་དང་མི་གསལ་བ་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་དམིགས་ཏེ། དེ་

ལས་བཟློག་པའི་ཕྱིར་སྒྲ་ལ་སོགས་པ་རྣམས་ལ་མ་ཡིན་ཏེ། དེ་མཚུངས་རྣམས་དབང་པོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ་འདི་ནི་མི་རིགས་ཏེ། དེ་མཚུངས་རྣམས་ཀྱིས་དབང་བྱེད་པ་མེད་དེ། དེ་དག་གིས་རྣམ་པར་ཤེས་
པ་མི་སྐྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་རྒྱུ་གཞན་མ་ཚང་བའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན། དེ་ལ་དབང་པོ་མ་ཡིན་པར་ཐལ་བ་མེད་དེ། རྟེན་པ་དང་བཅས་པའི་རིགས་ཡིན་པའི་ཕྱིར་དེ་ཡང་དབང་པོ་ཞེས་བྱའོ། །དེ་མ་ཡིན་ན་ཁམས་གསུམ་པའི་འདོད་ཆགས་བྲལ་བའི་ཡིད། ཡང་
སྲིད་མཚམས་སྦྱོར་བ་ལ་དབང་གི་ངོ་བོ་དང་མཐུན་པར་འཇུག་པ་མི་ལྡན་པའི་ཕྱིར་དབང་པོ་མ་ཡིན་པ་ཉིད་དུ་འགྱུར་རོ། བྱེ་བྲག་ཏུ་སྨྲ་བ་ལ་ནི་དེ་མཚུངས་དབང་པོ་མ་ཡིན་པར་ཐལ་བ་ཉིད་དོ། །རྟེན་གཟུང་བར་བྱ་བ་ཉིད་ཀྱིས་དབང་བྱེད་པར་ཡང་བརྗོད་པ་ནི་ལྷག་མ་གསུམ་པ་མེད་ན་ཡང་འདི་ལ་སྐྱོན་
མེད་དོ། །གནས་ཁོ་ན་རྟེན་དུ་གཟུང་བ་ཉིད་ཡིན་ན་ཡང་དབང་པོ་མ་ཡིན་པར་མ་བརྟེན་པའི་ཕྱིར་དབང་པོ་མ་ཡིན་པར་ཐལ་བ་བཟློག་པར་དཀའོ། །གང་བཤད་པ། མིག་ཐམས་ཅད་གཟུགས་ཐམས་ཅད་དམིགས་པར་བྱ་བ་ལ་ཐུན་མོང་གི་རྒྱུ་མ་ཡིན་ཏེ་སྐད་ཅིག་པ་ཡིན་པའི་ཕྱིར་ཞེ་ན། དེ་
ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་ཐམས་ཅད་ཉིད་རྣམ་པར་སྨིན་པ་ལས་སྐྱེས་པའམ་རྒྱས་པ་ལས་བྱུང་བའི་མིག་སྐད་ཅིག་མ་ཉིད་ལ་སྐད་ཅིག་སོ་སོར་གཟུགས་ཐམས་ཅད་དམིགས་པའི་རྒྱུའི་དངོས་པོའི་རྗེས་སུ་འགྲོ་སྟེ། གང་ཡང་དམིགས་པའི་ཡུལ་བཟུང་བས་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཀྱིས་
དེ་སྐྱེད་པར་བྱེད་དེ། དེ་ཡུལ་གྱི་དངོས་པོར་གཞན་གྱིས་མ་ཡིན་པ་དེའི་ཕྱིར། གཟུགས་ཐམས་ཅད་དམིགས་པ་སྐྱེད་པར་ནུས་པའི་ཕྱིར། སྐད་ཅིག་སོ་སོར་གཟུགས་ཐམས་ཅད་དམིགས་པ་ལ་ཐུན་མོང་གི་རྒྱུ་ཉིད་ཅེས་བཤད་དོ། །གཟུགས་སེར་པོ་མིག་གིས་མཐོང་བ་ཡང་
འགའ་ཞིག་གི་ཚེ་སྔོན་པོ་དམིགས་པའི་རྒྱུར་འགྱུར་བ་དེ་ལྟ་བུ་ནི་མ་ཡིན་ནོ། །མིག་དང་གཟུགས་མཉམ་པ་ཉིད་མེད་དོ། །གང་བཤད་པ། རྗེས་སུ་བྱེད་པ་ལ་ཡང་རྒྱུ་མེད་པར་སྐྱེ་བ་ལ་རྗེས་སུ་བྱེད་པའི་ཕྱིར་མ་སྐྱེས་པ་སྐྱེས་པའི་ཕྱིར་མཚུངས་པ་ལ་དབང་བྱེད་པས། གང་ཡང་རུང་

བ་ཞིག་མ་ཚང་ན་མི་སྐྱེའོ་ཞེས་བྱ་བ་འདི་ཡང་རིགས་པ་མ་ཡིན་ཏེ། མ་སྐྱེས་པའི་རྗེས་སུ་བྱེད་པ་མ་ཡིན་པའི་གནས་སྐབས་མེད་པའི་ཕྱིར་མིག་གི་དབང་པོ་ཡང་དེའི་རྒྱུ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་དབང་པོ་ལས་བྱུང་བ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཁོ་ན་བསལ་བ་དང་
མི་གསལ་བ་ལ་སོགས་པའི་ཁྱད་པར་དུ་འགྱུར་རོ། །གང་ཞིག་དབང་པོ་མ་ཡིན་པའི་རྗེས་སུ་བྱེད་པ་ཞེས་བྱ་བ་དེ་ལྟར་ན་དམིགས་པ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་མི་སྣང་བའི་བདག་ཉིད་དུ་གྱུར་པ་ཡིན་ནོ། །གང་གིས་དེ་ཡུལ་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱ་བ་ཡང་དེའི་རྣམ་པ་སྐྱེ་
བ་དང་མི་སྐྱེ་བ་ལས་གཞན་རྣམ་པར་ཤེས་པའི་བྱ་བ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ཁོ་ན་འདིར་རྗེས་སུ་བྱེད་པའོ་ཞེས་ཤེས་པར་བྱའོ། །གང་བཤད་པ་དམིགས་པའི་རྟེན་གྱི་རྗེས་སུ་བྱེད་པ་ཉིད་ཀྱིས་མིག་གིས་ལུས་ཡོངས་སུ་བསྲུང་བ་གཙོ་བོར་མ་གྲུབ་སྟེ། གཙོ་བོ་མ་ཡིན་པ་གཙོ་
བོའི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ཡང་ཤེས་པར་བྱེད་པ་དོན་གཞན་མ་ཡིན་པའི་ཕྱིར། འདིར་ནི་ཡུལ་དང་དབང་པོ་དག་གཙོ་བོ་མ་ཡིན་པ་གཞན་གྱི་རྗེས་སུ་བྱེད་པར་ཤེས་པར་བྱའོ། །ལུས་ཡོངས་སུ་བསྲུང་བ་ནི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །གང་ཡང་དམིགས་པའི་
རྟེན་ཡོད་ཀྱང་ཡ་ང་བ་མ་མཐོང་བས་པྲསྠ་ལ་ལྟུང་བ་ནམ་ཞེས་བཤད་པ་འདི་ནི་མཐོང་བ་དང་ཐོས་པ་དག་ལ་ཡང་མཚུངས་སོ། །གང་སྔར་བཤད་པའི་དོན་བཅུ་གཅིག་ཁོ་ན་འདིར་ཡང་བཤད་པ་ནི། དེའི་དོན་ངེས་པར་གཟུང་བའི་ཕྱིར་སླར་ཡང་བརྗོད་པ་སྟེ། ལུས་ཡོངས་སུ་བསྲུང་བ་ལ་
སོགས་པ་ལ་མིག་ལ་སོགས་པ་རྣམས་དབང་བྱེད་པར་སྦྱར་རོ། །ལུས་ཀྱི་དབང་པོ་ཁོ་ན་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། རེག་བྱའི་ཡུལ་ཅན་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་ལས་གཞན་མ་ཡིན་ཞེས་བྱ་བར་ཤེས་སོ། །གཞན་ཉིད་ཡིན་ན་ནི་མིག་ལ་སོགས་པ་བཞིན་དུ་རེག་བྱའི་
ཡུལ་ཅན་དུ་མི་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་ཡང་ལུས་ཀྱི་དབང་པོ་ལས་གཞན་མ་ཡིན་ཏེ། གཞན་ཉིད་ཡིན་ན་ནི་མིག་ལ་སོགས་པ་ལྟར་མི་ལུས་ཀྱི་རྣམ་པར་རྟོག་པའི་བར་དུ་མི་འགྱུར་རོ། །དེའི་ཕྱིར་འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོའི་ཕྱོགས་ཡིན་ཏེ།

འདོད་ཆགས་དང་ལྷན་ཅིག་སྐྱེས་པའི་ལུས་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་ཁོ་ནའི་རྟེན་དུ་གྱུར་པ་གང་ཡིན་པའོ། །མོ་ཉིད་ལ་དབང་བྱེད་པའི་ཕྱིར་དང་། ཕོ་ཉིད་ལ་དབང་བྱེད་པའི་ཕྱིར་ན་མོའི་དབང་པོ་དང་ཕོའི་དབང་པོ་རྣམ་པར་གཞག་གོ། །མོ་ཉིད་ནི་
མོའི་ངོ་བོའོ། བསམ་པ་ལ་ཡང་ངོ་བོ་ཞེས་བྱ་བ་སྟེ། དེའི་ཕྱིར་བུད་མེད་ཀྱི་ཆ་བྱད་དང་ཞེས་བྱ་བ་སྨོས་སོ། །ཁ་ཅིག་ཆ་བྱད་ཀྱང་དོན་གཞན་ཡིན་པར་སེམས་པ་དེའི་ཕྱིར་ང་རོ་དང་གཡོ་བ་དང་བསམ་པ་དག་སྟེ་ཞེས་བྱ་བ་སྨོས་སོ། །འདི་ཉིད་རྣམ་པར་དཔྱད་པར་བྱ་བའི་ཕྱིར། དེ་ནི་མོའི་མོ་
ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཁ་ཅིག་རྟོག་པར་བྱེད་པ་ལྟར་བུད་མེད་ཀྱི་སྐལ་བ་མཉམ་པའི་མཚན་ཉིད་དོན་གཞན་ནི་མ་ཡིན་ནོ། །ཕོའི་ངོ་བོ་ནི་ཕོའི་ཆ་བྱད་དང་ཞེས་བྱ་བ་འདིར་ཡང་བཤད་ཟིན་པའི་རྗེས་སུ་འབྲངས་ཏེ་བརྗོད་པར་བྱའོ། །དེ་ལ་བུད་མེད་ཀྱི་བསམ་པ་ནི་སྐྱེས་པའི་ཡུལ་ཅན་
ཏེ་བུད་མེད་ནི་སྐྱེས་པའི་བསམ་པ་ཅན་ནོ་ཞེས་འབྱུང་བའི་ཕྱིར་རོ། ཕོའི་བསམ་པ་ནི་བུད་མེད་ཀྱི་ཡུལ་ཅན་སྐྱེས་པ་དག་ནི་བུད་མེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །ཕོ་དང་མོ་གཉིས་ཀྱི་ང་རོ་ཡང་ཐ་དད་དེ་འདི་ལྟར་མ་མཐོང་བར་ཕོའམ་མོར་སྐད་ཀྱིས་ཤེས་པར་
འགྱུར་རོ། གཡོ་བ་དང་འཕྲོས་ལ་སོགས་པ་ཡང་ཕོ་དང་མོ་རྣམས་ལ་ཕན་ཚུན་མཚན་ཉིད་མི་མཐུན་པར་དམིགས་སོ། །འདིར་ཡང་ང་རོ་དང་གཡོ་བ་དང་བསམ་པ་རྣམས་སོ། །བུད་མེད་དང་སྐྱེས་པའི་དབང་པོ་དབྱེ་བ་ཐ་དད་པ་ལ་རྒྱུད་གཞན་དམིགས་པ་མ་ཡིན་ཏེ། སེམས་ཅན་
གྱི་དབྱེ་བ་ལས་མོ་ཉིད་དང་ཕོ་ཉིད་རྒྱུ་མཚན་དེ་ཉིད་ལས་མོ་དང་ཕོའི་མིང་འཇུག་གོ། །ནུ་མ་ལ་སོགས་པའི་དབྱིབས་ནི་འཁྲུལ་པའི་ཕྱིར་མ་ཡིན་ཏེ། སེམས་ཅན་གྱི་ཁྱད་པར་ནི་མོ་དང་ཕོའི་དབང་པོས་བྱས་པ་ཉིད་དོ། །སློབ་དཔོན་འདུས་བཟང་ན་རེ་འདི་ཡང་སྔ་མ་དང་རྣམ་གྲངས་
ཀྱིས་འཇུག་སྟེ་དེའི་ཕྱོགས་གཅིག་སྨོས་པའི་ཕྱིར་རོ། །གལ་ཏེ་ཡང་མི་འཇུག་པ་དེ་ལྟ་ན་སླར་ཡང་ངེས་པའི་དོན་དུ་ཅི་སྟེ་བརྗོད་པར་བྱེད་ཅེས་ཟེར་རོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པར་བྱ་ཞེས་རྒྱ་ཆེར་འབྱུང་བ་ལ། གནས་པ་ནི་འདིར་རྒྱུན་རྗེས་སུ་འཇུག་པ་སྟེ། འདི་ལྟར་

གཟུགས་མེད་པའི་ཁམས་ན་དགེ་བ་དང་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་རྣམས་ཀྱང་སྲོག་གི་དབང་པོའི་མཐུ་ལས་རིས་མཐུན་པ་རྗེས་སུ་འཇུག་ལ། སྲོག་གི་དབང་པོ་འགགས་ན་འགག་པར་འགྱུར་རོ། །གལ་ཏེ་འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཞེས་བྱ་བ་ཟས་དག་ཀྱང་
དབང་པོ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ་མེད་ཀྱང་གནས་པའི་ཕྱིར་ཏེ། གཟུགས་དང་གཟུགས་མེད་པར་སྐྱེས་པ་རྣམས་ནི་ཁམ་གྱི་ཟས་མེད་ཀྱང་རིས་མཐུན་པར་རྗེས་སུ་འཇུག་པ་ཡིན་ནོ། །དེ་བཞིན་དུ་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་
སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང་། འདུ་ཤེས་མེད་པ་པ་མངོན་དུ་གྱུར་པ་རྣམས་རེག་པ་དང་སེམས་པ་དང་རྣམ་པར་ཤེས་པ་མེད་ཀྱང་རིས་མཐུན་པར་རྗེས་སུ་འཇུག་པ་མཐོང་ཞིང་སྲོག་གི་དབང་པོ་མེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་རིས་མཐུན་པར་གནས་པ་ལ་དབང་བྱེད་པའི་
ཕྱིར་ན་སྲོག་གི་དབང་པོ་ཁོ་ན་དབང་པོ་ཉིད་ཡིན་གྱི་ཟས་རྣམས་ནི་མ་ཡིན་ནོ། །རིས་མཐུན་པར་འབྲེལ་པ་ལ་ནི་སྲོག་གི་དབང་པོ་དབང་བྱེད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རིས་མཐུན་པར་འབྲེལ་བ་ལ་ནི་ལས་དང་ཡིད་དག་དབང་བྱེད་དོ། །སློབ་དཔོན་འདུས་བཟང་ན་རེ་འདི་ཡང་རྣམ་གྲངས་སྔ་
མ་དང་ཁྱད་པར་མེད་ན་རྩོམ་པ་དོན་མེད་པར་འགྱུར་ཏེ། དེ་ཡང་དོན་ངེས་པར་མ་གཟུང་བའི་ཕྱིར་རོ་ཞེས་སོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱ་བ་ལ་དབང་བྱེད་དེ་ཞེས་བྱ་བ་ལ། གལ་ཏེ་འདི་ཡང་བྱེ་བྲག་ཏུ་སྨྲ་བ་དང་མཚུངས་པ་དེ་ལྟ་ན་ཡང་། བརྩམས་པ་ནི་བདེ་བ་ལ་སོགས་
པ་ནི་རྣམ་པར་བྱང་བ་ལ་ཡང་དབང་བྱེད་དོ་ཞེས་པ་བསལ་བའི་ཕྱིར་རོ། །ལྷག་པར་དབང་བྱེད་པ་ཉིད་ནི་དབང་བྱེད་པ་ཡིན་གྱི་རྒྱུ་ཙམ་ནི་མ་ཡིན་ལ། ཚོར་བ་རྣམས་ཀྱང་ཀུན་ནས་ཉོན་མོངས་པ་ལ་ལྷག་པར་དབང་བྱེད་ཀྱི་རྣམ་པར་བྱང་བ་ལ་ནི་མ་ཡིན་པས་དེ་དག་ནི་ཀུན་ནས་ཉོན་མོངས་པ་ཁོ་ན་ལ་
དབང་བྱེད་དོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟར་མདོ་ལས། ཚོར་བ་བདེ་བ་ལས་ནི་འདོད་ཆགས་རྒྱས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པས་རྒྱས་པ་ནི་འཁྲུལ་པའི་ཕྱིར་མཚུངས་པར་ལྡན་པའི་སྒོ་ནས་སོ། །དེ་ལྟར་རྟོགས་པར་བྱ་བ་

