Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 209

Văn bản gốc(Tây Tạng)

Trang 12 / 28 (50.000 ký tự/trang)
ན་ཤེས་པའི་དབང་པོ་དང་ཀུན་ཤེས་ལྡན་པའི་དབང་པོ་ཡང་བརྗོད་པར་བྱའོ། །མ་བཀག་པའི་གནས་སྐབས་རྣམས་སུ་ཇི་སྐད་བཤད་པ་
ལྡན་པར་རིག་པར་བྱའོ། །མོ་ཡི་དབང་སོགས་ལྡན་བརྒྱད་དང་། །གདོན་མི་ཟ་བར་ལྡན་ནོ་ཞེས་བྱ་བར་སྦྱར་ཏེ། བཤད་མ་ཐག་པའི་བདུན་པོ་དེ་དག་དང་ལྡན་ནོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད་མི་ལྡན་པ་ཡང་ཡོད་དོ། །དེ་ལ་མིག་ལ་སོགས་པ་རྣམས་དང་ནི་མ་ཐོབ་པ་དང་ཉམས་པ་དག་མི་
ལྡན་ནོ། །དེ་བཞིན་དུ་ཕོའི་དབང་པོ་དང་ཡིད་མི་བདེ་བ་དང་འདོད་ཆགས་དང་བྲལ་བ་མི་ལྡན་པ་ལ་སོགས་པ་ལྷག་མ་སྔ་མ་བཞིན་ནོ། །མ་བཀག་པའི་གནས་སྐབས་རྣམས་སུ་ཇི་སྐད་བཤད་པ་ལྡན་པར་རིག་པར་བྱའོ། །གང་ཞིག་ཕོའི་དབང་པོའམ། ཡིད་མི་བདེ་བའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་

ཟ་བར་དབང་པོ་བརྒྱད་དང་ལྡན་པ་ཡིན་ཏེ། ཇི་སྐད་བཤད་པ་བདུན་དང་། བརྒྱད་པ་ཕོའི་དབང་པོའམ་ཡིད་མི་བདེ་བའི་དབང་པོ་དང་ལྡན་ནོ། །གང་གི་ཕྱིར་གང་ཞིག་ཡིད་མི་བདེ་བ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་ཚོར་བ་ལྔ་དང་། ལུས་དང་། སྲོག་དང་ཡིད་དང་ལྡན་ཏེ། །
ལྷག་མ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །དད་པ་ལ་སོགས་པ་དང་ལྡན་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དད་པའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་དབང་པོ་བརྒྱད་དང་ལྡན་ཏེ། དད་པ་ལ་སོགས་པ་རྣམས་ནི་བཏང་སྙོམས་ལ་སོགས་པ་དག་མེད་པར་མི་འབྱུང་ཞིང་། དེ་བཞིན་དུ་
ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྟེ་ལྔ་པོ་དེ་དག་དང་། བཏང་སྙོམས་དང་། སྲོག་དང་། ཡིད་དག་དང་ལྡན་ནོ་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་རེ་རེ་བརྩོན་འགྲུས་ལ་སོགས་པ་དག་དང་ལྡན་
པ་ཡང་བརྗོད་པར་བྱའོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་ཡོད་མི་ལྡན་པ་ཡང་ཡོད་དོ། །ཀུན་ཤེས་ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་པ་བཅུ་གཅིག་ལྡན། །ཞེས་བྱ་བ་ལ། དབང་པོ་ལྡན་ཞེས་བྱ་བའི་སྒྲ་ནི་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དང་། ཀུན་ཤེས་པ་དང་ལྡན་པ་ལ་ཞེས་རེ་རེ་
དང་སྦྲེལ་བར་བྱའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཁོ་ན་ལ་ཀུན་ཤེས་པ་ཞེས་བརྗོད་དེ། དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་སྙམ་དུ་བདེན་པ་བཞི་ཀུན་ནས་ཤེས་པ་ཡིན་པས་ཀུན་ཤེས་པ་ཞེས་བཤད་དེ།
དེ་ཉིད་ཀྱི་ཕྱིར། ཀུན་ཤེས་པ་ལ་དབང་བྱེད་པས་ན་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །གང་ཞིག་ཀུན་ཤེས་པའི་དབང་པོ་དང་ལྡན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། བསྒོམ་པའི་ལམ་གྱིས་བསྡུས་པའི་ཕྱིར་ཀུན་ཤེས་པའི་དབང་པོ་དང་ནི་སློབ་པ་ཁམས་གསུམ་དུ་སྐྱེས་པ་ཡང་ལྡན་པ་སྲིད་
དོ། །བཅུ་གཅིག་མ་གཏོགས་པ་རྣམས་དང་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །དེ་ལ་མིག་ལ་སོགས་པ་རྣམས་དང་གཟུགས་མེད་པའི་ཁམས་སུ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་འོང་བ་མི་ལྡན་ནོ། །འདོད་པའི་ཁམས་སུ་ཡང་མ་ཐོབ་པ་དང་ཉམས་པ་མི་ལྡན་ནོ། །ལུས་ཀྱི་དབང་

པོ་དང་གཟུགས་མེད་པར་སྐྱེས་པའི་སློབ་པ་མི་ལྡན་ནོ། །མོ་དང་ཕོའི་དབང་པོ་དང་ནི་གཟུགས་མེད་པར་སྐྱེས་པའི་ཕྱིར་མི་འོང་བ་དང་འདོད་པའི་ཁམས་སུ་ཡང་མ་ཐོབ་པ་དང་ཉམས་པ་དག་བསྒོམ་པའི་ལམ་ལ་གནས་པ་རྣམས་མི་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་ནི་གཟུགས་དང་གཟུགས་མེད་པར་
སྐྱེས་པའི་འཕགས་པ་རྣམས་མི་ལྡན་ནོ། །ཡིད་མི་བདེ་བ་དང་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་རྣམས་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ཡང་མི་ལྡན་པ་ཉིད་དོ། །དེ་དག་མཐོང་བ་དང་མི་སློབ་པའི་ལམ་ཉིད་དེ་བསྒོམ་པའི་ལམ་གྱི་གནས་སྐབས་
སུ་ཡང་དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་རྒྱས་པར་ཇི་ལྟར་སྲིད་པ་བཞིན་བརྗོད་པར་བྱ་སྟེ། མ་བཀག་པའི་གནས་སྐབས་སུ་ཇི་སྐད་བཤད་པ་ལྡན་པར་རིག་པར་བྱའོ། །ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ངེས་པར་ཞེས་བྱ་བ་
འཇུག་སྟེ། མཐོང་བའི་ལམ་ནི་འདོད་པའི་ཁམས་ཁོ་ནར་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་ལུས་ཀྱི་དབང་པོ་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ངེས་པ་ལ་འཇུག་པའི་ཚེ་ཡིད་མི་བདེ་བ་མི་སྲིད་དོ་ཞེ་ན། དེའི་ཕྱིར་ཚོར་བ་བཞི་དག་དང་ཞེས་སྨོས་སོ། །ལྷག་མ་རྣམས་དང་ནི་ལྡན་པ་ཡང་
ཡོད་མི་ལྡན་པ་ཡང་ཡོད་དོ། །དེ་ལ་མ་ཐོབ་པ་དང་ཉམས་པ་ནི་མིག་ལ་སོགས་པ་དང་མི་ལྡན་ནོ། །དེ་བཞིན་དུ་མོ་དང་ཕོའི་དབང་པོ་དག་དང་ཀུན་ཤེས་པའི་དབང་པོ་མཐོང་བའི་ལམ་ལ་གནས་པ་དག་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་རྣམས་སུ་ལྡན་པར་རིག་པར་བྱའོ། །དེ་ལ་ཐོབ་པ་དང་མ་
ཉམས་པ་ནི་མིག་ལ་སོགས་པ་རྣམས་དང་ལྡན་ནོ། །མོ་དང་ཕོའི་དབང་པོ་དག་དང་ཀུན་ཤེས་པ་དང་ཀུན་ཤེས་ལྡན་པའི་དབང་པོ་དག་མི་ལྡན་པ་ཉིད་དོ། །དེ་དག་དང་འབྲེལ་བའི་ཕྱིར་མོ་དང་ཕོའི་དབང་པོ་དང་ལས་གང་ཡང་རུང་བ་ཞིག་བརྗོད་པར་བྱའོ་ཞེས་བྱ་བའི་བརྒལ་བའི་ཚིག་བརྗོད་པར་མི་བྱ་
སྟེ་འཁྲུལ་བའི་ཕྱིར་རོ། །རེས་འགའ་རིམ་གྱིས་འཆི་བའི་གནས་སྐབས་སུ་ཕོ་དང་མོའི་དབང་པོ་འགག་ཀྱང་། དེའི་ཚེ་སྐྱེ་བ་སྐྱེ་ཞིང་ངེས་པ་ལ་འཇུག་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་མོ་ཡིན་ལ་མོའི་དབང་པོ་དང་མི་ལྡན་པ་ཡོད་དམ་ཞེ་ན་ཡོད་དོ་ཞེས་བརྗོད་པར་བྱ་སྟེ། མོའི་དབང་པོ་འགག་ཀྱང་དེའི་རིགས་མཐུན་

པ་མི་འགག་པའི་ཕྱིར་རོ། ཕོའི་དབང་པོ་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །གནས་སྐབས་མ་ངེས་པར་དབང་པོ་ལྡན་པ་བཤད་ཟིན་ཏོ། །ད་ནི་གང་ཟག་ངེས་པར་བརྗོད་པར་བྱ་སྟེ། ཡང་ན་གང་ཞིག་གི་ནང་ན་ཉུང་བ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
འདིར་ནི་ཉུང་བ་དག་དང་ལྡན་པ་འགོག་པ་ཡིན་གྱི། མང་བ་དག་ཏུ་ལྡན་པ་ནི་མ་ཡིན་ནོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ནི་དགེ་བའི་ཆོས་ཐམས་ཅད་དང་མི་ལྡན་པའི་ཕྱིར་དགེ་མེད་ཅེས་བྱའོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ལ་ནི་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་སྲིད་པ་ཡོད་པ་མ་ཡིན་ཏེ།
དེའི་ཕྱིར་ཚོར་བ་ལྔ་དག་དང་ཞེས་བྱ་བ་སྨོས་སོ། །འདོད་པའི་ཁམས་ལས་གཞན་ན་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་མ་ཡིན་ནོ། །འདོད་པའི་ཁམས་ན་ལུས་ཀྱི་དབང་པོ་འཁྲུལ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ལུས་དང་ཞེས་བྱ་བ་སྨོས་སོ། །ཚོར་བར་བྱེད་པ་ནི་མྱོང་བ་སྟེ། ཚོར་བར་བྱེད་པའི་ཕྱིར་རོ་ཞེས་
བྱ་བ་ནི་བྱེད་པ་པོ་སྟེ། དངོས་པོའི་བྱེད་པ་པོ་ཡང་སྟོན་པར་བྱེད་དོ། །དགེ་བ་མེད་པའི་ཕྱིར་དད་པ་ལ་སོགས་པ་རྣམས་དང་ཟག་པ་མེད་པ་དག་དང་ལྡན་པ་ཡང་མ་ཡིན་ནོ། །མིག་ལ་སོགས་པ་ཕོའི་དབང་པོའི་མཐར་ཐུག་པ་མ་ཐོབ་པ་དང་ཉམས་པ་རྣམས་དང་ཡང་ལྡན་པ་མ་ཡིན་ནོ། །གཟུགས་
མེད་བྱིས་པའང་དེ་བཞིན་ཏེ། །ཞེས་བྱ་བ་ལ་དེ་བཞིན་ཞེས་བྱ་བའི་སྒྲ་ནི་གྲངས་ཙམ་ཞིག་དང་སྦྱར་གྱི། གང་དག་དང་དགེ་མེད་ལྡན་པ་དེ་དག་ཁོ་ན་དང་ལྡན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། །ཞེས་བྱ་བ་སྨོས་སོ། །བྱིས་པ་ཞེས་བྱ་བ་ནི་སོ་སོ་སྐྱེ་
བོའི་མིང་ཡིན་ནོ་ཞེས་བྱ་བ་འདི་ལྟར་རྟོགས་ཤེ་ན། མདོ་ལས་འབྱུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྟག་པར་ལྷུང་བ་རྣམས་ནི་བདག་དང་བདག་གི་ཞེས་བྱ་བ་རྒྱ་ཆེར་གསུངས་ཏེ། དེ་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་བྱིས་པ་དང་འདྲ་བས་
བྱིས་པ་ཡིན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་རྣམས་ཀྱང་གཟུང་བར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་དད་པ་ལ་སོགས་པ་ལྟར་གཅིག་ཏུ་དགེ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བརྒྱད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །

ཞེས་པ་འདིར་བརྒྱད་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེ་དག་འཛིན་ན་བཅུ་གཅིག་ཏུ་འགྱུར་གྱི་བརྒྱད་ནི་མ་ཡིན་ནོ། །བྱིས་པའི་སྐབས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། བྱིས་པ་ཞེས་བྱ་བ་སོ་སོ་སྐྱེ་བོ་ལ་བྱ་སྟེ། སོ་སོ་སྐྱེ་བོ་ཉིད་ནི་འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་
ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་འཛིན་པ་མ་ཡིན་ནོ། །ཡང་ན་གཟུགས་མེད་པ་ན་ཀུན་ཤེས་པར་བྱེད་པའི་དབང་པོ་མེད་པའི་ཕྱིར་རོ། །ཡང་གང་ཞིག་གི་ནང་ན་དབང་པོ་མང་པོ་དག་དང་ལྡན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མཚན་གཉིས་པ་ལ་ནི་ཟག་པ་མེད་པའི་ཆོས་མེད་པའི་ཕྱིར་ཀུན་
ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་དག་དང་མི་ལྡན་ནོ། །མཚན་གཉིས་པ་གདོན་མི་ཟ་བར་བཅུ་དགུ་དང་ལྡན་པ་ཡང་མ་ཡིན་ཏེ། སྲིད་པའི་དབང་དུ་བྱས་ནས་བརྗོད་པ་ཡིན་ནོ། །དབང་པོ་ཚང་བ་གང་ཡིན་པ་ནི་མིག་ལ་སོགས་པ་ཕོའི་དབང་པོའི་མཐར་ཐུག་པ་ཐོབ་པ་དང་ཉམས་པ་དག་དང་ལྡན་
ནོ། །མཚན་གཉིས་པ་ཉིད་ཡིན་པའི་ཕྱིར་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་མེད་པའི་ཕྱིར་དང་འདོད་པ་ལ་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དད་པ་ལ་སོགས་པ་དག་དང་། ཚོར་བ་ལྔ་དག་དང་། སྲོག་དང་ཡིད་དང་ལྡན་ནོ། །འཕགས་པ་ཆགས་བཅས་ཏེ་ཞེས་བྱ་བ་ལ། འཕགས་པ་སྨོས་
པ་ནི་སོ་སོ་སྐྱེ་བོ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ནི་ཟག་པ་མེད་པའི་དབང་པོ་དང་ལྡན་པ་ཡིན་ནོ། །ཆགས་བཅས་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བ་ལས་ཁྱད་པར་དུ་བྱེད་པ་སྟེ་དེ་ནི་ཡིད་མི་བདེ་བ་དང་ལྡན་ནོ། །མཚན་གཅིག་དྲི་མེད་གཉིས་མ་གཏོགས། །ཞེས་བྱ་བ་ལ། མཚན་གཅིག་ནི་ཕོའི་དབང་
པོའམ་མོའི་དབང་པོའོ། །དེ་ཅིའི་ཕྱིར་མ་གཏོགས་ཤེ་ན། མཚན་གཉིས་པ་ལ་འཕགས་པའི་ལམ་མི་སྐྱེ་བའི་ཕྱིར་རོ། །གལ་ཏེ་མཐོང་བའི་ལམ་ལ་གནས་པ་ཡིན་ན་ནི། དེའི་ཕྱིར་ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་ཏེ། དེ་གཉིས་ནི་བསྒོམ་པ་དང་
མི་སློབ་པའི་ལམ་ཡིན་པའི་ཕྱིར་རོ། །འོན་ཏེ་བསྒོམ་པའི་ལམ་ལ་གནས་པ་ཡིན་ན་ནི། དེའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་ཏེ། དེ་དག་ནི་མཐོང་བ་དང་མི་སློབ་པའི་ལམ་ཡིན་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་རབ་ཏུ་དབྱེ་བས་ཞེས་བྱ་བ་རྒྱས་པར་

