Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 11 / 28 (50.000 ký tự/trang)
ི་ལས་ཀྱི་འབྲས་བུ་ཡིན་པར་རྟོགས་སོ། །ཚེའི་འདུ་བྱེད་བཏང་ངོ་ཞེས་བྱ་བ་ནི་སྔར་བླངས་པ་བཏང་བ་ཡིན་ཏེ། སྔོན་གྱི་ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་དོ་ཞེས་བྱ་བར་ཤེས་སོ། །སྐད་ཅིག་མ་གཅིག་གཏོང་བའམ་བྱིན་གྱིས་རློབ་པ་ལ་ནི་དགོས་པ་ཡོད་པ་མ་ཡིན་ཏེ། དེས་གཞན་ལ་ཕན་པ་དང་བསྟན་པ་གནས་པའི་མཚན་ཉིད་ཅན་གྱི་དོན་ཐོབ་པར་མི་བྱེད་པའི་ཕྱིར་དང་། ཚེ་སྐད་ཅིག་མ་གཅིག་གཏོང་བའམ་བྱིན་ གྱིས་རློབ་པ་ལ་ནི་དགོས་པ་ཡོད་པ་མ་ཡིན་ཏེ། དེས་གཞན་ལ་ཕན་པ་དང་བསྟན་པ་གནས་པའི་མཚན་ཉིད་ཅན་གྱི་དོན་ཐོབ་པར་མི་བྱེད་པའི་ཕྱིར་དང་། ཚེ་སྐད་ཅིག་མ་གཅིག་ལུས་པ་ལ་གཏོང་བ་དང་བྱིན་གྱིས་རློབ་པའི་སེམས་ཀུན་ཏུ་སྦྱོང་བ་མི་རིགས་པའི་ཕྱིར་རོ། །དུས་གཞན་གྱི་བར་དུ་འདུག་པའི་ཞེས་བྱ་བ་ལ། འདིས་ནི་ཚེ་སྐད་ཅིག་མ་ཉིད་དུ་སྟོན་པར་བྱེད་དོ། །གནས་པའི་ངང་ཚུལ་ནི་འདུག་པའོ། །འདུ་བྱེད་མང་པོ་རྣམས་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། འདིས་ཅི་རིགས་པར་གཟུགས་ལ་སོགས་པ་ལྔ་དང་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་མཚན་ཉིད་ཅན་སྲོག་གི་དབང་པོ་འགོག་ པར་བྱེད་དེ། དེ་ཉིད་ཀྱི་ཕྱིར་ཚེའི་རྫས་གཅིག་པུ་ནི་མེད་དོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ཚེའི་དབང་པོ་རྫས་ཡོད་པར་གྱུར་ན་ནི་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ཞེ་ན། སྲོག་དག་བྱིན་གྱིས་བརླབས་ནས་ཚེ་དག་གཏང་ངོ་ཞེས་གསུངས་པར་འགྱུར་རོ། །ཁྱད་པར་གྱི་དོན་ དུ་སྲོག་གི་མིང་ཅན་གྱི་འདུ་བྱེད་བྱིན་གྱིས་བརླབས་ཏེ། དེ་ལས་གཞན་པའི་ཚེའི་འདུ་བྱེད་བཏང་ནས་སོ་ཞེས་གཞན་དག་ཟེར་རོ། །གཞན་དག་ན་རེ་བཏགས་པར་ཡོད་པའི་ཚེའོ་ཞེས་འདི་ཤེས་པར་བྱ་བའི་ཕྱིར་འདུ་བྱེད་ཀྱི་ཚེ་ཚིག་དང་མང་པོའི་ཚིག་གོ་ཞེས་ཟེར་རོ། །ཅིའི་ཕྱིར་ཟླ་བ་གསུམ་ཁོ་ན་བྱིན་གྱིས་བརླབས་ ཀྱི་ལྷག་པ་དང་ཆད་པ་མ་ཡིན་ཞེ་ན། དེའི་ཕྱིར་གདུལ་བའི་དོན་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །དུས་དེ་ཙམ་གྱིས་ཀུན་ཏུ་རྒྱུ་རབ་བཟང་གི་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་ཟླ་བ་གསུམ་ལས་ལྷག་པར་བྱིན་གྱིས་བརླབས་པ་ལ་དགོས་པ་མེད་དོ། །གང་ཡང་རྫུ་འཕྲུལ་གྱི་རྐང་པ་ཞེས་རྒྱ་ཆེར་འབྱུང་བ་ལ། དེ་ ལྟ་མ་ཡིན་ན་ཚིག་ཙམ་དུ་འགྱུར་བས་སོ། །ཕུང་པོ་དང་འཆི་བདག་གི་བདུད་དག་ཅེས་བྱ་བ་ལ། ཕུང་པོའི་བདུད་ལས་རྒྱལ་བར་བྱ་བའི་ཕྱིར་ནི་བཏང་ལ། བཏང་ན་འགྲོངས་པར་འགྱུར་བས་དེ་ནས་འཆི་བདག་གི་བདུད་ལས་རྒྱལ་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་སོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་ནི་ཞེས་རྒྱ་ཆེར་ འབྱུང་སྟེ། ཇི་སྐད་དུ། ཁྱོད་ཀྱིས་བྱང་ཆུབ་བརྙེས་ནས་ནི། །འདོད་པའི་ཁམས་ཀྱི་དབང་ཕྱུག་བཏུལ། །བྱང་ཆུབ་བར་ཆད་མེད་ལམ་དུ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །ཞེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་དང་ལྷའི་བུ་དག་ནི་ཕུང་པོ་དང་འཆི་བདག་གི་བདུད་ལས་འདའ་བར་བྱ་བ་ ལ་བར་དུ་གཅོད་པའི་ཕྱིར་བདུད་ཉིད་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ནི་བདུད་བཞི་ལས་རྣམ་པར་རྒྱལ་བ་ཡིན་ནོ་ཞེས་བྱ་བར་འཐད་པ་ཡིན་ནོ། །བཅུ་གཉིས་གཉིས་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ཡང་ཡིན་ལ། རྣམ་པར་སྨིན་པ་མ་ཡིན་པའོ། །དབང་པོ་ཉི་ཤུ་རྩ་གཅིག་པོ་རྣམས་ལ་ཁྱད་པར་མེད་ པའི་ཕྱིར་དེ་དག་མི་ཤེས་པས་འདྲི་བ་ནི། བཅུ་གཉིས་གང་ཞེ་ན་ཞེས་བྱ་བའོ། །དེའི་ཕྱིར། ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །ཐ་མ་བརྒྱད་ནི་གཅིག་ཏུ་དགེ་བ་ཡིན་ལ། རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཡིད་མི་བདེ་བ་ཡང་དགེ་བའམ་མི་དགེ་བ་ཡིན་ གྱི་ལུང་དུ་མ་བསྟན་པ་ནི་མེད་དེ། དེའི་ཕྱིར་ཐ་མ་བརྒྱད་དང་ཡིད་མི་བདེ་བ་མ་གཏོགས་པའོ། །སྲོག་གི་དབང་པོ་ལས་གཞན་པ་རྣམས་ཞེས་བྱ་བ་ནི་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །སྲོག་གི་དབང་པོ་ལས་གཞན་པ་རྣམས་ཞེས་བྱ་བ་ནི་ཡིད་མི་བདེ་བ་ལས་གཞན་ཚོར་བ་བཞི་དང་ཡིད་དང་མིག་ལ་སོགས་ པ་བདུན་ནོ། །དེ་ལ་མིག་ལ་སོགས་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མིག་ལ་སོགས་པ་རྣམས་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་བྱུང་བ་མ་གཏོགས་པའི་བྱེ་བྲག་གཞན་མེད་པ་དེའི་ཕྱིར་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དགེ་བ་དང་ཉོན་མོངས་པ་ཅན་རྣམས་ དང་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །སྤྱོད་ལམ་པ་དང་བཟོའི་གནས་པ་དང་སྤྲུལ་པ་རྣམས་ནི་ཞེས་བྱ་བ་ནི་ལུང་མ་བསྟན་པ་ཡིན་ཡང་འབད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་འདི་དག་ནི་སྤྱོད་ལམ་པ་ལ་སོགས་པ་མངོན་ པར་འདུ་བྱ་བར་ཞུགས་པའི་ཕྱིར་རྟོག་པ་དང་བཅས་པ་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ནོ། །དེ་ལ་འདོད་པའི་ཁམས་ན་ནི་གསུམ་ཆར་ཡང་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་བཟོའི་གནས་མ་གཏོགས་པ་དག་གོ། །གཟུགས་མེད་པའི་ཁམས་ན་ནི་སྤྱོད་ལམ་ ལ་སོགས་པ་མེད་པའི་ཕྱིར་གསུམ་ག་ཡང་མེད་དོ། །དེ་ལ་འདོད་པ་ན་སྤྱོད་པའི་སྤྱོད་ལམ་པ་དང་བཟོའི་གནས་ལ་ནི་ཡིད་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་དག་གོ། །བདེ་བ་དང་སྡུག་བསྔལ་གཉིས་ཀ་ནི་མེད་དོ། དེ་དག་ནི་འདོད་པའི་ཁམས་ན་རྣམ་པར་ཤེས་པའི་ཚོགས་ལྔ་པ་ཡིན་ པའི་ཕྱིར་དང་། ཡིད་མི་བདེ་བ་ཡང་མ་ཡིན་ཏེ། དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་སྤྱོད་ལམ་པ་ལ་ནི་ཡིད་དང་བདེ་བ་དང་བཏང་སྙོམས་ཀྱི་དབང་རྣམས་སོ། །དེ་ལ་ནི་བསམ་གཏན་གསུམ་པའི་ཡིད་ཀྱི་ས་པའི་བདེ་བ་ཡོད་པ་ཡིན་ནོ། །སྡུག་བསྔལ་ནི་གཟུགས་ཀྱི་ ཁམས་ན་ནམ་ཡང་ཡོད་པ་མ་ཡིན་ནོ། །སྤྲུལ་པ་ནི་ས་ལྔ་ཆར་ལ་ཡང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་གཉིས་སོ། །བདེ་བ་དང་ཡིད་བདེ་བའི་དབང་པོ་གཉིས་ནི་མེད་དོ། །སྦྱོར་བའི་ཁྱད་པར་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །བཙུན་པ་གོ་ཆ་མཐའ་ཡས་ན་རེ། སྤྱོད་ལམ་པ་དང་བཟོའི་ གནས་དང་སྤྲུལ་པའི་སེམས་རྣམས་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་དང་མཚུངས་པར་ལྡན་པ་དེའི་ཕྱིར་ཅི་རིགས་པ་སེམས་དང་སེམས་ལས་བྱུང་བ་རྣམས་དང་ལྷན་ཅིག་དབང་བྱེད་དོ། །འདི་རྣམས་ཁོ་ན་དེར་སེམས་རྣམས་དང་ཡིད་ཀྱི་དབང་པོར་རིག་པར་བྱ་སྟེ་དེ་ལྟ་བུ་ནི་ཅི་རིགས་པའི་དོན་ཏོ་ཞེས་ཟེར་ རོ། །ལྷག་མ་རྣམས་ཞེས་བྱ་བ་ནི་གང་དག་རྣམ་པར་སྨིན་པའི་རྒྱུ་ལས་བཟློག་པ་དེ་དག་ནི་ཡིད་ལ་སོགས་པ་སྟེ་རྣམ་པར་སྨིན་པའོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ཞེས་བྱ་བ་ལ་དད་པ་ལ་སོགས་པ་བརྒྱད་དང་ཡིད་མི་བདེ་བའོ། །ཡང་ཇི་ལྟར་དེ་རྣམས་རྣམ་པར་སྨིན་པ་མ་ཡིན་པར་གྲུབ་ཅེ་ན། གཅིག་ཏུ་རྣམ་ པར་སྨིན་པ་ཉིད་དང་རྣམ་པར་སྨིན་པ་མ་ཡིན་པ་བསྟན་པ་ལས་སོ། །དེ་ལྟར་ན་སྲོག་གི་དབང་པོ་རྣམ་པར་སྨིན་པ་ཁོ་ནའོ། །དགུ་ནི་རྣམ་པར་སྨིན་པ་མ་ཡིན་པ་ཁོ་ནའོ། །བཅུ་གཉིས་ནི་རྣམ་པ་གཉིས་སོ། །མདོ་འདི་ཇི་ལྟར་དྲང་ཞེ་ན་ཞེས་བྱ་བ་ལ། གལ་ཏེ་ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་ བའི་ལས་ལྟར་ཡིད་མི་བདེ་བ་མྱོང་བར་འགྱུར་བ་ཡིད་མི་བདེ་བའི་རྣམ་པར་སྨིན་པའི་ལས་ཅན་དུ་མི་འདོད་པ་དེའི་ཕྱིར་མདོ་དང་འགལ་ལོ་ཞེས་སྟོན་ཏོ། །བདེ་བར་མྱོང་བར་འགྱུར་བའི་རེག་པ་ལྟར་མཚུངས་པར་ལྡན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ དབང་དུ་མཛད་ནས་ནི་མ་ཡིན་པས་མདོ་དང་འགལ་བ་མེད་དོ། །ལས་འདི་ལ་ཡིད་མི་བདེ་བ་མེད་པར་འགྱུར་བའམ་ཡིད་མི་བདེ་བ་སྟེ། མཚུངས་པར་ལྡན་པ་མྱོང་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །མྱོང་འགྱུར་རྣམ་པ་ལྔ་ཞེས་བྱ། །ཞེས་ཕྱི་ནས་འཆད་པར་འགྱུར་རོ། །འོ་ན་ནི་ཡིད་བདེ་བ་དང་ བཏང་སྙོམས་མྱོང་བར་འགྱུར་བའི་ལས་དག་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཡིད་མི་བདེ་བ་མྱོང་བར་འགྱུར་བའི་ལས་བཞིན་དུ་ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་དག་ཀྱང་མཚུངས་པར་ལྡན་པ་མྱོང་བར་འགྱུར་བ་ཁོ་ནའི་དབང་དུ་མཛད་ནས་སྟོན་པར་ཐལ་བར་འགྱུར་རོ། །ཡིད་བདེ་བ་དང་ བཏང་སྙོམས་དག་དང་མཚུངས་པར་ལྡན་པའི་ལས་ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡིན་པས། དེ་ལྟར་ན་ཡིད་བདེ་བ་དང་བཏང་སྙོམས་གཉིས་ཀྱང་ཡིད་མི་བདེ་བ་དང་འདྲ་བར་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། ། ཇི་ལྟར་དགའ་བ་དེ་ལྟར་ཡིན་ལ་རག་སྟེ། ཞེས་བྱ་བ་ནི་གཉི་ག་ལྟར་ཡང་འགལ་བ་མེད་པའི་ཕྱིར་རོ། །ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ནི་ཡིད་བདེ་བ་དང་བཏང་སྙོམས་རྣམ་པར་སྨིན་པ་ཅན་དང་། ཡིད་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ནི་གཉི་ག་ ལྟར་ཡང་འགལ་བ་མེད་དོ། །དེའི་ཕྱིར་ཇི་ལྟར་དགའ་བ་དེ་ལྟར་ཡིན་ལ་རག་གོ། །གོ་སྐབས་མེད་པས་དེ་ནི་དེ་ལྟར་ཤེས་སོ་ཞེས་བྱ་བ་ལ། གོ་སྐབས་མེད་པ་ནི་མི་སྲིད་པའོ། །གལ་ཏེ་ཡིད་མི་བདེ་བ་ལྟར་ཡིད་བདེ་བ་དང་བཏང་སྙོམས་དག་ལ་རྣམ་པར་སྨིན་པའི་གོ་སྐབས་མེད་པར་གྱུར་ན་ནི་དེའི་ཕྱིར་ ཡིད་བདེ་བ་དང་བཏང་སྙོམས་དག་ཀྱང་ཡིད་མི་བདེ་བ་དང་འདྲ་བར་མཚུངས་པར་ལྡན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་བསྟན་གྱི། རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་མ་ཡིན་པ་དེ་ལྟར་ཤེས་པར་འགྱུར་རོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། གོ་སྐབས་མེད་པས་ན་ཡིད་མི་བདེ་ བ་མྱོང་བར་འགྱུར་བ་དེ་ལས་དེ་ནི་མཚུངས་པར་ལྡན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་གསུངས་སོ་ཞེས་བྱ་བར་ཤེས་པར་འགྱུར་བ། ཡིད་མི་བདེ་བ་ལ་ནི་ཡིད་བདེ་བ་དང་བཏང་སྙོམས་ལྟར་རྣམ་པར་སྨིན་པ་སྲིད་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཡིད་མི་བདེ་བ་མྱོང་བར་ འགྱུར་བའི་ལས་ཀྱང་ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་གསུངས་སོ་ཞེས་བྱ་བར་རྟོགས་སོ། །ཚིག་ཙམ་གྱིས་དད་པར་མི་འགྱུར་བ་དེའི་ཕྱིར་རྣམ་པར་སྨིན་པའི་གོ་སྐབས་བཟློག་པའི་རྒྱུ་བྲིས་པ་ནི། འདི་ལ་རིགས་པ་ཅི་ཞིག་ ཡོད་ཅེས་བྱ་བ་ལ་སོགས་པའོ། །རྒྱུ་སྨྲས་པ་ནི། ཡིད་མི་བདེ་བ་ནི་ཞེས་རྒྱ་ཆེར་འབྱུང་སྟེ། ཡིད་མི་བདེ་བ་ནི་ཡིད་དུ་མི་འོང་བའི་བསམ་པ་ལ་སོགས་པ་ཀུན་ཏུ་རྟོག་པའི་ཁྱད་པར་དག་གིས་སྐྱེད་པར་བྱེད་ཅིང་ཞི་བར་བྱེད་པ་ཡིན་གྱི། རྣམ་པར་སྨིན་པ་ནི་དེ་ལྟར་མ་ཡིན་ནོ། །མིག་ལ་སོགས་པ་རྣམ་པར་སྨིན་པ་ནི་རྣམ་ པར་རྟོག་པ་ལ་མི་ལྟོས་པས་ལས་ཀྱི་འཕེན་པའི་དབང་གིས་འཇུག་པ་དང་ལྡོག་པ་ཉིད་ཡིན་ནོ། །དེ་ལྟར་ན་ཡིད་བདེ་བ་ཡང་དེ་དང་འདྲ་ཞེས་བྱ་བ་འདིས་འཁྲུལ་པར་སྟོན་ཏེ། ཡིད་བདེ་བ་ཡང་ཡིད་དུ་འོང་བའི་བསམ་པ་ལ་སོགས་པའི་རྣམ་པར་རྟོག་པ་དག་གིས་སྐྱེད་པར་བྱེད་ཅིང་ཞི་བར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་ རྣམ་པར་སྨིན་པར་འདོད་པས་འདི་ནི་རིགས་པ་མ་ཡིན་ནོ། །ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་པ་ཉིད་དུ་སྒྲུབ་པ་ལ་རིགས་པ་ནུས་པ་དང་ལྡན་པ་གཞན་སྨྲ་བ་ནི། འོ་ན་གལ་ཏེ་ཡིད་མི་བདེ་བ་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །དེའི་ཕྱིར་ཞེས་བྱ་བ་སྟེ། མཚམས་མེད་པའི་རྒྱུ་ཅན་གྱིས་ཡིད་མི་བདེ་བ་སྐྱེ་བས་ལས་ དེ་རྣམ་པར་སྨིན་པར་འགྱུར་རོ། །དེ་ལྟར་ན་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་གྱི་སྐྱེས་ནས་མྱོང་བར་འགྱུར་བ་ཡང་མ་ཡིན་ཞིང་དམྱལ་བ་མྱོང་བར་འགྱུར་བ་ཡང་མ་ཡིན་ནོ། །ཡིད་བདེ་བ་ཡང་དེ་དང་འདྲ་སྟེ་ཞེས་བྱ་བ་ལ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་དགེ་བ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ བ་ཉིད་ཡིན་ན་མི་རུང་བས་ཡིད་མི་བདེ་བཞིན་དུ་ཡིད་བདེ་བ་ཡང་རྣམ་པར་སྨིན་པ་ཁས་བླང་བར་མི་བྱའོ། །ཡིད་བདེ་བ་བཞིན་དུ་ཡིད་མི་བདེ་བ་ཡང་དེའི་རྒྱུ་མཚན་ལས་ལས་ཀྱི་རྣམ་པར་སྨིན་པའོ་ཞེས་ཁས་བླང་བར་མི་བྱའོ་ཞེས་དེ་ལྟར་འཁྲུལ་པ་སྨྲས་པ་དང་། ཡང་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་པ་ཉིད་ ལ་རྒྱུ་གཞན་སྨྲས་པ་ནི། འོ་ན་འདོད་ཆགས་དང་བྲལ་བ་ལ་ཞེས་རྒྱ་ཆེར་འབྱུང་བའོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་སྡུག་བསྔལ་གྱི་དབང་པོ་ལྟར་ཡིད་མི་བདེ་བ་རྗེས་སུ་འཇུག་པ་མ་ཡིན་ཏེ། སྟོན་པ་མྱ་ངན་ལས་འདས་ཀྱང་བདག་ལ་མྱ་ངན་ལ་སོགས་པ་མི་འབྱུང་ངོ་ཞེས་མདོ་ལས་བཀག་པའི་ ཕྱིར་རོ། །རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམ་པར་སྨིན་པ་ནི་འདོད་ཆགས་དང་བྲལ་བ་རྣམས་ལ་ལྡོག་པ་མ་ཡིན་ནོ། །དགོས་པ་མེད་པའི་ཕྱིར་ན་དགེ་བ་མངོན་དུ་བྱེད་པ་ཡང་མ་ཡིན་ཏེ། དེ་ནི་ཡིད་བདེ་བ་དང་འདྲ་བར་ཕན་འདོགས་པར་བྱེད་པས་ཡིན་ནོ། །དེ་དག་གི་ཡིད་ བདེ་བ་ཞེས་རྒྱས་པར་འབྱུང་བ་ལ། འདོད་ཆགས་དང་བྲལ་བ་རྣམས་ལ་ཡིད་བདེ་བ་དགེ་བ་སྙོམས་པར་འཇུག་པས་བསྡུས་པ་དང་། བསམ་པའི་རྒྱུ་ཅན་ཡོད་མོད་ཀྱི། །དགེ་བ་རྣམ་པར་སྨིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་གི་ཡིད་བདེ་བ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ཇི་ལྟ་བུ་ཡིན་པ་བརྗོད་པར་བྱ་སྟེ། ཀུན་ཏུ་འབྱུང་བ་ནི་གཅད་དུ་མེད་དོ། །ཅི་འདྲ་ཡང་རུང་སྟེ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཡིད་བདེ་བ་ནི་ཀུན་ཏུ་འབྱུང་བ་སྲིད་པས་རྣམ་པར་སྨིན་པའི་གོ་སྐབས་ཡོད་དེ། དེ་ནི་གང་གི་ཚེ་རེས་འགའ་ཕྱི་རོལ་གྱི་རྒྱུ་མཚན་མེད་པ་ནི་ཀུན་ཏུ་རྟོག་པ་མེད་པར་སྐྱེ་སྟེ། ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ནི་དེ་ལྟ་བུ་ཡིན་ནོ། ། ཡིད་མི་བདེ་བ་ནི་ཐམས་ཅད་དུ་ཡང་ཀུན་ཏུ་མི་འབྱུང་བས་ཞེས་བྱ་བ་འབྱུང་བ་ལ། དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ན། དགེ་བ་གང་དག་ལས་ཡིན། ལུང་ལས་ཀྱང་སྟེ། གང་ལ་བརྟེན་ནས་ཡིད་བདེ་བ་རྣམ་པར་སྨིན་པ་སོ་སོར་ཡང་དག་པ་མྱོང་བར་བྱེད་ཅེས་གསུངས་ཀྱི། དེ་ལྟར་ནག་པོའི་ཕྱོགས་ལ་ནི་ ཡིད་མི་བདེ་བ། བ་ཙ་ན་མི་<གཅིག་ཅེས་བྱ་བ།> ཏྱ་བ་བི་དྡྷཾ་<འདིར་ཨ་ས་བྷི་དྡྷཾ་མི་ཤེས་པ་དང་མ་བཅོས་པ་དང་མ་དག་པ་གསུམ་ལ་འཇུག་པས་གང་དང་འབྲེལ་བརྟག་པར་བྱའོ། །>དེ་རྣམ་པར་སྨིན་པའི་ལས་ལས། ཡིད་མི་བདེ་བ་ཀུན་ཏུ་རྟོག་པའི་ཁྱད་པར་གྱིས་བསྐྱེད་དོ། །སྤྲུལ་པའི་ཚེ་བཞིན་དུ་གཞན་གྱིས་བསྐྱེད་པ་ཡང་རྣམ་པར་སྨིན་པར་འགྱུར་བར་ཚིག་གིས་འཕངས་པ་ལ་ཉེས་པ་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སྤྲུལ་པའི་ཚེ་མི་འདོད་དེ། སྤྲུལ་ པའི་ཚེའི་རླུང་སེམས་ཅན་དུ་བགྲང་བ་ཉིད་ཀྱི་ཕྱིར་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་སྤྲུལ་པ་མེད་པའི་ཕྱིར་རོ། །ཅི་སྟེ་རྟེན་ཁོ་ན་སྤྲུལ་པར་གསུངས་པ་དེ་ལྟ་ན་ཡང་དེ་ལས་གཞན་སྐྱེད་པ་མ་ཡིན་ཏེ། རབ་ཀྱི་མཐའ་པའི་བསམ་ གཏན་དང་སྙོམས་པར་འཇུག་པ་ལས་ལོངས་པའི་མཇུག་ཐོགས་སུ་བརྗོད་པའི་རྣམ་རིག་བྱེད་ཀྱི་དབང་བྱེད་པས་ལོངས་སྤྱོད་ཀྱི་འབྲས་བུའི་ལས་དེའི་རྣམ་པར་སྨིན་པའི་རྒྱུའི་ངོ་བོར་གྱུར་པའི་ཕྱིར་རོ། །མཐའ་གཅིག་ཏུ་དེའི་སྒྲུབ་བྱེད་རྣམ་པར་སྨིན་པ་མ་ཡིན་པ་ཉིད་ཁོང་ཁྲོ་བཞིན་དུ་འདོད་ཆགས་ དང་བྲལ་བ་རྣམས་ལ་མེད་པ་གང་ཡིན་པ་དེ་རྣམ་པར་སྨིན་པ་མ་ཡིན་ནོ། །གང་ཡང་འདོད་ཆགས་དང་བྲལ་བ་རྣམས་ལ་དེའི་རྣམ་པར་སྨིན་པ་མེད་པ་མ་ཡིན་ཏེ། དཔེར་ན་ཚེ་ལྟ་བུའོ། །ཇི་སྐད་དུ། འདིའི་རྒྱུད་ལ་གང་ཅུང་ཟད་རྣམ་པར་སྨིན་པ་དེ་ནི་ཡིད་མི་བདེ་བའི་སེམས་པ་མ་ཡིན་ནོ་ཞེས་ཏེ། འདོད་ཆགས་དང་ བྲལ་བའི་མངོན་པར་འདོད་པ་ཇི་ལྟ་བ་ལས་སོ། །རྒྱུད་ལ་རྣམ་པར་སྨིན་པར་བྱེད་པའི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་ཉེ་བར་བསྟན་པར་བྱའོ། །དེ་ལ་བརྒྱད་པ་སྲོག་གི་དབང་པོ་དང་ལྡན་པ་རྣམས་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། མིག་ལ་སོགས་པ་ཕོའི་དབང་པོའི་མཐར་ཐུག་པ་ རྣམས་ནི་བརྒྱད་པ་སྲོག་གི་དབང་པོ་དང་ཞེས་བྱ་སྟེ། མིག་ལ་སོགས་པ་རྣམས་བརྒྱད་པ་སྲོག་གི་དབང་པོ་དང་ལྡན་པའོ། །བདེ་འགྲོ་ནི་ལྷ་དང་མིའོ། །ངན་འགྲོ་ནི་ངན་སོང་གསུམ་མོ། །ཡིད་ཀྱི་དབང་པོའི་ནི་གཉིས་ཀར་ཞེས་བྱ་བ་ལ། གཉིས་ཀ་ཞེས་བྱ་བ་ནི་བདེ་འགྲོ་དང་ངན་འགྲོ་དག་ཏུའོ། །གཉིས་ ཀའི་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་སྟེ། གང་གི་ཚེ་ཡིད་ཀྱི་དབང་པོ་རྣམ་པར་སྨིན་པ་ལས་སྐྱེས་པ་སྡུག་བསྔལ་དང་མཚུངས་པར་ལྡན་པར་གྱུར་པ་དེའི་ཚེ་ནི། བདེ་འགྲོའམ་ངན་འགྲོ་ན་ཉེས་པར་སྤྱད་པའི་རྣམ་པར་སྨིན་པའོ། །གང་གི་ཚེ་རྣམ་པར་སྨིན་པ་ལས་སྐྱེས་པ་བདེ་བ་དང་། ཡིད་བདེ་བ་དང་བཏང་སྙོམས་དང་ མཚུངས་པར་ལྡན་པར་གྱུར་པ་དེའི་ཚེ་ནི་དགེ་བའི་ཡིན་ནོ། །བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ནི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བ་ནི་དམྱལ་བ་དག་མ་གཏོགས་པའི་བདེ་འགྲོའམ་ངན་འགྲོ་ནའོ། །སྡུག་བསྔལ་གྱི་དབང་པོའི་མི་དགེ་བ་ནི་ཞེས་བྱ་བ་ནི་བདེ་འགྲོ་དང་ངན་འགྲོ་དག་ཏུའོ། ། བརྒྱད་པ་སྲོག་གི་དབང་པོ་དང་ལྡན་པ་རྣམས་ནི་བདེ་འགྲོ་ན་ནི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་ལ་ཞེས་བཤད་ན། མཚན་གཉིས་པའི་དབང་པོ་གཉིས་བདེ་འགྲོ་ན་དགེ་བའི་རྣམ་པར་སྨིན་པ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་བདེ་འགྲོ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །བདེ་འགྲོ་སྟེ་མི་དག་ གི་ནང་ནས་མི་དགེ་བའི་ལས་ཀྱིས་དབང་པོ་གཉིས་པོ་དེ་རྗེས་སུ་མི་འཚམ་པའི་གནས་སུ་རྙེད་པ་ཡིན་ཏེ། དེ་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དོ། །དབང་པོ་ནི་ལུས་ཀྱི་དབང་པོའི་ཕྱོགས་གཅིག་ཡིན་པའི་ཕྱིར་དགེ་བ་ཁོ་ནའི་ཡིན་ཏེ། ལུས་ཀྱི་དབང་པོ་བཞིན་དུ་བདེ་འགྲོ་ན་གཅིག་ཏུ་དགེ་བ་ཁོ་ནའི་རྣམ་ པར་སྨིན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དབང་པོ་ནི་མ་ཡིན་ཏེ། དགེ་བས་འཕངས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དབང་པོ་ནི་རྣམ་པར་སྨིན་པ་དང་བཅས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྨིན་པ་དང་ལྷན་ཅིག་པ་ནི་རྣམ་པར་སྨིན་པ་དང་བཅས་པ་དག་སྟེ། གང་དག་ལ་རྣམ་པར་སྨིན་པའི་འབྲས་བུ་ ཡོད་པ་ཞེས་བྱ་བའི་དོན་ཏོ། །གང་འདི་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བཤད་མ་ཐག་པ་དེ་ནི་རྣམ་པར་སྨིན་པ་དང་བཅས་པ་དེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ཏེ། ལུང་དུ་མ་བསྟན་པ་དང་ཟག་པ་མེད་པ་རྣམས་ཁོ་ན་རྣམ་པར་སྨིན་པའི་རྒྱུ་མ་ཡིན་པའི་ཕྱིར་དང་དེ་ནི་གཉིས་ཀ་ལས་ལོག་པའི་ཕྱིར་ རོ། །ནི་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་དང་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དོན་དང་ཞེས་བྱ་བའི་ཐ་ཚིག་གོ། །རིམ་པ་བཞིན་དུ་སྦྱར་བ་ཞེས་བྱ་བ་ནི། དེ་གཅིག་པུ་རྣམ་པར་སྨིན་བཅས་ནི་ཞེས་མཐར་རིག་པར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །རིམ་པ་བཞིན་དུ་སྦྱར་ན་ནི་ཇི་སྐད་བཤད་པའི་ངེས་པར་གཟུང་བར་ རིགས་ཏེ། དེ་ལྟ་མ་ཡིན་ན་དེ་ཁོ་ན་རྣམ་པར་སྨིན་པ་དང་བཅས་སོ། །ཞེས་བྱ་བར་ངེས་པར་གཟུང་བར་ཤེས་པར་འགྱུར་རོ། །དེ་ལྟ་ན་གཞན་དག་རྣམ་པར་སྨིན་པ་མེད་པར་ཐལ་བར་འགྱུར་བས་བཅུ་རྣམ་གཉིས་ཞེས་བརྗོད་པར་མི་བྱའོ། །དེ་ལྟར་འོ་ན་ཚིག་འདི་ལས་དེ་གཅིག་པུ་རྣམ་པར་སྨིན་པ་དང་བཅས་པ་ ཞེས་བྱ་བ་འདིར་ཇི་སྐད་བཤད་པའི་ངེས་པར་གཟུང་བར་རྟོགས་པར་བྱའོ། །ཀིནྟུ་ཤབྡེ་ན་ཀྲ་མ་བྷ་ད་སྡུ་<འོན་ཏེ་སྒྲའི་རིམ་པ་ཐ་དད་པས་ནི་>ལུང་དུ་མ་བསྟན་པ་ཟག་པ་མེད་པ་ཉིད་ཀྱི་བྱསྟ་སྱ་<གསལ་བ་ཐ་དག།>རྣམ་པར་སྨིན་པ་མ་ཡིན་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར་རོ། །ཇི་ལྟར་མཐའ་གཅིག་ཏུ་རྣམ་པར་སྨིན་པ་དང་བཅས་པ་ཉིད་མཐའ་དག་གི་རྒྱུ་མ་ཡིན་པ་ཉིད་ཅེས་བྱའོ། ། ཡིད་མི་བདེ་བ་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་དེ་ནི་ལུང་དུ་མ་བསྟན་པ་ཡང་མེད་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། །ས་བོན་རུལ་བ་བཞིན་ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་མེད་པ་ཡིན་ལ། ཟག་པ་ མེད་པ་ཡང་ས་བོན་གྲུང་པོ་རླན་གྱིས་མ་བརླན་པ་ལྟར་སྲ་བས་མ་བརླན་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་ཡིན་ཞིང་། ཡིད་མི་བདེ་བ་ནི་དགེ་བ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་དང་མི་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ། །མཉམ་པར་གཞག་པ་མ་ཡིན་ པའི་ཕྱིར་ཞེས་བྱ་བ་ནི། ཟག་པ་མེད་པ་ཉིད་ཀྱིས་མེད་པ་ལ་རྒྱུ་སྨྲས་པ་སྟེ། མཉམ་པར་མ་བཞག་པའི་ཟག་པ་མེད་པ་འདུས་བྱས་ནི་ཡོད་པ་མ་ཡིན་ནོ། །བཅུ་རྣམ་གཉིས་ཞེས་བྱ་བ་ལ་བཅུ་ཁོ་ན་རྣམ་པ་གཉིས་ཡིན་ནོ་ཞེས་ངེས་པར་གཟུང་བས་གཞན་རྣམ་པ་གཅིག་གོ་ཞེས་བྱ་བ་གྲུབ་པར་འགྱུར་རོ། ། གཞན་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གཞན་གང་ཞེ་ན་དབང་པོ་བཅུ་གཅིག་གོ། །དེ་ལ་མིག་ལ་སོགས་པ་དང་། བརྒྱད་པ་སྲོག་དང་ལྡན་པ་རྣམས་ནི་ལུང་དུ་མ་བསྟན་པའི་ཕྱིར་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་ཟག་པ་མེད་པའི་ཕྱིར་རྣམ་པར་ སྨིན་པ་མེད་པའོ། །དགེ་བ་བརྒྱད་ཅེས་བྱ་བ་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་སྟེ། དེ་ལས་གཞན་པ་རྣམས་ཀྱང་དགེ་བ་ཡིན་པའི་ཕྱིར་རོ། །ཡིད་མི་བདེ་བ་རྣམ་གཉིས་ཞེས་བྱ་བ་ལ། ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་དང་བཅས་པའི་ཕྱིར་ རྣམ་པ་གཉིས་ཁོ་ནའོ། །ཡིད་དང་ཚོར་གཞན་ནི་རྣམ་གསུམ་ཞེས་བྱ་བ་ལ། ཚོར་གཞན་ཞེས་སྨོས་པ་ནི་ཡིད་མི་བདེ་བ་ལས་གཞན་པའི་ཚོར་བ་གཟུང་ངོ་། །དབང་པོ་ལྔ་པོ་འདི་དག་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ནི་དགེ་བའོ། །མི་དགེ་བ་དང་མཚུངས་པར་ལྡན་པ་ནི་མི་དགེ་བའོ། །དེ་དག་ ལས་གཞན་པ་རྣམ་པར་སྨིན་པ་ལས། སྐྱེས་པ་དང་། སྤྱོད་ལམ་དང་། བཟོའི་གནས་པ་དང་། སྤྲུལ་པ་པ་དག་ནི་ལུང་དུ་མ་བསྟན་པ་རྣམས་སོ། །གཞན་ནི་རྣམ་པ་གཅིག་ཅེས་བྱ་བར་ངེས་པར་གཟུང་ངོ་། །ངེས་པར་མ་བཟུང་ན་ནི་ཅིར་འགྱུར་ཞེ་ན་ཅི་རྣམ་པ་གཅིག་ཡིན་ནམ་རྣམ་པ་གཉིས་ཡིན་སྙམ་ དུ་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ལྟ་ན་ཡང་ཐེ་ཚོམ་ཟ་བ་ཁོ་ནའོ་ཅི་ཞེ་ན། དགེ་བའམ་མི་དགེ་བའམ། ལུང་དུ་མ་བསྟན་པའོ། །ལུང་དུ་མ་བསྟན་བརྒྱད་དག་ཉིད། །གཟུགས་སྒྲ་མ་གཏོགས་ཞེས་བྱ་བ་དང་། སྲོག་ནི་རྣམ་སྨིན་ཞེས་བྱ་བ་དང་། རྣམ་སྨིན་ལུང་དུ་མ་བསྟན་པ་ཞེས་བྱ་བ་འབྱུང་བའི་ ཕྱིར་ཐེ་ཚོམ་ཟ་བར་མི་འགྱུར་རོ། །དྲི་མེད་མ་གཏོགས་འདོད་པར་གཏོགས། །ཞེས་བྱ་བ་ལ། དབང་པོ་ཐམས་ཅད་འདོད་པར་གཏོགས་སོ་ཞེས་བྱ་བ་འདི་ནི་སྤྱིར་བཏང་བ་ཡིན་ལ། དྲི་མེད་མ་གཏོགས་ཞེས་བྱ་བ་ནི་འདིའི་དམིགས་ཀྱིས་བསལ་བའོ། །དེ་ལྟར་ན་དྲི་མ་མེད་པ་ཁོ་ན་མ་གཏོགས་པའི་ལྷག་ མ་ནི་འདོད་པར་གཏོགས་པའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །དྲི་མ་མེད་པའི་དབང་པོ་མ་གཏོགས་པའི་རྒྱུ་སྨྲས་པ་ནི། དེ་ནི་ལྡན་པ་མ་ཡིན་པ་ཁོ་ན་ཡིན་ནོ་ཞེས་བྱ་བའོ། །ཀྱང་གི་སྒྲ་ནི་དྲི་མེད་ཀྱང་། །ཞེས་རྗེས་སུ་དྲང་བའི་དོན་ཏེ་མ་གཏོགས་ཞེས་བྱ་བར་སྦྱར་རོ། །སྡུག་བསྔལ་དག་ཅེས་བྱ་བ་ནི་སྡུག་ བསྔལ་དང་ཡིད་མི་བདེ་བ་དག་སྟེ། གཉི་ག་ཡང་རྗེས་སུ་མི་མཐུན་པའི་ཕྱིར་སྒྲ་གཅིག་གིས་བརྗོད་དོ། །གཟུགས་ཀྱི་ཁམས་ན་ནི་ཕོ་དང་མོ་དང་ཡིད་མི་བདེ་བའི་དབང་པོ་དག་དང་། སྔར་སྨྲས་པའི་ཟག་པ་མེད་པ་གསུམ་མ་གཏོགས་པ་དབང་པོ་ལྷག་མའོ། །མི་མཛེས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ ནི། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱི་ཅིའི་ཕྱིར་མི་མཛེས་ཏེ། དེའི་ཕྱིར་ནུབ་པ་ཁོ་ན་ལེགས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །འདིར་ཕོའི་རྒྱུ་མཚན་ཅན་དུ་མཐོང་ནས་དྲི་བ་ནི་ཕོའི་དབང་པོ་མེད་ན་དེ་ནི་ལྟར་ན་དེ་དག་ཕོ་ཞེས་བྱའོ། །ཚུལ་བཞིན་མ་ཡིན་པར་དྲིས་པའི་ཕྱིར་དྲི་བ་ནི་ག་ལས་ དབྱུང་ཞེས་བྱ་བའོ། །དེ་ན་ཕོའི་ངོ་བོ་ཕོའི་དབང་པོ་ལས་གཞན་པ་འདོད་པའི་ཁམས་ན་ཡོད་པ་གང་ཡིན་པ་དེ་ནི་ཡོད་དོ། །དེ་ནི་ང་རོ་དང་གཡོ་བ་དང་དབྱིབས་ཀྱིས་བསྡུས་པ་ཡིན་ཏེ། དེ་ཡང་འདོད་པའི་ཁམས་ན་ཕོའི་དབང་པོ་དང་ལྷན་ཅིག་རྒྱུ་བར་མཐོང་གི་མོའི་དབང་པོ་དང་ལྷན་ཅིག་རྒྱུ་བར་ནི་མ་ཡིན་ནོ། །གཞན་ དག་ན་རེ་འདོད་ཆགས་དང་བྲལ་བས་ངེས་པར་འབྱུང་བའི་སྐྱེས་བུའི་བྱེད་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་ཏེ། འདི་མོའི་དབང་པོ་ལ་ཡང་མཚུངས་སོ། །སྡུག་བསྔལ་གྱི་དབང་པོ་མེད་དོ་ཞེས་རྒྱ་ཆེར་འབྱུང་བ་ལ། སྡུག་བསྔལ་གྱི་དབང་པོ་ནི་བརྡེག་པ་ལས་སྐྱེས་པའམ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ན། དེ་ན་ ལུས་དང་བའི་ཕྱིར་བརྡེག་པ་ལས་སྐྱེས་པ་མེད་ལ། མི་དགེ་བ་མེད་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་མེད་དོ། །ཡིད་མི་བདེ་བའི་དབང་པོ་མེད་དོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་རྒྱུས་སྐྱེད་པ་དང་རྐྱེན་གྱིས་སྐྱེད་པ་ཞིག་ཏུ་འགྱུར་གྲང་། དེ་ན་རྒྱུས་བསྐྱེད་པ་མེད་དེ། རྒྱུད་ཞི་གནས་ཀྱིས་ བརླན་པའི་ཕྱིར་རོ་ཞེས་བྱ་སྟེ། ཞི་གནས་ཀྱི་ཏིང་ངེ་འཛིན་གྱིས་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར། དེ་དག་གི་རྒྱུད་ལ་རྩུབ་པ་ཉིད་མེད་དེ། དེའི་ཕྱིར་དེའི་རྒྱུ་ཅན་གྱི་ཡིད་མི་བདེ་བའི་དབང་པོ་ཡང་མེད་དོ། །རྒྱུད་ལ་ཡོད་པའི་རྩུབ་པ་ནི་ཁོང་ཁྲོ་བའོ། །དེའི་ཕྱིར་འདིས་ནི་དེ་ན་རང་ གི་སེམས་རྩུབ་པས་བསྐྱེད་པའི་ཡིད་མི་བདེ་བ་མེད་དོ་ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར་ཞེས་བྱ་བས་ནི་དེ་ན་རྐྱེན་གྱིས་བསྐྱེད་པ་མེད་དོ་ཞེས་བྱ་བར་ཤེས་པར་བྱེད་དོ། །ཀུན་ནས་མནར་སེམས་ནི་རབ་ཏུ་འཁྲུགས་པའོ། །དེའི་གཞི་ནི་ཡུལ་ལའོ། ། དེའི་ཕྱིར་འདིས་ནི་ཡུལ་གྱིས་བསྐྱེད་པའི་ཡིད་མི་བདེ་བ་མེད་དོ་ཞེས་བྱ་བར་ཤེས་ཏེ། དེ་ན་མནར་སེམས་ཀྱི་གཞི་དགུ་མེད་པའི་ཕྱིར་རོ། །དེ་དག་ཀྱང་བདག་ལ་གནོད་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་མནར་སེམས་ཀྱི་གཞི་གསུམ་མོ། །བདག་གིས་མཛའ་བོ་ལ་གནོད་པ་ བྱས། བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གཞན་གསུམ་མོ། །བདག་གིས་དགྲ་ལ་ཕན་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གཞན་གསུམ་མོ། །གཞན་དག་ནི་ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་ཟེར་རོ། །གཞན་དག་ནི་མི་ཤེས་པས་བསྒྲུབ་པའི་ ཕྱིར་དེ་དག་ཀྱང་འདོད་ཆགས་དང་བྲལ་བ་ལ་ཡེ་ཤེས་དང་ལྡན་པ་མ་ཡིན་པས་དེར་ཡིད་མི་བདེ་བ་མ་ཡིན་ནོ་ཞེས་ཟེར་རོ། །གཟུགས་མེད་གཏོགས་ཞེས་རྒྱ་ཆེར་འབྱུང་བ་ལ། འང་གི་སྒྲ་ནི་ཕོ་དང་མོའི་དབང་པོ་དག་དང་སྡུག་བསྔལ་དག་དང་། དྲི་མ་མེད་པ་ཞེས་བྱ་བ་དང་སྦྲེལ་ཏེ། སྐབས་སུ་བབ་པའི་ ཕྱིར་ན་མ་གཏོགས་པ་ཞེས་བྱ་བར་སྦྱར་རོ། །བདེ་བ་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་དག་སྟེ། ཕན་འདོགས་པར་བྱེད་པ་ཉིད་དུ་མཚུངས་པས་གཉི་ག་ཡང་སྒྲ་གཅིག་གིས་བརྗོད་དོ། །གཟུགས་ཅན་སྨོས་པས་ནི་མིག་ལ་སོགས་པ་དབང་པོ་ལྔ་པོ་རྣམས་བསྡུས་སོ། །གལ་ཏེ་གཟུགས་ཅན་ སྨོས་པས་ཕོ་དང་མོའི་དབང་པོ་གཉིས་ཀྱང་གཟུང་བ་མ་ཡིན་ནམ་ཞེ་ན། གལ་ཏེ་གཟུགས་ཅན་སྨོས་པ་ཉིད་ཀྱིས་མིག་ལ་སོགས་པ་བཞིན་ཕོ་དང་མོའི་དབང་པོ་གཉིས་ཀྱང་བཀག་ན་ནི། དེ་ལྟ་ཡིན་དང་། སྡུག་བསྔལ་ལ་སོགས་པ་རྣམས་བསལ་བར་བྱ་བའི་ཕྱིར་སླར་ཡང་འབད་པས་གཞན་ བདག་གིར་བྱེ་དགོས་སོ། །དེའི་ཕྱིར་འདིར་དབང་པོ་གཟུགས་ཅན་དངོས་སུ་དགག་པ་ཉིད་དུ་བརྗོད་པར་འདོད་དོ། །ལྷག་མ་རྣམས་ནི་སྐབས་དང་མཐུན་པར་སྦྱར་བ་ཁོ་ནས་བཀག་པ་ཉིད་དོ། །ཡིད་དང་ཚོར་བ་གསུམ་རྣམ་གསུམ་ཞེས་བྱ་བ་ལ། བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ནི་ ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པ་ཡིན་པའི་ཕྱིར་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་གསུམ་ཉིད་དོ། །བདེ་བ་ནི་བསམ་གཏན་གསུམ་པའི་ས་པའི་སེམས་ཀྱི་ཡིན་ལ། འདོད་པའི་ཁམས་དང་། བསམ་གཏན་དང་པོ་ན་ནི་ལུས་ཀྱི་ཁོ་ན་ཡིན་ནོ། །དེ་ལ་ལུས་ཀྱི་བདེ་བ་དང་། བཏང་ སྙོམས་ཀྱི་དབང་པོ་དག་དང་། རྣམ་པར་ཤེས་པ་ལྔའི་བདག་ཉིད་ཀྱི་ཡིད་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ། །སེམས་ཀྱི་བདེ་བ་དང་། བཏང་སྙོམས་དང་། ཡིད་བདེ་བ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་གྱི་ཡིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་། མཚུངས་པར་ལྡན་པ་དེ་ དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ལྷག་མ་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དག་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པ་ཡིན་ནོ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། །ཞེས་བྱ་བ་ལ། ཡིད་མི་བདེ་བ་དང་ལྡན་པས་ནི་ཡིད་མི་བདེ་བའོ། །དེའི་དངོས་པོ་ནི་ཡིད་མི་བདེ་བ་ཉིད་དོ། ཡིད་མི་བདེ་ཅེས་བྱ་བའི་དོན་ཏོ། །མཉམ་པར་གཞག་པ་མེད་པའི་ཕྱིར་ཟག་པ་མེད་པ་མེད་དོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ནི་མཐོང་བས་སྤང་བར་བྱ་བའོ། ། ལྷག་མ་དགེ་བ་དང་ཉོན་མོངས་པ་ཅན་ནི་བསྒོམ་པས་སྤང་བར་བྱའོ། །མིག་ལ་སོགས་པ་བདུན་དང་། སྲོག་དང་སྡུག་བསྔལ་གྱི་དབང་པོ་ན་ཅི་རིགས་པར་གཟུགས་ཅན་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་། དྲུག་པ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ ཡིན་གྱི། མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་བཤད་པ་བཞིན་ནོ། །གཅིག་ཏུ་ཟག་པ་དང་བཅས་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ། །ལྔ་པོ་ནི་སྤང་བར་བྱ་བ་མིན་ཡང་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་ཡོད་པའི་ཕྱིར་དང་སྐབས་སུ་བབ་པའི་ཕྱིར་དང་། བསྒོམ་པས་སྤང་བར་བྱ་བ་དག་ཀྱང་མ་ཡིན་ཞེས་བྱ་བར་ཤེས་སོ། །ཟག་པ་མེད་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པ་དག་ཡིན་ལ། དགེ་བ་ཟག་པ་དང་བཅས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །གསུམ་ མིན་ཞེས་བྱ་བ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གང་དུ་ཡང་ནི་སྤང་བྱ་མ་ཡིན་པ་ཉིད་དེ། ཟག་པ་མེད་པ་རྣམས་ནི་ཉེས་པ་མེད་པའི་ཕྱིར་རོ། །གལ་ཏེ་གཟིངས་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ལས་ལམ་ཡང་སྤང་བར་བྱ་བ་ཉིད་དུ་གསུངས་པ་མ་ཡིན་ནམ་ཞེ་ན། གསུངས་མོད་ཀྱི། མཐོང་ བ་དང་བསྒོམ་པ་དག་གིས་ནི་སྤང་བར་བྱ་བ་མ་ཡིན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཚེ་གཏོང་བས་སྤང་བ་ཞེས་བྱ་བ་ཡིན་ནོ། །ཁམས་གང་དུ་དང་པོ་ཉིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པ་ཞེས་བྱ་བ་ཁོ་ན་དང་པོར་རྙེད་པ་དྲིས་པ་ལ་དགོས་ པ་ཅི་ཡོད་ཅེ་ན། ཉོན་མོངས་པ་མ་ཡིན་པའི་སེམས་ཀྱི་ཉིང་མཚམས་སྦྱོར་བ་གསལ་བར་བྱའོ། །འདོད་པར་དང་པོར་རྣམ་སྨིན་གཉིས། །ཞེས་བྱ་བ་ལ། དང་པོར་ཞེས་བྱ་བ་ཅིའི་དོན་དུ་ཡིན་ཞེ་ན། མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་རྣམ་པར་སྨིན་པས་བསྡུས་པ་རྣམས་ཕྱིས་རིམ་གྱིས་ རྙེད་པའི་ཕྱིར་རོ། །མིག་ལ་སོགས་པ་རྣམས་ཀྱི་ས་བོན་དེའི་ཚེ་ཁོ་ན་རྙེད་པར་འཐད་དོ། །ཇི་ལྟར་ལུས་ཀྱི་དབང་པོ་དེའི་ཚེ་རང་གི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུར་གྱུར་པ་དེ་ལྟར་མིག་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཉིས་ཞེས་བརྗོད་པར་གང་ཡིན་པ་དེ་དག་ནི་དམུས་ལོང་ལ་སོགས་པ་ ལ་ཡང་སྦྱར་རོ། །སློབ་དཔོན་འདུས་བཟང་ན་རེ། ད་ནི་དེ་ལྟར་མི་བརྗོད་དེ། །ཉིང་མཚམས་སྦྱོར་བ་ལ་རྣམ་པར་ཤེས་པ་ལྔ་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །རྫུས་ཏེ་སྐྱེ་བས་མིན་ཞེས་བྱ་བ་ལ། རྫུས་ཏེ་སྐྱེ་བ་རྣམས་ནི་དབང་པོ་ཚང་བར་སྐྱེ་བའི་ཕྱིར་ཅི་ཕྱིར་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་མ་ཡིན་ ཞེ་ན་རྣམ་པར་སྨིན་པའི་དབང་དུ་བྱས་པའི་ཕྱིར་རོ། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་བྱ་བའི་ངག་དེས་གདོན་མི་ཟ་བར་ཉོན་མོངས་པ་ཅན་དུ་འགྱུར་ལ། རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དད་པ་ལ་སོགས་པ་རྣམས་ཀྱང་དེའི་ཚེ་རྙེད་མོད་ཀྱི། དེ་དགེ་བ་ཡིན་པའི་ཕྱིར་རྣམ་པར་ སྨིན་པ་ནི་མ་ཡིན་ནོ། །ནུར་ནུར་པོ་ལ་སོགས་པའི་གཟུགས་དབང་པོ་མ་ཡིན་པའི་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱང་དེའི་ཚེ་རྙེད་མོད་ཀྱི། དེ་དག་འདི་ནི་མ་སྨོས་ཏེ་དབང་པོའི་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །ཡང་རྫུས་ཏེ་སྐྱེ་བ་དག་གིས་དུ་ཞིག་འཐོབ་ཅེ་ན། འདོད་པ་དག་ཏུ་དང་པོར་ཞེས་སྦྱར་ རོ། །གལ་ཏེ་མཚན་མེད་པ་ཞིག་ཡིན་ན་སྟེ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་མེད་པའི་ཕྱིར་རོ། །ཕོ་དང་མོ་ཉིད་དུ་མངོན་པར་གསལ་བར་བྱེད་པ་ཡིན་པའི་ཕྱིར་ཕོའི་དབང་པོ་དང་མོའི་དབང་པོ་ལ་མཚན་ཞེས་བརྗོད་དོ། །རྫུས་ཏེ་སྐྱེ་བ་མཚན་མེད་པ་རྣམས་ད་ལྟ་མེད་པས་འདིར་བསྐལ་པ་དང་པོ་བ་ལྟ་བུའོ་ ཞེས་བྱ་བ་སྨོས་སོ། །མཚན་གཅིག་པ་ཞིག་ཡིན་ན་སྟེ། །ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རོ། །མི་རྣམས་ཀྱི་ནང་ན་ད་ལྟ་རྫུས་ཏེ་སྐྱེ་བ་མེད་པས་འདི་ལྟར་ལྷ་ལ་སོགས་པ་ནའོ་ཞེས་བྱ་བ་སྨོས་སོ། །འདི་ནི་སྐྱེ་གནས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བར་མཐོང་ སྟེ། འདྲི་བ་ནི། ཅི་རྫུས་ཏེ་སྐྱེ་བ་ཡང་མཚན་གཉིས་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདོད་པའི་སྒྲ་ནི་ཡུལ་དག་གམ་ཡུལ་གྱི་འདོད་ཆགས་ལ་འཇུག་གི་ཁམས་ལ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་འདོད་པ་གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ་འདོད་པ་ནི་གཟུགས་ལ་སོགས་པ་ཡུལ་ རྣམས་ཡིན་ལ། དེ་གཙོ་བོར་གྱུར་པ་ནི་འདོད་པའི་ཁམས་ཡིན་ཏེ་དེའི་ཕྱིར་འདོད་པའི་ཁམས་ཞེས་བསྟན་ཏོ། །འདོད་པ་དང་གཟུགས་ཀྱི་ཁམས་གཉི་ག་གཟུགས་ཡོད་པ་ཉིད་དུ་མཚུངས་བཞིན་དུ་གཟུགས་ཀྱི་ཁམས་ཁོ་ན་གཟུགས་ཞེས་བྱ་བའི་སྒྲས་ཅིའི་ཕྱིར་བརྗོད་ཅེ་ན། དེའི་ཕྱིར་གཟུགས་གཙོ་ བོ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་དེ་ནི་དད་པ་ཡིན་པའི་ཕྱིར་དང་འོད་ཅན་ཡིན་པའི་ཕྱིར་གཙོ་བོ་ཡིན་ནོ། །མདོ་ལས་ཀྱང་ཞེས་བྱ་བ་འདིས་ནི་མདོ་ལས་གཟུགས་གཙོ་བོ་ཡིན་པའི་ཕྱིར་གཟུགས་ཀྱི་སྒྲས་གཟུགས་ཀྱི་ཁམས་གསུངས་སོ་ཞེས་སྟོན་ཏོ། །གོང་མར་ གཅིག་ཅེས་བྱ་བ་ལ་གཟུགས་མེད་པའི་ཁམས་ནི་གཟུགས་ཀྱི་ཁམས་པས་གོང་མ་ཡིན་ནོ། །ཡུལ་ནི་མི་གནས་པས་གཟུགས་མེད་པའི་ཁམས་གཟུགས་ཀྱི་ཁམས་པས་གོང་མར་ཅི་ལྟར་བརྗོད་ཅེ་ན། དེའི་ཕྱིར་སྙོམས་པར་འཇུག་པས་རིང་བའི་ཕྱིར་དང་ཞེས་བྱ་བ་རྒྱ་ཆེར་སྨོས་ཏེ། གང་གི་ཕྱིར་ གཟུགས་སུ་སྙོམས་པར་འཇུག་པ་ནི་སྔ་ལ་གཟུགས་མེད་པར་སྙོམས་པར་འཇུག་པ་ནི་འཕྱི་བ་ཡིན་ནོ། །དེ་ལྟར་སྔ་ཕྱི་ཉིད་ཀྱིས་ཡིན་གྱི་འདོད་པ་དང་གཟུགས་ཀྱི་ཁམས་ལྟར་ཡུལ་ན་གནས་པ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་གཟུགས་མེད་པའི་ཁམས་ནི་གཟུགས་ ཀྱི་ཁམས་པས་སྐྱེ་བས་ཆེས་མཆོག་ཡིན་པའི་ཡང་ཕྱིར་རོ། །དེར་ནི་བསྐལ་པ་སྟོང་ཕྲག་མང་པོར་ཆེས་རབ་ཏུ་ཞི་བ་རྣམ་པར་སྨིན་པར་འགྱུར་ཏེ་དེའི་ཕྱིར་ཡང་གོང་མ་ཡིན་ནོ། །སྲོག་གི་དབང་པོ་གཅིག་པུ་ཁོ་ན་དང་པོར་རྣམ་པར་སྨིན་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ན་གཟུགས་མེད་པའི་ཕྱིར་ མིག་ལ་སོགས་པ་རྣམས་མ་ཡིན་ལ། དགེ་བ་དང་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གཞན་རྣམས་ཀྱང་མ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། སྲོག་གི་དབང་པོ་རྫས་སུ་ཡོད་པ་ཉིད་ཀྱིས་ཤེས་པར་བྱེད་པ་ནི་འདི་ཁོ་ན་ཡིན་ཏེ། དེ་མེད་ན་གང་རྙེད་པས་གཟུགས་མེད་པ་དག་ཏུ་སྐྱེས་པ་ཞེས་བྱ། དགེ་ བ་ཉོན་མོངས་པ་ཅན་ནི་དེ་སྐྱེ་བའི་ལས་ཀྱི་འབྲས་བུ་མ་ཡིན་ལ། སྐྱེ་བ་མེད་པར་ཡང་དེ་མངོན་དུ་གྱུར་པ་སྲིད་པའི་ཕྱིར་རྣམ་པར་སྨིན་པའི་སེམས་ཀྱིས་མཚམས་སྦྱོར་བ་ཡང་མི་རིགས་ལ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་སྐྱེ་བར་ཉིང་མཚམས་སྦྱོར་བར་ཁས་བླངས་པའི་ཕྱིར་ན་རྣམ་པར་སྨིན་པ་དང་ འབྲེལ་བ་མེད་པར་སྐྱེ་བ་ཡང་མ་རིགས་པ་དེའི་ཕྱིར་གདོན་མི་ཟ་བར་སྐྱེ་བའི་རྟགས་སུ་གྱུར་པ་ཆོས་གཞན་ཞིག་ཁས་བླང་བར་བྱ་དགོས་སོ་ཞེས་ཟེར་རོ། །གཟུགས་མེད་དག་ཏུ་འཆི་བ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲོག་དང་ཡིད་དང་། བཏང་སྙོམས་རྣམས་ཕན་ཚུན་མི་གཏོང་བའི་ཕྱིར་ཏེ། བཏང་སྙོམས་དང་ནི་སོགས་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་འཆད་པར་འགྱུར་རོ། །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་དད་པ་ལ་སོགས་པ་མེད་པས་གཟུགས་མེད་པའི་ཁམས་སུ་འཆི་བ་ན་གདོན་མི་ཟ་བའི་གསུམ་པོ་དེ་དག་འགག་གོ། །གཉིས་ ཀྱང་ཞེས་བྱ་བའི་ཚིག་ཕྲད་དག་གིས་གཉིས་ཀ་དོན་གཅིག་སྟེ། སྔ་མས་ནི་ཚོར་བ་ངེས་པར་འཛིན་ཏོ། །འོག་མས་ནི་གཟུགས་ཅན་འགག་པ་འགོག་སྟེ། ཁ་ཅིག་ན་རེ་དེ་ན་གཟུགས་ཡོད་དོ་ཞེས་ཟེར་རོ། །མི་ལྡན་པའི་འདུ་བྱེད་ཀྱི་དངོས་པོ་ལ་རྣམ་པར་སྨིན་པའི་རྒྱུད་གང་ཡིན་པ་རྣམ་པར་གཅད་པས་ གཟུགས་མེད་པ་རྣམས་ནས་འཆི་འཕོ་བ་ཞེས་བྱ་སྟེ། རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་པའི་ཕུང་པོ་བཞི་དགེ་བ་ཉོན་མོངས་པ་ཅན་མངོན་དུ་གྱུར་ན་འཆི་འཕོས་པར་ཐལ་བ་མེད་དོ། །ཡོངས་སུ་ཟད་པར་ཐལ་བར་འགྱུར་བའི་ཕྱིར་དེའི་ས་པའི་རྣམ་པར་སྨིན་པ་ཉོན་མོངས་པ་ཅན་གྱིས་དགེ་བའི་སེམས་ སོ། །དེ་ལ་ལས་གང་། དེའི་རྣམ་པར་སྨིན་པ་གང་ཞེ་ན། སོ་སོར་མྱོང་བ་དང་མངོན་དུ་མ་གྱུར་པར་སོ་སོར་མྱོང་བ་སྐྱེད་པའོ། །གལ་ཏེ་རྣམ་པར་སྨིན་པས་བསྒོས་པ་མི་འཐད་པའི་སྐྱོན་མེད་དོ་ཞེ་ན། ལས་ཀྱིས་བསྒོས་པ་བཞིན་ཡོངས་སུ་ཟད་པ་ལ་ཡང་རྣམ་པར་སྨིན་པ་དེ་བསྒོས་པ་མི་འཐད་པ་ཉིད་ ཀྱིས་འཆི་འཕོ་བར་འགྱུར་རོ། །གལ་ཏེ་རྣམ་པར་སྨིན་པ་ཡོངས་སུ་མ་ཟད་པས་བསྒོས་པ་ཡོད་དོ་ཞེ་ན། ལས་སུ་ཡང་མ་གྱུར་པ་དེའི་ཕྱིར་འབྲས་བུ་མ་ཡིན་པའི་ཕྱིར་རྣམ་པར་སྨིན་པས་བསྒོས་པའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྗེས་སུ་མི་འཇུག་གོ། །འབྲས་བུ་ཚད་མེད་པ་ནི་ལས་ཀྱིས་བསྒོས་པའི་ རྒྱུ་མཐུན་པའི་འབྲས་བུར་འགྱུར་རོ། །ཚད་ཡོད་པའི་ཕྱིར་ལས་རྣམས་ནི་མ་ཡིན་ཏེ། ཟད་པ་ཡོད་པས་ན་ལས་ཀྱི་བག་ཆགས་བཟློག་པ་མ་ཡིན་ནོ། །ཇི་ལྟར་རྣམ་པར་སྨིན་པ་ཟད་པ་ལས་དེ་མ་ཐོབ་པར་ལས་ཟད་པ་ལས་རྣམས་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྨིན་པ་ཟད་པ་ལ་རྣམ་པར་སྨིན་པས་བསྒོས་ པའི་ཕྱིར་བཟློག་པ་ནི་ལས་ཟད་པ་ལ་ལས་རྣམས་མ་ཡིན་ནོ་ཞེས་སོ། །རྣམ་པར་སྨིན་པས་བསྒོས་པ་རྗེས་སུ་འཇུག་པ་ནི་རྣམ་པར་སྨིན་པ་མྱོང་བར་མི་རིགས་སོ། །དེའི་བདག་ཉིད་མ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་བག་ཆགས་རྗེས་སུ་འཇུག་པ་ཉིད་རྣམ་པར་སྨིན་པ་མྱོང་བ་མ་ཡིན་ནོ། །དེའི་འབྲས་བུ་མྱོང་ བ་ནི་རྣམ་པར་སྨིན་པ་མྱོང་བའོ། །དེའི་ཕྱིར་གཟུགས་མེད་པ་རྣམས་སུ་རྫས་གཞན་མེད་ཀྱང་རྣམ་པར་སྨིན་པའི་བག་ཆགས་རྗེས་སུ་འཇུག་པ་མངོན་དུ་གྱུར་ཀྱང་འཆི་འཕོ་བར་མི་འགྱུར་ལ། དེ་ལས་བཟློག་པ་ནི་འཆི་འཕོ་བར་འགྱུར་རོ། །གཟུགས་ན་བརྒྱད་དག་འགག་གོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། །རྫུས་ཏེ་སྐྱེ་བ་ ཐམས་ཅད་ནི། །ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། རྫུས་ཏེ་སྐྱེ་བ་རྣམས་ལ་མེར་མེར་པོ་ལ་སོགས་པ་རྣམས་མེད་པའི་ཕྱིར་དང་། རིམ་གྱིས་འཆི་བ་མེད་པའི་ཕྱིར་དབང་པོ་ཚང་བ་རྣམས་སྐྱེ་ཞིང་འཆི་བ་ཡིན་ནོ། །འདོད་པར་བཅུའམ་དགུའམ་བརྒྱད། །ཅེས་བྱ་བ་ལ། མཚན་གཉིས་པ་དབང་པོ་ཚང་བ་ ཞིག་ཡིན་ན་ནི་བཅུ་འགག་གོ། །མཚན་གཅིག་པ་ཞིག་ཡིན་ན་ནི། །ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པའོ། །མཚན་མེད་པ་ནི་དེ་གཉིས་ཀ་དང་བྲལ་བའོ། །ཅིག་ཅར་འཆི་བ་ལ་ནི། འདོད་པར་བཅུའམ་དགུ། བརྒྱད་ ཅེས་བྱ་བ་ཚུལ་དེ་ལྟ་བུ་ཡིན་ནོ། །རིམ་གྱིས་འཆི་བ་དག་ལ་ཞེས་བྱ་བ་འདི་ག་ལས་ཤེ་ན། རིམ་གྱིས་འཆི་བ་དག་ལ་བཞི་ཞེས་མཇུག་ཐོགས་སུ་འཆད་པ་ལས་སོ། །མིག་ལ་སོགས་པ་རྣམས་སྔར་འགགས་ཟིན་པའི་ཕྱིར་དང་། ལུས་དང་། སྲོག་དང་། ཡིད་ཀྱི་དབང་པོ་དང་། བཏང་སྙོམས་ རྣམས་ཕན་ཚུན་མི་འདོར་བས་སོ་སོར་འགག་པ་མ་ཡིན་པ་དེའི་ཕྱིར་རིམ་གྱིས་འཆི་བ་དག་ལ་བཞི་འགག་གོ། །ཚུལ་དེ་ལྟ་བུ་ཡིན་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཆི་བའི་སྲིད་པའི་སེམས་ནི་གསུམ་སྟེ། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་དགེ་བའོ། །དེ་ལ་ཉོན་མོངས་པ་ཅན་ དང་། ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་ནི་ཇི་སྐད་བཤད་པའི་དབང་པོ་འགག་པར་རིག་པར་བྱ་སྟེ་དབང་པོ་གཞན་མེད་པའི་ཕྱིར་རོ། །དགེ་ལ་ཐམས་ཅད་དག་ཏུ་ལྔ། །ཞེས་བྱ་བ་ལ། ཐམས་ཅད་དག་ཏུ་ཞེས་བྱ་བ་ནི་ཁམས་གསུམ་ཆར་གྱི་འཆི་བ་ལ་ཡང་ཞེས་བྱ་བའི་དོན་ཏོ། །དགེ་བ་ ལ་ནི་གདོན་མི་ཟ་བར་དད་པ་ལ་སོགས་པ་ལྔ་པོ་འགག་སྟེ། དང་པོ་ལ་སོགས་པ་རྣམས་ནི་དགེ་བའི་སེམས་ལ་ངེས་པར་ཡོད་པའི་ཕྱིར་རོ། །འང་ཞེས་བྱ་བའི་སྒྲ་ནི་ཇི་སྐད་བཤད་པའང་འགག་གོ་ཞེས་ཤེས་པར་བྱེད་དོ། །རྒྱས་པར་བརྩི་བར་བྱའོ་ཞེས་བྱ་བ་ནི་འདོད་པའི་ཁམས་ན་ཅིག་ཅར་འཆི་བ་ ལ་བཅོ་ལྔའམ། བཅུ་བཞིའམ། བཅུ་གསུམ་ཡིན་ལ། རིམ་གྱིས་འཆི་བ་དག་ལ་དགུ་ཞེས་བྱ་བའོ། །དབང་པོའི་སྐབས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་རབ་ཏུ་རྣམ་པར་དབྱེ་བར་བྱ་བའི་ཕྱིར་བསྟན་བཅོས་བརྩམས་པས། དེའི་ཕྱིར་དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་ བྱའོ། །དགེ་སྦྱོང་ཚུལ་གྱིས་འབྲས་བུ་རྒྱ་ཆེར་འབྱུང་སྟེ། དབང་པོ་མ་ཡིན་པ་དག་གིས་ཀྱང་དགེ་སྦྱོང་གི་འབྲས་བུ་རྣམས་འཐོབ་མོད་ཀྱི། དབང་པོ་རྣམས་ཀྱི་སྐབས་སུ་བབ་པ་དེའི་ཕྱིར་དེ་རྣམས་ཁོ་ན་དཔྱད་པར་བྱའོ། །འབྲས་བུ་ཐ་མ་གཉིས་དགུས་འཐོབ། །ཅེས་བྱ་བ་དགུ་ཁོ་ནས་ཞེས་ངེས་པར་གཟུང་ ངོ་། །བསྟན་བཅོས་ལས་ནི་གང་ཟག་འབྲས་བུ་ཐམས་ཅད་ཐོབ་པའི་དབང་དུ་མཛད་ནས་འདོན་ཏོ། །མཐའ་ན་ཡོད་པའི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པ་དག་གི་མཐའ་མའོ། །དེ་གཉིས་ཀྱི་བར་ཡིན་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དག་ནི་བར་ མའོ། །དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཞེས་བྱ་རྒྱས་པར་འབྱུང་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་དད་པ་ལ་སོགས་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་པ་དག་དང་ཞེས་བྱ་བ་སྨོས་སོ། །དེ་ལ་དགེ་བ་ཡིན་ པའི་ཕྱིར་དད་པ་ལ་སོགས་པ་རྣམས་ཡོད་དོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མཐོང་བའི་ལམ་ཡིན་པའི་ཕྱིར་དེ་ན་ཀུན་ཤེས་པར་བྱེད་པའི་དབང་པོ་ཡོད་དོ། །ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་པས་དེ་ན་ཀུན་ཤེས་པའི་དབང་པོ་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་ལམ་ ནི་མི་ལྕོགས་པ་མེད་པས་བསྡུས་པའི་ཕྱིར་དང་། དེ་ན་ཚོར་བ་བཏང་སྙོམས་ཁོ་ན་ཡོད་པས་བཏང་སྙོམས་ཀྱི་དབང་པོ་ཡང་ཡོད་དོ། །དེ་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་དབང་པོའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བར་ཆད་མེད་པའི་ལམ་ལའོ། །རྗེས་སུ་ཤེས་པ་ནི་རྣམ་པར་ གྲོལ་བའི་ལམ་ལའོ། །གཉིས་པས་ཀྱང་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་གཉིས་ཀས་སོ། །དེ་འཐོབ་སྟེ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །ཇི་ལྟར་ཞེ་ན། བྲལ་བའི་ཐོབ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བར་ཆད་མེད་པའི་ལམ་ནི་འདྲེན་པར་ བྱེད་པ་ཡིན་པའི་ཕྱིར་ཏེ། བྲལ་བའི་ཐོབ་པ་སྐྱེ་བའི་གེགས་སུ་གྱུར་པའི་ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྲལ་བའི་ཐོབ་པ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །རྣམ་པར་གྲོལ་བའི་ལམ་དང་ལྷན་ཅིག་ཏུ་བྲལ་བའི་ཐོབ་པ་སྐྱེ་བའི་ཕྱིར་ རྣམ་པར་གྲོལ་བའི་ལམ་ནི་བྲལ་བའི་ཐོབ་པའི་རྟེན་ཉིད་ཡིན་ནོ། །དེ་ལྟར་ན་བྲལ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི་འབྲས་བུ་མ་ཡིན་ཅིང་། དེ་ཐོབ་པའི་ཡང་མ་ཡིན་ན། ཇི་ལྟར་ཀུན་ཤེས་པའི་དབང་པོས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ་ཞེས་བརྗོད་ཅེ་ན། བར་ཆད་མེད་པའི་ལམ་རྣམས་ནི་རྣམ་པར་ གྲོལ་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ། །རྒྱལ་པོའི་འཁོར་གྱིས་བྱས་པ་རྒྱལ་པོ་ལ་ཉེ་བར་འདོགས་པ་བཞིན་ཏེ། དེ་བཞིན་དུ་བར་ཆད་མེད་པའི་ལམ་གྱིས་བྱས་པ་རྣམ་པར་གྲོལ་བའི་ལམ་རྣམས་ལ་ཉེ་བར་འདོགས་པ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ནུབ་ཕྱོགས་པ་ རྣམས་ན་རེ། རྣམ་པར་གྲོལ་བའི་ལམ་དང་ལྷན་ཅིག་བྲལ་བའི་ཐོས་པ་མངོན་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། བྲལ་བ་ནི་དེའི་འབྲས་བུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་འདི་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ལ་སྨྲས་པ། འདོད་པའི་སྐལ་བ་མཉམ་པའི་རྒྱུའི་ ངེས་པས་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ལ་སོགས་པ་རྣམ་པར་གྲོལ་བའི་ལམ་རྣམས་ཀྱི་འབྲས་བུར་མི་རུང་ངོ་། །མཚུངས་པར་ལྡན་པའི་ལྷན་ཅིག་འབྱུང་བའི་ངེས་པས་ནི་མ་ཡིན་པས་སྐྱོན་མེད་དོ། །ཕན་ཚུན་གེགས་བསྐྱེད་པ་རྣམས་ནི་དགེ་སྦྱོང་ཚུལ་གྱི་བདག་ཉིད་ཕན་ཚུན་སྐྱེས་བུ་བྱེད་པའི་འབྲས་ བུ་ཉིད་ཡིན་པ་ཅིས་ཟློག་པར་བྱེད་དོ། །གལ་ཏེ་སྦྱོར་བ་དང་བར་ཆད་མེད་པ་དང་ཁྱད་པར་གྱི་ལམ་རྣམས་ཀྱང་དེར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་བྱས་ན་སྐྱོན་མེད་དོ། སྐལ་བ་མཉམ་པའི་རྒྱུའི་ངེས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཀུན་ཤེས་པའི་དབང་པོས་འཐོབ་པོ། །དེ་དབང་པོ་འཕོ་བའི་དུས་ སུ་ཞེས་བྱ་བ་སྲིད་པར་མངོན་པར་བརྗོད་པའི་ཕྱིར་དགྲ་བཅོམ་པ་ཉིད་བཞིན་སྐྱོན་མེད་དོ། །འདིར་སྐལ་བ་མཉམ་པའི་རྒྱུའི་དབང་དུ་བྱས་ནས་བར་ཆད་མེད་པའི་ལམ་རྣམས་དགེ་སྦྱོར་ཚུལ་གྱི་འབྲས་བུ་ཞེས་བྱ་བའི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ནི་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ བརྒྱད་རྣམས་ཀྱི་ས་འཐོབ་པོ་ཞེས་ཀྱང་བརྗོད་པར་བྱ་སྟེ། དབང་པོ་འཕོ་བས་ཐོབ་པ་གང་ཡིན་པ་དེ་ཡང་བརྒྱད་རྣམས་ཉིད་ཀྱིས་འཐོབ་པོ། །དཔེར་ན་དབང་པོ་བཅུ་གཅིག་གིས་སྲིད་ཀྱང་དགུས་དགྲ་བཅོམ་པ་ཐོབ་པར་བཤད་པ་བཞིན་ནོ། །དགྲ་བཅོམ་པ་ཉིད་ནི་དད་པ་ལ་སོགས་པ་ཀུན་ཤེས་པར་ བྱེད་པའི་དབང་པོ་མ་གཏོགས་པ་དང་ཞེས་བྱ་བ་ལ། རེ་ཞིག་དད་པ་ལ་སོགས་པ་དག་ནི་དགེ་བའི་སེམས་ལས་བྱུང་ངོ་། །དགྲ་བཅོམ་པ་ཉིད་ནི་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ན་བར་ཆད་མེད་པའི་ལམ་ནི་ཀུན་ཤེས་པའི་དབང་པོ་སྟེ་དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །རྣམ་པར་གྲོལ་བའི་ ལམ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ་དེ་ཡང་ཟད་པ་ཤེས་པའི་ཚེ་ནའོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དག་ནི་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་བརྟེན་པ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ནི་མ་གཏོགས་ཏེ། མཐོང་བའི་ལམ་གྱི་བདག་ཉིད་ཡིན་པའི་ ཕྱིར་རོ། །ཡིད་ཀྱི་དབང་པོ་དང་ཞེས་བྱ་བ་ལ། ཡིད་ཀྱི་དབང་པོ་ནི་རྡོ་རྗེ་ལྟ་བུ་དང་། ཟད་པ་ཤེས་པ་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པའོ། །བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རང་བ་ཞིག་དང་ཞེས་བྱ་བ་ལ། དགྲ་བཅོམ་པ་ཉིད་ཀྱི་རྟེན་ནི་དགུ་ སྟེ། བསམ་གཏན་བཞི་པ་དང་། མི་ལྕོགས་པ་མེད་པ་དང་། ཁྱད་པར་ཅན་དང་། གཟུགས་མེད་པ་གསུམ་དག་གོ། །མདོ་ལས་དགེ་སློང་དག་བསམ་གཏན་དང་པོ་ལ་བརྟེན་ནས་ཟད་པར་སྨྲའོ་ཞེས་བྱ་བ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ལ་བརྟེན་ནས་ཞེས་བྱ་བའི་བར་གསུངས་སོ། །དེ་ལ་ བསམ་གཏན་གསུམ་པ་ལ་བརྟེན་ནས་ཐོབ་ན་ནི་བདེ་བའི་དབང་པོའོ། །བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་ནས་ཐོབ་ན་ནི་ཡིད་བདེ་བའི་དབང་པོའོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པ་དང་། གཟུགས་མེད་པ་གསུམ་ལ་བརྟེན་ནས་ཐོབ་ ན་ནི་བཏང་སྙོམས་ཀྱི་དབང་པོའོ། །དེ་ལྟར་རྟེན་གྱི་བྱེ་བྲག་གིས་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་རྣམས་ལས་གང་ཡང་རུང་བ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་པོ། །གཉིས་ནི་བདུན་དང་བརྒྱད་དང་དགུས། །ཞེས་བྱ་བ་ལ་འཐོབ་པོ་ཞེས་བྱ་བ་ནི་སྤྱིར་བཏང་བ་ཡིན་ནོ། །རེ་ཞིག་གལ་ ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་ཐོབ་ན། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་ལ། ཕྱིས་འདོད་ཆགས་དང་བྲལ་བའམ། མཐོང་བའི་ལམ་གྱིས་སོ། །དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་ཡིན་པ་མཐར་གྱིས་ཐོབ་ནས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པོ། །ཕྱིས་ འདོད་ཆགས་དང་བྲལ་བའོ། །གང་ཞིག་འཇིག་རྟེན་པའི་ལམ་གྱིས་འདོད་པར་གཏོགས་པ་རྣམ་པ་དྲུག་སྤངས་པ་དེ་ནི་མཐར་གྱིས་པའོ། །འཇིག་རྟེན་པའི་ལམ་དག་གིས་འཐོབ་ན་ནི། དབང་པོ་བདུན་དག་གིས་འཐོབ་པོ། །ཇི་ལྟར་བྱས་ནས་ཤེ་ན། ལམ་མི་ལྕོགས་པ་མེད་པའི་ས་པ་ཡིན་པའི་ཕྱིར་ན་ བཏང་སྙོམས་ཀྱི་དབང་པོ་དང་། དེ་དང་མཚུངས་པར་ལྡན་པའི་སེམས་ཁོ་ནས་ཐོབ་པོ། །ཡིད་ཀྱི་དབང་པོ་དང་དད་པ་ལ་སོགས་པ་ལྔ་ནི་ཟག་པ་དང་བཅས་པ་ཡིན་པའི་ཕྱིར། ཀུན་ཤེས་པའི་དབང་པོ་ལ་སོགས་པའི་ལམ་གསུམ་ན་མེད་དེ་དེའི་ཕྱིར་དབང་པོ་བདུན་ཁོ་ནས་འཐོབ་ པོ། །ཅི་སྟེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། མཐར་གྱིས་པ་དེ་ཉིད་གང་གི་ཚེ་ཟག་པ་མེད་པའི་ལམ་གྱི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་ན་ནི། དེའི་ཚེ་དབང་པོ་བརྒྱད་དག་གིས་འཐོབ་སྟེ། སྔ་མ་བདུན་ལ་ཀུན་ཤེས་པའི་དབང་པོ་བསྣན་པས་བརྒྱད་ཡིན་ ནོ། །གཉིས་ཀ་ཡང་བསྒོམ་པའི་ལམ་ཡིན་པའི་ཕྱིར་ན་དེའི་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་དག་ལ་ཀུན་ཤེས་པའི་དབང་པོ་ཁོ་ན་ཡིན་ནོ། །ཅི་སྟེ་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཞིག་གིས་ཞེས་བྱ་བ་ལ། དེའི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོང་བའི་ལམ་གྱིས་འཐོབ་པ་ལྟ་བུ་ སྟེ། དེ་བཞིན་ཁོ་ནར་དབང་པོ་དགུ་རྣམས་ཀྱིས་འཐོབ་པོ། །གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་ཞེས་བྱ་བ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་པ་དེ་ཡང་འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ཀུན་ཤེས་པའི་དབང་པོ་བརྒྱད་པར་ འགྱུར་རོ། །དེའི་ཕྱིར་འཇིག་རྟེན་པའི་ཞེས་སྨོས་ཏེ། གང་གི་ཚེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་སྟེ། ལྔ་རྣམས་ཀྱིས་དེ་བཞིན་ཏེ། བཏང་སྙོམས་དང་ཡིད་ཀྱི་དབང་པོས་སོ། །ཇི་ལྟར་ལན་ཅིག་ཕྱིར་འོང་བ་ཟག་པ་མེད་པའི་ལམ་གྱིས་འཐོབ་ན། ཀུན་ཤེས་པའི་དབང་པོ་བརྒྱད་པར་འགྱུར་བ་ ཡང་དེ་དང་འདྲའོ། །འཕགས་པའི་ལམ་གྱིས་ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ན་ཀུན་ཤེས་པའི་དབང་པོ་བརྒྱད་པར་འགྱུར་རོ། །ཅི་སྟེ་འདོད་ཆགས་དང་བྲལ་བ་ཞིག་གིས་ཞེས་བྱ་བ་ལ་དེ་ནི་འདོད་པའི་འདོད་ཆགས་བྲལ་ཞིང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ་ བ་སོ་སོའི་སྐྱེ་བོར་གྱུར་པས་མཐོང་བའི་ལམ་བསྐྱེད་པ་ཞིག་སྟེ། དེ་ནི་དེའི་ཚེ་བདེན་པ་མངོན་པར་རྟོགས་པའི་མཐར་འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་དགུ་པོ་སྤངས་པའི་ཕྱིར་ཕྱིར་མི་འོང་བ་ཁོ་ན་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཇི་ལྟར་བཞིན་ནོ་ཞེས་བྱ་བ་ལ། བར་ཆད་མེད་པའི་ལམ་ལ་ ཀུན་ཤེས་པར་བྱེད་པའི་དབང་པོ་དང་། རྣམ་པར་གྲོལ་བའི་ལམ་ལ་ཀུན་ཤེས་པའི་དབང་པོ་དང་། དད་པ་ལ་སོགས་པ་རྣམས་དང་། ཡིད་དེ་དེ་ཁོ་ན་དང་འདྲའོ། །འདི་ནི་ཁྱད་པར་ཡིན་ཏེ། ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་ལྕོགས་པ་མེད་པ་མེད་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་ན། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དག་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡིན་གྱི། ཕྱིར་མི་འོང་བའི་འབྲས་བུ་ལ་ནི་རྟེན་གྱི་བྱེ་བྲག་ལས་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་ལས་གང་ཡང་རུང་བ་ཞིག་སྟེ། བསམ་གཏན་གསུམ་པ་ལ་བརྟེན་ནས་ ཐོབ་པ་ན་ནི་བདེ་བའི་དབང་པོའོ། །བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་ནས་བདེན་པ་དག་མཐོང་ན་ནི་ཡིད་བདེ་བའི་དབང་པོའོ། །མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་པ་ལ་བརྟེན་ནས་འཐོབ་ན་ནི། བཏང་སྙོམས་ཀྱི་དབང་པོའོ། །གང་གི་ཚེ་ འདི་མཐར་གྱིས་པ་ཞིག་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དབང་པོ་རྣོན་པོ་ཁོ་ན་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་ཉེར་བསྡོགས་ནས་བསམ་གཏན་ལ་འཇུག་པར་ནུས་ཀྱི་དབང་པོ་རྟུལ་པོ་ནི་མ་ཡིན་ནོ། །ཚོར་བ་སྤོ་བར་དགའ་བའི་ཕྱིར་དང་། དབང་པོ་རྣོ་ཡང་དེས་པ་མེད་པའི་ཕྱིར། གང་གི་ཚེ་ འདི་མཐར་གྱིས་པ་ཞིག་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་བསམ་གཏན་གྱི་དངོས་གཞིའི་ས་པའི་ཡིད་ད་དེ་བའི་དབང་པོ་ལྷག་པ་ཡིན་ནོ། །བར་ཆད་མེད་པའི་ལམ་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་སྟེ་ཞེས་བྱ་བ་ལ། གལ་ཏེ་བསམ་གཏན་ ལ་འཇུག་པའམ། མི་འཇུག་ཀྱང་ངོ་། །དེ་ནི་གཉིས་ཀས་ཀྱང་འཐོབ་པོ། །ཞེས་བྱ་བ་ནི་བཏང་སྙོམས་དང་། ཡིད་བདེ་བའི་དབང་པོ་གཉིས་ཀས་ཏེ་གོ་རིམས་བཞིན་དུ་དེ་དག་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་རྟེན་ཡིན་པའི་ཕྱིར་རོ། ། འོན་ཏེ་འཇིག་རྟེན་ལས་འདས་པས་ཞེས་བྱ་བ་ལ། གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཅིང་། དབང་པོ་རྣོན་པོ་ཡིན་པའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་བསམ་གཏན་ལ་འཇུག་ན་ནི། དེ་ལ་སྔར་སྨོས་པ་བདུན་དང་། བསམ་གཏན་གྱི་དངོས་གཞིའི་ས་པའི་ཡིད་ བདེ་བའི་དབང་པོ་བརྒྱད་པ་དང་། ཀུན་ཤེས་པའི་དབང་པོ་དགུ་པ་ཡིན་ནོ། །དད་པ་ལ་སོགས་པ་མངོན་དུ་གྱུར་པ་ཉིད་ཀྱིས་བཤད་པའི་ཕྱིར་རོ། །ཀུན་ཤེས་པའི་དབང་པོ་གསུམ་མིང་ཙམ་མོ་ཞེས་པའི་ཚིག་གིས་འཕངས་པ། གནས་སྐབས་གཞན་དུ་མིང་གཞན་གྱིས་ བསྟན་པའི་ཕྱིར་ནད་པ་ལ་སོགས་པ་གཞན་རྣམས་ཉིད་གཉི་ག་ཇི་ལྟ་བར་བརྩི་སྟེ། ཆེས་གཞན་ཉིད་བགྲང་བ་དང་གཞན་ཉིད་བགྲང་བ་མ་ཡིན་ནོ། །གང་གི་ཕྱིར་གནས་སྐབས་གཞན་དུ་བཏགས་པ་ཀུན་ཤེས་པའི་དབང་པོ་ཡིན་པས། དད་པ་ལ་ནི་བཏགས་པའི་མཚན་ཉིད་ཡོད་དེ་ཚོགས་པ་ལ་ཀུན་ ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཏགས་སོ། །ཚོགས་པ་ཅན་དང་ཚོགས་པའི་བདག་ཉིད་ནི་དུ་མ་ལ་དོན་མཚུངས་པར་དབང་བྱེད་པའི་རྟེན་གྱི་དབྱེ་བ་ལ་སོགས་པ་ལས་མ་ཡིན་ནོ། །འབྲས་བུ་ཐ་མ་གཉིས་དགུས་འཐོབ། །ཅེས་བྱ་བ་འདི་ལ་འགལ་བ་བསྟན་པའི་ཕྱིར། འོ་ན་ཆོས་ མངོན་པ་ལས་ཞེས་བྱ་བ་སྨོས་ཏེ་ཡེ་ཤེས་ལ་འཇུག་པ་ལས་སོ། །ཚོར་བ་གསུམ་ཆར་མངོན་དུ་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་དགུ་ཁོ་ནས་འཐོབ་པོ། །དེའི་ཕྱིར་འགལ་བ་མེད་དོ། །བསྟན་བཅོས་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །འདིར་དགོངས་པ་གང་ཡིན་ཞེ་ན། དེའི་ཕྱིར་བཅུ་གཅིག་ དག་གིས་དགྲ་བཅོམ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བདེ་བས་ཐོབ་པ་ལས་ཡོངས་སུ་ཉམས་ཤིང་ཡང་ཡིད་བདེ་བས་འཐོབ་ལ། དེ་ལས་ཀྱང་ཡོངས་སུ་ཉམས་ཏེ། སླར་བཏང་སྙོམས་ཀྱིས་འཐོབ་ཀྱི། ས་ཐ་དད་པ་ཡིན་པའི་ཕྱིར་དང་། ཕན་ཚུན་རྣམ་པ་འགལ་བའི་ཕྱིར་དང་། རྫས་ མཉམ་ཉིད་མཚུངས་པར་ལྡན་པའི་ཕྱིར། བདེ་བ་ལ་སོགས་པ་རྣམས་དུས་གཅིག་ཏུ་སྲིད་པ་ཡོད་པ་ནི་མ་ཡིན་ནོ། །འདི་ཕྱིར་མི་འོང་བ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕྱིར་མི་འོང་བའི་འབྲས་བུ་ཡང་དགྲ་བཅོམ་པ་ཉིད་ལྟར་བདེ་བ་དང་། ཡིད་བདེ་བ་དང་བཏང་སྙོམས་རྣམས་ཀྱིས་འཐོབ་སྟེ། དེའི་ཕྱིར་དེ་ཡོངས་སུ་ཉམས་ནས་དབང་པོ་བཅུ་གཅིག་དག་གིས་ཐོབ་པར་འགྱུར་རོ་སྙམ་དུ་སེམས་ན། འདི་ནི་ཡོངས་སུ་ཉམས་ཕན་ཆད། །ཅེས་བྱ་བ་རྒྱས་པར་འབྱུང་སྟེ། ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལས་ ཀྱང་ཡོངས་སུ་ཉམས་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་ཕྱིས་བདེ་བའི་དབང་པོས་འཐོབ་པ་མི་སྲིད་དེ། བདེ་བའི་དབང་པོ་ནི་བསམ་གཏན་གསུམ་པའི་ས་པ་ཡིན་པའི་ཕྱིར་དང་། ཡིད་བདེ་བའི་དབང་པོ་ནི་ཡོད་པ་སྲིད་པར་བཤད་པས་རྣམ་པར་གྲོལ་བའི་ལམ་ལ་བསམ་གཏན་གྱི་དངོས་གཞིས་ འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཉམས་ཕན་ཆད་བདེ་བའི་དབང་པོས་འཐོབ་པ་མེད་དོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་དབང་པོ་ཤིན་ཏུ་རྟུལ་པོ་ནི་དབང་པོ་འཕོ་བར་དཀའ་བའི་ཕྱིར་བསམ་གཏན་གྱི་དངོས་གཞི་ལ་འཇུག་པ་ཡོད་པ་དེ་ལྟ་ན་ཡང་མཐར་གྱིས་པས་ཡིད་བདེ་བའི་དབང་པོས་འཐོབ་པ་ ཡོད་སྲིད་ཀྱིས་དེ་བས་ནི་མ་ཡིན་ནོ་ཞེས་དེ་ལྟར་བཤད་དོ། །ཅི་སྟེ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་བདེ་བའི་དབང་པོ་འཐོབ་པ་ནས་ཡོངས་སུ་ཉམས་ཏེ། ཡང་ཡིད་བདེ་བ་དང་བཏང་སྙོམས་དག་གིས་འཐོབ་པར་འགྱུར་རོ་སྙམ་ན། དེའི་ཕྱིར་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་ ཞེས་བྱ་བ་སྨོས་སོ། །ཡོངས་སུ་ཉམས་པ་མེད་པའི་རྒྱུ་ནི་དེའི་འདོད་ཆགས་དང་བྲལ་བ་ན་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པའི་འདོད་ཆགས་དང་བྲལ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པས། དེའི་ཕྱིར་དེ་ལས་ཉམས་པ་མེད་དོ། །དབང་ པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་བ་ཡིན་པས་དབང་པོ་དུ་ཞིག་དང་ལྡན་ཞེས་བྱ་བ་ལ་སོགས་པ་འདི་ཡང་དཔྱད་པར་བྱའོ། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ས་དང་སེམས་ཅན་གྱི་རྟེན་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། ། འདི་ལྟར་དད་པ་ལ་སོགས་པ་རྣམས་ནི་ས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ཡང་སེམས་ཅན་གྱི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ཡིན་ལ། དད་པ་ལ་སོགས་པ་གཞན་པ་རྣམས་ནི་གཉི་ག་ལ་ཁྱབ་པར་བྱེད་པ་མ་ཡིན་པས་དེའི་ཕྱིར་ལྷག་མ་རྣམས་དང་ནི་མ་ངེས་ཏེ། བཏང་སྙོམས་ལ་སོགས་པ་གསུམ་ ལས་གཞན་པ་གང་ཡིན་པ་དེ་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །གཟུགས་མེད་པར་སྐྱེས་པ་དག་དང་མི་ལྡན་ཏེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེས་པའི་ཕྱིར་གཟུགས་མི་སྲིད་དོ། །དེ་ཉིད་དུ་སྐྱེས་པ་མ་ཡིན་ཡང་མ་ཐོབ་པ་དང་། ཉམས་པ་དག་ཀྱང་མིག་ལ་སོགས་ པ་རྣམས་དང་ལྡན་པ་མ་ཡིན་ཏེ། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུ་མ་སྐྱེས་པ་དག་དང་། དམུས་ལོང་ལ་སོགས་པ་རྣམས་ལ་ཕྱིས་ཀྱང་མི་ལྡན་ནོ། །ཉམས་པ་ནི་སྐྱེས་ནས་གནོད་པ་བྱས་པའམ། ནད་ཀྱིས་ཆུད་ཟོས་པ་དག་གོ། །ལུས་ཀྱང་དབང་པོ་ ལས་ལོགས་སུ་སྨོས་པ་ནི་འདོད་པ་དང་གཟུགས་སུ་སྐྱེས་པའི་སེམས་ཅན་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཟུགས་མེད་པར་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསམ་གཏན་བཞི་པ་དང་གཟུགས་མེད་པར་སྐྱེས་པའི་སོ་སོ་སྐྱེ་བོ་ཞེས་བྱ་བ་ལ། བསམ་གཏན་གསུམ་པའི་ གོང་ན་བདེ་བའི་དབང་པོ་མེད་པའི་ཕྱིར་དང་། ས་འཕོས་པས་བསམ་གཏན་གསུམ་པར་གཏོགས་པའི་བདེ་བའི་དབང་པོ་ཡོངས་སུ་བཏང་བའི་ཕྱིར། བསམ་གཏན་གསུམ་པ་ལས་གོང་དུ་སྐྱེས་པའི་སོ་སོ་སྐྱེ་བོ་ནི་བདེ་བའི་དབང་པོ་དང་མི་ལྡན་ནོ། །འཕགས་པ་ནི་སྐྱེས་ཀྱང་སྔར་བསྐྱེད་པའི་བསམ་ གཏན་གསུམ་པས་བསྡུས་པའི་བདེ་བའི་དབང་པོ་དང་ལྡན་པ་ཉིད་དོ། །དེ་ནི་ཟག་པ་མེད་པ་རྣམས་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་སྤངས་པ་མེད་ལ། མི་ལྡན་པ་ཡིན་པའི་ཕྱིར་ས་འཕོས་པས་གཏོད་པའང་མ་ཡིན་ཏེ། དེའི་ཕྱིར་འཕགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་སོ་སོ་སྐྱེ་བོ་ཞེས་སྨོས་སོ། ། གསུམ་པ་ཐོབ་པའི་ཕྱིར་བསམ་གཏན་གཉིས་པར་སྐྱེས་པ་ཡང་བདེ་བའི་དབང་པོ་ལྡན་ནོ་ཞེས་ཤེས་པར་བྱ་བ་མ་ཡིན་ནམ་ཞེ་ན་བརྗོད་པར་མི་བྱ་སྟེ། བསམ་གཏན་གསུམ་པའི་ས་པའི་ཉོན་མོངས་པ་དང་ལྡན་པའི་ཕྱིར་རོ། །ཡིད་བདེ་བའི་དབང་པོ་དང་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། འཕགས་པ་ ནི་བསམ་གཏན་གཉིས་པའི་གོང་དུ་སྐྱེས་ཀྱང་ཟག་པ་མེད་པའི་བདེ་བ་དེའི་དབང་པོ་དང་ལྡན་པ་སོ་སོའི་སྐྱེ་བོ་ཁོ་ན་དང་ཞེས་ཁྱད་པར་དུ་བྱས་སོ། །སྡུག་བསྔལ་གྱི་དབང་པོས་ཞེས་བྱ་བ་ལ། སྡུག་བསྔལ་གྱི་དབང་པོ་ནི་འདོད་པར་གཏོགས་པ་ཁོ་ན་ཡིན་པས་དེ་དང་གཟུགས་དང་གཟུགས་མེད་པར་སྐྱེས་ པ་མི་ལྡན་ནོ། །ཡིད་མི་བདེ་བ་དང་འདོད་པའི་འདོད་ཆགས་དང་བྲལ་བ་མི་ལྡན་པ་ནི་རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །ཀུན་ནས་མནར་སེམས་ཀྱི་གཞི་ནི་བྱེ་བྲག་མེད་པར་ཡིད་མི་བདེ་བ་དང་མི་ལྡན་པ་མེད་དོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་ཞེས་བྱ་བ་ལ། ཟག་པ་མེད་པའི་ ཕྱིར་སོ་སོ་སྐྱེ་བོ་དང་མི་ལྡན་ནོ། །མཐོང་བའི་ལམ་བཏང་བའི་ཕྱིར་འབྲས་བུ་ལ་གནས་པ་དང་མི་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ནི་ཞེས་བྱ་བ་ལ། ཟག་པ་མེད་པའི་བསྒོམ་པའི་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར། སོ་སོའི་སྐྱེ་བོ་དང་། མཐོང་བ་དང་། མི་སློབ་པའི་ལམ་ལ་གནས་པ་རྣམས་ མི་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་ཞེས་བྱ་བ་ལ་མི་སློབ་པའི་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར་སོ་སོའི་སྐྱེ་བོ་དང་། སློབ་པ་དག་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་དག་ཏུ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མིག་ལ་སོགས་པ་བཞི་དང་གཟུགས་ཀྱི་ཁམས་སུ་སྐྱེས་ པ་དང་ལྡན་ནོ། །འདོད་པའི་ཁམས་ན་ཐོབ་པ་དང་མ་ཉམས་པ་ཡང་མིག་ལ་སོགས་པ་དག་དང་ལྡན་ནོ། །ལུས་ཀྱི་དབང་པོ་དང་ནི་འདོད་པ་དང་། །གཟུགས་ཀྱི་ཁམས་སུ་སྐྱེས་པ་དག་དང་ལྡན་ནོ། །ཕོ་དང་མོའི་དབང་པོ་དང་ནི་འདོད་པའི་ཁམས་ཁོ་ནར་ཐོབ་པ་དང་མ་ཉམས་པ་ལྡན་ནོ། ། བདེ་བའི་དབང་པོ་ནི་བསམ་གཏན་བཞི་པའི་འོག་ཏུ་སྐྱེས་པ་དང་། བསམ་གཏན་བཞི་པ་ལ་སོགས་པར་སྐྱེས་པའི་འཕགས་པ་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་ནི་འདོད་པའི་ཁམས་སུ་སྐྱེས་པ་ལྡན་ནོ། །ཡིད་མི་བདེ་བའི་དབང་པོ་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བ་ལྡན་ནོ། ། དད་པ་ལ་སོགས་པ་དག་དང་ནི་དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པ་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་མཐོང་བའི་ལམ་ལ་གནས་པ་ལྡན་ནོ། །ཀུན་ཤེས་པའི་དབང་པོ་ནི་བསྒོམ་པའི་ལམ་ལ་གནས་པ་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་མི་སློབ་པའི་ལམ་ལ་གནས་ པ་དག་ལྡན་ནོ། །དེ་ལྟར་ན་མ་བཀག་པའི་གནས་སྐབས་དེ་དག་ཏུ་ནི་ཇི་ལྟར་བཤད་པ་དང་ལྡན་པར་རིག་པར་བྱའོ། །བདེ་ལུས་ལྡན་ལ་བཞི་དག་དང་། །ཞེས་བྱ་བ་ལ། བདེ་བའི་དབང་པོ་ལ་བཏང་སྙོམས་དང་། སྲོག་དང་ཡིད་དག་གིས་ཁྱབ་པའི་ཕྱིར་རོ། །གང་ཞིག་བདེ་བའི་དབང་པོ་ དང་ལྡན་པ་དེ་ནི་གདོན་མི་ཟ་བར་དབང་པོ་བཞི་དང་ལྡན་ནོ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། དེ་བཞིན་དུ་ལུས་ཀྱི་དབང་པོ་དང་ལྡན་པ་ཡང་བརྗོད་པར་བྱའོ། །ལྡན་པ་ནི་མ་ངེས་སོ། །དེ་ལ་རེ་ཞིག་གཟུགས་མེད་པར་སྐྱེས་པའི་འཕགས་པ་ནི་བདེ་བའི་དབང་པོ་དང་ལྡན་ནོ། །མིག་དང་རྣ་བ་དང་ སྣ་དང་ལྕེ་རྣམས་དང་མ་ཡིན་ལ། འདོད་པའི་ཁམས་སུ་གང་གིས་མ་ཐོབ་པར་རྣམ་པར་ཉམས་པ་དག་དེ་བཞིན་ནོ། །ལུས་ཀྱི་དབང་པོ་དང་ནི་མ་ཡིན་ནོ། །ཕོ་དང་མོའི་དབང་པོ་དང་ནི་གཟུགས་མེད་པར་སྐྱེས་པའི་འཕགས་པ་དང་། དེ་ལས་གཞན་པ་འདོད་ པའི་ཁམས་སུ་ཡང་གང་གིས་མ་ཐོབ་པ་དང་། རྣམ་པར་ཉམས་པ་དག་དེ་བཞིན་དུ་མི་ལྡན་པར་བརྗོད་པར་བྱའོ། །ཡིད་བདེའི་དབང་པོ་དང་ནི་བསམ་གཏན་གསུམ་པར་སྐྱེས་པའི་སོ་སོ་སྐྱེ་བོ་མི་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་ནི་བསམ་གཏན་གསུམ་དུ་སྐྱེས་པའི་འཕགས་པ་དང་བསམ་ གཏན་གསུམ་པ་ལས་གོང་དུ་སྐྱེས་པ་རྣམས་མི་ལྡན་ནོ། །ཡིད་མི་བདེ་བ་དང་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་རྣམས་མི་ལྡན་ནོ། །དད་པ་ལ་སོགས་པ་རྣམས་དང་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་རྣམས་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་འབྲས་བུ་ལ་གནས་པ་རྣམས་དང་འདོད་ པའི་ཁམས་དང་། བསམ་གཏན་གསུམ་དུ་སྐྱེས་པའི་སོ་སོ་སྐྱེ་བོ་རྣམས་མི་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ཡང་སྔ་མ་བཞིན་དུ་སོ་སོ་སྐྱེ་བོ་རྣམས་དང་འཕགས་པ་ཡང་མཐོང་བ་དང་མི་སློབ་པའི་ལམ་ལ་གནས་པ་རྣམས་མི་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་སོ་སོ་སྐྱེ་བོ་ དང་སློབ་པ་རྣམས་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་རྣམས་སུ་ཇི་སྐད་བཤད་པ་ལྡན་པར་རིག་པར་བྱའོ། །གང་ཞིག་ལུས་ཀྱི་དབང་དང་ལྡན་པ་དེ་ནི་ངེས་པར་དབང་པོ་བཞི་དང་ལྡན་ནོ། །ལྷག་མ་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །དེ་ལ་མིག་དང་རྣ་བ་དང་སྣ་དང་ལྕེ་རྣམས་ དང་ནི་འདོད་པའི་ཁམས་སུ་གང་གིས་མ་ཐོབ་པ་ཉམས་པ་རྣམས་མི་ལྡན་ནོ། །བུད་མེད་སྐྱེས་པའི་དབང་པོ་དག་དང་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་དང་། འདོད་པའི་ཁམས་སུ་ཡང་གང་གིས་མ་ཐོབ་པ་དང་རྣམ་པར་ཉམས་པ་མི་ལྡན་ནོ། །བདེ་བའི་དབང་པོ་དང་ནི་བསམ་གཏན་བཞི་པར་སྐྱེས་ པའི་སོ་སོ་སྐྱེ་བོ་མི་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་མི་ལྡན་ནོ། །ཡིད་མི་བདེའི་དབང་པོ་དང་ནི་འདོད་པའི་ཁམས་ལས་འདོད་ཆགས་ལས་བྲལ་བ་མི་ལྡན་ནོ། །དད་པ་ལ་སོགས་པ་རྣམས་དང་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་ དབང་པོ་དང་ནི་འདོད་པའི་ཁམས་སུ་སྐྱེས་པའི་སོ་སོ་སྐྱེ་བོ་དང་འབྲས་བུ་ལ་གནས་པ་རྣམས་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་འདོད་པའི་ཁམས་སུ་སྐྱེས་པའི་སོ་སོ་སྐྱེ་བོ་དང་། འབྲས་བུ་ལ་གནས་པ་རྣམས་མི་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ནི་ཁམས་གཉིས་སུ་སྐྱེས་པའི་ སོ་སོ་སྐྱེ་བོ་དང་མཐོང་བ་དང་མི་སློབ་པའི་ལམ་ལ་གནས་པའི་འཕགས་པ་རྣམས་ཇི་ལྟར་སྲིད་པ་བཞིན་མི་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་སོ་སོ་སྐྱེ་བོ་དང་སློབ་པ་རྣམས་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་རྣམས་སུ་ནི་ཇི་སྐད་བཤད་པ་ལྡན་པར་རིག་པར་བྱའོ། །མིག་ སོགས་ལྡན་ལ་ལྔ་དང་ལྡན། །ཞེས་བྱ་བ་ལ། མིག་དང་རྣ་བ་དང་སྣ་དང་ལྕེ་ནས་ནི་རེ་རེ་ཞིང་བཏང་སྙོམས་ལ་སོགས་པ་བཞིས་ཁྱབ་པའི་ཕྱིར་ན། གང་ཞིག་མིག་ལ་སོགས་པ་གང་ཡང་རུང་བ་ཞིག་དང་ལྡན་པ་ནི་གདོན་མི་ཟ་བར་དབང་པོ་ལྔ་དང་ལྡན་ནོ། །དེ་ལ་མིག་གི་དབང་པོ་དང་ལྡན་པ་ ནི་གདོན་མི་ཟ་བར་རྣ་བ་དང་ལྡན་པ་མ་ཡིན་ཏེ། འདོད་པའི་ཁམས་ན་དེ་དག་མ་ཐོབ་པ་དང་ཉམས་པ་སྲིད་པའི་ཕྱིར་རོ། །མོ་དང་ཕོའི་དབང་པོ་དག་དང་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པ་དང་། འདོད་པའི་ཁམས་སུ་ཡང་མ་ཐོབ་པ་དང་ཉམས་པ་འགའ་ཞིག་མི་ལྡན་ནོ། །བདེ་བ་ལ་སོགས་ པ་དང་མི་ལྡན་པ་ཡང་ལུས་ཀྱི་དབང་པོ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །རྣ་བ་དང་སྣ་དང་ལྕེའི་དབང་པོ་དང་ལྡན་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བ་ལ། མིག་ལ་སོགས་པ་འདི་དག་ནི་ལུས་ཀྱི་དབང་པོ་མེད་པར་མི་འབྱུང་སྟེ་དེ་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །ཕན་ཚུན་ནི་ མ་ཡིན་ཏེ། ཕན་ཚུན་བལྟོས་པ་མེད་པར་འཇུག་པའི་ཕྱིར་དང་ས་ལྔ་པ་ཡིན་པའི་ཕྱིར་རོ། །མིག་གི་དབང་པོ་བཞིན་དུ་རྣ་བ་ལ་སོགས་པ་དབང་པོ་གཞན་ལ་ཡང་འཁྲུལ་པ་རྒྱས་པར་བརྗོད་པར་བྱའོ། །ཡིད་བདེ་ལྡན་ཡང་སྟེ། མིག་ལ་སོགས་པའི་དབང་པོ་དང་ལྡན་པ་ལྟར་གདོན་མི་ཟ་ བར་བཏང་སྙོམས་དང་སྲོག་དང་ཡིད་དང་། བདེ་བ་དང་། ཡིད་བདེ་བ་སྟེ་དབང་པོ་ལྔ་དང་ལྡན་ནོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད་མི་ལྡན་པ་ཡང་ཡོད་དོ། །དེ་ལ་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་འཕགས་པ་ནི། ཡིད་བདེ་བ་དང་ལྡན་གྱི་མིག་ལ་སོགས་པ་དང་ནི་མ་ཡིན་ནོ། །འདོད་ པའི་ཁམས་སུ་སྐྱེས་པ་ཡང་གང་གིས་མ་ཐོབ་པ་དང་ཉམས་པ་ནི་མི་ལྡན་ནོ། །བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་། བཞི་པར་སྐྱེས་པའི་འཕགས་པ་རྣམས་ཕོ་དང་མོའི་དབང་པོ་དང་མི་ལྡན་ལ། འདོད་པའི་ཁམས་སུ་སྐྱེས་པ་རྣམས་ཀྱི་ཡང་ གང་ཞིག་ལུས་ཀྱི་དབང་པོ་མ་ཐོབ་པ་དང་ཉམས་པ་དག་མི་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་གཟུགས་དང་གཟུགས་མེད་པར་སྐྱེས་པའི་འཕགས་པ་དང་། བསམ་གཏན་དང་པོ་དང་གཉིས་པར་སྐྱེས་པའི་སོ་སོ་སྐྱེ་བོ་དག་མི་ལྡན་ནོ། །ཡིད་མི་བདེ་བ་དང་འདོད་པ་ལ་འདོད་ཆགས་དང་བྲལ་ བ་རྣམས་མི་ལྡན་ནོ། །དད་པ་ལ་སོགས་པ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་ཡང་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མ་བཀག་པའི་གནས་སྐབས་རྣམས་སུ་ནི་ཇི་སྐད་བཤད་པ་ལྡན་པར་རིག་པར་བྱའོ། །བསམ་གཏན་གཉིས་པར་སྐྱེས་པ་བསམ་གཏན་གསུམ་པ་མ་ཐོབ་པ་ལ་ལུས་ ཀྱི་བདེ་བ་མེད་ཅིང་སེམས་ཀྱི་བདེ་བ་མེད་དེ། དེའི་ཕྱིར་ཡིད་བདེ་བ་དང་ལྡན་པ་ནི་མིག་ལ་སོགས་པ་ལྟར་བདེ་བའི་དབང་པོ་དང་ཡང་གདོན་མི་ཟ་བར་ལྡན་པ་མ་ཡིན་ནོ་སྙམ་དུ་བསམས་ཏེ་འདྲི་བ་ནི། བསམ་གཏན་གཉིས་པར་སྐྱེས་པ་ཞེས་རྒྱ་ཆེར་འབྱུང་བའོ། །བསམ་གཏན་གསུམ་པའི་ས་པའི་ ཉོན་མོངས་པ་ཅན་དང་ལྡན་ནོ་ཞེས་བྱ་བ་ལ། ས་འོག་མ་པའི་མི་སྲིད་པའི་ཕྱིར་དང་། བསམ་གཏན་གསུམ་པའི་ས་པའི་དགེ་བ་དང་ལུང་དུ་མ་བསྟན་པ་མི་སྲིད་པའི་ཕྱིར་ཏེ། དེ་གཉིས་ཀྱི་ཕྱིར་ཉོན་མོངས་པ་ཅན་དང་ལྡན་ནོ་ཞེས་སྨོས་སོ། །དེ་མི་སྲིད་པ་དེ་དེའི་ཐོབ་པ་སྐྱེ་བ་བཏང་སྙོམས་ཅན་ཉིད་ ཀྱི་ཕྱིར་རོ། །ཇི་ལྟར་ས་གཞན་དང་ལྡན་ཞེས་བརྗོད་པར་བྱའོ། །གལ་ཏེ་ས་འོག་མའི་ཉོན་མོངས་པ་ཅན་ཉིད་ཀྱི་ཕྱིར་རོ་ཞེ་ན། མི་མཚུངས་པའི་ཕྱིར་ཉོན་མོངས་པ་ཅན་གྱིས་ཅི་ཞིག་བྱ། གཟུགས་མེད་པ་རྣམས་ལས་ཤིན་ཏུ་འདས་པའི་འཕགས་པ་ནི་ཇི་ལྟར་ན་བདེ་བ་དང་ཡིད་བདེ་བ་དག་དང་ལྡན་ཞེས་ བྱ་བ་རྒོལ་བའི་གཞིའོ། །གལ་ཏེ་ས་གོང་མའི་ཉོན་མོངས་པ་ས་འོག་མར་སྐྱེས་པ་དང་མི་ལྡན་ན། འོ་ན་སྤངས་པ་ལས་འདོད་པ་ལ་སོགས་པར་སྐྱེས་པ་བསམ་གཏན་ལ་སོགས་པ་ལ་ཆགས་པ་དང་བྲལ་བར་ཡོངས་སུ་རྟོགས་པ་ཅི་ཞེ་ན། སྤངས་པས་འདོད་ཆགས་དང་བྲལ་བ་དེའི་ཕྱིར་གདོན་མི་ ཟ་བར་ས་གོང་མའི་ཉོན་མོངས་པ་དང་ལྡན་པར་ཁས་བླང་བར་བྱའོ། །གཞན་དུ་ན་དེ་ནི་སྤངས་པ་མེད་པའི་ཕྱིར་ས་གོང་མ་ལ་ཆགས་པ་དང་བྲལ་བ་ཉིད་དུ་མི་འགྱུར་རོ། །ཉོན་མོངས་པ་མེད་པ་ནི་ཉོན་མོངས་པ་ཅན་བཞིན་དུ་ལྡན་པར་མི་རིགས་སོ། །སྦྱོར་བ་ལ་རག་ལས་པའི་ཕྱིར་དགེ་བ་དང་མ་ ཡིན་ཏེ། སྦྱོར་བ་ལ་དེ་མི་འཐད་པའི་ཕྱིར་རོ། །སྐྱེ་བས་ཐོབ་པ་དང་ཡང་མ་ཡིན་ཏེ་ལྷན་ཅིག་སྐྱེས་པས་ཐོབ་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་དང་མ་ཡིན་ཏེ། མཐའ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །གཟུགས་མེད་པར་སྐྱེས་པའི་འཕགས་པའི་ལམ་བཏང་བའི་རྒྱུ་མེད་པའི་ཕྱིར་བདེ་བ་ དང་ཡིད་བདེ་བ་དག་དང་དེའི་རྟེན་ལས་འདས་པས་མངོན་དུ་ནི་མི་བྱེད་དེ། སར་གཏོགས་པ་ནི་ས་གཏོང་བ་མི་རིགས་སོ། །སྡུག་བསྔལ་ལྡན་ནི་གདོན་མི་ཟ་བར་ལྡན་ནོ་ཞེས་སྙེགས་ཏེ། དེའི་ཕྱིར་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷག་མ་ནི་ལྡན་པ་ཡང་ ཡོད་མི་ལྡན་པ་ཡང་ཡོད་དོ། དེ་ལ་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ནི་མིག་ལ་སོགས་པ་དང་ནི་མ་ཐོབ་པ་དང་ཉམས་པ་དག་མི་ལྡན་ནོ། །དེ་བཞིན་དུ་ཕོ་དང་མོའི་དབང་པོ་དག་ཀྱང་ངོ་། །ཡིད་མི་བདེ་བ་དང་འདོད་ཆགས་དང་བྲལ་བ་མི་ལྡན་ནོ། །དད་པ་ལ་སོགས་པ་དང་དགེ་བའི་རྩ་ བ་ཆད་པ་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་འདོད་པའི་ཁམས་སུ་སོ་སོ་སྐྱེ་བོ་དང་འབྲས་བུ་ལ་གནས་པ་རྣམས་མི་ལྡན་ནོ། །དེ་བཞིན་དུ་ཀུ