ཡིན་མོད་ཀྱི་བཏང་སྙོམས་ནི་ཐམས་ཅད་དང་མཚུངས་པར་ལྡན་པ་དེ་ལྟ་ན་ཡང་སྔར་བཤད་པ་ངེས་པར་གཟུང་བའི་ཕྱིར་སྐྱོན་མེད་དོ། །དད་ལ་སོགས་པ་ལྔ་པོ་དག་ནི་ཞེས་བྱ་བ་ལ། འདིས་རྣམ་པར་བྱང་བར་བྱེད་པས་ན་རྣམ་པར་བྱང་བ་སྟེ་ལམ་མོ། །འདི་ལྟར་དེ་
དག་གིས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གང་གི་ཕྱིར་དེ་དག་གིས་ཏེ། དྲན་པ་ཉེ་བར་གཞག་པ་དང་དྲོ་བར་གྱུར་པའི་གནས་སྐབས་དག་གིས་ལམ་སྐྱེ་བའི་གེགས་སུ་གྱུར་པའི་ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་ལ། སྐལ་བ་མཉམ་པའི་རྒྱུ་མེད་པར་དེའི་སྟོབས་ཀྱིས་ལམ་བསྐྱེད་
པའི་ཕྱིར་ཆེས་མཆོག་གི་གནས་སྐབས་དག་གིས་ནི་ལམ་ཡང་འདྲེན་པར་བྱེད་དེ། །དེ་དག་ཁོ་ན་རྣམ་པར་བྱང་བ་ལ་དབང་བྱེད་ཀྱི། རྣམ་པར་བྱང་བའི་བདག་ཉིད་ཡིན་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་ལ་སོགས་པ་དག་གིས་ནི་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཡང་སྨོས་སོ། །དེ་
བཞིན་ཞེས་བྱ་བའི་སྒྲ་ནི་ཇི་ལྟར་མིག་ལ་སོགས་པ་ནས་དད་པ་ལ་སོགས་པའི་མཐར་ཐུག་པ་རྣམས་སོ་སོར་དབང་པོ་ཡིན་པ་དེ་བཞིན་དུ་ཀུན་ཤེས་པར་བྱེད་པ་ཞེས་བྱ་བ་དང་། ཀུན་ཤེས་པ་ཞེས་བྱ་བ་དང་ཀུན་ཤེས་ལྡན་པ་ཞེས་བྱ་བ་ཡང་སོ་སོར་དབང་པོ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །
གལ་ཏེ་དབང་བྱེད་པ་ཐ་དད་པ་ཉིད་ཀྱིས་སོ་སོར་དབང་པོ་ཉིད་དུ་ཤེས་པ་མ་ཡིན་ནམ་ཞེ་ན། རྫས་ཐ་མི་དད་པས་ཐེ་ཚོམ་ཟ་བ་བསལ་བར་བྱ་བའི་ཕྱིར་དེ་བཞིན་ཞེས་བྱ་བའི་སྒྲ་རབ་ཏུ་སྦྱར་རོ། །སློབ་དཔོན་འདུས་བཟང་ན་རེ། མཐོང་བའི་ས་ལ་སོགས་པའི་དབྱེ་བས་ཕྱེ་བ་རྣམས་ཕན་ཚུན་
བསྡུས་པ་ལས་དགོས་པར་འགྱུར་བས་སོ་ཞེས་སོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བས་ཕྱེ་བ་རྣམས་ཕན་ཚུན་བསྡུས་པའི་ཕྱིར་དགོས་པའི་སྐབས་ཡོད་པས། གང་ཡང་དགུ་པོ་རྣམས་གཞན་མ་ཡིན་པ་ཉིད་ལ་དབང་བྱེད་པའི་དབྱེ་བས་འདི་དབང་པོ་གཅིག་ཉིད་དུ་འགྱུར་བ་
མཐོང་བ་མ་ཡིན་ནོ། །ཕོ་དང་མོའི་དབང་པོ་དག་ཕན་ཚུན་བསྡུས་པའི་ཕྱིར་ཞེས་བྱ་བ་འདི་ཡང་མི་རིགས་ཏེ། དགུ་པོ་ལས་གཞན་མ་ཡིན་པའི་ཕྱིར་དང་། དབང་བྱེད་པའི་དབྱེ་བས་གཅིག་ཉིད་དུ་བསྟན་པ་ལས་དགོས་པའི་གནས་ཉིད་ཀྱི་ཕྱིར་དང་། དེ་རྣམ་པར་གཅད་པའི་ཕྱིར་དེ་བཞིན་

གྱི་སྒྲ་རབ་ཏུ་སྦྱར་རོ། །དབང་བྱེད་པའི་དབྱེ་བས་ཀྱང་གཅིག་ཉིད་དུ་ཁས་བླངས་པས། དེའི་ཕྱིར་འདི་ནི་མངོན་པར་ཞེན་པས་རྣམ་པར་གླལ་བའོ། །གང་ཡང་ཁོ་བོ་ཅག་གིས་སྨྲས་པ་དེ་བཞིན་གྱི་སྒྲ་ནི་རང་བཞིན་ཐ་དད་པ་གསུམ་བསྟན་པའི་ཕྱིར་ཞེས་བྱ་བ་སྟེ། མཐོང་བསྒོམ་མི་སློབ་
ལམ་ལ་དགུ། །གསུམ་ཡིན་ཞེས་གསུངས་པའི་ཕྱིར་རོ། །རང་བཞིན་ཐ་དད་པ་ཉིད་མ་གྲུབ་པ་ལ་དོན་དུ་མ་དོན་མེད་པ་ཅན་ཏེ། དེ་ལ་དེ་བཞིན་གྱི་སྒྲ་མི་རྩོམ་པར་དེ་བཞིན་གྱི་སྒྲ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །ཡང་ན་སོ་སོར་དབང་པོ་ཞེས་བྱ་བ་ལ། ཀུན་ཤེས་པའི་དབང་པོ་ལ་
སོགས་པའི་ཚོགས་པའི་བདག་ཉིད་བཟློག་སྟེ། མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་རྣམས་ལ་ཐ་དད་པ་ལ་སོགས་པའི་དབང་པོ་རྣམས་སོ་སོར་ཀུན་ཤེས་པར་བྱད་པ་དང་། ཀུན་ཤེས་པ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་བར་རྣམ་པར་གཞག་པར་བྱ་སྟེ། དེའི་
ཚོགས་པ་མིག་གི་དབང་པོའི་རྡུལ་ཕྲ་རབ་ལྟ་བུ་ནི་མ་ཡིན་ནོ། །དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་ཐོབ་པར་བྱ་བ་ལ་དབང་བྱེད་དོ་ཞེས་བྱ་བ་ནི་སྒོམ་པའི་ལམ་ནི་མཐོང་བའི་ལམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཀུན་ཤེས་པའི་དབང་པོ་ནི་ཀུན་ཤེས་
པ་དང་ལྡན་པའི་དབང་པོ་ཐོབ་པར་བྱ་བ་ལ་བྱེད་དེ། མི་སློབ་པའི་ལམ་ནི་སྒོམ་པའི་ལམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ལ། དེ་དག་ཀྱང་མཐོང་བ་དང་སྒོམ་པའི་ལམ་ལ་རྣམ་པར་གཞག་པའི་ཕྱིར་རོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ལ་
དབང་བྱེད་དེ་ལམ་གཞན་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་འདིར་ཕུང་པོ་ལྷག་མ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སེམས་རྣམ་པར་མ་གྲོལ་བ་ལ་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། སེམས་རྣམ་པར་གྲོལ་བ་ནི་ཟད་པ་ཤེས་པ་ཡིན་ལ། དེ་དང་དེའི་འོག་
རོལ་གྱི་ཟག་པ་མེད་པའི་ལམ་ཐམས་ཅད་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ཏེ། དེའི་ཕྱིར་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་དབང་བྱེད་དོ། །སྔ་རོལ་ཏུ་ནི་མ་ཡིན་ཏེ་འདུས་བྱས་ཁོ་ན་འདུས་བྱས་ཀྱི་བདག་པོའི་འབྲས་བུའོ་ཞེས་འབྱུང་

བའི་ཕྱིར་རོ། །གཞན་དག་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་དབང་བྱེད་དོ་ཞེས་ཟེར་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པའི་དབང་དུ་བྱས་པས་སྐྱོན་མེད་དོ། །སོགས་པའི་སྒྲ་ནི་རྣམ་གྲངས་གཞན་བསྟན་པར་
བྱ་བའི་ཕྱིར་ཏེ་ཞེས་རྒྱ་ཆེར་འབྱུང་བ་ལ། དབང་པོ་དང་པོ་གཉིས་ནི་མཐོང་བ་དང་སྒོམ་པས་བསྡུས་པས་གོ་རིམས་བཞིན་དུ་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ལ་དབང་བྱེད་པ་ཉིད་དོ། །སློབ་དཔོན་འདུས་བཟང་ན་རེ། དབང་པོ་ཉིད་ནི་སྦྱོར་བ་དང་མཐོང་
བ་དང་། རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་རྣམས་ཏེ་དེ་ལ་དབང་པོ་ཉིད་མེད་པས་གསུམ་པ་ལ་ཡང་ཀུན་ཤེས་པའི་དབང་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་ཟེར་ཏེ། དེ་དག་ཀྱང་དེ་དང་རིགས་མཐུན་པའི་ཕྱིར་དབང་པོ་ཉིད་དུ་འགལ་བ་མེད་དེ། མི་སྐྱེ་བའི་ཆོས་ཅན་གྱི་དབང་
པོ་བཞིན་ནོ། །གལ་ཏེ་ཟིན་པའི་བྱ་བ་ཁོ་ན་དབང་པོར་འདོད་ན། དེ་ལྟ་ན་ཕྱིས་འཚོ་བའི་ཕྱོགས་རྣམས་དབང་པོ་མ་ཡིན་པར་འགྱུར་ཏེ། རིས་མཐུན་པ་དང་འབྲེལ་པ་ཐུན་མོང་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མིང་འཇུག་པ་ལ་རྒྱུར་བརྗོད་དོ། །མིང་འཇུག་པ་ནི་ཀཱ་ར་ཎཱ་ཀཱ་ར་ཎ་རྒྱུ་དང་བྱེད་པ་དང་གནོད་པ་རྣམས་ལ་འཇུག་
བཱ་ཡེ་<ཡ་གཱེ་ཡ་ངན་སོང་ལའོ།> ལ་ཡང་རྗེས་སུ་འཇུག་སྟེ། བ་ལང་གི་མིང་རྗེས་སུ་འཇུག་པ་བཞིན་ནོ། །དེ་ལ་རྒྱུ་སྲིད་པ་མ་ཡིན་ཡང་གཞན་དུ་འཇུག་སྟེ། དེ་ལ་དེ་ལྟར་གྲགས་པའི་ཕྱིར་ན་སྐྱོན་མེད་དོ། །རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱང་བའི་
ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་ནི་ཉོན་མོངས་པ་སྤངས་པའོ། །དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་ཤིན་ཏུ་སྦྱངས་པའི་བདེ་བའོ། །རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་ཡང་དག་པར་མྱང་བ་ནི། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཡང་དག་པར་
མྱང་བའོ། །སློབ་དཔོན་འདུས་བཟང་ན་རེ། འདི་རྣམ་གྲངས་གཞན་དུ་མི་རིགས་ཞེས་ཟེར་རོ། །ཟག་པ་མེད་པའི་ཤེས་རབ་ཀྱིས་མངོན་པར་མ་གཏོགས་པ་བདེན་པ་མངོན་པར་རྟོགས་པའི་སྔ་རོལ་ཏུ་ཡང་དབང་བྱེད་དོ། །བདེན་པའི་མངོན་པར་རྟོགས་པས་ཉོན་མོངས་པའི་སྐྱོན་ལས་

ངེས་པར་འབྱིན་པ་དང་། སྐྱོན་གཉིས་པ་མངོན་པར་བཅོམ་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། གསུམ་པའི་ཞེས་བྱ་བ་ནི་དེ་ལ་ཡང་ཐེ་ཚོམ་གྱིས་མངོན་པར་རྟོགས་པའི་ཤེས་པས་མངོན་པར་མ་རྟོགས་པ་ལས་རྣམ་པར་གྲོལ་བའི་ལམ་རྣམས་དབང་པོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །
ལམ་རྗེས་སུ་ཤེས་པ་དང་ལམ་རྗེས་སུ་མ་ཤེས་པའི་བཟོད་པ་མངོན་པར་མ་རྟོགས་པའི་ཕྱིར་རོ། །མངོན་པར་རྟོགས་པ་ལས་ལམ་རྗེས་སུ་ཤེས་པ་ཡང་ཀུན་ཤེས་པའི་དབང་པོ་ཉིད་དུ་ཐལ་བར་འགྱུར་རོ། །གང་བཤད་པ་མ་ངེས་པའི་ཕྱིར་མཐོང་བ་མངོན་པར་རྟོགས་པ་ངེས་པ་ནི་ཤེས་པ་དང་མངོན་
པར་རྟོགས་པ་ཡིན་པའི་ཕྱིར། མངོན་པར་མ་རྟོགས་པ་ཁོ་ན་དེར་བརྗོད་པ་དེ་ལྟ་ན་ཡང་བཟོད་པ་རྣམས་དབང་པོ་མ་ཡིན་པར་གྱུར་པ་ཉིད་དམ། ཤེས་པ་དང་བཟོད་པ་རྣམས་མ་ངེས་པའི་བདག་ཉིད་ཀྱི་ཕྱིར། མ་ངེས་པའི་བདག་ཉིད་ཀྱིས་མངོན་པར་མ་རྟོགས་པའི་ཕྱིར་ལམ་རྗེས་སུ་ཤེས་
པའི་སྐད་ཅིག་མ་དང་པོ་ཀུན་ཤེས་པའི་དབང་པོ་ཉིད་དུ་ཐལ་བར་འགྱུར་ཏེ། བདེན་པ་མངོན་པར་མ་རྟོགས་པ་མངོན་པར་རྟོགས་པའི་ཕྱིར་རོ། །མ་རིག་པ་ལ་སོགས་པས་ཁ་བསྐང་དགོས་ཏེ་ཅི་ཞེ་ན། བྱ་དགོས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །མཚན་ཉིད་ཀྱིས་བརྗོད་པ་ཐོབ་པ་ལ་
ཚིག་ཏུ་མ་བརྗོད་པ་ནི་ཁ་བསྐང་བའོ། །སོགས་པ་སྨོས་པས་ནི་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་ཡོངས་སུ་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་མ་རིག་པ་ལ་སོགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་
ཡང་སོགས་པ་སྨོས་པས་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཡོངས་སུ་གཟུང་ངོ་། །ཀུན་ཏུ་དགའ་བའི་བདེ་བ་ནི་བདེ་བ་དང་དགའ་བའི་ཁྱད་པར་རོ། །ཁ་བསྐང་བར་མི་བྱ་སྟེ་བཅོམ་ལྡན་འདས་ཀྱིས་དོན་གང་ཞིག་ཤེས་པར་བྱ་བའི་ཕྱིར་དབང་པོ་ནི་ཉི་ཤུ་རྩ་གཉིས་དག་གོ་ཞེས་
མདོ་ལས་བསྟན་པ་དེ་ལ། མ་རིག་པ་ལ་སོགས་པ་དགོས་པ་མེད་པའི་ཕྱིར་རོ། །དོན་དེ་ཡང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་སེམས་ཀྱི་རྟེན་དང་དེའི་བྱེ་བྲག་ཅེས་བྱ་བ་རྒྱ་ཆེར་གསུངས་སོ། །བདག་ཏུ་གྱུར་པའི་སེམས་ཀྱི་རྟེན་ནི་དེའི་རྟེན་ནོ། །བྱེ་བྲག་ནི་ཕོའོ་མོའོ་ཞེས་བྱ་བའོ། །