འབྱུང་ངོ་། །ཇི་ལྟར་ཞེ་ན། ཁམས་རབ་ཏུ་དབྱེ་བའི་ཞར་ལས་འོངས་པ་ཞེས་བྱ་བ་འབྱུང་སྟེ། ཁམས་བཅོ་བརྒྱད་པོ་དེ་དག་ལས་དབང་པོ་རྣམས་ནི་དུ། དབང་པོ་མ་ཡིན་པ་རྣམས་ནི་དུ་ཞེས་པ་དེ་ལྟར་ཁམས་རབ་ཏུ་དབྱེ་བའི་ཞར་ལས་འོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱས་
པ་བཤད་ཟིན་ཏེ། རང་གི་ངོ་བོ་དང་རྣམ་པ་རབ་ཏུ་དབྱེ་བ་བརྗོད་པའི་ཕྱིར་རོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཅི་འདུས་བྱས་ཀྱི་ཆོས་འདི་དག་ཅེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དཔྱོད་པ་འདི་ལ་དགོས་པ་ཅི་ཡོད་ཅེ་ན། ཆོས་རབ་ཏུ་རྣམ་པར་དབྱེ་བའི་དོན་དུ་ཆོས་མངོན་པ་བསྟན་ཏོ། །ཞེས་དང་
པོ་ཉིད་ཁོ་ནར་བཤད་པ་མ་ཡིན་ནམ། ཡང་ན་རྒྱུ་དང་རྐྱེན་རྣམས་ཀྱི་འབྲས་བུ་གཅིག་པ་དགག་པའི་ཕྱིར་རོ། །ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །ཁ་ཅིག་ནི་འདི་རྒྱུ་མ་ཡིན་པ་ལས་སྐྱེ་བར་སེམས་སོ། །འདི་རང་ལས་སྐྱེའོ་ཞེས་སོ། །ཁ་ཅིག་ནི་རྒྱུ་གཅིག་པ་ཅན་ཡིན་ནོ། །ཁ་
ཅིག་ནི་རྒྱུ་མི་མཉམ་པ་ཅན་ཏེ་རང་བཞིན་ལ་སོགས་པར་རྟོགས་པ་ལས་སོ། །ཁ་ཅིག་སྔར་སྐྱེས་པ་ཙམ་གྱི་རྒྱུ་ཅན་ཞེས་ཏེ། དེའི་ཕྱིར་ཇི་ལྟར་འདི་ལྟར་ཕྱིན་ཅི་མ་ལོག་པར་སྐྱེ་བ་དེ་བཞིན་ཁོ་ནར་གཞན་དུ་དཔྱད་པར་བྱའོ། །འདི་ཡང་རྒྱུ་དང་རྐྱེན་གྱི་སྐབས་སུ་རྣམ་པར་དཔྱད་དོ། །འདིར་ནི་མ་ཡིན་ཏེ།
དངོས་པོ་རྣམས་ཀྱི་ངེས་པར་ལྷན་ཅིག་སྐྱེས་པ་ཙམ་བསྟན་པའི་ཕྱིར་རོ། །ཇི་ལྟར་མཚན་ཉིད་ཐ་དད་པ་ཞེས་བྱ་བ་ནི། གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཚོར་བ་ནི་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་རང་གི་མཚན་ཉིད་ཐ་དད་པས་སོ། །འདུས་མ་བྱས་རྣམས་ཀྱང་
མཚན་ཉིད་ཐ་དད་མོད་ཀྱི་སྐྱེ་བ་ནི་མ་ཡིན་པས་འདིར་འདུས་མ་བྱས་མི་གཟུང་ངོ་། །ངེས་པར་ལྷན་ཅིག་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ལ་ཁ་ཅིག་ལྷན་ཅིག་སྐྱེ་བ་ཡོད་ཀྱི་ངེས་པར་ལྷན་ཅིག་སྐྱེ་བ་ནི་མ་ཡིན་ཏེ། དཔེར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང་མིག་ལ་སོགས་པ་དག་ལྟ་བུ་སྟེ་མིག་ལ་སོགས་པ་དག་ནི་རྟེན་
པ་དང་བཅས་པ་དང་དེ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ངེས་པ་སྨོས་སོ། །ཆོས་འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ། རྣམ་པ་དུ་མ་ཡོད་ཀྱང་མདོར་བསྡུས་པ་བརྗོད་པར་འདོད་ན་ལྔར་འགྱུར་རོ། །ཇི་ལྟར་ཞེ་ན་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །

དེ་ལ་གཟུགས་ཅན་མ་ཡིན་པ་རྣམས་ལ་རྣམ་པ་བཞིར་དབྱེ་བ་བྱས་ཏེ་ལྔར་འགྱུར་རོ། །ཡང་ཅིའི་ཕྱིར་རྣམ་པ་ལྔར་བསྟན་ཅེ་ན། ལོག་པར་རྟོག་པ་དགག་པའི་ཕྱིར་ཏེ། གཟུགས་ལ་སོགས་པར་རྟོགས་པ་དེ་དགག་པར་བྱ་བའི་ཕྱིར་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཐ་དད་པར་བཤད་དོ། །
སེམས་དང་སེམས་ལས་བྱུང་བ་དོན་གཞན་མ་ཡིན་ནོ་སྙམ་པ་ལ། སེམས་དང་སེམས་བྱུང་དེས་ལྷན་ཅིག །ཅེས་འཆད་པར་འགྱུར་རོ། །ཐོབ་པ་ལ་སོགས་པ་རྣམས་ནི་ཡོད་པ་མ་ཡིན་ནོ་སྙམ་པ་ལ། མི་ལྡན་པའི་འདུ་བྱེད་རྣམས་ཞེས་འཆད་པར་འགྱུར་རོ། །འདུས་མ་བྱས་རྫས་མ་ཡིན་ནོ་
སྙམ་པ་ལ། བྲལ་བ་བློ་ཡིས་ཟད་པ་ཡིན། །ཞེས་འཆད་དོ། །དེ་ལྟར་ན་བསྟན་པ་འདིས་ནི་ལོག་པར་རྟོག་པ་དེ་རྣམས་བཀག་པར་འགྱུར་ལ། རང་གི་གྲུབ་མཐའ་ཡང་གསལ་བར་བྱས་པར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་པ་ཉིད་དོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ངེས་པར་
ལྷན་ཅིག་སྐྱེ་བ་བསམ་པའི་སྐབས་ཡོད་པ་མ་ཡིན་ནོ། །ཆོས་གཟུགས་ཅན་རྣམས་ཀྱི་ཞེས་བྱ་བ་ལ། ཆོས་གཟུགས་ཅན་རྣམས་ནི་རྣམ་པ་གཉིས་ཏེ། དབང་པོ་མེད་པ་རྡུལ་ཕྲ་རབ་ཅེས་བྱ་བ་དང་། རྡུལ་ཕྲ་རབ་མ་ཡིན་པ་ཞེས་བྱའོ། །རྡུལ་ཕྲ་རབ་ཅེས་བྱ་བ་ཡང་རྣམ་པ་གཉིས་ཏེ།
འདོད་པ་ན་སྤྱོད་པ་རྣམས་དང་། གཟུགས་ན་སྤྱོད་པ་རྣམས་སོ། །འདོད་པ་ན་སྤྱོད་པ་རྣམས་ཀྱང་རྣམ་པ་གཉིས་ཏེ། དབང་པོ་མེད་པ་རྣམས་དང་དབང་པོ་དང་བཅས་པ་རྣམས་སོ། །གཟུགས་ན་སྤྱོད་པ་རྣམས་ཀྱང་དེ་དང་འདྲ་བར་རྣམ་པ་གཉིས་ཁོ་ནའོ། །ངེས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་
ནི་འཆད་པར་འགྱུར་བ་ཐམས་ཅད་འཕེན་པའོ། །དེ་ལ་རེ་ཞིག །འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །ཐམས་ཅད་པས་ཕྲ་བ་བསགས་པའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་སྟེ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་ནི་རྣམ་པ་
གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་། བསགས་པའི་རྡུལ་ཕྲ་རབ་བོ། །དེ་ལ་རྫས་ཀྱི་རྡུལ་ཕྲ་རབ་ནི་ཐམས་ཅད་པས་ཕྲ་བ་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡན་ལག་སྟེ། གང་ཞིག་གཟུགས་གཞན་ནམ། བློས་ཀྱང་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་པའོ། །དེ་ཉིད་ཀྱི་ཕྱིར་དེ་ལ་

ཆ་ཤས་མེད་པས་དེ་ལ་གཟུགས་ཀྱི་མཐའ་ཞེས་བྱ་སྟེ། སྐད་ཅིག་མ་ཕྱེད་མེད་པས་སྐད་ཅིག་མ་དུས་ཀྱི་མཐའ་ཡིན་པ་བཞིན་ནོ། །འདུས་པའི་རྡུལ་ཕྲ་རབ་ནི་གང་ལས་ཆེས་ཕྲ་བའི་འདུས་པ་གཞན་མེད་པ་ཚོགས་པའི་ཡན་ལག་སྟེ། གཟུགས་གཞན་གྱིས་གཞོམ་
པར་མི་ནུས་པ་གང་ཡིན་པའོ། །གལ་ཏེ་འདུས་པའི་རྫས་ཡིན་པའི་ཕྱིར་སྐྱེ་བ་མི་རིགས་པ་མ་ཡིན་ནམ་ཞེ་ན། འདུས་པ་སྐྱེའོ་ཞེས་དེ་སྐད་སྨྲ། འོ་ན་ཅི་ཞེ་ན། འདོད་པའི་ཁམས་ན་དབང་པོ་དང་སྒྲའི་རྡུལ་ཕྲ་རབ་མ་གཏོགས་པ་རྫས་བརྒྱད་ཕན་ཚུན་འབྲེལ་པ་མེད་པ་སྐྱེའོ། །འདི་སྐད་དུ་རྫས་
བརྒྱད་སྐྱེའོ། །གང་ཡང་རུང་བ་ཞིག་མ་ཚང་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་གཞན་དག་ཀྱང་གཟུགས་ལ་སོགས་པའི་རྡུལ་ཕྲ་རབ་རྫས་སུ་མངོན་པར་འདོད་པས་རློམ་པར་བྱེད་དོ། །དེ་ནི་འདོད་པའི་ཁམས་ན་སྒྲ་དང་། དབང་པོ་དང་བྲལ་བའི་རྫས་བརྒྱད་མ་འབྲེལ་བར་སྐྱེ་བ་
ཡིན་ནོ། །འདོད་པ་སྨོས་པ་ནི་གཟུགས་ཀྱི་ཁམས་བསལ་བར་བྱ་བའི་ཕྱིར་ཏེ། དེ་ན་དྲི་དང་རོ་མེད་པས་རྣམ་པ་གཞན་དུ་ངེས་པར་སྐྱེ་བར་རྣམ་པར་གཞག་གོ། །ལུས་དབང་ལྡན་ལ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་དང་སྦྱར་ཏེ་འཁོར་བ་ཅན་བཞིན་ནོ། །དེ་ནི་རྫས་དགུ་ངེས་པར་ལྷན་ཅིག་སྐྱེ་
སྟེ། ལུས་ཀྱི་དབང་པོ་ནི་མིག་ལ་སོགས་པ་མ་གཏོགས་པར་ཡོད་པའི་ཕྱིར་རོ། །དབང་པོ་གཞན་ལྡན་རྫས་བཅུའོ། །ཞེས་བྱ་བ་ལ། འདུས་པ་གང་ལ་མིག་ལ་སོགས་པ་གཞན་ཡོད་པ་དེ་ནི་རྫས་བཅུ་པ་ཡིན་ཏེ། མིག་ལ་སོགས་པ་རྣམས་ནི་ལུས་ཀྱི་དབང་པོ་མེད་ན་མི་འབྱུང་བའི་
ཕྱིར་དང་། ཕན་ཚུན་ཐ་དད་པར་འཇུག་པའི་ཕྱིར་རོ། །རྡུལ་ཕྲ་རབ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་དབང་པོ་མེད་པ་ནི་དགུ་པའོ། །ལུས་ཀྱི་དབང་པོ་དང་ལྡན་པ་ནི་རྫས་བཅུ་པའོ། །དབང་པོ་གཞན་དང་ལྡན་པ་ནི་རྫས་བཅུ་གཅིག་པ་སྟེ། དེ་དག་ནི་
རེས་འགའ་སྒྲ་མེད་པར་ཡང་ཡིན་ཏེ། སྒྲ་ནི་འབྱུང་བ་བརྡེག་པ་ལས་སྐྱེས་པའི་ཕྱིར་ན། གཟུགས་ལ་སོགས་པ་བཞིན་དུ་རྟག་ཏུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་རྡུལ་ཕྲ་རབ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ནི་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དབང་པོ་དང་ཐ་མི་དད་པའི་སྒྲ་མ་དམིགས་