གནས་ནི་རྒྱུན་རྗེས་སུ་འཇུག་པའོ། །ཀུན་ནས་ཉོན་མོངས་པ་ནི་བདག་ཏུ་གྱུར་པའི་སེམས་ཁོ་ནའིའོ། །རྣམ་པར་བྱང་བའི་ཚོགས་ནི་རྣམ་པར་བྱང་བའི་འོ། །སྐྱེ་མཆེད་དྲུག་པོ་དེ་ནི་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ནོ་ཞེས་བྱ་བ་ནི་དང་པོ་དང་གཙོ་བོའོ། །
སེམས་ཀྱི་རྫས་ནི་གཅིག་ཏུ་སེམས་ཅན་གྱི་གྲངས་སུ་བགྲང་བའི་ཕྱིར་རོ། །དེ་དག་གི་རྟེན་གཟུགས་ལ་སོགས་པ་དག་དང་། དེ་དག་གི་རྣམ་པར་ཤེས་པ་དག་ནི་སེམས་ཅན་གྱི་རྫས་ཡིན་གྱི་གཞི་ནི་མ་ཡིན་ཏེ་དེའི་དབང་གིས་བྱུང་བའི་ཕྱིར་རོ། །ཡང་ན་ལྷག་པར་ཆགས་པའི་
གནས་ཡིན་པའི་ཕྱིར་ཏེ། དེ་ལ་རབ་ཏུ་ཆགས་པར་འགྱུར་བའི་ཕྱིར་རོ་ཞེས་བྱས་ནས་ཁ་ན་མ་ཐོ་བ་མེད་པ་ཡང་ཡོད་དོ། །གཞན་དག་བདག་གི་རྒྱུད་མ་ཡིན་པ་དེ་ནི་དབང་པོ་མ་ཡིན་པས་དེའི་ཕྱིར་གཞིའོ་ཞེས་ཟེར་རོ། །རྣམ་པར་བྱང་བའི་ཚོགས་ནི་རྣམ་པར་བྱང་བའི་ཚོགས་ཏེ་རྣམ་
པར་བྱང་བའི་འཁོར་དུ་གྱུར་པའི་ཕྱིར་རོ། །གཞན་དག་དབང་པོའི་རྣམ་པར་གཞག་པ་རྣམ་པ་གཞན་དུ་འཆད་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི། །ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །འཁོར་བའི་འཇུག་པ་དང་ལྡོག་པ་དག་ནི་གཙོ་བོ་ཡིན་ལ། དེ་དག་གི་རྟེན་དང་སྐྱེ་བ་དང་
གནས་པ་དང་ཉེ་བར་སྤྱོད་པས་གང་དག་དབང་བྱེད་པ་དེ་དག་དབང་པོ་ཉིད་དུ་རྣམ་པར་གཞག་གོ། །འཇུག་པ་ནི་འབྱུང་བ་སྟེ་འཁོར་བ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གྱི་རྫས་སྐྱེ་མཆེད་དྲུག་ནི་འཁོར་བར་བྱེད་པས་ན་འཇུག་པའི་རྟེན་ཡིན་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་
ཕྱིར་དབང་པོ་དྲུག་པོ་དག་ནི་འགྲོ་བ་དག་ཏུ་སྐྱེ་བ་རྒྱུན་ཆགས་པའི་མཚན་ཉིད་ཅན་འཇུག་པའི་རྟེན་ནི་རྒྱུར་གྱུར་པ་ཡིན་ལ་འཇུག་པ་ནི་འབྲས་བུར་གྱུར་པ་ཡིན་ནོ། །ཡང་ན་རང་གི་རྒྱུད་ཀྱི་དངོས་པོ་ཡིན་པའི་ཕྱིར་སྐྱེ་མཆེད་དྲུག་ནི་རྟེན་ཡིན་ལ། དེ་རྒྱུར་བྱས་པ་བཏགས་པ་འཇུག་པ་སྐྱེད་
པའི་ལས་ནི་དེ་ལ་ཕྱོགས་པས་འཇུག་པའི་རྟེན་ནོ་ཞེས་གཞན་དག་གོ། །དེ་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ལ། དེའི་རྐྱེན་གྱི་སྐྱེ་བས་འདིར་སྐྱེ་བའི་རྒྱུ་ཕོ་དང་མོའི་དབང་པོ་དག་ལ་སྐྱེ་བ་ཞེས་བསྟན་ཏོ། །དེ་དག་ནི་ཁུ་བ་དང་ཁྲག་འཇུག་པའི་དུས་ན་ལུས་དང་ཡིད་ཀྱི་དབང་པོ་གཉིས་ཀྱིས་ནི་དངོས་

ཀྱི་རྒྱུ་ཡིན་ལ། མིག་ལ་སོགས་པའི་དབང་པོ་བཞི་པོ་དག་གིས་ནི་བརྒྱུད་ནས་ཡིན་ཏེ་མཐར་གྱིས་ཞེས་འབྱུང་བའི་ཕྱིར་རོ། །ཚུལ་འདི་ནི་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་འགྲོ་བ་དག་ལ་ཡིན་གྱི། གཞན་ལ་མངལ་སྐྱེས་པ་དང་སྒོང་སྐྱེས་ཀྱི་སེམས་ཅན་མེད་པའི་ཕྱིར་མ་ཡིན་ནོ། །སྲོག་
གི་དབང་པོས་ནི་གནས་པར་བྱེད་དེ། སྐྱེ་མཆེད་དྲུག་གི་རྒྱུན་མི་གཅད་པའི་ཕྱིར་རོ། །ཚོར་བ་རྣམས་ཀྱིས་ནི་ཉེ་བར་སྤྱོད་པར་བྱེད་དེ་འཇུག་པའི་རྟེན་ལ་ཕན་པ་དང་གནོད་པ་བྱེད་པར་ཞུགས་པའི་ཕྱིར་རོ། །དེ་ལྟར་ན་བཅུ་བཞི་པོ་འདི་དག་ནི་འཇུག་པ་ལ་གཙོ་བོར་བྱེད་པར་ཞུགས་པའི་ཕྱིར་
དབང་པོ་ཉིད་དོ། །རྣམ་པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྟེན་ལ་སོགས་པའི་རྣམ་པས་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་ལྡོག་པ་ཡིན་ཏེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ་ལྡོག་པ་ནི་མི་འཇུག་པ་སྟེ་དེ་ཡང་སྐྱེ་མཆེད་དྲུག་གཏན་འགགས་པའོ། །དེ་ཐོབ་པའི་རྟེན་ནི་དང་པོ་ལ་སོགས་པ་རྣམས་
ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་སྐྱེ་བ་ལ་དེ་གཙོ་བོ་ཡིན་པའི་ཕྱིར་རོ། །སྐྱེ་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ཏེ། ནངས་ཀྱི་དང་པོར་ཡང་དག་པར་ངེས་པའི་ཕུང་པོ་ལ་གནས་པའི་ཕྱིར་རོ། །གནས་པའི་ཀུན་ཤེས་པའི་དབང་པོ་ཡིན་ཏེ་རྒྱུན་དང་ལྡན་པར་འཇུག་པའི་
ཕྱིར་རོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ཉེ་བར་སྤྱོད་པར་བྱེད་དོ། །མཐོང་བའི་ཆོས་ལ་བདེ་བར་གནས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡང་ན་ལྡོག་པ་རྣམ་པ་གཉིས་ཏེ་ཉོན་མོངས་པ་ལྡོག་པ་དང་སྐྱེ་བ་ལྡོག་པ་སྟེ། འདིར་ནི་ཉོན་མོངས་པ་ལྡོག་པ་ལ་དགོངས་ཏེ་ལྷག་མ་སྔ་མ་
བཞིན་ནོ། །ཡང་ན་འདིས་འཁོར་བ་ལྡོག་པར་བྱེད་པ་སྟེ། ལྡོག་པའི་རྟེན་ཟག་པ་མེད་པའི་ཆོས་རྣམས་སོ། །དེའི་ཕྱིར་དད་པ་ལ་སོགས་པ་ནི་ལྡོག་པའི་རྟེན་ནོ། །ལམ་གྱི་ཚོགས་སུ་གྱུར་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་སྐྱེ་བ་སྟེ། ཟག་པ་མེད་པའི་ལམ་གྱི་དང་པོ་
ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་ཤེས་པར་བྱེད་པའི་དབང་པོ་སྐྱེད་པ་གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ཏེ་རྒྱུན་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ན་ཀུན་ཤེས་པའི་དབང་པོ་ནི་ལྡོག་པ་གནས་པར་བྱེད་པ་ཡིན་ནོ། །ཉེ་བར་སྤྱོད་པ་ནི་ཀུན་ཤེས་པའི་དབང་པོས་བྱེད་དེ། རྣམ་

པར་གྲོལ་བའི་དགའ་བ་དང་བདེ་བ་ཡང་དག་པར་མྱོང་བའི་ཕྱིར་རོ། །སེམས་རྣམ་པར་མ་གྲོལ་བ་ལ་མྱ་ངན་ལས་འདས་པ་མེད་པའི་ཕྱིར་ཀུན་ཤེས་ལྡན་པའི་དབང་པོ་ཡང་ལྡོག་པར་བྱེད་པ་ཉིད་ལ་འགལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་
འདས་ཀྱིས་དབང་པོ་དེ་སྙེད་ཅིག་གསུངས་ཏེ། དེ་སྙེད་ཅིག་ཁོ་ནས་བརྗོད་པར་འདོད་པའི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་མ་རིག་པ་ལ་སོགས་པ་དབང་པོ་ཉིད་དུ་ཁ་བསྐང་བར་མི་བྱ་སྟེ། མདོ་གཉིས་ལས་བཤད་པའི་དབང་པོའི་དོན་མི་སྲིད་པའི་ཕྱིར་རོ། །
དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ཀྱང་དེ་ཡིན་ཏེ། སེམས་ཀྱི་རྟེན་ཡིན་པའི་ཕྱིར་སྔར་མིག་ལ་སོགས་པ་རྣམས་བཤད་དོ། །དེའི་ཕྱིར་བྱེ་བྲག་གི་རྒྱུ་ཡིན་པའི་ཕྱིར་དེའི་མཇུག་ཐོགས་སུ་ཕོ་དང་མོའི་དབང་པོའོ་ཞེས་བྱ་བ་རྒྱ་ཆེར་བརྗོད་པར་བྱའོ། །ཡང་ན་ལྡོག་པ་ནི་འཇུག་པ་སྔོན་དུ་འགྲོ་བ་
ཅན་ཡིན་པས་སྐྱེ་མཆེད་དྲུག་འཇུག་པའི་རྟེན་ཉིད་དུ་སྔར་བཤད་དེ། དེ་བཞིན་དུ་གཞན་ལ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །ངག་ནི་དབང་པོ་མ་ཡིན་པ་ཉིད་དེ། ཚིག་ཏུ་བརྗོད་པའི་ཡུལ་ལ་དབང་བྱེད་པས་དབང་པོ་ཉིད་དེ། དེ་དང་ལྡན་པས་ངག་ལ་དབང་པོའི་སྒྲ་འཇུག་པས་སོ་ཞེ་ན་འདི་
སྐད་བཤད་པར་འགྱུར་ཏེ། ངག་ནི་བརྗོད་པ་ལ་དབང་བྱེད་པ་མ་ཡིན་ནོ། །ཚིག་ཏུ་སྨྲ་བ་ལ་ཞེས་སྦྱར་ཏེ། དེ་ཉིད་སློབ་པའི་རྒྱུའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །འདི་ལྟར་ལེགས་པར་སྦྱར་བ་དང་ཐ་མལ་པའི་ཡུལ་གྱི་བྱེ་བྲག་གིས་སློབ་པ་ལ་བལྟོས་ནས་ཚིག་ཐ་དད་པ་ཡིན་ནོ། །གང་
ཞིག་གང་ལ་དབང་བྱེད་པ་དེ་དང་དེ་ནི་ལོགས་སུ་སློབ་པ་ལ་བལྟོས་པ་མ་ཡིན་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བཞིན་ནོ། །རེ་ཞིག་དེ་དག་དབང་པོ་ཉིད་ཅི་ཞིག་ཡིན་གལ་ཏེ་གང་ལས་ཚིག་འབྱུང་བ་ཡིན་ན། དེ་ལྟ་ན་ནི་རྟོག་པ་དང་དཔྱོད་པ་ལ་སོགས་པ་དག་དང་། དེ་དག་ཀུན་ནས་
སློང་བའི་རླུང་རྣམས་ཀྱང་དེའི་དབང་པོ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཡང་མགྲིན་པ་དང་དཀན་དང་མཆུ་ལ་སོགས་པ་རྣམས་ལ་བརྟེན་ནས་འབྱུང་མོད་ཀྱི། དེ་ལྟ་ན་ཡང་རྟོག་པ་ལ་སོགས་པ་དག་དེ་ཀུན་ནས་སློང་བར་བྱེད་པའི་ཕྱིར་གཙོ་བོ་ཡིན་ནོ། །ལག་པ་དང་རྐང་པ་ཡང་

ལེན་པ་དང་འགྲོ་བ་ལས་གཞན་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ། ལག་པ་དེ་ཉིད་གཞན་དང་གཞན་དུ་འབྱུང་བ་ལ་ལེན་པ་ཞེས་བྱ་བ་ལ། རྐང་པ་དེ་ཉིད་གཞན་དང་གཞན་དུ་འབྱུང་བ་ལ་འགྲོ་བ་ཞེས་བྱ་སྟེ། དེ་ལ་ནི་སྐད་ཅིག་མ་མ་ཡིན་པའི་ཕྱིར་ཡུལ་གཞན་དུ་ཕྱིན་པ་མེད་ཅིང་བྱ་བ་
དོན་གཞན་དུ་གྱུར་པ་ཡང་མེད་དོ། །དེའི་ཕྱིར་ལེན་པ་དང་འགྲོ་བ་ལག་པ་དང་རྐང་པ་ལས་གཞན་མ་ཡིན་ནོ། །དེའི་ཕྱིར་དེ་ལ་དབང་བྱེད་པ་མ་ཡིན་ཏེ། རང་ཉིད་ལ་དབང་བྱེད་པར་ནི་མི་རུང་ངོ་། །སྦྲུལ་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ལ། སྦྲུལ་ལ་སོགས་པ་རྣམས་ལ་ལག་པ་དང་རྐང་
པའི་དབང་པོ་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཁས་ལེན་པ་དང་བྲང་གིས་འགྲོ་བ་ཡིན་ཏེ། དེ་བཞིན་དུ་ཉ་ལ་སོགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །རྐུབ་ཀྱང་རྟུག་པར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི། མི་གཙང་བ་འདོར་བ་ལའོ། །དེ་ནི་རླུང་གིས་ཀྱང་
བྲོ་བར་བྱེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་མི་གཙང་བ་བྲོ་བར་བྱེད་པའི་ཕྱིར་རོ། །ཁ་ཅིག་ཁ་ནས་ཀྱང་བཤང་བ་འདོར་བ་མཐོང་བའི་ཕྱིར། དེ་ལྟ་ན་དབང་པོའི་རྣམ་པར་གཞག་པ་འཚོལ་བར་འགྱུར་ཏོ། །ཁས་ལེན་པ་དང་བཤང་བ་འདོར་བའི་ཕྱིར་དང་། ལག་པ་གཉིས་ཀྱིས་ལེན་
པ་དང་འགྲོ་བའི་ཕྱིར་རོ། །དེ་བཞིན་དུ་རྐང་པ་གཉིས་ཀྱིས་ཀྱང་ངོ་། །ཀུན་ཏུ་དགའ་བ་ནི་ཉོན་མོངས་པ་ཅན་གྱི་བདེ་བའོ། །དེ་ཉིད་ཀྱི་ཕྱིར་བདེ་བ་དེ་ནི་ཕོ་དང་མོའི་དབང་པོས་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ཉིད་འདོམས་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི་འདོམས་ཀྱི་
དབང་པོ་ལུས་ཀྱི་དབང་པོ་ལས་གཞན་མ་ཡིན་ཏེ། ཕོ་དང་མོའི་དབང་པོ་དག་ནི་ལུས་ཀྱི་དབང་པོའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །བྱ་བ་དོན་གཞན་གཉིས་མེད་པའི་ཕྱིར་མ་རིག་པ་ལ་སོགས་པ་བཞིན་དུ་ངག་ལ་སོགས་པ་དབང་པོ་མ་ཡིན་ནོ། །དེའི་ཕྱིར་ཁ་བསྐང་བར་མི་བྱའོ། །
དེ་ལྟ་མ་ཡིན་ན་ལྐོག་མ་ལ་སོགས་པ་རྣམས་ཀྱང་གྲངས་བཞིན་དུ་དམིགས་པ་ལ་སོགས་པ་ལ་དབང་བྱེད་པའི་ཕྱིར་དབང་པོར་ཐལ་བར་གྱུར་ཏེ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ས་བོན་དང་མྱུ་གུ་ལ་སོགས་པ་རྒྱུར་གྱུར་པ་ཐམས་ཅད་ཀྱང་རང་གི་བྱ་བ་མྱུ་གུ་དང་འདབ་མ་དང་སྦལ་མིག་འཆོས་པའི་

མཚན་ཉིད་ལ་དབང་བྱེད་པའི་ཕྱིར་དབང་པོར་ཐལ་བར་འགྱུར་རོ། །ཡང་ཅི་དབང་པོ་ཉི་ཤུ་རྩ་གཉིས་པོ་འདི་དག་རྗེས་སུའམ་འོན་ཏེ་བཏགས་པར་འདོད་ཅེ་ན། དབང་བྱེད་པར་བཤད་པས་རྫས་སུ་ངེས་སོ། །གཞན་དག་ན་རེ་རྫས་སུ་བཅུ་གཅིག་སྟེ། མོ་
དང་ཕོའི་དབང་པོ་དག་ལུས་ཀྱི་དབང་པོའི་ནང་དུ་འདུས་པའི་ཕྱིར་དང་། དད་པ་ལ་སོགས་པ་རྣམས་དང་ཡིད་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་རྣམས་ཀུན་ཤེས་པའི་དབང་པོ་གསུམ་དུ་འདུས་པའི་ཕྱིར་ཏེ། དེ་ལྡོག་པ་རྣམས་དད་པ་ལ་སོགས་པ་རྣམས་དང་ཡིད་ལ་སོགས་པ་
རྣམས་སུ་གྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ཉི་ཤུའོ་ཞེས་ཟེར་རོ། །དབང་པོའི་དོན་དང་དེ་རྣམ་པར་གཞག་པའི་རྒྱུ་བཤད་ཟིན་ཏོ། །དེ་དག་གིས་རང་གི་ངོ་བོ་བརྗོད་པར་བྱ་སྟེ། དེ་ལ་མིག་ལ་སོགས་པ་ཕོའི་དབང་པོ་ལ་ཐུག་པ་རྣམས་ནི་བསྟན་ཟིན་ཏོ་ཞེས་བྱ་བ་ནི།
དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་དང་། ལུས་ལས་ཕོ་དང་མོ་དབང་དག །ཅེས་བྱ་བ་ལས་སོ། །བདེ་བ་ལ་སོགས་པ་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་ནི་བཤད་པར་བྱ་སྟེ་ཞེས་བྱ་བ་ལ། གལ་ཏེ་བདེ་བ་
ལ་སོགས་པ་རྣམས་ཀྱང་སེམས་ལས་བྱུང་བ་ཡིན་པའི་ཕྱིར་དད་པ་ལ་སོགས་པ་བཞིན་དུ་སེམས་ལས་བྱུང་བ་དག་གི་ནང་ནས་བཤད་པར་བྱ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སེམས་ལས་བྱུང་བ་དག་ཏུ་ནི། །ཚོར་དང་སེམས་པ་འདུ་ཤེས་དང་། །ཞེས་སྤྱིའི་དབང་དུ་བྱས་ཀྱི། དེའི་ཕྱིར་འདི་ཉིད་དུ་
དེ་དག་གི་ཁྱད་པར་གྱི་མཚན་ཉིད་བསྟན་པའི་སྐབས་སུ་བབ་པས་དབང་པོའི་སྐབས་འདི་ཉིད་དུ་སྟོན་པར་བྱེད་དོ། །གལ་ཏེ་ཡིད་ཀྱི་མཚན་ཉིད་ནི་བཤད་ཟིན་ལ་དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ནང་ནས་འཆད་པར་འགྱུར་ཞིང་། བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་
རྣམས་འདི་ཉིད་ནས་འཆད་ན། གང་ཞིག་འདི་བཤད་པར་བྱ་བའི་བརྗོད་པ་ཀུན་ཤེས་ལྡན་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་པོ་གཞན་གང་ཞིག་ཡོད་ཅེ་ན་དེ་ནི་དེ་དག་ལས་གཞན་མེད་དོ། །འོ་ན་ཅི་ཞེ་ན། འདི་དག་གནས་སྐབས་གང་ཞིག་གི་ཁྱད་པར་དུ་འཕགས་པ་ན། ཀུན་ཤེས་པར་

བྱེད་པ་ཞེས་བྱ་བའི་དབང་པོ་ལ་སོགས་པའི་མིང་འཐོབ་པའི་གནས་སྐབས་དེ་བསྟན་པར་བྱ་དགོས་པས་ན། ཀུན་ཤེས་པར་བྱེད་པ་ལ་སོགས་པའི་དབང་པོ་བཤད་པར་བྱ་སྟེ་དེ་བརྗོད་པར་བྱའོ་ཞེས་དེ་སྐད་དུ་བསྟན་པ་ཡིན་ནོ། །ལུས་ཚོར་སིམ་པ་མ་ཡིན་པ་དག་སྡུག་བསྔལ་དབང་པོ་ཞེས་བྱ་བ་
ལ། ལུས་ཀྱི་ཚོར་བ་སིམ་པ་ཡང་ཡོད་པས་སིམ་པ་མ་ཡིན་པ་ཞེས་བྱ་བ་ཁྱད་པར་དུ་བྱས་སོ། །སེམས་ཀྱི་སིམ་པ་མ་ཡིན་པ་ཡང་ཡོད་པས་ལུས་ཀྱི་ཞེས་བྱ་བ་སྨོས་སོ། །སིམ་པ་མ་ཡིན་པ་ཞེས་བརྗོད་པའི་དོན་མ་རྟོགས་པའི་ཕྱིར་རྣམ་གྲངས་གཞན་གྱིས་དེའི་དོན་སྟོན་པར་བྱེད་
པ་ནི། སིམ་པ་མ་ཡིན་པ་ཞེས་བྱ་བ་ནི་གནོད་པར་བྱེད་པ་སྟེ། སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་པར་འགྱུར་ཏེ། རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་གནོད་པར་ཉམས་སུ་མྱོང་བ་ནི་སྡུག་བསྔལ་གྱི་དབང་པོ་ཞེས་བྱའོ། །སིམ་པ་ནི་བདེ་བའི་དབང་
པོ་སྟེ་ལུས་ཀྱི་ཞེས་བྱ་བར་སྐབས་དང་སྦྱར་རོ། །འདིར་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ནི་སྔ་མ་བཞིན་ནོ། །འདི་སྐད་བསྟན་པར་འགྱུར་ཏེ། རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་དང་། རྣམ་པར་ཤེས་པ་གསུམ་དང་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བ་ཕན་འདོགས་པ་
ནི་བདེ་བའི་དབང་པོའོ། །བསམ་གཏན་གསུམ་པ་ན་ཡང་བདེ་བའི་དབང་པོ་ཡོད་པར་འདོད་ན། དེ་ནི་ལུས་ཀྱི་ཡིན་པར་འདོད་པ་ཡང་མ་ཡིན་ནོ་ཞེ་ན་དེའི་ཕྱིར། བསམ་གཏན་གསུམ་པ་ན། སེམས་ཀྱི་དེ་ནི་བདེ་དབང་པོ། །ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་ཞེས་བྱ་བ་འདིས་ནི་ལུས་
ཀྱི་རྣམ་པར་གཅོད་པར་བྱེད་དོ། །དེ་ནི་ཞེས་བྱ་བ་འདིས་ནི་སིམ་པ་མ་ཡིན་པ་རྣམ་པར་གཅོད་དེ། དེ་ཉིད་ཀྱི་ཕྱིར། དེ་ནི་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོ་ཡིན་ནོ། །ཡང་ཅིའི་ཕྱིར་འདོད་པའི་ཁམས་དང་བསམ་གཏན་དང་པོར་ལུས་ཀྱི་སིམ་པ་བདེ་བའི་
དབང་པོར་རྣམ་པར་བཞག་ལ། བསམ་གཏན་གསུམ་པར་ནི་སེམས་ཀྱི་ཡིན་ཞེ་ན། དེའི་ཕྱིར་ལུས་ཚོར་བ་ནི་མེད་དོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་མེད་ཅེ་ན། དེའི་ཕྱིར་དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །གཞན་ན་དེ་ནི་ཡིད་བདེ་ཡིན། །ཞེས་བྱ་བ་

ལ། ཡིད་ཀྱིས་སིམ་པར་མྱང་བ་འཇུག་པའི་དབྱེ་བའི་རྣམ་པས་འགྱུར་རོ། །ལུས་ཀྱི་ཡང་དབྱེ་བ་འཇུག་པའི་ཕྱིར་བདེ་བ་ཁོ་ནའོ། །དེའི་ཕྱིར་སེམས་ཀྱི་ཚོར་བ་སིམ་པ་ནི་བསམ་གཏན་གསུམ་པ་ལས་གཞན་ན་ཡིད་བདེ་བའི་དབང་པོ་ཡིན་ནོ། །གཞན་ན་ཞེས་སྨོས་
པས་བསམ་གཏན་གསུམ་པའི་གོང་དུ་ཡང་དེར་ཐལ་བར་འགྱུར་བ་བཟློག་པའི་ཕྱིར། འདོད་པའི་ཁམས་དང་བསམ་གཏན་དང་པོ་དང་གཉིས་པ་ན་ནི་ཞེས་བྱ་བ་སྨོས་ཏེ། དེ་ནི་དེ་དག་ཁོ་ནར་སྲིད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་བསམ་གཏན་དང་པོ་དང་གཉིས་པ་བཞིན་དུ་བསམ་གཏན་གསུམ་
པར་ཡང་དེ་ཡིད་བདེ་བའི་དབང་པོར་མ་བཤད་ཅེ་ན། དེའི་ཕྱིར་བསམ་གཏན་གསུམ་པ་ན་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །ཡིད་བདེ་བ་ནི་དགའ་བ་སྟེ་སེམས་ལས་བྱུང་བ་སིམ་པ་ཙམ་མོ། །དགའ་བའི་འདོད་ཆགས་དང་བྲལ་བས་ཀྱང་བསམ་གཏན་གསུམ་པ་འཐོབ་སྟེ། མདོ་ལས་
དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་པ། དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་ཞེས་གསུངས་སོ། །དེའི་ཕྱིར་བསམ་གཏན་གསུམ་པ་ན་བདེ་བའི་དབང་པོ་ཁོ་ནར་བརྗོད་ཀྱི། ཡིད་བདེ་བའི་དབང་པོར་ནི་མ་ཡིན་ནོ། །ཡང་ཡིད་འདི་གཉིས་ཕན་འདོགས་
པ་ཉམས་སུ་མྱོང་བར་མཚུངས་ན་ཁྱད་པར་ཅི་ཞིག་ཡོད་ཅེ་ན་ཡོད་དེ། སེམས་ཀྱི་བདེ་བའི་དབང་པོ་ནི་བརྟན་པར་འཇུག་པ་ཡིན་ལ། ཡིད་བདེའི་དབང་པོ་ནི་མི་བསྟན་པར་འཇུག་པ་ཡིན་ཏེ། སེམས་པ་ཡང་ཡོད་པར་བྱེད་པའི་ཕྱིར་རོ། །ཨཱ་ནུ་གྲ་ཧོ་པི་དཱུརྦ་སྱ་ནཱ་ཏི་བ་ལ་<ཕན་འདོགས་པ་ཡང་སྔ་མའི་ཧ་ཅང་སྟོབས་ལྡན་མ་ཡིན་པའི་ཕྱིར་ལན་ཇི་ལྟར་འགྱུར་ཉིད་>བཱརྻ་ཐཏྟ་ར་སྱཱ་ཏ་<རྒྱ་དཔེ་གཅིག་ན་ཏྲ་>
ཨ་པཱ་ཡཱཔྟདཱ་གི་སྠཱ་ན་མི་ཏྱེ་ཙཀྵ་ཏེ། <དཀྱུང་ཆགས་པའི་ཐེག་པ་གནས་ཞེས་སྨྲའོ། །>དགའ་བའི་རྣམ་པས་མི་འཇུག་པའི་དབང་དུ་བྱས་ནས་བསམ་གཏན་གསུམ་པ་ན་བདེ་བའི་དབང་སྟེ་ཡིད་ཀྱི་རྣམ་པར་དཔྱོད་པ་རྟེན་གྱི་དབྱེ་བས་ལྡན་ན་ནི་མ་ཡིན། ཞེས་བཤད་པ་རྒོལ་
བའི་གཞིའོ་ཞེ་ན། འདི་ལ་སྐྱོན་མེད་དེ། ཡིད་བདེ་ནི་འཇུག་པ་མི་བརྟན་པ་ཡིན་ལ་སེམས་ཀྱི་བདེ་བའི་དབང་པོ་ནི་འཇུག་པ་བརྟན་པ་ཉིད་དོ། །གནས་སྐབས་གཞན་ལ་མིང་གཞན་མཐོང་སྟེ་མར་སར་དང་མར་བཞིན་ནོ། །ལུས་ཀྱིས་སིམ་པ་མ་ཡིན་པར་