པར་དོགས་པར་བྱས་པ་དེའི་ཕྱིར། དབང་པོ་དང་ཐ་མི་དད་པའི་སྒྲ་ཡང་ཡོད་དེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་ན་འབྱུང་བ་རྣམས་ཐ་མི་དད་པ་ལས་འདི་ན་ཞེས་བྱ་བ་དང་། ངེས་པར་ལྷན་ཅིག་སྐྱེ་བའི་ཕྱིར་ན་དབང་པོ་རྣམས་ནི་ཐ་མི་དད་པ་སྟེ། འོ་མ་དང་ཆུ་བཞིན་ཕན་ཚུན་རྣམ་པར་དབྱེ་བར་
མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཇི་ལྟར་ན་ཐ་དད་པ་མེད་ན། འདུས་པ་ཁ་ཅིག་ཁོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདུས་པ་ཐམས་ཅད་ལ་ཐམས་ཅད་མཚུངས་པར་ཡོད་པས་ཐམས་ཅད་ཀྱི་རང་གི་ངོ་བོ་དམིགས་པར་འགྱུར་གྱི། སྲ་བ་ལ་སོགས་པ་རེ་རེར་དམིགས་
པར་ནི་མི་འགྱུར་རོ་སྙམ་དུ་སེམས་ན། གང་ཞིག་གང་ན་ཆེས་གསལ་བའི། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན་བཤད་པ། མཐུའི་སྒོ་ནས་ཤས་ཆེ་བ་སྟེ། ནུས་པའི་སྒོ་ནས་ཤས་ཆེ་བའི་རྫས་ཏེ། ཚད་ཀྱི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་དེ་ན་དམིགས་ཏེ་ཞེས་བྱ་
བ་ལ། འབྱུང་བ་འདུས་པ་སྲ་བ་ནི་སའི་འབྱུང་བ་མཐུའི་སྒོ་ནས་ཤས་ཆེ་སྟེ། དེའི་ཕྱིར་དེ་ཁོ་ན་དེར་དམིགས་ཀྱི་གཞན་དག་ནི་མ་ཡིན་ཏེ་བྱ་བ་ཤས་ཆེ་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་བརྗོད་པར་བྱའོ། །དེ་ཉིད་ལ་དཔེ་ནི་དཔེར་ན་ཁབ་དང་སྡོང་བུའི་ཚོགས་
ལ་རེག་པ་ལྟ་བུ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དམིགས་པའི་རྒྱུ་ནི་ཡོད་པ་ཙམ་ཁོ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གསལ་བ་ཉིད་ཀྱང་ཡིན་ཏེ། དཔེར་ན་ཁབ་དང་སྡོང་བུ་རྣམས་དང་། ཕྱེ་དང་། ལན་ཚྭ་དག་ཚད་མཉམ་ཡང་ཁབ་དང་སྡོང་བུའི་ཚོགས་ལ་མཐུའི་སྒོ་ནས་སྲ་བ་ཤས་
ཆེ་བའི་ཕྱིར་ཁབ་ཀྱི་རེག་བྱ་ཁོ་ན་དམིགས་ཀྱི་སྡོང་བུའི་རེག་བྱ་ནི་མ་ཡིན་ནོ། །དེ་བཞིན་དུ་མཐུ་དང་ལྡན་པའི་ཕྱིར་ལན་ཚྭའི་རོ་ཁོ་ན་དམིགས་པར་འགྱུར་གྱི་ཕྱིའི་རོ་ནི་མ་ཡིན་ནོ། །གང་གི་ཕྱིར་ཟིལ་གྱིས་མནན་པས་མ་དམིགས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མེད་པས་ཀྱང་ཡིན་ནོ་ཞེས་འདྲི་
བ་ནི། ཡང་ཇི་ལྟར་དེ་དག་ན་ཞེས་བྱ་བ་སྟེ། སྲ་བ་དང་། གཤེར་བ་དང་། དྲོ་བ་ལ་སོགས་པའི་འདུས་པ་དག་ལས་འབྱུང་བ་ལྷག་མ་གསུམ་ཡོད་པ་ཉིད་དུ་རྟོགས་ཤེ་ན་ལས་ཀྱི་སྒོ་ནས་ཏེ། འབྱུང་བ་རྣམས་ཀྱི་ལས་སོ་སོར་ངེས་པར་འཛིན་པ་སྟེ། སྡུད་པ་དང་། སྨིན་པ་དང་། འཕེལ་བའི་

བདག་ཉིད་ཅན་ནི་འཛིན་པ་ལ་སོགས་ལས་སུ་གྲུབ་ཅེས་བྱ་བས་གོང་ཁོ་ནར་བཤད་ཟིན་ཏོ། །དེའི་ཕྱིར་གང་ན་གང་གི་ལས་དམིགས་པ་དེ་ན་དེ་ཡོད་པ་ཉིད་དོ་ཞེས་བྱ་བར་རྟོགས་ཏེ། འཛིན་པ་ལ་སོགས་པ་ལས་ནི་བྱེད་པ་པོ་ལ་མི་ལྟོས་པའམ། བྱེད་པ་པོ་གཞན་དང་
ལྡན་པ་མེད་པའི་ཕྱིར་རོ། །དེ་ལ་རྡོ་བ་ལ་སོགས་པའི་འདུས་པ་སྲ་བ་ལ་ནི། སྡུད་པ་དང་། མི་འབྱུང་བ་དང་། འཕེལ་ཞིང་ལྷུང་བ་དག་ལས་ཆུ་དང་། མེ་དང་རླུང་རྣམས་ཡོད་པ་ཉིད་དུ་རྟོགས་ལ། འདུས་པ་གཤེར་བ་ལ་ནི་གྲུ་ལ་སོགས་པ་རྣམས་འཛིན་པའི་ཕྱིར་དང་། དྲོ་བའི་ཕྱིར་དང་།
གཡོ་བའི་ཕྱིར་ལྷག་མ་རྣམས་ཡོད་པ་ཉིད་དུ་རྟོགས་སོ། །མེས་འདུས་པ་དྲོ་བ་ལ་མེ་ལྕེ་རྣམས་བརྟན་པ་དང་། བསྡུས་པ་དང་། གཡོ་བ་ལས་ལྷག་མ་རྣམས་ཡོད་པ་ཉིད་དུ་རྟོགས་སོ། །རླུང་གིས་འདུས་པ་གཡོ་བ་ལ་འཛིན་པ་དང་། གྲང་བ་དང་། དྲོ་བ་དང་། དམིགས་པ་ལས་ལྷག་
མ་རྣམས་ཡོད་པ་ཉིད་དུ་རྟོགས་སོ། །རྐྱེན་དང་ཕྲད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མེ་ལ་སོགས་པའི་རྐྱེན་དང་ཕྲད་ན་ཟངས་ལ་སོགས་པ་རྣམས་གཤེར་བར་དམིགས་པའི་ཕྱིར་དེ་ལ་ཆུའི་ཁམས་ཡོད་པར་ཁོང་དུ་ཆུད་ལ། གྲང་བ་ལ་སོགས་པའི་རྐྱེན་དང་ཕྲད་པས་གཤེར་བ་ལ་སྲ་བ་ལ་
སོགས་པ་མཐོང་བའི་ཕྱིར་དེ་ལ་སའི་ཁམས་ཡོད་པ་ཉིད་དུ་ངེས་སོ། །དེ་བཞིན་དུ་སྲ་བའི་ཚོགས་དྲུག་པ་ལས་དྲོ་བ་དམིགས་པའི་ཕྱིར་མེ་ཡོད་པ་ཉིད་དང་། མངོན་པར་བརྡེགས་པ་ལས་ཡིན་ལག་བྱེར་བ་ལས་རླུང་གི་ཁམས་ཡོད་པ་ཉིད་དུ་ཤེས་སོ། །ཡོད་པ་ཉིད་ནི་རྐྱེན་གྱི་མཐུའི་སྒོ་
ནས་བྱ་བ་ཤས་ཆེ་བ་ཉིད་དུ་བྱེད་ཀྱི། མེད་པ་སྐྱེ་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ། ཆུ་དག་ལ་གྲང་བའི་ཁྱད་པར་གྱི་སྒོ་ནས་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཡིན་ཏེ། མེ་ཆུང་ཆེས་པ་དང་། ཆེས་ཆུང་བ་དང་། ཆུང་བ་དང་འདྲེས་པའི་
ཕྱིར་ཆུ་དག་ལ་གྲང་བའི་ཁྱད་པར་ཏེ། གྲང་བ་དང་། ཆེས་གྲང་བ་དང་། གྲང་ཆེས་པ་ཞེས་བྱ་བ་རུང་སྟེ། གྲང་བ་ནི་དྲོ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དངོས་པོ་རྣམས་མི་མཐུན་པའི་ཕྱོགས་དང་འདྲེས་པ་ཉིད་ལས་ཆེས་ཞན་པ་དང་། ཞན་ཆེས་པ་ལ་སོགས་པར་ཐ་

དད་དོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །མ་འདྲེས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་སྒྲ་རྫས་གཞན་དང་འདྲེས་པ་མེད་ཅིང་རང་གི་རིགས་ལས་མ་འདས་པ་གསལ་བ་དང་། ཆེས་གསལ་བ་དང་། གསལ་ཆེས་པ་ཡིན་པ་དང་། དེ་བཞིན་
དུ། བདེ་བ་དང་། སྡུག་བསྔལ་ཅིག་ཅར་སྲིད་པ་མེད་མོད་ཀྱི། འོན་ཀྱང་རང་གི་རིགས་ལས་མ་འདས་པར་ཚོར་བ་ལ་ཁྱད་པར་མཐོང་བའི་ཕྱིར་ན་ཚོར་བ་བདེ་བ། ཚོར་བ་སྡུག་བསྔལ་དང་འདྲེས་པ་ལ་བལྟོས་པ་མེད་ལ། སྡུག་བསྔལ་ཚོར་བ་དང་འདྲེས་པ་ལ་སོགས་པ་ལ་བལྟོས་པ་མེད་
པ་དེ་བཞིན་དུ་ཆུ་དག་ལ་ཡང་རྫས་གཞན་དང་འདྲེས་པ་མེད་ཅིང་རང་གི་རིགས་ལས་མ་འདས་པར་གྲང་བ་ཁྱད་པར་དུ་འགྱུར་རོ། །གཞན་དག་ན་རེ་དེ་དག་ལ་དེ་དག་ས་བོན་གྱི་སྒོ་ནས་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ས་བོན་གྱི་སྒོ་ནས་ཞེས་བྱ་བ་ནི་ནུས་པའི་སྒོ་ནས་སོ། །དེ་དག་ལ་
ཞེས་བྱ་བ་ནི་སྲ་བ་ལ་སོགས་པའི་ཚོགས་པ་དག་ལའོ། །དེ་དག་ཅེས་བྱ་བ་ནི་ས་ལ་སོགས་པ་དག་གོ། །རང་གི་ངོ་བོར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྫས་སུ་ནི་མ་ཡིན་ཏེ་ཞེས་བྱ་བའི་དོན་ནོ། །ཅིའི་ཕྱིར་རང་གི་ངོ་བོ་མ་ཡིན་ཞེ་ན། དེའི་ཕྱིར་ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་
ཡོད་དོ་ཞེས་བྱ་བ་སྨོས་ཏེ། ས་བོན་རྣམས་ཞེས་བྱ་བར་རྟོགས་ཀྱི་གསེར་ལ་སོགས་པའི་ཁམས་རྣམས་རང་གི་ངོ་བོས་གནས་པ་ནི་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །ཤིང་གི་ཕུང་པོའི་ཆ་ཤས་ཆུང་ཡང་བསམ་གཏན་པ་དུ་མའི་མོས་པ་ཐ་དད་པའི་ཕྱིར་རོ། །གལ་ཏེ་རྡུལ་ཕྲ་རབ་རྫས་བརྒྱད་པ་ངེས་
པར་ལྷན་ཅིག་སྐྱེ་ན། རླུང་ལ་ཁ་དོག་ཇི་ལྟར་ཡོད་ཅེས་པའམ། ཡང་ན་གཤེར་བ་ཉིད་ལ་སོགས་པ་རྐྱེན་ཡོད་ན་སྲ་བ་ལ་སོགས་པ་རྣམས་ལ་གཤེར་བ་ཉིད་ལ་སོགས་པ་དམིགས་པའི་ཕྱིར་སྔར་ཡང་དེ་ཡོད་པ་ཉིད་དུ་སྨྲས་ན། གང་དང་འབྲེལ་པ་ལས་རླུང་ལ་ཁ་དོག་དམིགས་པར་འགྱུར་
བའི་རྐྱེན་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རླུང་ལ་ཁ་དོག་ཇི་ལྟར་ཡོད་པ་བརྗོད་པར་བྱའོ་ཞེ་ན། དོན་འདི་ནི་དད་པར་བྱ་བ་ཡིན་གྱི་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། ལྐོག་ཏུ་གྱུར་པའི་དོན་ལ་ནི་རྣམ་པ་གཉིས་ཀྱིས་རྟོགས་ཏེ། རྗེས་སུ་དཔག་པ་དང་

ཡིད་ཆེས་པའི་ལུང་གིས་སོ། །དེའི་ཕྱིར་འདི་ནི་བཤད་མ་ཐག་པའི་རྗེས་སུ་དཔག་པ་མི་སྲིད་ཀྱི། ཡིད་ཆེས་པའི་ཚིག་ཚད་མ་ཉིད་དུ་གྱུར་པ་ཁོ་ན་ལས་རྟོགས་པར་བྱའོ། །དོན་འདི་ནི་མཆོག་ཏུ་ཡིད་ཆེས་པ་དག་གིས་སོ་ཞེས་བྱ་བར་རྟོགས་པར་བྱའི། དོན་
འདི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །ཡང་ན་དད་པར་བྱ་བ་ཡིན་པ་འབའ་ཞིག་ཏུ་མ་ཟད་དེ། །འོ་ན་ཅི་ཞེ་ན། རྗེས་སུ་དཔག་པར་བྱ་བ་ཡང་ཡིན་ནོ། །འདྲེས་པར་དྲི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དྲི་དང་ལྡན་པའི་རྫས་དང་འདྲེས་པས་རླུང་གིས་དྲི་ཁྲིད་ནས་འོང་
བའི་ཕྱིར་དང་། འཛིན་པའི་ཕྱིར་དང་། དྲི་འོངས་པ་ལས་ཀྱང་ཁ་དོག་འཁྲུལ་པ་མེད་པའི་ཕྱིར་རོ། །གཟུགས་ནི་གཟུགས་ཀྱི་ཁམས་ལ་དྲི་འཁྲུལ་གྱི་དྲི་ནི་གཟུགས་ལ་མ་ཡིན་ཏེ། དེའི་ཕྱིར་གང་ན་དྲི་ཡོད་པ་དེ་ན་གཟུགས་ཡོད་དོ་ཞེས་བྱ་བ་རྟོགས་པར་བྱའོ། །རྫས་དྲུག་དང་། བདུན་
དང་། བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ན་ནི་དྲི་དང་རོ་གཉིས་མེད་དེ། དེའི་ཕྱིར་དབང་པོ་དང་། སྒྲ་དང་བྲལ་བ་ནི་རྫས་དྲུག་དང་ལྡན་ནོ། །ལུས་ཀྱི་དབང་པོ་དང་ལྡན་པ་ནི་རྫས་བདུན་དང་ལྡན་ནོ། །དབང་པོ་གཞན་དང་ལྡན་པ་ནི་རྫས་བརྒྱད་པ་ཡིན་ནོ། །
དེ་དག་སྒྲ་དང་བཅས་ན་ནི་རྫས་བདུན་དང་། བརྒྱད་དང་། དགུ་དང་ལྡན་ནོ། །དོན་གྱིས་བཤད་ཟིན་པ་དང་འདྲ་བ་ཉིད་ཀྱི་ཕྱིར། དེ་བཤད་ཟིན་པ་འདྲ་བའི་དངོས་པོ་ནི་བཤད་ཟིན་པ་འདྲ་བ་ཉིད་དོ། །བརྗོད་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཡང་མི་བཤད་དོ། །ཡང་ཅི་
འདིར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྫས་བརྒྱད་དང་ལྡན་པར་རོ། །རྫས་ཁོ་ན་རྫས་སུ་གཟུང་ཞེས་བྱ་བ་ནི་རྫས་ཀྱི་སྒྲས་ས་ལ་སོགས་པའི་རང་གི་མཚན་ཉིད་ཁོ་ན་བརྗོད་ཀྱི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་མ་ཡིན་པའོ། །འོན་ཏེ་སྐྱེ་མཆེད་ཀྱི་ཞེས་བྱ་བ་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་གྱི་རྫས་ཀྱི་རང་གི་
མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྫས་ཁོ་ན་ལ་རྫས་སུ་ཞེས་བྱ་བ་ལ། གལ་ཏེ་རྫས་ཁོ་ན་རྫས་ཀྱི་སྒྲས་གཟུང་གི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་མ་ཡིན་ན་ནི། དེ་ལྟ་ཡིན་ན་ཧ་ཅང་ཉུང་བར་སྨྲ་བ་ཡིན་ཏེ། རྡུལ་ཕྲ་རབ་དེ་ལ་བརྒྱད་དང་དགུ་དང་བཅུ་ལས་ཐ་དད་པའི་