མྱོང་བ་ནི་སྡུག་བསྔལ་ཡིན་ལ། སེམས་ཀྱི་ནི་ཡང་མི་དང་བ་ཞེས་བྱའོ། །ལུས་དང་སེམས་ཀྱི་སིམ་པ་དང་སིམ་པ་མ་ཡིན་པའི་དབྱེ་བས་ཚོར་བ་གསུམ་པོ་རྣམ་པར་བཞག་པ་བྱས་ཟིན་ཏོ། །ད་ནི་བཏང་སྙོམས་ཀྱི་དབང་པོ་བརྗོད་པར་བྱ་སྟེ། དེའི་ཕྱིར་བཏང་སྙོམས་ནི་བར་མའོ་ཞེས་
བྱ་བ་རྒྱས་པར་གསུངས་ཏེ། སིམ་པ་ནི་བདེ་བའི་སིམ་པ་མ་ཡིན་པ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནི་བཤད་མ་ཐག་པ་ཡིན་ལ། འདིར་ནི་བར་མའོ་ཞེས་བཤད་པ་དེའི་ཕྱིར་སིམ་པ་ཡང་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ཡང་མི་ཤེས་པ་དེའི་ཕྱིར་གསུང་རབ་ལས་
གྲགས་པའི་རྣམ་གྲངས་གཞན་གྱིས་སྟོན་པར་བྱེད་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཞེས་བྱ་བ་ལ་སོགས་པའོ། །བདེ་བ་དང་སྡུག་བསྔལ་ལྟར་ལུས་དང་སེམས་ལ་བརྟེན་པའི་ཕྱིར་དང་། དེ་དང་འདྲ་བར་ཕྱེ་ནས་བསྟན་པའི་ཕྱིར་ཐེ་ཚོམ་ཟ་བ་ན་འདྲི་བ་ནི། ཅི་
ལུས་ཀྱིའམ་སེམས་ཀྱི་ཞེས་བྱ་བ་སྟེ་བཏང་སྙོམས་ཀྱི་དབང་པོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེའི་ཕྱིར་སྨྲས་པ་གཉི་གའི་ཡིན་ནོ་ཞེས་བྱ་སྟེ་ལུས་དང་སེམས་ཀྱི་ཞེས་བྱ་བའི་དོན་ཏོ། །བཏང་སྙོམས་ཀྱི་དབང་པོའི་སྐབས་སུ་ཡང་ཅིའི་ཕྱིར་ཞེས་རྒྱ་ཆེར་འབྱུང་སྟེ། བདེ་བ་དང་སྡུག་
བསྔལ་དག་རྟེན་ཐ་དད་པས་དབང་པོ་ཐ་དད་པ་ཡིན་ལ། འདིར་ཡང་རྟེན་ཐ་དད་པ་ལ་གུས་པ་མེད་པར་བྱས་ཏེ། བསྡུས་ཤིང་བསྒོམས་ནས་དབང་པོ་གཅིག་ཏུ་བྱས་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེ་བཞིན་གཤེགས་པ་རྣམས་ལ་ནི་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་མངའ་
བའི་ཕྱིར་དང་། ཐམས་ཅད་ལ་དགོངས་པ་ཉེ་བར་གནས་པའི་རྒྱུ་མེད་པར་ཆོས་སྟོན་པ་མི་མངའོ་ཞེ་ན། དེའི་ཕྱིར་མི་རྟོག་ཕྱིར་ཞེས་བྱ་བ་སྨོས་སོ། །བསྡུས་ནས་དབང་པོ་གཅིག་ཏུ་བྱས་པ་ལ་རྒྱུ་སྨོས་པ་ནི། སེམས་ཀྱི་བདེ་བ་དང་སྡུག་བསྔལ་བ་ནི་ཕལ་ཆེར་རྣམ་པར་རྟོག་པ་ལས་ཞེས་
རྒྱ་ཆེར་འབྱུང་བའོ། །ཕལ་ཆེར་སྨོས་པ་ནི་དགའ་བའི་བདེ་བ་ཏིང་ངེ་འཛིན་ལས་སྐྱེས་པ་དང་། རྟོག་པ་ལས་མི་སྐྱེ་བ་དང་རྣམ་པར་སྨིན་པ་ལས་སྐྱེས་པ་ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་དང་། ཡིད་བདེ་བ་རྣམ་པར་སྨིན་པ་ལས་སྐྱེས་པ་མཉམ་པར་གཞག་པ་ལ་ཡང་ཡིད་མི་བདེ་བ་མེད་དོ། །

འདི་དག་སྤང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་འདི་སྟོན་ཏེ། ལུས་ཀྱི་བདེ་བ་དང་སྡུག་བསྔལ་རྣམ་པར་རྟོག་པ་ལས་མི་སྐྱེ་བ་དེ་ཉིད་ལ་རྒྱུ་སྨྲས་པ་ནི། ཡུལ་གྱི་དབང་གིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་ཉེ་བ་ལས་ནི་དེ་རྟག་ཏུ་སྐྱེ་ཞིང་། ཡུལ་འདུས་
པ་ལ་རྣམ་པར་རྟོག་པའི་ནུས་པ་ཡོད་པ་མ་ཡིན་ནོ། །མཛའ་བ་དང་མི་མཛའ་བའི་རྣམ་པར་རྟོག་པ་སྤངས་པའི་དགྲ་བཅོམ་པ་རྣམས་ལ་ཡང་ཡུལ་ཡིད་དུ་འོང་བ་དང་མི་འོང་བའི་དབང་གིས་ངེས་པར་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཅེས་བྱ་བ་ལ། ལུས་ཀྱི་དང་སེམས་ཀྱི་བདེ་བ་དང་
སྡུག་བསྔལ་དག་བདེ་བའི་དབང་པོ། །སྡུག་བསྔལ་གྱི་དབང་པོ། །ཡིད་བདེའི་དབང་པོ། །ཡིད་མི་བདེ་བའི་དབང་པོ་ཞེས་དབང་པོ་ཉིད་ཀྱིས་ཐ་དད་དོ། །བཏང་སྙོམས་ནི་ལུས་ཀྱིའམ་སེམས་ཀྱིའམ་རྣམ་པར་སྨིན་པ་ལས་སྐྱེས་པའམ། རྒྱུ་མཐུན་པ་ལས་བྱུང་བ་ཡིན་ཡང་རུང་
སྟེ། རྣམ་པར་མི་རྟོག་པ་ཁོ་ནར་རང་གི་ངང་གིས་མངོན་པར་འདུ་བྱ་བ་མེད་པར་སྐྱེ་སྟེ། དེའི་ཕྱིར་དབང་པོ་གཅིག་ཏུ་བྱས་སོ། །ལུས་ཀྱི་བདེ་བ་ཡང་གཞན་དུ་ཕན་འདོགས་པ་ཞེས་རྒྱ་ཆེར་འབྱུང་བ་ལ། ལུས་ཀྱི་བདེ་བ་དང་སྡུག་བསྔལ་ནི་ཉི་ཚེ་བ་བཞུགས་པས་ལུས་དང་།
སེམས་དག་ལ་ཕན་འདོགས་པ་དང་གནོད་པ་བྱེད་པ་ཡིན་ལ་ལུས་ཀྱི་བདེ་བ་དང་སྡུག་བསྔལ་ནི་དྲག་པ་དང་མགྱོགས་པར་བྱེད་པ་དང་རྒྱུན་ཆགས་པ་ཡང་ཡིན་གྱི་སེམས་ཀྱི་ནི་དེ་ལྟ་མ་ཡིན་ཏེ། ཡིད་ལ་སྨོན་པ་ཡོངས་སུ་རྫོགས་པ་དང་སྡུག་པའི་རྣམ་པར་རྟོག་པའི་རྒྱུ་ཅན་གྱིས་དུས་ཅུང་
ཟད་ཕན་འདོགས་པའམ་གནོད་པ་བྱེད་པ་ཡོད་དོ། །བཏང་སྙོམས་ལ་ནི་ལུས་ཀྱི་བཏང་སྙོམས་ནི་གཞན་དུ་ཕན་འདོགས་ལ། སེམས་ཀྱི་ཡང་གཞན་དུ་ཕན་འདོགས་སོ་ཞེས་བྱ་བའི་ཁྱད་པར་འདི་མེད་དེ། དེ་བས་ན་བཏང་སྙོམས་ལ་བྱེ་བྲག་མེད་པས་ལུས་ཀྱི་དང་སེམས་ཀྱི་
དབང་པོ་ཐ་དད་པ་མེད་དོ། །གཞན་དག་ན་རེ་གང་དུ་རྣམ་པར་ཤེས་པ་དང་། ལུས་ཐ་དད་པ་དེར་ཡིད་ཀྱི་བདེ་བ་དང་སྡུག་བསྔལ་ནི་བརྟན་པ་དང་བྲལ་བ་ཡིན་ལ། ལུས་ཉིད་ཀྱི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་དང་ཁྱད་པར་མེད་པས་དེ་ནི་བརྟན་པ་ཁོ་ན་ཡིན་པས་

དབང་པོ་གཅིག་གོ་ཞེས་སོ། །གཞན་དག་ནི་གཞན་དུ་ལུས་ཀྱི་བདེ་བ་མཛའ་བཤེས་རྣམས་ལ་འཇུག་ལ། གཞན་དུ་སེམས་ཀྱི་སྡུག་བསྔལ་ཡང་དགྲ་བོ་རྣམས་ལ་སྟེ། དེ་བཞིན་དུ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་བར་མ་རྣམས་ལའོ། དེའི་ཕྱིར་བར་
མའི་ཕྱོགས་ལ་བཏང་སྙོམས་ནི་ཁྱད་པར་མེད་པའི་ཕྱིར་དབང་པོ་ཐ་དད་པར་མ་བསྟན་ཏོ་ཞེས་སེམས་སོ། །ཟག་པ་མེད་པ་རྣམས་ཀྱི་སྐབས་སུ་བབ་ལ། དེ་དག་ལ་ནི་ལོགས་སུ་བསྟན་པར་བྱ་བ་ཅུང་ཟད་ཀྱང་མེད་མོད་ཀྱི། འོན་ཀྱང་མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་
ཡིན་ཞེས་ལམ་གསུམ་དུ་དབང་པོ་དགུ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པར་བརྗོད་དོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་རྣམས་བུམ་པ་བཞིན་དུ་བཏགས་པའི་ཡོད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན་མི་འགྱུར་ཏེ། དབང་བྱེད་པའི་དོན་ནི་དབང་པོའི་དོན་
ཡིན་ལ། ཚོགས་པ་དག་ཀྱང་རེ་རེ་ཞིང་དབང་བྱེད་པའོ། །མཐོང་བའི་ལམ་ལ་སོགས་པ་དང་པོ་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་དབང་པོའོ། །བདེ་བ་ལ་སོགས་པ་ཚོར་བའི་དབང་པོ་གསུམ་ནི་ཅི་རིགས་པར་ཏེ། མཐོང་བ་དང་སྒོམ་པའི་ལམ་དག་ནས་དྲུག་
པ་དང་ས་དགུ་པ་ཡིན་པའི་ཕྱིར་རོ། །དགེ་ལ་ཐམས་ཅད་དག་ཏུ་ལྔ། །ཞེས་བྱ་བ་དང་པོ་ལ་སོགས་པ་དག་ནི་ཐམས་ཅད་ན་ཡོད་ཀྱི། བདེ་བ་དང་ཡིད་བདེ་བ་དང་། བཏང་སྙོམས་རྣམས་ནི་དེ་ལྟར་ཅིག་ཅར་སྲིད་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་འདི་དག་ལ་གནས་སྐབས་གསུམ་དུ་ཀུན་ཤེས་
པར་བྱེད་པའི་དབང་པོ་ལ་སོགས་པ་ཉིད་ཅེས་བྱ་ཞེ་ན། མཐོང་བའི་ལམ་ལ་ནི་བདེན་པ་བཞི་མི་ཤེས་པ་ཀུན་ཤེས་སོ་སྙམ་དུ་ཞུགས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ནོ། །སྒོམ་པའི་ལམ་ལ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱེད་པ་ནི་མེད་ཀྱི་ཞེས་བྱ་བ་ནི་ཀུན་ཤེས་པའི་དབང་པོ་
ཉིད་ཀྱིས་ཤེས་པའི་བདེན་པ་བཞི་རྣམས་སོ། །དེའི་ཕྱིར་སྒོམ་པའི་ལམ་ལ་སྔོན་མེད་པ་ཀུན་ཤེས་པར་བྱ་བ་མེད་དེ། དེའི་ཕྱིར་བདེན་པ་བཞིའི་བདེན་པ་རྟོགས་པ་གང་ཡིན་པ་དེ་ཉིད་དབང་བའོ། །དེ་ཉིད་ཀུན་ཤེས་པར་བྱེད་པའོ་ཞེས་བྱ་བ་འབྱུང་སྟེ། སྒོམ་པའི་ལམ་ནི་མཐོང་

བའི་ལམ་གྱིས་མངོན་པར་རྟོགས་ཟིན་པའི་བདེན་པ་བཞིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་མཐོང་བའི་ལམ་ཉིད་ཀྱིས་བདེན་པ་བཞི་ཀུན་ཤེས་པར་བྱས་ན་ཡང་ཅིའི་ཕྱིར་བསྒོམ་པའི་ལམ་གྱིས་རྟོགས་པར་བྱེད་ཅེ་ན། ཕྲ་རྒྱས་ལྷག་མ་སྤང་བར་བྱ་བའི་
ཕྱིར་རོ། །འདི་ལྟར་མཐོང་བའི་ལམ་གྱིས་ནི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་སྤང་བར་བྱ་བའི་ཕྱིར་ཀུན་ཤེས་པར་བྱེད་པ་ཡིན་ལ། སྒོམ་པའི་ལམ་གྱིས་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་ཀུན་ཤེས་པ་ཡིན་ནོ། །ཀུན་ཤེས་སོ་སྙམ་པ་དང་ལྡན་
པར་རྟོགས་པ་ནི་ཀུན་ཤེས་ལྡན་པ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་སྐད་ཅིག་གོ། །དེ་འདི་ལ་ཡོད་པས་ཞེས་རྒྱ་ཆེར་འབྱུང་སྟེ། དེ་ལྟར་གྱུར་པ་ནི་ཀུན་ཤེས་ལྡན་པའམ་ཀུན་ཤེས་བསྲུང་བའི་དབང་པོའོ། །ཀུན་ཤེས་བསྲུང་བའི་ངང་ཚུལ་འདི་ལ་ཡོད་པས་ན་ལྡན་པ་སྟེ།
རྟོགས་པའི་དོན་ཏོ། །ཀུན་ཤེས་པའི་དབང་པོ་དང་འདི་ལ་ཁྱད་པར་ཅི་ཞིག་ཡོད། དེས་ཀྱང་ཀུན་ཤེས་པ་ཉིད་ཡིན་ནོ་ཞེ་ན་དེའི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དེ་ལྟ་བུའི་དབང་པོ་ནི་ཞེས་བྱ་བ་ནི་ཀུན་ཤེས་པ་རྟོགས་པ་དང་བསྲུང་བའི་ངང་ཚུལ་ཅན་གྱི་ཞེས་
བྱ་བའི་ཐ་ཚིག་གོ། །སློབ་དཔོན་འདུས་བཟང་ན་རེ་དེ་ལྟར་དབང་པོ་རྣམས་མིང་གི་སྒོ་ནས་ཉི་ཤུ་རྩ་གཉིས་དང་རྫས་སུ་ནི་བཅུ་བདུན་དུ་འགྱུར་ཏེ། མོ་དང་ཕོའི་དབང་པོ་དག་ལུས་ཀྱི་དབང་པོའི་ཕྱོགས་གཅིག་ཡིན་པའི་ཕྱིར་དང་། ཟག་པ་མེད་པ་མེད་པ་རྣམས་ཀྱང་དགུ་པོ་རྣམས་ལས་གཞན་མ་ཡིན་པའི་ཕྱིར་རོ་
ཞེས་ཟེར་རོ། །མཐོང་བསྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་ཞེས་པ་ཡང་སྲིད་པའི་དབང་དུ་བྱས་ནས་བཤད་པ་སྟེ་རྣམ་པ་ལས་ནི་མ་ཡིན་ནོ། །རྣམ་པ་ལས་ནི་ཤེས་རབ་ཀྱི་རང་བཞིན་གསུམ་གོང་ནས་གོང་དུ་མྱ་ངན་ལས་འདས་པ་ཐོབ་པས། དབང་བྱེད་པས་འདི་དག་ཨ་ས་མ་དྷཱ་ནཱ་ད་པྲ་བརྱ་ཏྭཙྪཱ་<མཉམ་དང་འཁྱོག་པ་མ་ཡིན་པའི་ཕྱིར་དང་།>
དགོངས་པ་ཅན་ཞེས་པའི་ཚིག་གིས་འཕངས་པའོ། །ཤེས་རབ་ཀྱི་ལྡོག་པ་ལས་འདི་དག་དབང་པོ་བཅུ་དགུར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་ལུས་ཀྱི་དབང་པོ་ཁོ་ནའི་དང་བའི་ཁྱད་པར་ལ་དབང་བྱེད་པའི་དབྱེ་བ་ལས་མོ་དང་ཕོའི་དབང་པོ་ཞེས་བྱ་བར་འགྱུར་ཞིང་།

དེ་བཞིན་དུ་དབང་པོ་དགུ་པོ་རྣམས་གནས་སྐབས་གསུམ་ཉིད་དུ་འགྱུར་བ་ལས་ཤེས་རབ་ཀྱི་འཇུག་པ་གསུམ་དུ་བརྗོད་པར་བྱའོ། །བསམ་གཏན་དང་གཟུགས་མེད་པ་བཞིན་སྔ་མ་སྔ་མ་ལ་རག་ལས་པས་ཕྱི་མ་ཕྱི་མ་ཐོབ་པས་ན་ཕྱི་མ་ཕྱི་མ་མྱ་ངན་ལས་འདས་པ་ཐོབ་པ་ལ་དབང་བྱེད་པ་འདི་དག་གི་
རང་བཞིན་ནོ། །གང་དུ་ཇི་ལྟར་སྤྲོས་པ་དེ་ལྟར་སྲིད་པ་མ་ཡིན་པས་དེ་སྤྲོས་པ་མ་ཡིན་ཞེས་བྱ་སྟེ། འདི་དག་ཇི་ལྟར་རྣམ་པར་གཞག་པ་དེ་ལྟར་སྲིད་པ་མ་ཡིན་པ་དེའི་ཕྱིར་འདི་སྤྲོས་པ་མ་ཡིན་པ་དང་དགོངས་པ་ཅན་མ་ཡིན་ནོ། །སརྦཱ་བཱ་ཆོས་རྣམ་པར་གཞག་པ་དགོངས་པ་ཅན་དུ་འགྱུར་
རོ། །གང་འདིར་རང་གི་ངོ་བོ་སྟོན་པའི་དབང་དུ་བྱས་ནས་ལུས་ཚོར་སིམ་པ་མ་ཡིན་གང་། སྡུག་བསྔལ་དབང་པོ་ཞེས་བྱ་བ་ལ་སོགས་པས་དེ་དག་གི་རང་གི་ངོ་བོ་བསྟན་ཅིང་འཆད་པར་འགྱུར་བའི་སྲོག་གི་དབང་པོ་ལ་སོགས་པ་རྣམས་རང་གི་ངོ་བོ་བསྟན་ཟིན་པར་བྱས་ཏེ། རང་གི་ངོ་བོ་བསྟན་
ནས་ཞེས་བྱ་བ་འདི་མངོན་པར་བརྗོད་དོ། །རྣམ་པའི་བྱེ་བྲག་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལ་སོགས་པ་སྟེ། ཆོས་མངོན་པའི་བསྟན་བཅོས་བསྟན་པ་གང་ཡིན་པ་འདི་ཡང་ཆོས་རབ་ཏུ་རྣམ་པར་དབྱེ་བའི་དོན་དུ་ཡིན་པའི་ཕྱིར་རོ། །གསུམ་
ནི་དྲི་མ་མེད་ཅེས་བྱ་བ་ལ། གསུམ་ནི་དྲི་མ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱ་སྟེ། དགུ་རྣམ་གཉིས་ཞེས་འབྱུང་བའི་ཕྱིར་དང་། ཟག་པ་མེད་པའི་ལམ་གསུམ་གྱིས་བསྡུས་པའི་ཕྱིར་འདི་དག་ཟག་པ་དང་བཅས་པ་ནི་མེད་དོ། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །
ཟག་དང་བཅས་པ་ཁོ་ནའོ། །ཞེས་ངེས་པར་གཟུང་སྟེ། དགུ་རྣམ་གཉིས་ཞེས་འབྱུང་བའི་ཕྱིར་དང་། ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱིས་མ་བསྡུས་པའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ཅན་རྣམས་བརྗོད་པ་འཇུག་པའི་རྒྱུ་མཚན་
བསྟན་པའི་ཕྱིར་སྨོས་སོ། །དགུ་རྣམ་གཉིས་ཞེས་བྱ་བ་ནི། །ལམ་དང་ལམ་མ་ཡིན་པས་བསྡུས་པའི་ཕྱིར་རོ། །གལ་ཏེ་མཐའ་གཅིག་ཏུ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ངེས་པར་གཟུང་བའི་ཕྱིར་དགུ་རྣམ་གཉིས་ཞེས་བྱ་བ་སྨོས་ཀྱང་། གཉིས་ཉིད་དུ་རྟོགས་པར་འགྱུར་བ་མ་ཡིན་

ནམ་ཞེ་ན། འདི་ནི་བཞི་ཁོ་ན་མ་ཡིན་གྱི་དགུ་ཆར་ཡང་རྣམ་པ་གཉིས་ཡིན་ནོ་ཞེས་དད་པ་ལ་སོགས་པ་མཐའ་གཅིག་ཏུ་ཟག་པ་མེད་པ་ཉིད་ཡིན་པ་དགག་པར་བྱ་བའི་ཕྱིར་ཡིན་པར་འགྱུར་རོ། །ཁ་ཅིག་ན་རེ། དད་པ་ལ་སོགས་པ་རྣམས་ཟག་པ་མེད་པ་ཁོ་ན་
ཡིན་གྱི། ཟག་པ་དང་བཅས་པ་ནི་མེད་དོ་ཞེས་ཟེར་རོ། །དོན་དེ་ལ་ཁུངས་སྨྲས་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི། ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པར་རོ། །ཐམས་ཅད་ཅེས་བྱ་བ་ནི་ལྔ་ཆར་ཞེས་བྱ་
བའི་དོན་ཏོ། །འདི་ལྟར་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཟག་པ་མེད་པ་ལྟར་སོ་སོ་སྐྱེ་བོ་རྣམས་ལ་མེད་པ་མ་ཡིན་ལ། དད་པ་ལ་སོགས་པ་རྣམས་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡོད་པ་མ་ཡིན་ཏེ་དགག་པ་མཛད་པའི་ཕྱིར་རོ། །དེའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་
སོ་ཞེ་ན། འདི་དད་པ་ལ་སོགས་པ་རྣམས་ཟག་པ་མེད་པ་ཡིན་པའི་ཤེས་བྱེད་དུ་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ཟག་པ་མེད་པའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་མེད་པར་དད་པ་ལ་སོགས་པ་དབང་པོ་རྣམས་ཀྱི་དབང་དུ་མཛད་པར་གྱུར་ན་ནི་ཁུངས་སུ་
འགྱུར་བ་ཞིག་ན། འདི་ནི་ཟག་པ་མེད་པ་རྣམས་ཁོ་ནའི་དབང་དུ་མཛད་པ་ཡིན་ཏེ། དེའི་ཕྱིར་འདི་ཁུངས་སུ་མི་རུང་ངོ་། འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་འདི་ལྟར་འཕགས་པའི་གང་ཟག་རྣམ་པར་གཞག་པའི་དབང་དུ་མཛད་ནས་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །འདི་ལྟར་ཞེས་བྱ་བ་ནི་
གང་གི་ཕྱིར་གྱི་དོན་ནོ། །མདོ་ལས་དགེ་སློང་དག་དབང་པོ་ལྔ་པོ་འདི་དག་ཙམ་སྟེ། ལྔ་གང་ཞེ་ན་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དགེ་སློང་དག་དབང་པོ་ལྔ་པོ་འདི་དག་
རབ་ཡིན་པའི་ཕྱིར་དང་རྣོ་བ་ཡིན་པའི་ཕྱིར་དང་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལས་ཆེས་རྟུལ་བ་ནི་དགྲ་བཅོམ་པ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡིན་ནོ། །དེ་བས་ཆེས་རྟུལ་བ་དག་གིས་ནི་རྣམ་པར་གྲོལ་བ་དུས་

དང་སྦྱོར་བ་ཡིན་ནོ། །དེ་བས་ཆེས་རྟུལ་བ་དག་གིས་ནི་མཐོང་བས་ཐོབ་པའོ། །དེ་བས་ཆེས་རྟུལ་བ་དག་གིས་ནི་དད་པས་མོས་པའོ། །དེ་བས་ཆེས་རྟུལ་བ་དག་གིས་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་བས་ཆེས་རྟུལ་བ་ནི་དད་པའི་རྗེས་སུ་འབྲང་བ་ཡིན་ནོ་ཞེས་བྱ་བ་ནས། དགེ་
སློང་དག་འདི་ལྟར་དབང་པོའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་གང་ཟག་གི་ཕ་རོལ་ཏུ་ཕྱིན་པ་གདགས་སོ། །གང་ལ་དབང་པོ་ལྔ་པོ་འདི་དག་ཐམས་ཅད་དུ་མེད་པར་ནི་ཕྱི་རོལ་སོ་སོ་སྐྱེ་བོའི་
ཕྱོགས་ལ་གནས་པར་སྨྲའོ་ཞེས་བྱ་བའི་བར་དུ་གསུངས་སོ། །དེའི་ཕྱིར་དེ་ལྟར་ན་འཕགས་པའི་གང་ཟག་རྣམ་པར་གཞག་པར་མཛད་ནས། གང་ལ་དབང་པོ་ལྔ་པོ་འདི་དག་ཅེས་བྱ་བར་གསུངས་ཏེ། གང་དག་འདིར་དབང་དུ་མཛད་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །དེ་
ལྟ་མ་ཡིན་ན་གང་ལ་དབང་པོ་ལྔ་འདི་དག་ཅེས་མི་གསུང་བར་འགྱུར་བ་ཞིག་གོ། །དེའི་ཕྱིར་དེར་དད་པ་ལ་སོགས་པའི་དབང་པོ་ཐམས་ཅད་ཀྱི་དབང་དུ་མཛད་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །དེའི་ཕྱིར་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་ཟག་པ་དང་བཅས་པ་དག་དང་ལྡན་
པ་མི་འགལ་ལོ། །ཡང་ན་སོ་སོ་སྐྱེ་བོ་རྣམ་པ་གཉིས་ཏེ། །ནང་པ་དང་ཕྱི་རོལ་པའོ། །དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པ་ནི་ནང་པ་ཞེས་བྱ་སྟེ། བདེན་པ་མངོན་པར་རྟོགས་པར་རུང་བའི་ཕྱིར་དང་། དེའི་ཚོགས་སོག་པར་རུང་བའི་ཕྱིར་རོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ནི་
ཕྱི་རོལ་པ་སྟེ་བཟློག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཕྱི་རོལ་གསུངས་པ་ལ་དོན་མི་གསལ་བར་འགྱུར་རོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་། ཀུན་ཏུ་མ་ཆད་པ་གཉིས་ཆར་འཕགས་པའི་ཆོས་མ་ཐོབ་པར་མཚུངས་པའི་སྒོ་ནས་སོ་སོ་སྐྱེ་བོའི་ཕྱོགས་ལ་གནས་པས་ནང་པ་ལས་
ཁྱད་པར་དུ་བྱ་བའི་ཕྱིར་ཕྱི་རོལ་ཞེས་གསུངས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་རྣམ་པར་རོ། །ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་ཆུང་ངུའི་ཆུང་ངུ་ཡང་མེད་པའོ། །ནང་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་བྱ་བ་ནི་གང་ཞིག་འཇིག་རྟེན་

པའི་རྒྱུ་ལ་ཡང་མ་ཡིན་ཞེས་དགོངས་པའོ། །ཕྱི་རོལ་ཞེས་བྱ་བ་ནི་ཤཱཀྱའི་སྲས་མ་ཡིན་པའི་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་ཞེས་བྱ་བ་སྟེ། འཕགས་པའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ལ་གནས་པའོ། །དེ་ལྟ་མ་ཡིན་ན་གང་ལ་དབང་པོ་
ལྔ་པོ་འདི་དག་མེད་པ་དེ་ནི་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུང་བར་མི་འགྱུར་རོ། །དང་པོ་ལ་རྣམ་གྲངས་ནི། ནང་ནི་བདེན་པ་མཐོང་བའོ། །ཕྱི་རོལ་ནི་བདེན་པ་མ་མཐོང་བ་སྟེ། འཕགས་པ་ལ་བདེན་པ་བཞིའི་ཆོས་རྣམས་མ་ཐོབ་པའི་ཕྱིར་སོ་སོ་སྐྱེ་བོའི་
ཕྱོགས་ལ་གནས་པའོ། །དད་པ་ལ་སོགས་པ་ཟག་པ་དང་བཅས་པ་ཉིད་དུ་རབ་ཏུ་སྒྲུབ་པ་ལ་ཁུངས་གཞན་སྨོས་པ་ནི། མདོ་ལས་ཀྱང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། མདོ་འདི་ཡང་ཟག་པ་མེད་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེ་ན། དེའི་ཕྱིར་ཆོས་ཀྱི་འཁོར་ལོ་
མ་བསྐོར་བ་ཁོ་ནའི་ཚེ་ཞེས་བྱ་བ་དྲངས་ཏེ། ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ནི་འཇིག་རྟེན་ན་སེམས་ཅན་རྣམས་ལ་དད་པ་ལ་སོགས་པ་ཟག་པ་མེད་པ་རྣམས་ཡོད་པ་ཉིད་མི་འཐད་དེ་སངས་རྒྱས་འབྱུང་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་
ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་གོང་རོལ་ན་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པ་དག་ཟག་པ་དང་བཅས་པ་ཁོ་ནའོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་དབང་པོ་རྣོན་པོ་ལ་སོགས་པ་བསྟན་པ་ནི་ཡིད་ཀྱི་དབང་པོའི་དབང་དུ་མཛད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དད་པ་ལ་སོགས་པ་ཕུན་
སུམ་ཚོགས་པ་སྐལ་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་མདོ་ལས་ནི། སེམས་ཅན་དབང་པོ་རྣོན་པོ་དག་ཀྱང་མཆིས། །ཞེས་བྱ་བ་ནས། ཇི་སྲིད་བཅོམ་ལྡན་འདས་ཀྱི་ཆོས་ཀུན་ཤེས་པར་འགྱུར། །ཞེས་བྱ་བའི་བར་གསུངས་པས། དད་པ་ལ་སོགས་པ་ཕུན་སུམ་
ཚོགས་པས་སྐལ་བ་དང་ལྡན་པ་ཡིན་གྱི། ཡིད་ཀྱི་དབང་པོ་ཕུན་སུམ་ཚོགས་པ་ནི་མ་ཡིན་ནོ། །ཤེས་རབ་རྣམས་ཀྱང་ཡིན་ན་ནི་དགེ་བའི་རྩ་བ་ཆད་པ་རྣམས་སྐལ་བ་དང་མི་ལྡན་པའི་ཕྱིར་རོ། །ཡང་ངས་ཇི་སྐད་དུ་ཞེས་རྒྱ་ཆེར་འབྱུང་སྟེ། འདི་ནི་དད་པ་ལ་སོགས་པ་དག་ཟག་པ་