རྫས་གཞན་ཡང་ཡོད་པའི་ཕྱིར་ཏེ། དེ་ཡང་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་རོ། །བུམ་པ་དང་སྣམ་བུ་ལ་སོགས་པའི་ཁ་དོག་གི་གཟུགས་ལ་ཁ་དོག་གི་རྡུལ་ཕྲ་རབ་བསགས་པས་རྡུལ་ཕྲ་རབ་དེ་ལ་ཁ་དོག་ངེས་པར་ཡོད་པར་འགྱུར་རོ། །དེ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་
པ་ལ་དབྱིབས་ཀྱི་རྡུལ་ཕྲ་རབ་ཀྱང་བསགས་པས་ན་རྡུལ་ཕྲ་རབ་དེ་ལ་དབྱིབས་ཀྱང་ངེས་པར་ཡོད་པར་འགྱུར་རོ། །ལྕི་བ་ཉིད་དང་ཡང་བ་ཉིད་དག་དང་། འཇམ་པ་ཉིད་དང་། རྩུབ་པ་ཉིད་དག་ལས་གང་ཡང་རུང་བ་ཞིག་ཀྱང་ངེས་པར་ཡོད་དོ། །འདུས་པའི་གཟུགས་ནི་ལྕི་བ་ཉིད་དང་
བྲལ་བའམ། འཇམ་པ་ཉིད་དང་རྩུབ་པ་ཉིད་དང་བྲལ་བ་འགའ་ཡང་མེད་དོ། །གྲང་བ་དང་བཀྲེས་པ་དང་སྐོམ་པ་དག་ནི་རྡུལ་ཕྲ་རབ་ཐམས་ཅད་ལ་མི་སྲིད་པས་ཁ་ཅིག་ལ་ནི་ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་རྫས་བརྒྱད་པ་ཉིད་དམ། རྫས་བཅུ་པའམ། རྫས་བཅུ་གཉིས་པ་ནས་
རྫས་བཅུ་བཞི་པའམ་བཅོ་ལྔ་པའི་བར་དུ་ཡང་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་ཡང་རྫས་དྲུག་དང་བདུན་དང་བརྒྱད་དང་དགུའི་བར་དུ་སྲིད་པར་བྱའོ། །རྫས་ངེས་པས་ངེས་པར་ལྷན་ཅིག་སྐྱེ་བར་བརྗོད་པའི་ཕྱིར་སྐྱོན་མེད་དོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །
འདི་སྣང་བ་ལ་སོགས་པ་རྣམས་ལ་དབྱིབས་ལ་སོགས་པ་ངེས་པ་མེད་པ་འདི་དཔྱད་པར་བྱ་བ་ལས། འདི་གཞན་དུ་ཡང་དཔྱད་ཟིན་པས་གཏམ་རྣམ་པར་འཕྲོས་པས་ཆོག་གོ། །འོན་ཏེ་སྐྱེ་མཆེད་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་དབང་
དུ་བྱས་ནས་རྫས་སུ་བརྗོད་ཀྱི། རྫས་ཀྱི་རང་གི་མཚན་ཉིད་མ་ཡིན་ནོ། །རྫས་བཞི་དང་ལྡན་པ་ཞེས་བྱ་བ་ལ། རྫས་བརྒྱད་ཀྱི་དབང་དུ་བྱས་ནས་བཤད་དོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འབྱུང་བ་ལས་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་འབྱུང་བ་ཇི་སྙེད་པ་དག་ཀྱང་རེག་བྱའི་སྐྱེ་མཆེད་
ཡིན་ནོ་ཞེས་བྱ་བ་སྨོས་སོ། །རྟེན་དུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་ས་ལ་སོགས་པ་སྟེ། དེ་ནི་རྒྱུར་བྱས་པའི་གཟུགས་ཀྱི་རྟེན་ཡིན་ནོ། །རྟེན་ཅན་དུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་སོ། །དེ་ལྟར་ན་དབྱིབས་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་

འདུ་ལ། ལྕི་བ་ཉིད་ལ་སོགས་པ་རྣམས་ནི་རེག་བྱའི་སྐྱེ་མཆེད་ཀྱི་ཁོངས་སུ་འདུ་བའི་ཕྱིར་ཧ་ཅང་ཉུང་བ་དང་ཧ་ཅང་མང་བར་སྨྲས་པ་མ་ཡིན་ནོ། །གལ་ཏེ་རྟེན་དུ་གྱུར་པ་རྗེས་སུ་བཟུང་བ་དེ་ལྟ་ན་ཡང་མ་ངེས་པ་ཉིད་ལས་མི་གྲོལ་ལོ། །ཅིའི་ཕྱིར་ཞེ་ན་ཁ་དོག་སོགས་
པ་རྒྱུར་བྱས་པའི་གཟུགས་རྣམས་སོ་སོར་འབྱུང་བ་བཞི་ཚན་ལ་བརྟེན་པའི་ཕྱིར་རོ། །འབྱུང་བའི་རྫས་རྣམས་ནི་མང་པོ་ཉིད་ཡིན་ལ་དེ་དག་ཀྱང་རྒྱུར་བྱས་པའི་གཟུགས་ལྟར་གདོན་མི་ཟ་བར་ཕན་ཚུན་ངེས་པར་ལྷན་ཅིག་སྐྱེ་བར་འགྱུར་རོ། །འདི་ནི་རིགས་ལ་རྫས་སུ་བཟུང་སྟེ་ཞེས་བྱ་བ་ནི་ས་ལ་
སོགས་པའི་རིགས་སོ། །དེ་ཉིད་ཀྱི་རྒྱུ་བཤད་པ་འབྱུང་བ་བཞི་ཚན་དག་ཀྱང་ས་ལ་སོགས་པའི་རིགས་ལས་མི་འདའ་བའི་ཕྱིར་རོ། །མིག་ལ་སོགས་པ་རེ་རེའི་རྟེན་འབྱུང་བ་བཞི་ཚན་གང་དག་ཡིན་པ་དེ་དག་ནི་ཕན་ཚུན་འབྱུང་བ་བཞི་ཚན་གྱི་རིགས་ལས་མི་འདའ་སྟེ། དེའི་ཕྱིར་འབྱུང་བ་
ཆེན་པོ་བཞི་ཞེས་འབྱུང་བའི་བཞི་ཚན་གཅིག་ཉིད་དུ་བཤད་དོ། །དེ་ལྟར་འབད་དེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ཅུང་ཟད་ཅིག་ནི་རྫས་ཁོ་ན་རྫས་ཡིན་ཞིང་། ཅུང་ཟད་ཅིག་ནི་སྐྱེ་མཆེད་ཀྱི་རྫས་ཡིན་ཞིང་། སླར་ཡང་རིགས་ཀྱི་རྫས་ཡིན་ནོ་ཞེས་དེ་ལྟར་བྱེ་བྲག་ཏུ་བསྟན་པར་བྱ་
བའི་ཕྱིར་འབྱུང་བ་འདི་ལ་དོན་ཅི་ཡོད། བདུན་པའི་སྒོ་ནས་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་པ་དང་རྒྱས་པའི་རྫས་སུ་བྱེད་པའི་ཕྱིར་རོ། །དོན་ལ་བརྟག་པར་བྱའོ་ཞེས་བྱ་བ་ནི་ཅི་རྫས་འདི་དག་ངེས་པར་ལྷན་ཅིག་སྐྱེ་བ་ཡིན་ནམ་མ་ཡིན་ཞེས་བྱ་བའི་བར་རོ། །སློབ་དཔོན་འདུས་བཟང་
ན་རེ། སྐྱེ་མཆེད་ངེས་པ་ལ་ཡང་འབྱུང་བའི་རིགས་ནི་འབྱུང་བར་བརྗོད་ལ། དེ་ཡང་དམིགས་ཀྱིས་བསལ་བ་དུ་མའི་ངེས་པའི་དོན་ཏོ་ཞེས་ཟེར་རོ། །གང་ཞིག་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཞན་མ་ཡིན་པའི་དམིགས་ཀྱིས་བསལ་བ་སྟེ། རེག་བྱ་རྒྱུར་བྱས་པའི་གཟུགས་
མེད་པ་དམིགས་ཀྱིས་བསལ་བ་འདུས་པ་ཐམས་ཅད་ལ་ཐམས་ཅད་ཡོད་པ་མ་ཡིན་པའི་དམིགས་ཀྱིས་བསལ་བ་དང་གྲངས་ངེས་པའི་དམིགས་ཀྱིས་བསལ་བ་སོ་སོ་སྐྱེ་བོའི་རིགས་བརྗོད་པས་ནི་སེལ་བ་ཡིན་ནོ་རས་སྟོ་བྷ་བ་ཏི། འབྱུང་བ་ལས་གྱུར་པ་སོ་སོར་ངེས་པའི་འབྲས་བུ་ཉིད་

ཡིན་པའི་ཕྱིར་འབྱུང་བའི་རྫས་མང་པོ་ཉིད་དུ་ཐལ་བ་ཡོད་པ་མ་ཡིན་ཏེ་རིགས་ངེས་པའི་ཕྱིར་རོ། །གལ་ཏེ་འདི་ཐམས་ཅད་འབྱུང་བ་བཞི་ཚན་ལ་བརྟེན་པར་འགྱུར་ན་ཅིས་གནོད། རིགས་ཐ་དད་པ་དང་འགལ་བའི་འབྱུང་བ་རྒྱུར་བྱས་པའི་གཟུགས་བཞིན་ཞེས་བྱ་བ་རྒོལ་བའི་གཞིའོ་ཞེ་
ན་བདེན་ཏེ། རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དང་འགལ་བ་རུང་བ་མ་ཡིན་ཏེ། གཅིག་དང་དུ་མའི་ནུས་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་རྒྱུར་བྱས་པའི་གཟུགས་ཀྱི་དབྱེ་བ་བཞིན་ནོ། །དེའི་ཉེ་བར་ལེན་པའི་བྱེ་བྲག་ལས་ཞེས་བྱ་བ་འདིར་ཡང་རིགས་ལ་རྗེས་སུ་གཟུང་ཞེས་སྨོས་སོ། །
ཐོགས་པ་དང་བཅས་པ་རྒྱུར་བྱས་པའི་གཟུགས་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཅིར་འགྱུར་ཞེ་ན། སེམས་ཀྱི་རྗེས་སུ་འབྲང་བའི་གཟུགས་བཞིན་ནོ། །འབྲས་བུ་དུ་མ་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དང་ལྷན་ཅིག་འབྱུང་བའི་རྒྱུར་འགྱུར་བ་ཅི་ཞིག །མ་ངེས་པར་འགྱུར་བ་
ཅི་ཞིག་ཅེ་ན། གཟུགས་ཅན་རྣམས་ཀྱི་ངེས་པར་ལྷན་ཅིག་སྐྱེ་བ་བཤད་ཟིན་ཏོ། །འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་པ་ལྷག་མ་རྣམས་ཀྱིས་བརྗོད་པར་བྱའོ་ཞེས་བྱ་བ་ནི། སེམས་དང་སེམས་ལས་བྱུང་བ་དང་ལྡན་
པ་མ་ཡིན་པ་རྣམས་ཀྱིའོ། །སེམས་དང་སེམས་འབྱུང་ངེས་ལྷན་ཅིག །ཅེས་བྱ་བ་ལ། སེམས་ཐམས་ཅད་སེམས་ལས་བྱུང་བ་ཐམས་ཅད་དམ། སེམས་ལས་བྱུང་བ་ཐམས་ཅད་སེམས་ཐམས་ཅད་དང་ངེས་པར་ལྷན་ཅིག་སྐྱེ་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སེམས་
དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་བྲལ་བ་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་དག་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕན་ཚུན་རག་ལས་ཏེ་ལུས་རྙེད་པའི་ཕྱིར་ཕན་ཚུན་མེད་ན་འབྱུང་བར་མི་ནུས་སོ། །ཐམས་ཅད་འདུས་བྱས་མཚན་ཉིད་
དང་། །ཞེས་བྱ་བ་ལ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་ལྡན་པའི་འདུ་བྱེད་དག་ཡིན་གྱི་འདུས་མ་བྱས་ནི་མ་ཡིན་ཏེ་སྐྱེ་བའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་ཅུང་ཟད་སྐྱེ་བ་ཞེས་སྨོས་སོ། །ཐོབ་པའམ་ཞེས་བྱ་བ་ལ། ཐོབ་པ་ནི་རང་གི་