དང་བཅས་པ་ཉིད་དུ་རབ་ཏུ་སྒྲུབ་པ་ལ་ལུང་གཞན་ཡིན་ནོ་ཞེས་སྟོན་ཏོ། །ཅི་སྟེ་ཡང་མདོ་འདི་ཉིད་ཟག་པ་མེད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ་སྙམ་ན་དེའི་ཕྱིར་ཟག་པ་མེད་པ་རྣམས་ལ་ནི་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཡང་ལམ་ལས་ཡང་སྐྱེ་བ་དང་འགག་པ་ཡོད་པས་ཀུན་འབྱུང་
བ་དང་མི་སྣང་བ་གཉིས་སྲིད་མོད་ཀྱི། རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ནི་མི་སྲིད་པས་ལམ་ལ་ཡང་ཡོངས་སུ་བརྟགས་པ་རྣམ་པ་འདི་མི་རིགས་སོ། །དེའི་ཕྱིར་དད་པ་ལ་སོགས་པའི་དབང་པོ་རྣམས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ། །ཟག་པ་མེད་པ་
རྣམས་ཁོ་ན་ཇི་ལྟ་བར་གཉི་གར་སྨྲ་བ་རྣམས་ལ་བཟོད་པའི་གནས་སྐབས་སུ་བཞག་གོ་ཞེས་པའི་ཚིག་གིས་འཕངས་པ་དེ་ལྟར་མི་བརྗོད་དེ། སྔར་དབང་པོ་མ་ཡིན་པར་ཡོད་པའི་དད་པ་ལ་སོགས་པ་རྣམས་བཟོད་པའི་གནས་སྐབས་སུ་དབང་པོ་ཞེས་བརྗོད་དོ། །གང་གི་ཕྱིར་འདི་ནི་མཚུངས་
སོ། །འོ་ན་ཅི་ཞེ་ན་དབང་ཐོབ་པའི་ཕྱིར་ཏེ། བཟོད་པ་རྣམས་སུ་དབང་པོ་རྣམས་མཐུ་ཅན་དུ་གྱུར་པས་སོ། །རེ་ཞིག་གཅིག་ཏུ་ཞེས་བྱ་བ་ནི་བྱེ་བྲག་མེད་ཅེས་བྱ་བའི་དོན་ཏོ། །སྲོག་ནི་རྣམ་སྨིན་ཞེས་བྱ་བ་ལ་སྲོག་གི་དབང་པོ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་སྟེ། བཅུ་
གཉིས་གཉིས་ཞེས་འབྱུང་བའི་ཕྱིར་རོ། །སྲོག་གི་དབང་པོ་གང་ཡིན་པ་དེ་གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་ཚེ་རབས་གཞན་གྱི་ལས་ཡིན་ནམ་འོན་ཏེ་ད་ལྟར་བྱུང་བའི་ཚེ་རབས་ཀྱི་ཡིན་ཞེས་བྱ་བའོ། །བསྟན་བཅོས་ལས་ཞེས་བྱ་བ་ནི། དེ་སྐྱེ་བ་ད་ལྟར་བའི་ལས་ཀྱི་འབྲས་
བུ་ཡིན་ནོ་ཞེས་ལུང་གིས་སྟོན་པར་བྱེད་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་མ་ཡིན་པའོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ཐོབ་པའོ། །སེམས་ལ་དབང་ཐོབ་པ་ཞེས་བྱ་བ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །གང་ཟག་ལ་ཞེས་བྱ་བ་ནི་གང་
དུ་མཐོང་བའི་ཆོས་ལ་མྱང་བར་འགྱུར་བ་སྟེ། དེ་བསམས་ཏེ་དེ་ཆེར་བསམས་ཤིང་སེམས་ལ་བཞག་སྟེ་འདུན་པ་བསྐྱེད་ནས་སོ། །ཇི་ལྟར་ཞེ་ན་བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཚེའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་དུའོ། །དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་

གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ། སྨོན་ལམ་དེའི་ཤུགས་དང་རབ་ཀྱི་མཐའ་པའི་མཇུག་ཐོགས་སུ་བརྗོད་པའི་རྣམ་པར་རིག་བྱེད་ཀྱི་ཤུགས་ཀྱིས་དགེ་འདུན་ནམ་གང་ཟག་ལ་འབུལ་བའི་སེམས་པའི་མཚན་ཉིད་ཅན་གྱི་ལས་ཀྱིས་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་
གང་ཡིན་པ་ཚེའི་རྣམ་པར་སྨིན་པར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་དེ་ཡང་དགེ་འདུན་ནམ་གང་ཟག་ལ་འབུལ་བའི་སེམས་པའི་འབྲས་བུ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ཁོ་ནའོ། །རྣམ་པར་སྨིན་པ་ན་ཅི་ལྷག་མ་རྣམ་པར་སྨིན་པར་བྱེད་དོ་ཞེས་བྱ་བ་འབྱུང་ངོ་། །དུས་མ་ཡིན་པར་འཆི་བས་ཚེའི་རྣམ་
པར་སྨིན་པ་ཡོངས་སུ་རྫོགས་ཤིང་རྣམ་པར་སྨིན་པའི་ལས་གང་ཡིན་པ་དེའི་རྣམ་པར་སྨིན་པ་ལྷག་མ་སྟེ་རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་བསྒོམ་པའི་སྟོབས་ཀྱིས་དྲངས་ནས་སོ་སོར་མྱོང་བར་བྱེད་དོ། །དེའི་ཕྱིར་གཞན་དག་ནི་རྣམ་པ་འདིས་ཀྱང་སྲོག་གི་རྣམ་པར་སྨིན་པ་ཁོ་ན་ཡིན་པར་འགྱུར་
ཏེ། སྙོམས་པར་འཇུག་པའི་མཐུས་སྐྱེ་བ་གཞན་སྔ་མ་ལ་མྱོང་བར་འགྱུར་བར་ངེས་པའི་ལས་ཀྱིས་འཕངས་པའི་ཚེ་དག་དྲངས་ནས་འདིར་སོ་སོར་མྱོང་བར་བྱེད་དོ་ཞེས་ཟེར་རོ། །ཚེའི་འདུ་བྱེད་དག་ཇི་ལྟར་གཏོང་ཞེ་ན་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། དེའི་དེ་ལྟ་བུར་འགྱུར་རོ་ཞེས་བྱ་བ་ལ་ཚེའི་རྣམ་པར་སྨིན་པ་
ལོངས་སྤྱོད་ཀྱི་རྣམ་པར་སྨིན་པར་འགྱུར་རོ། །ལུས་དེ་ཉིད་ལ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལའོ། །ཚེ་དང་མཐུན་པ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྲོག་གནས་པ་དང་མཐུན་པ་དག་གོ། །རྣམ་པ་འདིས་ཀྱང་སྲོག་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ། །སྲོག་ཡོངས་སུ་རྫོགས་པར་
ངེས་པ་དུས་ལ་བལྟོས་པའི་རྣམ་པ་ཡིན་ཡང་མི་སྐྱེ་བའི་རྐྱེན་རྗེས་སུ་འཇུག་གོ་ཞེས་བྱ་བ་མི་རུང་སྟེ། རྣམ་པ་དེ་ལྟ་བུ་འབྱུང་བ་ཆེན་པོའི་རྐྱེན་མེད་པའི་ཕྱིར་ངེས་པར་དུས་ལ་བལྟོས་ཞེས་བྱའོ། །ལས་རྣམས་ནི་མ་ཡིན་ཏེ། དེའི་ཕྱིར་རྗེས་སུ་འཇུག་པའི་རྐྱེན་ཡོད་ན་རྗེས་སུ་འཇུག་གོ། །དེ་བཞིན་
དུ་རོ་དང་བཅུད་ལེན་ལ་སོགས་པའི་ནུས་པ་མི་འདྲ་བ་ཡིན་ནོ། །འགལ་བ་དག་ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་དག་སྟེ་ཚེ་དང་མཐུན་པ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ། དེ་དག་གཟུགས་ན་སྤྱོད་པ་དག་ནི་མ་ཡིན་ཏེ། དེ་དག་དང་འགལ་བ་ཉིད་ནི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །ལོངས་སྤྱོད་

ཀྱི་རྣམ་པར་སྨིན་པ་ལོངས་སྤྱོད་ཀྱི་འཕེན་པ་ཞིག་པའི་བྱེད་པ་ཅན་གང་ཡིན་པ་རབ་ཀྱི་མཐའ་པའི་མཇུག་ཐོགས་སུ་བརྗོད་པའི་རྣམ་པར་རིག་བྱེད་ཀྱི་སྟོབས་ཀྱིས་སླར་ཡང་ཚེ་འཕེན་པར་ནུས་པ་མ་ཡིན་ལ། ཚེའི་རྣམ་པར་སྨིན་པ་ཚེའི་འཕེན་པ་ཞིག་པས་ཀྱང་ལོངས་སྤྱོད་འཕེན་པར་འདོད་པ་མི་རིག་
པར་མཐོང་ནས་སློབ་དཔོན་གྱིས་འདི་ལྟ་བུ་ཡིན་ཏེ་ཞེས་བྱ་བ་རྒྱ་ཆེར་གསུངས་ཏེ། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་འབྱུང་བའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་མཐུ་ཁོ་ནས་དེ་ལྟར་མཐོང་ངོ་ཞེས་བྱ་བར་ཤེས་སོ། །གང་གིས་ཞེས་བྱ་བ་ཏིང་ངེ་འཛིན་
གྱི་མཐུ་ཁོ་ན་དང་སྦྱར་རོ། །ཚེ་རབས་གཞན་སྔ་མ་ལ་བྱས་པའི་ལས་ལས་སྐྱེས་པ་ནི་སྔོན་གྱི་ལས་ལས་སྐྱེས་པའོ། །གནས་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་རྒྱུན་ནོ། །གནས་པའི་དུས་ནི་གནས་པའི་དུས་སོ། །དེའི་འཕེན་པ་ནི་གནས་པའི་དུས་ལ་བལྟོས་པ་ཞེས་བྱ་བའི་དོན་ཏོ། །
འདིའི་འཕེན་པ་ཡང་ཅི་ཞེ་ན། ཡང་སྲིད་དུ་མཚམས་སྦྱོར་བའི་སྐད་ཅིག་སྟེ། གང་གི་རྒྱུན་དུ་དེ་སྲིད་དུ་འཇུག་པར་འགྱུར་ཞིང་སྔོན་གྱི་ལས་དག་གིས་དེ་ལྟ་བུའི་རང་བཞིན་གྱི་ནུས་པ་བཞག་པ་དེ་ནི་འཕེན་པའི་ཤུགས་ཞེས་བྱའོ། །ཉིང་མཚམས་སྦྱོར་བ་ཡང་རྣམ་པ་གསུམ་སྟེ། སྐད་ཅིག་མ་དང་
གནས་སྐབས་དང་རིས་མཐུན་པའི་མཚན་ཉིད་རྣམས་སོ། །དེ་ལ་སྐད་ཅིག་མའི་ཉིང་མཚམས་སྦྱོར་བ་ནི་སྐད་ཅིག་མ་ནས་སྐད་ཅིག་མ་གཞན་དུ་སྐྱེ་བའོ། །གནས་སྐབས་ཀྱི་ཉིང་མཚམས་སྦྱོར་བ་ནི་ལུས་ཀྱི་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པའོ། །རིས་མཐུན་པའི་ཉིང་མཚམས་སྦྱོར་བ་ནི་རིས་
མཐུན་པར་གཞན་རིས་མཐུན་པ་གཞན་དུ་སྐྱེད་པའོ། །དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་ཞེས་བྱ་བ་ལ། དབང་པོ་རྣམས་དང་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་ཀྱི་འཕེན་པ་སྔོན་གྱི་ལས་ལས་སྐྱེས་པ་ནི་ཏིང་ངེ་འཛིན་གྱི་མཐུས་ཟློག་པར་བྱེད་ལ། དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་
གནས་པའི་དུས་ཀྱི་འཕེན་པ་སྔོན་མེད་པ་ནི་ཏིང་ངེ་འཛིན་གྱི་མཐུས་འཕེན་པར་བྱེད་དེ། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་མཐུས་འཕངས་པའི་སྲོག་གི་དབང་པོ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ལ། དེ་ལས་གཞན་པ་ནི་རྣམ་པར་སྨིན་པ་ཡིན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པ་ལས་