རྒྱུད་དུ་གཏོགས་པ་རྣམས་ཀྱིའོ་ཞེས་བྱ་སྟེ། སེམས་ཅན་དུ་སྟོན་པ་ཁོ་ན་ཐོབ་པ་དང་ལྷན་ཅིག་གདོན་མི་ཟ་བར་སྐྱེའོ། །སེམས་ཅན་དུ་མི་སྟོན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་བརྟག་པའི་དོན་དུ་འམ་ཞེས་བྱ་བའི་སྒྲ་སྨོས་ཏེ། ཅུང་ཟད་ཅིག་
ནི་ཐོབ་པ་དང་ལྷན་ཅིག་སྐྱེ་ལ། ཅུང་ཟད་ཅིག་མི་སྐྱེའོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །བཤད་མ་ཐག་པའི་འདུས་བྱས་རྣམ་པ་བཞི་ལས་གཟུགས་ནི་ཕུང་པོ་བསྟན་པར་རྣམ་པར་ཕྱེ་ཟིན་ཏོ། །སེམས་ནི་ཁམས་བསྟན་པར་རོ། །སེམས་ལས་བྱུང་བ་རྣམས་དང་ལྡན་པ་མ་ཡིན་པ་
རྣམས་རྣམ་པར་དབྱེ་བ་མ་བྱས་ཏེ། དེའི་ཕྱིར་སེམས་ལས་བྱུང་བའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། སེམས་བྱུང་རྣམ་ལྔ་སྟེ་ཞེས་བྱ་བ་སྨོས་སོ། །ས་ཞེས་བྱ་བ་ནི་གོ་སྐབས་ཀྱི་ཡུལ་ཏེ་ཞེས་བྱ་བའོ། །གོ་སྐབས་ཞེས་བྱ་བ་ནི་གོའམ་སྐྱེ་བའོ། །གང་ཞིག་གང་གི་གོ་སྐབས་ཀྱི་ཡུལ་
ཡིན་པ་ཞེས་བྱ་བ་ལ། གང་དུ་གང་གི་གོ་མི་འཇུག་པ་དེ་ནི་གོ་སྐབས་ཀྱི་ཡུལ་ཏེ། དེ་ཉིད་ལ་འཇིག་རྟེན་ནས་ཞེས་བྱའོ། །དེ་ལ་འདི་དག་ལ་ས་མང་པོ་ཡོད་པས་ན་ས་མང་པོ་པ་རྣམས་ཏེ། གང་དག་རྣམ་པ་ཐམས་ཅད་དུ་སེམས་ཐམས་ཅད་དང་ལྷན་ཅིག་སྐྱེ་བའོ། །དེ་ཉིད་ཀྱི་ཕྱིར་
སེམས་ནི་ས་ཆེན་པོ་པ་མ་ཡིན་ཏེ། སེམས་གཞན་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །གོ་སྐབས་ཀྱི་ཡུལ་ནི་གོ་སྐབས་ཀྱི་ཡུལ་ལོ་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པས་སེམས་དང་མངོན་པར་འབྲེལ་ལོ། །རྣམ་པ་ཐམས་ཅད་དུ་ཉོན་མོངས་པའི་ས་ཆེན་པོ་པ་ལ་སོགས་པ་
རྣམས་ལ་སྡུག་བསྔལ་འབྲེལ་ལོ་ཞེས་པའི་ཚིག་གིས་འཕངས་པས་འདིར་དོགས་པ་སྐྱེའོ། །རྟེན་གྱི་ཡུལ་ཉིད་ཀྱིས་འཆད་པར་འདོད་པ་ཉིད་ཀྱི་ཕྱིར་འདི་ལས་ས་གང་ཡིན་པ་དེ་དག་དེའི་རྟེན་ཉིད་དུ་བརྗོད་དོ། །ས་ཆེན་པོ་པ་ནི་རྟེན་ཉིད་དུ་ཡོངས་སུ་བཅད་པས་ཡུལ་ཆེན་པོ་ཞེས་བྱ་སྟེ། སེམས་
ཐམས་ཅད་ལ་འབྱུང་བ་དེའི་ཕྱིར་འདི་ལེགས་པར་འབྲེལ་ལོ། །ཆོས་བཅུ་པོ་འདི་དག་ནི་ཞེས་བྱ་བ་བྱས་པར་འབྱུང་བ་ལ། གྲག་གོ་ཞེས་བྱ་བའི་སྒྲ་ནི་ཡིད་ལ་བྱེད་པ་དང་བཏང་སྙོམས་མི་རྩོལ་བ་གཉིས་སེམས་གྱི་སྐད་ཅིག་གཅིག་ལ་འགལ་བས་མི་འདོད་པར་བསྟན་པར་བྱ་བའི་ཕྱིར་རོ། །

ཚོར་བ་མྱོང་བ་ཞེས་བྱ་བ་ལ། སྔར་ཚོར་བའི་རང་གི་ངོ་བོ་བཤད་ནས་ད་ནི་རབ་ཏུ་དབྱེ་བ་ཙམ་ཞིག་སྟོན་པ་ནི་མྱོང་བ་རྣམས་པ་གསུམ་སྟེ། དབང་པོ་རྣམ་པར་གཞག་པར་ལུས་ཀྱི་དང་སེམས་ཀྱི་དབྱེ་བ་རྣམ་པར་བཤད་པ་གང་ཡིན་པ་དེ་ནི་མྱོང་བ་རྣམ་པ་གསུམ་པ་ལས་མི་འདའོ་ཞེས་
བསྟན་པའི་ཕྱིར་ཡང་མྱོང་བ་རྣམ་པ་གསུམ་སྟེ་ཞེས་བཤད་དོ། །དེ་ལ་བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཉམས་སུ་མྱོང་བ་ནི་གོ་རིམས་བཞིན་དུ་ལུས་ལ་ཕན་འདོགས་པ་དང་གནོད་པ་དང་སྙོམས་པར་བྱེད་པ་འདོད་པ་དང་མི་
འདོད་པ་དང་གཉིས་ཀ་ལས་བཟློག་པའི་རེག་པས་བསྐྱེད་པ་ཡིན་པར་རིག་པར་བྱའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ལ། སེམས་པ་ནི་ཡིད་གཡོ་བ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དམན་པ་དང་བར་མ་དང་གྱ་ནོམ་པ་སེམས་གཡོ་བ་
དང་རབ་ཏུ་གཡོ་བ་སྟེ། གང་ཞིག་ཡོད་ན་ཁབ་ལོང་གི་དབང་གིས་ལྕགས་གཡོ་བ་ལྟར་སེམས་དམིགས་པ་ལ་གཡོ་བར་འགྱུར་བ་སྟེ། སྐད་ཅིག་གཞན་དུ་མི་གནས་ཤིང་། །བྱེད་མེད་ཡིད་ཀྱང་གང་གིས་ན། །བྱེད་དང་བཅས་པར་སྣང་གྱུར་པ། །སེམས་པ་དེ་ནི་ཡིད་
ཀྱི་ལས། །ཞེས་སོ། །ཡུལ་ལ་མཚན་མར་འཛིན་པའོ་ཞེས་བྱ་བ་ལ། མཚན་མ་ནི་ཡུལ་གྱི་བྱེ་བྲག་སྟེ། སྐྱེས་པ་དང་བུད་མེད་ལ་སོགས་པའི་དམིགས་པ་རྣམ་པར་འཇོག་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་
འདུ་བྱེད་ནི་མཚན་མར་འཛིན་པའི་བདག་ཉིད་ཅན་ཏེ་ཁྱད་པར་གྱི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ཡང་མཚན་མར་འཛིན་པའི་དོན་གྱི་མཚན་ཉིད་ཅན་ཡིན་གྱི་ཡོངས་སུ་གཅོད་པར་བྱེད་པ་ནི་མ་ཡིན་ཏེ་ཞན་པའི་ཕྱིར་རོ། །འདུན་པ་ནི་བྱེད་འདོད་པའོ་ཞེས་བྱ་བ་ནི་དམིགས་པ་འཛིན་པར་
མངོན་པར་འདོད་ཅེས་བྱ་བའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་མངོན་པར་འདོད་པ་སྔོན་དུ་འགྲོ་བ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ནི་འདུན་པའི་རྩ་བ་ཅན་དུ་བརྗོད་དོ། །གལ་ཏེ་འདུན་པ་མངོན་པར་འདོད་པའི་བདག་ཉིད་ཅན་ཡིན་ན་འདུན་པ་

དང་སྲེད་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྲེད་པ་ནི་མངོན་པར་ཞེན་པའི་མཚན་ཉིད་ཅན་ཡིན་ལ། འདུན་པ་ནི་མངོན་པར་འདོད་པའི་མཚན་ཉིད་ཅན་ཡིན་པས་ཁྱད་པར་ཡོད་དོ། །རེག་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དབང་པོ་དང་
ཡུལ་དང་རྣམ་པར་ཤེས་པ་རྒྱུ་དང་འབྲས་བུར་གྱུར་པ་དག་ཕན་ཚུན་རེག་པ་དང་འདྲ་བ་གནས་སྐབས་དེ་དང་ལྡན་པ་དག་ལས་སེམས་ལས་བྱུང་བའི་ཆོས་གཞན་དུ་གྱུར་པ་ཚོར་བ་ཐམས་ཅད་ཀྱི་རྒྱུ་རེག་པ་ཞེས་བྱ་བ་ཞིག་སྐྱེ་བ་དེ་ལ་རེག་པ་ཞེས་བརྗོད་དོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་
པའོ་ཞེས་བྱ་བ་ལ། རབ་ཏུ་རྣམ་པར་འབྱེད་པར་བྱེད་པས་ན་རབ་ཏུ་རྣམ་པར་འབྱེད་པ་སྟེ། གང་གིས་ཡང་དག་པ་དང་ལོག་པ་ཉིད་དང་རང་དང་སྤྱིའི་མཚན་ཉིད་འདྲེས་པའི་ཆོས་རྣམས་ལ་རྣམ་པར་འབྱེད་པར་བྱེད་ཅིང་རྟོག་པ་སྟེ་འདི་དག་ནི་ཟག་པ་དང་བཅས་པ་རྣམས་སོ། །འདི་དག་ནི་
ཟག་པ་མེད་པ་རྣམས་སོ། །འདི་དག་ནི་གཟུགས་ཅན་རྣམས་སོ། །འདི་དག་ནི་གཟུགས་ཅན་མ་ཡིན་པ་རྣམས་སོ་ཞེས་བྱ་བ་ལྟ་བུའོ། །དྲན་པ་ནི་དམིགས་པ་མི་བརྗེད་པའོ་ཞེས་བྱ་བ་ནི། རང་གི་དམིགས་པ་འཛིན་པ་ཆུད་མི་ཟ་བའི་རྒྱུ་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཏིང་ངེ་
འཛིན་དང་དྲན་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཏིང་ངེ་འཛིན་ནི་སེམས་ལས་བྱུང་བ་རྣམས་དམིགས་པ་ལ་རྩེ་གཅིག་པ་ཡིན་ལ། དྲན་པ་ནི་དམིགས་པ་ལས་ཡོངས་སུ་ཉམས་ཀྱང་སླར་དམིགས་པ་ལ་སེམས་འགུགས་པར་བྱེད་པའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་
ཞེས་བྱ་བ་ནི། དམིགས་པ་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་མཐུན་པར་སེམས་པ་སེམས་ལས་བྱུང་བའི་ཆོས་ནི་ཡིད་ལ་བྱེད་པ་སྟེ། གང་ཞིག་ལ་འཇིག་རྟེན་པ་རྣམས་སེམས་གཏོད་པ་ཞེས་སྨྲ་བའོ། །ཡིད་ལ་བྱེད་པས་ན་ཡིད་ལ་བྱེད་པ་སྟེ། བྱེད་པ་ནི་དོན་དུ་མ་ཅན་
ཡིན་པས་སེམས་མཚུངས་པར་ལྡན་པ་དང་བཅས་པ་དམིགས་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། དེ་ནི་ལག་པའི་རིལ་བ་བྷྲིཾ་གཱ་ར་ལྟར་འཇུག་ཅིང་སེམས་དམིགས་པ་ལ་འཇུག་པར་བྱེད་པའོ། །མོས་པ་ནི་འདོད་པའོ་ཞེས་བྱ་བ་ནི། འདི་ནི་འདི་ལྟར་ཡིན་ན་སྙམ་

པ་སྟེ་འདོད་པའོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ངེས་པར་གྱུར་པ་མི་འདོར་བའི་ལས་ཅན་ཡིན་པའི་ཕྱིར་ངེས་པར་འཛིན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་མོས་པ་ནི་དམིགས་པ་ལ་འཇུག་པ་ལ་གེགས་མེད་པའི་སེམས་ལས་བྱུང་བ་སྟེ། ལྷག་པའི་ཚུལ་ཁྲིམས་
བཞིན་ནོ་ཞེས་ཟེར་རོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ། རྩེ་ནི་དམིགས་པ་དང་ཡུལ་ཞེས་བྱ་བའི་དོན་ཏོ། །གང་ཡོད་ན་སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་ལ་རྩེ་གཅིག་ཏུ་འཇུག་པའི་ཆོས་དེ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། རྣམ་
པར་མ་སྤྲོས་པའི་ཚུལ་གྱིས་ཡུལ་འཛིན་པ་ལ་མི་གཡེང་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་དཔལ་ལེན་ན་རེ། ས་མང་པོ་པ་རྣམས་མེད་ཀྱི། གལ་ཏེ་བརྟག་ན་ནི་གསུམ་ཁོ་ན་ཞིག་སྟེ། ཚོར་བ་དང་འདུ་ཤེས་དང་སེམས་པ་དག་ནི་ལྷན་ཅིག་སྐྱེའི་ཞེས་མདོ་ལས་འབྱུང་བའི་
ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རེག་པས་མང་པོ་ཉིད་ཡིན་པ་དགག་ནུས་པ་མ་ཡིན་རེག་པ་ལ་དེར་མངོན་པར་བརྗོད་པའི་ཕྱིར་དང་། གསུམ་འདུས་པ་ལས་རེག་པ་ཞེས་བྱ་བ་མིག་དང་གཟུགས་དང་རྣམ་པར་ཤེས་པ་ལས་ཐ་དད་པའི་རེག་པ་ནི་མེད་དོ། །གང་
ཆོས་འདི་གསུམ་འདུས་ཤིང་ཚོགས་པ་དེ་རེག་པ་ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ཏེ་གསུངས་པའི་ཕྱིར་རོ། །རེག་པའི་རྐྱེན་ཉིད་ཉེ་བར་བསྟན་པས་སྐྱེ་མཆེད་དྲུག་གི་རྐྱེན་ཉིད་ཉེ་བར་བསྟན་ཏེ། ཚིགས་སུ་བཅད་པ་ལས་
ཀྱང་རྐྱེན་གཉིས་བཤད་དོ། །འདི་དག་ཕན་ཚུན་རྟེན་མ་ཡིན་ཏེ། གང་གི་ཕྱིར་རེག་པ་དང་རེག་པའི་རྐྱེན་ཡང་བརྟག་པར་བྱའོ། །མིག་དང་གཟུགས་ཀྱི་རྐྱེན་ཉིད་མིག་གི་རྣམ་པར་ཤེས་པ་མ་ཡིན་ལ། རྐྱེན་མིག་དང་གཟུགས་ཕན་ཚུན་རྐྱེན་མ་ཡིན་ནོ། །འདི་དག་
རེག་པའི་རྐྱེན་དུ་བཤད་པ་དེར་རྟོགས་པ་ནི་འདོད་པ་གཞན་དུ་འགྱུར་བ་ཉིད་དེ་མིག་ལ་སོགས་པ་རྣམས་ལས་རེག་པ་ཞེས་བྱ་བ་རྟེན་དང་དམིགས་པའི་ངོ་བོ་སྟེ། གང་གི་ཕྱིར་དེ་ནི་མིག་དང་གཟུགས་ཀྱི་རྐྱེན་ནོ། །འབྲས་བུ་གཅིག་དང་བྲལ་བའི་རྐྱེན་གྱི་ངོ་བོས་རྣམ་པར་ཤེས་

པའོ། །དེའི་ཕྱིར་དེ་ཉིད་རེག་པ་ཞེས་བརྗོད་དོ། །སྐྱེ་མཆེད་དྲུག་གི་རྐྱེན་དང་རེག་པ་བཤད་ཟིན་ཏོ། །དངོས་པོའི་རྐྱེན་གྱིས་དངོས་པོ་གཞན་ཉེ་བར་བསྟན་ཏེ། མདོ་ལས་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་སོ། །དེ་ལ་དངོས་པོ་གཞན་
ཁོ་ན་མིག་ལ་སོགས་པ་རྣམས་དང་རེག་གི་ཚོར་བ་ལ་སོགས་པ་རྣམས་མིག་ལ་སོགས་པ་རྣམས་དང་ནི་མ་ཡིན་ནོ། །རང་བཞིན་ཐ་དད་པ་ངེས་པར་གཟུང་བའི་ཕྱིར་དངོས་པོ་གཞན་དང་རེག་གོ་ཞེས་སེམས་ན། བྱ་བའི་སྒོ་ནས་མ་ཡིན་ཏེ་མིག་ལ་སོགས་པ་བཞིན་དེ་ཡོད་
པ་ཉིད་ངེས་པར་གཟུང་བའི་ཕྱིར་གསུང་རབ་འགར་ཡང་རབ་ཏུ་གྲགས་པ་མེད་དོ། །བྱ་བ་བསྟན་པ་རྣམ་པར་ཤེས་པ་ལ་སོགས་པ་བཞིན་ཡིན་ན། འདི་རྣམས་རེག་པའི་རྐྱེན་མ་ཡིན་ཏེ་རྣམ་པར་ཤེས་པའི་བྱ་བ་བསྟན་ཅིང་། དངོས་པོ་དང་ཡུལ་གྱི་འབྲས་བུ་དང་རྒྱུའི་དངོས་པོ་སྐྱེ་བ་
རྣམས་ལ་རེག་པ་བསྟན་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རིགས་ཐ་དད་པ་རྣམས་ལ་རྐྱེན་ནོ་ཞེས་རྐྱེན་དུ་གྱུར་པ་བསྟན་པས་མཐོང་བའི་ཕྱིར་འདི་ལས་ཀྱང་འདུས་པ་མ་ཡིན་ན་དེར་རེག་པ་སེམས་ལས་བྱུང་བ་ཉིད་དུ་བསྟན་པའི་ཕྱིར་ཚོར་བ་ལ་སོགས་པ་བཞིན་དུ་བཅོམ་
ལྡན་འདས་ཀྱིས་གསུངས་སོ། །མིག་དང་གཟུགས་གཉིས་ལ་བརྟེན་ནས་སྐྱེ་བའི་སེམས་ལས་བྱུང་བའི་ཆོས་རྣམས་རྣམ་པར་ཤེས་པ་རེག་པ་དང་ལྷན་ཅིག་སྐྱེ་བའི་ཚོར་བ་དང་འདུ་བྱེད་དུ་རྟོགས་པའི་རྒྱུ་ཅན་ཞེས་བྱའོ། །རྣམ་པར་ཤེས་པ་བཞིན་ཟས་ཉིད་དུ་ཡང་བསྟན་པས་ཀྱང་ངོ་། །
གང་ཡང་ཟས་ལ་བསམས་ཏེ་གསུམ་འདུས་པ་ལས་རེག་པར་མངོན་པར་འདོད་ན། འོ་ན་རེག་པ་ཁོ་ན་འདིར་རེག་པ་ཞེས་བྱ་ན། འདི་ཡང་མི་རིགས་ཏེ། རེག་པ་ནི་ལུས་ཀྱི་རྣམ་པ་ཉིད་དུ་གཏོགས་པའི་ཕྱིར་ཟས་ནི་གསུམ་ཁོ་ནར་ཐལ་བར་འགྱུར་རོ། །རེག་པ་ཟས་སུ་བཤད་
པ་ལ་ཡང་སྤོང་བ་དང་ཡོངས་སུ་ཤེས་པ་དང་ཚོར་བ་གསུམ་སྤོང་བར་འགྱུར་རོ། །སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བས་ནི་མ་ལུས་པ་སྤངས་པའི་ཕྱིར་རེག་བྱ་མ་ཡིན་པ་ཆགས་པ་དང་བྲལ་བས་རེག་པའི་རྐྱེན་གྱིས་ཚོར་བ་བཤད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པའོ། །

དེ་སྤང་བ་ཉིད་ཀྱིས་ཚོར་བ་སྤངས་པར་རིགས་སོ། །རེག་བྱ་སྤངས་པ་མ་ཡིན་པ་དེའི་ཕྱིར་སེམས་ཀྱི་དངོས་པོ་ཐམས་ཅད་དང་ལྷན་ཅིག་ཏུ་ཡོད་པའི་སེམས་ལས་བྱུང་བའི་ཆོས་གཞན་རེག་པ་ཞེས་རབ་ཏུ་གྲུབ་བོ། །དེའི་ཕྱིར་ས་མང་པོ་པ་གསུམ་ཁོ་ན་མ་ཡིན་ཞེས་བྱའོ། །ཅི་
སྟེ་བཞི་པོ་རྣམས་ལས་གཞན་པའི་ས་མང་པོ་པ་ཡོད་པ་ཉིད་དུ་ཇི་ལྟར་རྟོགས་ཤེ་ན་དེ་དང་དེར་གསུངས་པ་ཉིད་ཀྱི་ཕྱིར་དང་སེམས་སྐྱེ་བ་ཐམས་ཅད་ལ་ཡོད་པ་ཉིད་དང་བྱ་བའི་ཆ་ཤས་ཀྱང་མཐོང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་འདུན་པའི་རྩ་བ་ཅན་
ཡིད་ལ་བྱེད་པ་ལས་བྱུང་བ་རེག་པའི་ཀུན་འབྱུང་བ་ཅན་ཚོར་བ་ལ་བརྟེན་པ། དྲན་པའི་བདག་པོ་ཅན་ཏིང་ངེ་འཛིན་གཙོ་བོར་གྱུར་པ། ཤེས་རབ་མཆོག་ཏུ་གྱུར་པ། རྣམ་པར་གྲོལ་བའི་སྙིང་པོ་ཅན། །མྱ་ངན་ལས་འདས་པའི་མཐར་ཐུག་པའོ། །ཞེས་གསུངས་
པས་འདིར་ནི་འདུ་ཤེས་དང་ཚོར་བ་ནི་མ་བཤད་ཀྱང་གྲུབ་པའི་ཕྱིར་མ་བཤད་དོ། །དམིགས་པ་ལ་མཚན་མར་འཛིན་པ་ནི་འདུ་ཤེས་ཏེ། སེམས་སྟོང་པ་ཉིད་ལ་འཇུག་པ་ལ་ནི་མཚན་མར་འཛིན་པ་ཡོད་པ་མ་ཡིན་ཏེ། སེམས་པའི་རྗེས་སུ་ཡིད་ལ་བྱེད་པ་ཁོ་ན་འདི་ཉིད་ཡིན་པས་མདོ་
ལས་ས་མང་པོ་ཉིད་དུ་རབ་ཏུ་བསྒྲུབས་པ་མཐོང་ངོ་། །དེ་ལ་འདུན་པ་ནི་སེམས་ཀྱི་བྱ་བ་སྐྱེ་བ་ཐམས་ཅད་ལ་གསུངས་པས་འཇུག་པ་ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་མངོན་པར་འདོད་པའི་འདུན་པ་སྟེ་གང་གི་ཕྱིར་ལྷན་ཅིག་སྐྱེས་པའི་རྐྱེན་ལ་བརྟེན་ནས་ཡིད་ཀྱི་ཡུལ་ཐམས་ཅད་ལ་འཇུག་
པར་འགྱུར་བས་ན་འདུན་པ་ནི་ས་མང་པོ་པ་མ་ཡིན་ནོ་ཞེས་སློབ་དཔོན་དཔལ་ལེན་ཟེར་རོ། །འདུན་པ་ཅན་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རིག་པར་བྱ་བའི་འདུན་པའི་དབང་དུ་བྱས་ན་སྐྱོན་མེད་དོ། །གང་གི་ཕྱིར་དེ་ལ་ངེས་པ་ཡོད་པའི་འདོད་པའི་དངོས་པོ་ནི་མངོན་པར་འདོད་པར་གསུངས་
པས་འདུན་པ་ཅན་ཞེས་བྱ་བ་དེ་རྟོགས་པར་བྱ་སྟེ། རིག་པར་བྱས་པའི་འདུན་པ་ནི་མངོན་པར་འཛིན་པ་ཉིད་ལ་གསུངས་པས་འདུན་པ་ཉིད་ནི་མ་ཡིན་ནོ། །འཇིག་རྟེན་ན་ཡང་དད་པ་མེད་པའི་བུ་ནི་བུ་མ་ཡིན་ཞེས་བརྗོད་པ་བཞིན་ནོ། །མ་རིག་པ་དང་ཐེ་ཚོམ་དང་ལྷན་ཅིག་སྐྱེས་

པའི་སེམས་པ་མེད་པ་ནི་ཤེས་རབ་ཅེས་བྱ་སྟེ། འདི་ས་མང་པོ་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་ཤེས་པ་དང་མི་ཤེས་པ་དག་ཅིག་ཅར་སྐྱེ་བ་མེད་དོ། །ཐེ་ཚོམ་དང་ངེས་པ་དག་ཀྱང་སྟེ་ལོག་པར་མཐོང་བ་རབ་ཏུ་མ་གྲུབ་ཅིང་གཏི་མུག་མེད་
པར་ལོག་པར་མཐོང་བ་སྐྱེ་བ་མེད་དོ། །ཅི་སྟེ་མ་འདྲེས་པ་ཞེས་བྱ་བ་གྲུབ་ཅེ་ན། རེ་ཞིག་གཏི་མུག་དང་མཚུངས་པར་ལྡན་པའི་ཤེས་རབ་ལས་ཏེ། དེ་དང་མ་འདྲེས་པ་གྲུབ་ཀྱང་གཞན་པར་ཡོད་པའི་ཕྱིར། དེ་མངོན་པར་མི་གསལ་བ་དང་ཐེ་ཚོམ་ཅན་དུ་རྣམ་པར་
བཤད་པ་ཉིད་དོ། །བདེན་པ་མ་ཡིན་པས་དེར་ཤེས་རབ་ལ་རྣམ་པར་འབྱེད་པ་གཉིས་སུ་མི་འགྱུར་ཏེ། ཕྱོགས་གཉི་ག་ཁྱད་པར་མེད་པར་རྟོགས་པར་བྱའོ། །དྲན་པ་དྲུག་དང་བརྗེད་ངས་པ་ནི་ས་མང་པོ་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དྲན་པ་ནི་ཕལ་ཆེར་འདས་
པ་ལ་རབ་ཏུ་སྦྱོར་བར་མཐོང་སྟེ། དེར་ཡང་དྲན་པའི་ཤེས་པ་ཉིད་དེ་བཞིན་ཁོ་ནར་འཇུག་པ་མེད་པ་ཉིད་མ་ཡིན་པར་མ་བཤད་པས་མི་འཐད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་དཀའ་བས་ཞེས་བྱ་བ་ལ། བརྩོན་འགྲུས་མེད་པ་དང་། ཤེས་རབ་མེད་པ་
དང་། དད་པ་མེད་པ་དག་གིས་རྟོགས་པར་མི་ནུས་སོ། །འདི་ལྟར་ཕྲ་བ་ཞིག་སྟེ། གང་ཞིག་རྒྱུན་རྣམས་ལ་ཡང་བཅད་པར་དཀའ་ན་སྐད་ཅིག་མ་དག་ལ་སྟེ་སྨོས་ཀྱང་ཅི་དགོས། དད་པ་དང་བརྩོན་འགྲུས་དང་ཤེས་རབ་ཅན་དག་གིས་ཁ་ཅིག་ནི་རང་གི་ངོ་བོའི་སྒོ་ནས་ཡོངས་སུ་
གཅད་པར་བྱ་བར་ནུས་ལ། ཁ་ཅིག་ནི་བྱ་བའི་སྒོ་ནས་ཡོངས་སུ་གཅད་པར་བྱ་བར་ནུས་པས་ཡོངས་སུ་གཅད་པར་དཀའ་ན་ཞེས་བྱ་བ་སྨོས་སོ། །སེམས་པ་དང་ཡིད་ལ་བྱེད་པ་དག་ནི་ཤིན་ཏུ་མཚན་ཉིད་ཐ་དད་དོ་སྙམ་དུ་མཐོང་བས་རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལ་ཡང་ཞེས་བྱ་བ་
སྨོས་ཏེ། ཨ་རུ་ར་ལ་སོགས་པ་རྣམས་ལའོ། །ཨ་རུ་ར་ནི་ལན་ཚྭའི་རོ་མ་དང་། གཏོགས་པ་ལྷག་མ་རོ་ལྔ་དག་ཡོད་པ་ཡིན་ནོ། །དབང་པོས་གཟུང་བར་བྱ་བ་ཞེས་པ་ནི་ལྕེའི་དབང་པོས་གཟུང་བར་བྱ་བའོ། །དང་བ་ནི་སེམས་དང་བའོ་ཞེས་བྱ་བ་ལ། དང་བ་ནི་སེམས་ཀྱི་རྙོག་