གཞན་པ་སྔོན་གྱི་ལས་ལས་སྐྱེས་པ་གང་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་འདུས་བཟང་ན་རེ་འདི་ཡང་མི་རིགས་ཏེ། གང་གི་ཕྱིར་རྟོག་པར་བྱེད་པ་ནི་རྒྱས་པ་ལས་བྱུང་བ་ལ་སོགས་པ་ལས་ཆེས་གཞན་པར་བརྟག་པར་བྱའོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་རྒྱས་
པ་ལས་བྱུང་བ་ནི་མ་ཡིན་ཏེ། དེའི་རྣམ་པར་སྨིན་པ་སྲུང་བར་བྱེད་པའི་ཕྱིར་རམ་རྣམ་པར་སྨིན་པ་གནས་པར་བྱེད་པའི་ཕྱིར་རོ། །རྣམ་པར་སྨིན་པ་ཆད་པའི་རྒྱུད་རྣམས་ལ་རྒྱས་པ་ལས་བྱུང་བ་མི་རིགས་ཏེ། ཧ་ཅང་ཐལ་བའི་ཕྱིར་དང་རྒྱུ་མཐུན་ལས་བྱུང་བའི་མིག་ལ་སོགས་པ་རྣམས་རྒྱུ་མཐུན་པ་ལས་བྱུང་བ་
མ་ཡིན་པའི་ཕྱིར་རོ། །དགེ་བའམ་ལུང་དུ་མ་བསྟན་པ་རྒྱུ་མཐུན་པར་མི་འཐད་དེ། ཁམས་འཚོལ་བའི་ཉེས་པར་འགྱུར་བའི་ཕྱིར་དང་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་པ་རྣམ་པར་སྨིན་པའི་རྒྱུར་མི་འཐད་པའི་ཕྱིར་རོ། །དེ་བཞིན་ཁོ་ནར་ཡང་དམ་བཅས་པ་དེ་ལས་དོན་འདི་ཚིག་གིས་བརྗོད་པར་
བྱ་བ་དེ་ལྟར་བརྗོད་པར་འགྱུར་རོ། །འདི་ནི་མིང་ངོ་ཞེས་བྱ་སྟེ། རྒྱས་པ་ལས་བྱུང་བ་དེ་ཏིང་ངེ་འཛིན་གྱི་རྒྱུ་མཚན་ཉིད་ཀྱི་ཕྱིར་རྒྱས་པ་ལས་བྱུང་བ་མ་ཡིན་པ་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་རག་ལས་ཏེ་འཇུག་པར་འདོད་དེ། གཞན་དུ་ན་བཅུད་ལེན་ལ་སོགས་པའི་ནུས་པ་ལས་བྱུང་བ་སྐྱེ་བར་འགྱུར་ཏེ་མངལ་
དང་བྱིས་པ་དང་གཞོན་ནུ་དང་ལང་ཚོ་ལ་སོགས་པའི་གནས་སྐབས་རྣམས་སུ་དབང་པོ་འཕེལ་བ་མཐོང་བའི་ཕྱིར་རོ། །རྣམ་པར་སྨིན་པ་དང་རྒྱས་པ་ལས་བྱུང་བ་ཞེས་བྱ་བར་ཤེས་སོ། །དེ་ལྟ་མ་ཡིན་ན་རང་གི་རྟེན་བཅུ་གཅིག་འཕེལ་བ་ཉིད་རྣམ་པར་སྨིན་པར་འགྱུར་གྱི་གནས་མཐའ་དག་ལ་ཁྱབ་པར་བྱེད་པ་
པོ་ཉིད་མ་ཡིན་ནོ། །ཟས་ལ་སོགས་པ་ལ་བལྟོས་པ་ཡང་མ་ཡིན་ཏེ་རྣམ་པར་སྨིན་པའི་ལས་དེ་ཉིད་ཀྱིས་འཇུག་པར་འགྱུར་རོ། །གང་གི་ཕྱིར་རྣམ་པར་སྨིན་པ་ཁོ་ནར་འགྱུར་གྱི་རྒྱས་པ་ལས་བྱུང་བ་མ་ཡིན་པ་དེའི་ཕྱིར། རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་དག་ཕན་ཚུན་བལྟོས་པ་ཡོད་པར་
མི་འགྱུར་བས་འདི་ལ་སྐྱོན་མེད་དོ། །བཙུན་པ་གོ་ཆ་མཐའ་ཡས་ན་རེ། ཁྱད་པར་སྟོན་པ་དེ་དག་བཞི་ག་ཡང་སྐྱོན་དང་བཅས་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ཞེ་ན། དང་པོ་ལྟར་ན་ནི་ཚེའི་རྣམ་པར་སྨིན་པའི་ལས་མཐོང་བའི་ཆོས་ཀྱི་འབྲས་བུ་ཅན་འགྱུར་ན། ཚེའི་རྣམ་པར་སྨིན་པའི་ལས་ནི་མཐོང་བའི་

ཆོས་ལ་མྱོང་བར་འགྱུར་བར་ཡང་མི་རིགས་ཏེ། ལས་འབྲས་བུ་ཉེ་བ་འབྲས་བུ་རིང་བ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །གཉིས་པ་ལྟར་ན་ལས་རྣམས་ངེས་པ་མེད་པར་ཐལ་བར་འགྱུར་ཏེ་གལ་ཏེ་རྣམ་པར་སྨིན་པ་ལྷག་མ་སྨིན་པར་བྱེད་པར་འགྱུར་ན་ནི་ལས་གསུམ་པོ་མཐོང་བའི་ཆོས་དང་
ལན་གྲངས་གཞན་དང་སྐྱེས་ནས་མྱོང་བར་འགྱུར་བ་རྣམས་ངེས་པ་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདིར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་ལ། ལས་དེ་ཉིད་ཀྱི་རྣམ་པར་སྨིན་པ་ལྷག་མ་ནི་ལན་གྲངས་གཞན་ལ་ཡིན་ནོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མི་
མཐོང་བ་ནི་མཐོང་བའི་ཆོས་ལ་རྣམ་པར་སྨིན་པར་འགྱུར་ལ། དེ་ཉིད་ཀྱི་སྐྱེ་བ་གསུམ་པ་མ་ཡིན་ན་ལས་དེ་ཉིད་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བར་ཡང་འགྱུར་ཞིང་། དེ་ཉིད་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བར་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ནོ། །གསུམ་པ་
ལྟར་ན་ནི་གཟུགས་ན་སྤྱོད་པའི་འབྱུང་བ་ཆེན་པོ་རྣམས་ལ་འགལ་བ་ཉིད་མི་སྲིད་པའི་ཕྱིར་ཕན་འདོགས་པར་བྱེད་པར་གྱུར་པ་དེ་དག་ཚེ་རྒྱུན་གཅོད་པར་བྱེད་པར་ཇི་ལྟར་འགྱུར་ཏེ་གནོད་པར་བྱེད་པ་མ་ཡིན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བཞི་པ་ལྟར་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཟད་པའི་
ཕྱིར་དང་། སྔོན་མེད་པ་སྐྱེས་པའི་ཕྱིར་འཆི་འཕོས་པ་དང་སྐྱེས་པར་འགྱུར་ཏེ། དེའི་ཕྱིར་ཚེ་རབས་གཞན་བཞིན་དུ་སོ་སོར་ཐར་པའི་སྡོམ་པ་བཏང་བར་འགྱུར་ཏེ། བསླབ་པ་ཕུལ་དང་ཤི་འཕོས་དང་། །ཞེས་འབྱུང་བའི་ཕྱིར་རོ། །མཱ་ཏྲཱ་དྱ་བྷི་ག་མཻ་ཙ་ནཱ་ཏི་གུ་རུཿ <མཱ་ཏྲི་མ། ཨཱ་དི། ལ་སོགས། ཨ་བྷི་ག་མེ། མངོན་པར་འགྲོ་བ། ལྕི་ཡང་གི་དོན་རགས་པ། ཨ་ཏི་གུ་རུཿཧ་ཅང་ལྕི་བ།> ལས་ཀྱིས་འབྲེལ་བར་འགྱུར་
ཞེས་བྱ་བ་འདིར་འཆི་འཕོ་བའམ་སྐྱེ་བར་མི་རུང་སྟེ། སྔར་གྱི་རིས་མཐུན་པ་རྗེས་སུ་འཇུག་པའི་ཕྱིར་དང་སྔར་གྱི་རིས་མཐུན་པ་མ་ཡིན་པ་ཉེ་བར་ལེན་པ་མེད་པས་དེའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བ་མེད་དོ། །
དེ་ཉིད་ཀྱིས་རང་གི་ལུགས་སྨྲས་པ་ནི། ཚེ་མ་ངེས་པ་འཕེན་པ་ཡིན་ཏེ། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་འབྱུང་བའི་ཕྱིར་དུས་མ་ངེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་མ་ངེས་པའི་ཚིག་ནི་ཇི་ལྟར་གཞན་དུ་ཐམས་ཅད་ཀྱི་ཚེ་དུས་མ་ངེས་པ་དེ་བཞིན་དུ་འདིར་མེད་དོ་

ཞེས་བསྟན་པའི་ཕྱིར་རོ། །དེ་ལ་ངེས་པ་མེད་པའི་ཕྱིར་རོ། །ཐམས་ཅད་དུ་བསྐལ་པའི་མཐའ་ལ་བལྟོས་ནས། ཐ་མར་ནི། ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་བྱ་བའི་ཁྱད་པར་བསྟན་པ་དགོས་པ་མེད་དོ། །གང་བཤད་པ་སྐྱེ་བར་ངེས་པར་ཁས་བླངས་ནས་
བཅོམ་ལྡན་འདས་ཀྱིས་དེང་སང་མི་རྣམས་ནི་ཚེ་ལོ་བརྒྱ་པའོ་ཞེས་གསུངས་ཤེ་ན། དེ་ལས་གོང་དུ་གནས་པའི་ཆ་རྐྱེན་འབྱུང་བ་ཆེན་པོ་མེད་པའི་ཕྱིར་རོ། །དེང་སང་ཚེ་སྐྱེ་བ་ན་ལོ་བརྒྱར་སྐྱེའོ་ཞེས་བྱ་བའི་དོན་ཅི་ཞེ་ན། ཐམས་ཅད་དུ་ལོ་བརྒྱ་ལས་གོང་དུ་གནས་པའི་ཆ་རྐྱེན་དུ་གྱུར་པའི་འབྱུང་བ་མེད་
དོ། །གལ་ཏེ་སྔོན་གྱི་སྲིད་པ་ཡང་སྲིད་པ་འདི་ཉིད་ཀྱིས་འཕེན་པར་བྱེད་པ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ལྟར་འདོད་ན་བསོད་ནམས་ཟད་པ་ལས་འཆི་བར་འགྱུར་གྱི་ཚེ་ཟད་པ་ལས་མ་ཡིན་པ་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་མུ་བཞི་ལ་གནོད་པར་འགྱུར་རོ། །གང་ཡང་འདིར་ལན་བརྗོད་པ། འབྱུང་
བ་ཆེན་པོ་རྣམས་ནི་རྣམ་པ་གཉིས་ཏེ། རབ་ཏུ་གྲགས་པ་སྲོག་གནས་པའི་ཆ་རྐྱེན་དུ་གྱུར་པ་དང་རབ་ཏུ་མ་གྲགས་པ་སྲོག་གནས་པའི་ཆ་རྐྱེན་དུ་གྱུར་པ་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་བསྒྲུབས་པ་རྣམས་སོ། །རབ་ཏུ་གྲགས་པ་སྲོག་གནས་པའི་རྒྱུར་གྱུར་པ་ཟས་ལ་སོགས་པའི་འབྱུང་བ་ཆེན་པོ་སྟེ། དེ་
མ་ཚང་བ་དང་ཞིག་པ་དང་བསོད་ནམས་ཟད་པ་ལས་འཆི་བར་གསུངས་པས་སྐྱོན་མེད་དོ་ཞེས་བྱ་བ་འདིར་ཡང་ཕྱོགས་སྔ་མའི་ལན་དུ་སྦྱར་རོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ནི། འོ་ན་དགེ་སློང་དགྲ་བཅོམ་པའི་ཚེའི་འདུ་བྱེད་དག་འཇོག་པར་བྱེད་པའི་ཞེས་བྱ་བའི་དྲི་བ་དེ་ལས་དྲི་བ་གཞན་འདི་འབྱུང་ངོ་། །ཅིའི་
ཕྱིར་ཚེའི་འདུ་བྱེད་དག་བྱིན་གྱིས་རློབ་པར་བྱེད་ཅེ་ན་ཞེས་བྱ་བ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཞན་ལ་ཕན་པའི་དོན་དུའོ། །གཞན་ནི་བསྟན་པ་གནས་པར་བྱ་བའི་དོན་དུ་ཡང་ངོ་། །གལ་ཏེ་བསྟན་པ་གནས་པ་ཡང་གཞན་ལ་ཕན་པའི་དོན་ཁོ་ན་མ་ཡིན་ནམ་ཞེ་ན། འདི་ལ་ཁྱད་པར་ཡོད་དེ་
བསྟན་པ་གནས་པར་གྱུར་ཀྱང་གཞན་ལ་ཕན་པ་འགའ་ཞིག་ལ་གཞན་གྱིས་ནུས་པ་མཐོང་ངོ་། །དེ་ཉིད་ཀྱི་ཕྱིར་དེ་ལས་གཞན་ནུས་པ་ཡང་མ་མཐོང་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །གཞན་ལ་ཕན་པ་ཆུང་བ་དང་ཞེས་བྱ་བ་ནི། ཆོས་གོས་དང་བསོད་སྙོམས་ལ་སོགས་པ་བསླང་བ་ཉེ་བར་ལོངས་སྤྱོད་

པས་བྱས་པའོ། །ནད་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ནི་ནད་དང་འབྲས་དང་ཟུག་རྔུ་ལ་སོགས་པ་ལྟ་བུ་སྟེ་སྡུག་བསྔལ་དུ་མ་དང་ལྡན་པའི་ཕྱིར་རོ། །ཚེ་ཟད་པར་གྱུར་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་དུས་སུའོ། །མིའི་ནང་དག་ཏུ་ཞེས་བྱ་སྟེ་མིའི་ནང་ཁོ་ན་རེ་
སངས་རྒྱས་འབྱུང་བ་དང་བསྟན་པ་གནས་པའི་ཕྱིར་རོ། །གླིང་གསུམ་པོ་དག་ཏུ་ཞེས་བྱ་བ་ནི་མིའི་ནང་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་སྟེ། བསྟན་པ་མེད་པའི་ཕྱིར་བྱང་གི་སྒྲ་མི་སྙན་དུ་ནི་མ་ཡིན་ནོ། །ཕོ་མོ་དག་ཅེས་བྱ་བ་ནི་ཟ་མ་ལ་སོགས་པ་དག་ལ་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །
གཉི་ག་སྨོས་པ་ནི་དགྲ་བཅོམ་པ་དུས་དང་མི་སྦྱོར་རྣམ་པར་གྲོལ་བའི་ཡིན་གྱི། ཕྱིར་མི་འོང་བ་དང་རྣམ་པར་གྲོལ་བ་དུས་དང་སྦྱོར་བའི་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །དེ་ནི་རབ་ཀྱི་མཐའ་པའི་བསམ་གཏན་ཐོབ་པས་ཏིང་ངེ་འཛིན་ལ་དབང་ཞིང་ཉོན་མོངས་པ་མེད་པས་ཉོན་མོངས་པ་དག་གིས་
ཀྱང་རྒྱུད་མ་བརྟན་པ་ཡིན་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྱིར་མི་འོང་བ་ལ་ནི་ཏིང་ངེ་འཛིན་ལ་དབང་བ་ཉིད་ཡོད་མོད་ཀྱི། ཉོན་མོངས་པ་དག་གིས་རྒྱུད་ཉེ་བར་མ་བརྟན་པ་ནི་མ་ཡིན་ཏེ་ཉོན་མོངས་པ་དང་བཅས་པའི་ཕྱིར་རོ། །རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ནི་ཉོན་མོངས་
པ་དག་གིས་རྒྱུད་ཉེ་བར་མ་བརྟན་པ་ཡིན་མོད་ཀྱི་ཏིང་ངེ་འཛིན་ལ་དབང་བ་ཉིད་མ་ཡིན་ཏེ་གཅིག་ནི་ཉོན་མོངས་པས་བཅིངས་ལ། གཉིས་པ་ལ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་མེད་དོ། །དེ་བཞིན་དུ་དུས་དང་སྦྱོར་བར་རྣམ་པར་གྲོལ་བ་སྨོས་པ་ནི་ཐ་དད་དོ། །ཁ་ཅིག་ན་རེ་ཏིང་ངེ་འཛིན་ལ་དབང་བ་ཉིད་
ཤེས་པར་བྱ་བའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་སྨོས་སོ་ཞེས་ཟེར་རོ། །དེ་ལྟར་ཡང་རབ་ཀྱི་མཐའ་པའི་བསམ་གཏན་ཐོབ་པས་ཐ་དད་དོ། །དེའི་ཕྱིར་ཉོན་མོངས་པས་རྒྱུད་ཉེ་བར་མ་བརྟན་པ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་དང་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །
དེ་ལྟ་ཡིན་པས་དགྲ་བཅོམ་པ་སྨོས་པ་དོན་མེད་པ་ཅན་དུ་བསྟན་པའི་ཕྱིར་རོ། །སྲོག་གཏང་བ་དང་བྱིན་གྱིས་རློབ་པའི་ཞར་ལ་འདི་དཔྱད་པར་བྱ་སྟེ། མདོ་ལས་བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །མིང་ཐ་དད་པས་དོན་ཐ་དད་པར་དགོས་ཏེ་

འདྲི་བ་ནི། དེ་དག་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བའོ། །སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཞེས་འབྱུང་བའི་ཕྱིར་སྲོག་གི་འདུ་བྱེད་དག་ནི་ད་ལྟར་བྱུང་བའ