པ་དང་འགལ་བ་སྟེ། དེ་དང་མཚུངས་པར་ལྡན་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མའི་རྙོག་པ་དང་བྲལ་བར་འགྱུར་བའི་ཕྱིར། དད་པ་ལ་བརྟེན་ནས་སེམས་དད་པར་འགྱུར་བས་སེམས་དད་པའོ་ཞེས་བརྗོད་དོ། །དད་པ་ནི་སེམས་ལས་བྱུང་བའི་ཆོས་གཞན་ནོར་བུ་ཆུ་འདང་
བ་འདྲ་བ་ཞིག་གོ། །གཟུགས་དང་བ་ཡང་ཡོད་པས་དེའི་ཕྱིར་སེམས་དང་བའོ་ཞེས་སྨོས་སོ། །གཞན་དག་ན་རེ་བདེན་པ་དང་དཀོན་མཆོག་ཅེས་བྱ་བ་ལ་སོགས་པ་ལ། བདེན་པ་རྣམས་དང་དཀོན་མཆོག་རྣམས་དང་། ལས་རྣམས་དང་འབྲས་བུ་རྣམས་ལ་མངོན་པར་ཡིད་ཆེས་པ་སྟེ།
ཡིད་ཆེས་ཤིང་ལེགས་པར་འདོད་པ་དང་མོས་པ་གསོས་འདེབས་པ་ནི་དད་པའོ། །བག་ཡོད་པ་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། གང་ཡོད་ན་ཞེས་བརྗོད་པར་བྱའོ། །དགེ་བའི་ཆོས་རྣམས་བསྒོམས་པ་ནི་རྙེད་པ་དང་བསྟན་པ་ལ་མངོན་པར་འདོད་དེ་དེ་ནི་བག་ཡོད་པ་ལས་འགྱུར་
རོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལས་གཞན་པ་ཞེས་བྱ་བ་སྨོས་སོ། །དགེ་བའི་ཆོས་དག་ལས་གཞན་པའི་བསྒོམ་པ་སྟེ། ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་དག་ཉིད་ལ་གཅེས་སུ་འཛིན་པ་གང་ཡིན་པའོ་ཞེས་བྱ་བ་ལ། གཅེས་སུ་འཛིན་པ་ཞེས་བྱ་བ་འདི་ཅི་ཞིག །
ལྷུར་ལེན་པའོ། །ལྷུར་ལེན་པ་འདི་ཞིག་ན། གང་ཡོད་ན་དགེ་བའི་ཕྱོགས་ལྷུར་བྱེད་པར་འགྱུར་བའོ། །སེམས་ཀུན་ཏུ་བསྲུང་བའོ་ཞེས་བྱ་བ་ལ། བདག་ལ་ཕན་པ་གཅེས་སུ་འཛིན་པའི་ལུས་དང་ངག་དང་ཡིད་ཀུན་ནས་བསྲུང་བ་ལྷུར་ལེན་པ་བག་མེད་པ་དང་འགལ་བའི་ཆོས་
ནི་བག་ཡོད་པའོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ་ཞེས་བྱ་བ་ལ། ལས་སུ་རུང་བ་ཉིད་ཀྱང་གང་ཞེ་ན། ཡང་དག་པར་ཡིད་ལ་བྱེད་པ་ལ་ཞུགས་པའི་སེམས་སིམ་པ་དང་ཡོད་པའི་རྒྱུ་སེམས་ལས་བྱུང་བའི་ཆོས་གཞན་གང་ཡིན་པ་སྟེ། དེ་དང་ལྡན་པས་སེམས་
དམིགས་པ་ལ་མ་ཆགས་པར་འཇུག་པ་དེའི་ཕྱིར་སེམས་ལས་སུ་རུང་བ་ཉིད་དོ་ཞེས་བརྗོད་དོ། །མདོ་ལས་གང་ཞིག་ཤིན་ཏུ་སྦྱངས་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་བའི་རྣམ་གྲངས་གང་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་ཡང་ཡོད་དོ། །སེམས་ཤིན་ཏུ་སྦྱངས་པ་

ཡོད་དོ། །གང་ཡང་ལུས་ཤིན་ཏུ་སྦྱངས་པ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཡང་མངོན་པར་ཤེས་པ་དང་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདའ་བར་བྱེད་པར་འགྱུར་རོ། །གང་ཡང་སེམས་ཤིན་ཏུ་སྦྱངས་པ། ཤིན་ཏུ་
སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཡང་མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདའ་བར་བྱེད་པར་འགྱུར་རོ་ཞེས་ལུས་ཤིན་ཏུ་སྦྱངས་པ་ཡང་གསུངས་པ་ཡིན་ནམ། འདིར་སེམས་ལས་སུ་རུང་བ་ཁོ་ན་ཤིན་ཏུ་སྦྱངས་པར་བཤད་པས་ཤིན་ཏུ་སྦྱངས་པའི་མཚན་ཉིད་
མ་ཁྱབ་པ་མ་ཡིན་ནམ་ཞེ་ན། མདོ་ལས་མ་གསུངས་པ་ནི་མ་ཡིན་ནོ། །དེ་ནི་ལུས་ཀྱི་ཚོར་བ་ཇི་ལྟ་བ་དེ་བཞིན་དུ་ཞེས་བྱ་བ་ལ། སེམས་ཀྱི་ཡིན་ཡང་དབང་པོ་གཟུགས་ཅན་ལ་བརྟེན་ནས་སྐྱེ་བའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ལ་ལུས་ཀྱི་
ཞེས་བཤད་པ་དེ་བཞིན་དུ་ལུས་ཤིན་ཏུ་སྦྱངས་པ་ཡང་རིག་པར་བྱ་སྟེ། སེམས་ཀྱི་ཡིན་ཡང་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་ལ་ལུས་ཀྱི་ཞེས་བྱའོ། །དེ་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དགེ་བ་རྣམས་སུ་རུང་བ་ཉིད་དེ།
ཤིན་ཏུ་སྦྱངས་པ་ནི་དགེ་བའི་ས་མང་པོ་ཡིན་པའི་ཕྱིར་རོ། །དེས་ན་ལུས་དང་སེམས་ཤིན་ཏུ་སྦྱངས་པ་གཉིས་ལ་ངོ་བོ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པས་མཚན་ཉིད་ཁྱབ་པ་ཡིན་གྱི་མ་ཁྱབ་པ་ནི་མ་ཡིན་ནོ། །དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཏུ་ཞེས་བྱ་བ་ལ། མིག་ལ་
སོགས་པའི་རྣམ་པར་ཤེས་པ་རྣམས་མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཟག་པ་མེད་པ་ཡིན་པའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤིན་ཏུ་སྦྱངས་པ་ནི་བྱང་ཆུབ་ཀྱི་ཡན་ལག་ཏུ་རུང་བ་མ་ཡིན་ནོ་ཞེ་
ན། འོ་ན་མདོ་དེར་ནི་ལུས་ལས་སུ་རུང་བ་འབྱུང་བའི་ཁྱད་པར་དགའ་བས་དྲངས་པ་ཁོ་ན་ལུས་ཤིན་ཏུ་སྦྱངས་པ་ཡིན་པར་རིག་པར་བྱ་སྟེ། མདོ་ལས་ལུས་ཤིན་ཏུ་སྦྱངས་པའི་ཡིད་དགའ་བར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །ཁ་ཅིག་ན་རེ་ལུས་མཉེན་པ་ཉིད་དུ་ཞེས་ཟེར་རོ། །

དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་ཞེ་ན་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡིད་ཀྱི་ས་པ་དང་ཟག་པ་མེད་པ་དག་ཡིན་ལ། ལུས་ཤིན་ཏུ་སྦྱངས་པ་ནི་སེམས་ལས་བྱུང་བའི་བདག་ཉིད་མ་ཡིན་ཞིང་། དེ་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་རུང་ངོ་ཞེ་ན། བྱང་
ཆུབ་ཀྱི་ཡན་ལག་དང་མཐུན་པའི་ཕྱིར་ཏེ་ཞེས་བྱ་སྟེ། ལུས་ཤིན་ཏུ་སྦྱངས་པ་དེ་ནི་སེམས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་གི་བདག་ཉིད་ཅན་དང་རྗེས་སུ་མཐུན་པས་དེ་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་ཅེས་བརྗོད་དོ། །ཇི་ལྟར་མཐུན་ཞེ་ན། ལུས་ལས་སུ་རུང་བ་དེ་ནི་ཞེས་རྒྱ་ཆེར་
འབྱུང་སྟེ། དེ་ལྟ་བུ་ཞེས་བྱ་བ་ནི་དེའི་རང་བཞིན་མ་ཡིན་ཡང་མཐུན་པའི་ཕྱིར་དེ་དང་འདྲ་བར་ཉེ་བར་འདོགས་པའོ། །དགའ་བའི་གནས་ལྟ་བུའི་ཆོས་རྣམས་དེའི་རང་བཞིན་མ་ཡིན་ཡང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་རྗེས་སུ་མཐུན་པས་དགའ་བ་ཡང་དག་བྱང་ཆུབ་ཀྱི་
ཡན་ལག་ཏུ་གསུངས་ཤིང་། ཁོང་ཁྲོ་བའི་རྒྱུ་མཚན་ཀུན་ནས་མནར་སེམས་ཀྱི་གཞི་དགུ་གནོད་སེམས་དང་རྗེས་སུ་མཐུན་པའི་ཕྱིར་གནོད་སེམས་ཀྱི་སྒྲིབ་པར་གསུངས་ལ། གང་གི་ཚེ་ལམ་ཕུང་པོ་གསུམ་པར་མཛད་པ་དེའི་ཚེ་ཡང་དག་པའི་རྟོག་པ་དང་རྩོལ་བ་དག་ཤེས་རབ་ཀྱི་
ཕུང་པོར་གསུངས་ན། རྟོག་པ་དང་རྩོལ་བ་དག་ནི་ཤེས་རབ་ཀྱི་རང་བཞིན་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྟོག་པ་ནི་བརྩོན་འགྲུས་ཀྱི་རང་བཞིན་ཡིན་ལ། བཏང་སྙོམས་ནི་སེམས་མཉམ་པ་ཉིད་ཅེས་བྱ་བ་བྱིང་བ་དང་རྒོད་པའི་མི་མཐུན་པའི་ཕྱོགས་ཏེ་སེམས་ཚུལ་བཞིན་དུ་རྒྱུ་
བ་ལས་མ་འདས་པ་ཞེས་བྱ་བའི་དོན་ཏོ། །སེམས་ལྷུན་གྱིས་གྲུབ་པ་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་ཡིད་ལ་བྱ་བའི་གེགས་ཡིན་ནོ་ཞེས་ཟེར་རོ། །འདི་ནི་འདུ་བྱེད་བཏང་སྙོམས་པར་རེག་བྱའོ། །ཚོར་བ་ནི་མྱོང་བ་རྣམ་གསུམ་མོ་ཞེས་བྱ་བ་དེ་ཉིད་ལས་དེ་
སྨོས་པའི་ཕྱིར་ཚོར་བ་བཏང་སྙོམས་མ་ཡིན་ལ། དགེ་བའི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་ཚད་མེད་པ་བཏང་སྙོམས་ཀྱང་མ་ཡིན་ནོ། །ད་ནི་ཇི་ལྟར་ན་ཞེས་རྒྱ་ཆེར་འབྱུང་བ་ལ། ས་མང་པོ་པ་ཡིན་པའི་ཕྱིར་དང་། དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་ཡིད་ལ་བྱེད་པ་དང་བཏང་

སྙོམས་དག་སེམས་གཅིག་ལ་འབྱུང་བ་དེ་ནི་འཐད་པ་ཡང་མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །ཤེས་པར་དཀའ་བ་ཡང་ཞེས་རྒྱ་ཆེར་འབྱུང་སྟེ། གང་ཞིག་རེག་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཀྱི་སྐད་ཅིག་གཅིག་ལ་སེམས་ལས་བྱུང་བའི་ཆོས་
གཞན་དང་མི་འགལ་བ་དེ་ནི་ཤེས་པར་དཀའ་ཡང་ཤེས་པ་ཡིན་གྱི། གང་ཞིག་རྩོལ་བ་དང་རྩོལ་བ་མེད་པ་ཕན་ཚུན་འགལ་བ་དག་གཅིག་ལ་འབྱུང་བ་མི་འགལ་ལོ་ཞེས་བྱ་བ་འདི་ནི་ཤིན་ཏུ་ཤེས་པར་དཀའ་སྟེ། བདེ་བ་དང་སྡུག་བསྔལ་འགལ་བ་དག་ནི་སེམས་གཅིག་ལ་
འབྱུང་བར་མ་མཐོང་ངོ་། །རྩོལ་བ་ཡང་གཞན་དུ་འབྱུང་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཆོས་གཞན་ཉིད་དུ་ཡིན་པའི་ཕྱིར་རྩོལ་བ་ཉིད་རྩོལ་བ་མེད་པ་མ་ཡིན་ལ། དེ་གཉིས་དངོས་པོ་གཅིག་ལ་འཇུག་པ་ཡང་མ་ཡིན་ཏེ། གང་གི་ཚེ་གཟུགས་ལ་རྩོལ་བ་དེའི་ཚེ་སྒྲ་
ལ་སོགས་པ་དག་ལ་རྩོལ་བ་མེད་པ་ཡིན་པས་འདི་ལ་འགལ་བ་ཞིག་ཡོད་ཅེ་ན། འོ་ན་ནི་ད་ཞེས་བྱ་བ་ལ་སོགས་པ་ལ། རྩོལ་བ་དང་རྩོལ་བ་མེད་པ་གཉིས་ཡུལ་ཐ་དད་པའི་ཕྱིར་མཚུངས་པར་ལྡན་པ་ཐམས་ཅད་དམིགས་པ་གཅིག་པར་མི་འགྱུར་ན། མཚུངས་པར་ལྡན་པ་རྣམས་
དམིགས་པ་ཐ་དད་པ་ཉིད་དུ་འདོད་པ་ཡང་ཡིན་ཏེ། དམིགས་པ་མཚུངས་པ་ཉིད་ཀྱིས་མཚུངས་པར་ཁས་བླངས་པའི་ཕྱིར་རོ། །འདི་ལས་འདི་ལྟ་བུའི་རིགས་ཞེས་བྱ་བ་ལ། དཔེར་ན་རྟོག་པ་དང་དཔྱོད་པ་གཉིས་བཞིན་དུ་འགལ་ཡང་མི་འགལ་བའི་རིགས་ཏེ། རྩིང་བ་དང་
ཞིབ་པ་དག་ཕན་ཚུན་འགལ་བའི་ཕྱིར་རོ། །མི་འགལ་བ་ནི་སེམས་གཅིག་ལ་འབྱུང་བའི་ཕྱིར་རོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དག་ནི་འོག་ནས་འཆད་པར་འགྱུར་ཞེས་བྱ་བ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཅེས་བྱ་བ་དེར་ཏེ། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལས་
བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པར་རིག་པར་བྱའོ། །གཞན་དག་ན་རེ་རིགས་ཤིང་ཚད་མར་གྱུར་པའི་ཆོས་ཀྱི་དབང་དུ་བྱས་ནས་སྐྱེས་པ་སྲེད་པ་མེད་པའི་རྒྱུ་མཐུན་པ་དང་འགལ་བའི་སེམས་ཀྱི་དབང་དུ་གྱུར་པ་ནི་ངོ་ཚ་མེད་པ་ཡིན་ལ། ཡོན་ཏན་ལ་མ་གོམས་སྔོན་དུ་འགྲོ་བ་ཅན་གྱི་གཏི་

མུག་མེད་པའི་རྒྱུ་མཐུན་པ་དང་། འགལ་བ་དམན་ཞིང་སྨད་པའི་ཆོས་ནི་ཁྲེལ་མེད་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ངན་འགྲོ་དང་གཞན་གྱིས་སྨོད་པའི་འཇིགས་པ་རྒྱུ་མཚན་དུ་མི་བྱེད་པ་ནི་ངོ་ཚ་མེད་པའོ་ཞེས་ཟེར་རོ། །རྩ་བ་གཉིས་ནི་ཞེས་རྒྱ་ཆེར་འབྱུང་སྟེ། དེ་ལ་མ་ཆགས་
པ་ནི་རྙེད་པ་དང་མ་རྙེད་པའི་ཡུལ་ལ་ལྷག་པར་ཞེན་པ་དང་དོན་དུ་གཉེར་བ་དང་འགལ་ཞིང་མངོན་པར་མ་ཞེན་པའོ། །ཞེ་སྡང་མེད་པ་ནི་སེམས་ཅན་རྣམས་ལ་གནོད་སེམས་མེད་ཅིང་རྗེས་སུ་བརྩེ་བའི་ས་བོན་དུ་གྱུར་པའོ། །དགེ་བའི་རྩ་བ་རྣམས་ཕན་ཚུན་མེད་ན་མི་འབྱུང་བའི་
ཕྱིར་དགེ་བའི་སེམས་ཐམས་ཅད་ལ་མཚུངས་པར་འབྱུང་ཡང་གཏི་མུག་མེད་པ་མ་བསྟན་པས་དགེ་བའི་ས་མང་པོ་པའི་བཤད་པ་མ་ཚང་བ་ཡིན་ནོ་སྙམ་དུ་དོགས་པ་སྤང་བའི་ཕྱིར། གཏི་མུག་མེད་པ་ཡང་ཡོད་མོད་ཀྱི་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། གང་དག་དགེ་
བའི་སེམས་གཞན་ལ་ཡང་འབྱུང་བས་དགེ་བའི་ས་མང་པོ་པ་ཡིན་ཏེ། གཏི་མུག་མེད་པ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར་ས་མང་པོ་པ་ཞེས་བྱའོ། །དེ་ནས་སེམས་གཞན་ལ་ཡང་འབྱུང་བས་དགེ་བའི་ས་མང་པོ་པ་མ་ཡིན་ཏེ། འདུན་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་དགེ་
བའི་ས་མང་པོ་པའི་བཤད་པ་ལ་མ་ཚང་བ་ཉིད་མེད་དོ། །རྣམ་པར་མི་འཚེ་བ་ནི་རྣམ་པར་མཐོ་མི་འཚམ་པའོ་ཞེས་བྱ་བ་ནི། སེམས་ཅན་གཞན་ལ་གནོད་པར་དགའ་བ་དང་དགའ་བ་སེམས་བཟང་པོ་ཉིད་ནི་རྣམ་པར་མི་འཚེ་བའོ། །བརྩོན་འགྲུས་ནི་སེམས་མངོན་པར་སྤྲོ་བའོ་ཞེས་
བྱ་བ་ནི། ཡོན་ཏན་དང་སྐྱོན་སྐྱེས་ཟིན་པ་ཀུན་ཏུ་བསྲུང་བ་དང་སྤང་བ་དང་མ་སྐྱེས་པ་བསྐྱེད་པ་དང་མི་བསྐྱེད་པར་བྱ་བའི་ཕྱིར་སེམས་ལ་ལེ་ལོ་མེད་པ་ནི་མངོན་པར་སྤྲོ་བ་སྟེ། གང་ཡོད་ན་སེམས་རིགས་པར་རྩོམ་པ་དང་མཆོག་ཏུ་འགྱུར་བ་དེ་ནི་བརྩོན་འགྲུས་སོ། །འདིར་དང་གི་སྒྲ་
ནི་སྐྱོ་བ་དང་རབ་ཏུ་དགའ་བ་བསྡུ་བའི་དོན་ཏོ། །དེ་ལ་སྐྱོ་བ་ནི་དགེ་བའི་སེམས་ཉེ་བར་འཚེ་བ་དུ་མས་ཉེ་བར་གཙེས་པའི་ཆོས་དེ་ཉིད་ཉེ་བར་མཚོན་པ་ཆགས་བྲལ་དང་རྗེས་སུ་མཐུན་པའི་ཡིད་འབྱུང་བ་སྟེ། གང་དང་མཚུངས་པར་ལྡན་ན་ངེས་པར་འབྱུང་བ་ཡིད་ལ་བྱེད་པ་ཞེས་བྱའོ། །

རབ་ཏུ་དགའ་བ་ནི་དགེ་བའི་སེམས་ཉེ་བར་འཚེ་བ་ལས་ངེས་པར་འབྱིན་པའི་གཉེན་པོ་འཚོལ་བ་དེ་རྟོགས་པས་ཡིད་ཡོངས་སུ་ཚིམ་པ་སྟེ། དགའ་བ་དང་མ་བྲལ་བ་རྣམས་ལ་ཡང་མི་ལྕོགས་པ་མེད་པ་ལ་སོགས་པ་རྣམས་ལ་གང་དང་མཚུངས་པར་ལྡན་
པས་རབ་ཏུ་དགའ་བ་ཡིད་ལ་བྱེད་པ་ཞེས་བྱ་བའོ། །དེ་གཉིས་ནི་རྣམ་པ་འགལ་བའི་ཕྱིར་སེམས་གཅིག་ལ་སྲིད་པ་མ་ཡིན་པས་དགེ་བའི་ས་མང་པོ་པ་ཉིད་དུ་མི་འཐད་པའི་ཕྱིར་དང་། རབ་ཏུ་བྱེད་པ་དག་ལས་མ་བཤད་པའི་ཕྱིར་རོ། །གང་གི་ཕྱིར་ཡིད་བདེ་བ་ནི་སྐྱོ་བའི་རྣམ་
པས་ཀྱང་འཇུག་པ་ཡོད་ལ། རབ་ཏུ་དགའ་བ་ལ་ནི་སྐྱོ་བའི་རྣམ་པ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་གི་སྒྲ་གཉིས་འབྱུང་སྟེ། ཚོགས་པ་གཉིས་ལ་དེ་དག་དམིགས་པའི་ཕྱིར་རོ། །འདི་དག་ལ་ཉོན་མོངས་པའི་ས་མང་པོ་ཡོད་པ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒོ་ནས་དེ་
དག་མཚུངས་པར་ལྡན་པའི་སེམས་ཁོ་ན་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་གང་དག་ཉོན་མོངས་པ་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ལ་རྨོངས་པ་ཞེས་བྱ་བ་ནི་མ་རིག་པའོ། །མ་རིག་པ་འདི་གང་ཞིག་ཅེ་ན་མི་ཤེས་པའོ། །མི་ཤེས་པ་འདི་གང་
ཞེ་ན་མི་གསལ་བའོ། །མི་གསལ་བ་འདི་ཡང་ཅི་ཞིག་ཅེ་ན། གསལ་བ་ནི་ཤེས་རབ་ཡིན་ཏེ། དེའི་ཕྱིར་ཤེས་བྱ་དག་ལ་ཇི་ལྟ་བ་བཞིན་རྟོགས་པའི་གེགས་སུ་གྱུར་པའི་མི་གསལ་བའི་མཚན་ཉིད་ཅན་ཆོས་ནི་རྨོངས་པ་ཞེས་བྱའོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་
མི་བསྒོམ་པ་སྟེ་ཞེས་བྱ་བ་ལ། གང་ཞིག་ཡོད་ན་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དགེ་བའི་ཆོས་རྣམས་མི་བསྒོམ་པ་ནི་མ་རྙེད་པ་རྣམས་མངོན་དུ་མི་བྱེད་པའོ། །བསྒོམ་པའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་བདག་ལ་ཕན་པ་གཅེས་སུ་འཛིན་པ་ཡལ་བར་འདོར་ཞེས་
བྱ་བའི་ཐ་ཚིག་གོ། །ལེ་ལོ་ནི་སེམས་མངོན་པར་མི་སྤྲོ་བ་སྟེ་ཞེས་བྱ་བ་ནི་དགེ་བའི་ལས་ལ་སྟེ་དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་སྨོས་སོ། །དེ་ལྟར་བྱས་པ་ན་མི་དགེ་བའི་ལས་ལ་སེམས་མངོན་པར་སྤྲོ་བ་དེ་ནི་བརྩོན་འགྲུས་མ་ཡིན་ནོ། །དེ་ནི་རིགས་པའི་

རྒྱུ་མཐུན་པའི་ལེ་ལོ་སྟེ། དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་དམན་པ་ཉིད་ཅེས་བྱའོ། །དམན་པར་ཞུགས་པས་ན་ལེ་ལོ་སྟེ། དེའི་ངོ་བོ་ནི་ལེ་ལོ་ཉིད་དོ། །མ་དད་པ་ནི་སེམས་མ་དད་པ་སྟེ་ཞེས་བྱ་བ་ལ། ལོག་པར་ལྟ་བའི་རྒྱུ་མཐུན་པ་སྟེ། བདེན་པ་དང་དཀོན་མཆོག་དང་སྙོམས་པར་འཇུག་པ་
རྣམས་ལ་བརྙེས་པས་ཉེ་བར་གནས་པ་སྦྱིན་པ་ལ་སོགས་པ་དང་དེའི་འབྲས་བུ་ལ་ནི་ཡིད་མི་ཆེས་ཤིང་དད་པ་མངོན་པར་མི་སྐྱེད་པ་སྟེ་མ་དད་པའོ། །དེ་ཉིད་ཀྱི་ཕྱིར་དད་པའི་མི་མཐུན་ཕྱོགས་ཞེས་བྱ་བ་སྨོས་སོ། །རྨུགས་པ་གང་ཞེ་ན་ཞེས་རྒྱ་ཆེར་འབྱུང་བ་ལ། ཚིག་སྔ་མ་སྔ་མ་
གཉིས་རྣམ་པར་བཤད་པ་ཡིན་པར་བསམས་ཏེ། ཚིག་ཕྱི་མ་གཉིས་མངོན་པར་བརྗོད་དོ། །འགལ་བ་དང་མི་དགའ་བས་བསྐྱེད་པའི་སེམས་ལྕི་བ་ནི་རྨུགས་པ་ཉིད་དེ། གང་གིས་བཟུང་ན་བླུན་པ་ཉིད་ཀྱི་ཚུལ་གྱིས་སེམས་ལས་སུ་མི་རུང་བ་ཉིད་དུ་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་འདི་
ནི་ཤིན་ཏུ་སྦྱངས་པའི་མི་མཐུན་པའི་ཕྱོགས་ཞེས་བྱ་བའོ། །ལུས་ཀྱི་ཚོར་བ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། དབང་པོ་གཟུགས་ཅན་ལ་བརྟེན་ནས་སྐྱེ་བའི་ཕྱིར་སེམས་ཀྱི་ཡིན་བཞིན་དུ་ལུས་ཀྱི་ཞེས་བྱ་བ་བརྗོད་པ་དེ་བཞིན་དུ། རྣམ་པར་ཤེས་པའི་ཚོགས་ལྔ་རྨུགས་པ་སེམས་
ཀྱི་ཁོ་ན་ཡིན་བཞིན་དུ། དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཞེས་བརྗོད་དོ། །གཞན་དག་ན་རེ་འབྱུང་བ་ཆེན་པོ་སྐྱེད་པར་བྱེད་པའི་ཕྱིར་སེམས་ཀྱི་སྔོན་དུ་འགྲོ་བས་ལུས་ལྕི་བ་ཉིད་ཀྱང་རྨུགས་པའི་སྒྲས་བརྗོད་ཀྱི། རྨུགས་པ་དེ་ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་མ་
ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །རྨུགས་པ་དང་གཉིད་དག་གི་ཐ་དད་དུ་བྱེད་པ་ནི། སེམས་ལས་སུ་མི་རུང་བས་རྨུགས་པ་དང་། སེམས་མངོན་པར་སྡུད་པས་གཉིད་དོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་སྟེ་ཞེས་བྱ་བ་ལ། འདོད་པས་བསྐྱོད་པའི་རྣམ་པར་རྟོག་པ་ལ་
སོགས་པ་ལས་སྐྱེས་པ་སེམས་རྣམ་པར་མ་ཞི་བ་སྟེ། གང་དང་ལྡན་ན་ལམ་གོལ་བར་ཞུགས་པར་འགྱུར་བ་དེ་ནི་རྒོད་པའོ། །ཆོས་མངོན་པ་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། ཚུལ་བཞིན་

མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་ཉོན་མོངས་པའི་ས་མང་པོ་པ་ཉིད་དུ་བརྗོད་པའི་ཕྱིར་དང་། མ་བསྟན་པའི་རྨུགས་པ་ཉོན་མོངས་པའི་ས་མང་པོ་པའི་ནང་དུ་བརྗོད་པའི་ཕྱིར། ཆོས་མངོན་པ་དང་འགལ་ལོ་ཞེ་ན། འགྱུར་བ་ཤེས་
པ་ཞེས་བྱ་བ་ནི་གཞུང་ཚད་མར་བྱས་ཏེ་བཅུར་འགྱུར་རོ་ཞེས་བྱ་བ་ཤེས་ཀྱི། སློབ་དཔོན་གྱི་འདོད་པ་སྟེ། སློབ་དཔོན་གྱི་བཞེད་པ་ནི་ཤེས་པ་མ་ཡིན་ཏེ། བརྗེད་ངས་པ་ལ་སོགས་པ་དེ་དག་ནི་ས་མང་པོ་པ་ཡིན་པའི་ཕྱིར་ཉོན་མོངས་པའི་ས་མང་པོ་པ་ཡོད་ཀྱང་འདིར་དེ་དག་གི་ནང་
དུ་མི་རིགས་ཏེ། ཉོན་མོངས་པའི་ས་མང་པོ་པ་རྣམས་ཁོ་ན་འཆད་པར་འདོད་པའི་ཕྱིར་རོ། །ཡང་ཅི་ལྟར་དེ་དག་ས་མང་པོ་པ་ཡིན་ཞེ་ན། དེའི་ཕྱིར་དྲན་པ་ཉོན་མོངས་པ་ཅན་ཁོ་ན་ཞེས་རྒྱ་ཆེར་སྨོས་སོ། །སོགས་པའི་སྒྲས་ནི་ཤེས་རབ་ཉོན་མོངས་པ་ཅན་ཁོ་ནས་ཤེས་བཞིན་མ་
ཡིན་པ་དང་། ཡིད་ལ་བྱེད་པ་ཉོན་མོངས་པ་ཅན་ཁོ་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མ་ཡིན་ནོ། །མོས་པ་ཉོན་མོངས་པ་ཅན་ཁོ་ན་ལོག་པར་མོས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དྲན་པ་ལ་སོགས་པ་ཉོན་མོངས་པ་ཅན་དག་ཁོ་ན་བརྗེད་ངས་པ་ལ་
སོགས་པ་དག་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མུ་བཞིར་འགྱུར་ཏེ། དྲན་པ་ལ་སོགས་པ་རྣམ་པ་གཉིས་ཀའི་བདག་ཉིད་ཡིན་པའི་ཕྱིར་རོ། །མུ་དང་པོ་ནི་ས་མང་པོ་པ་ཁོ་ན་སྟེ་ཚོར་བ་ལ་སོགས་པ་རྣམས་སོ། །གཉིས་པ་ནི་ཉོན་མོངས་པའི་ས་མང་པོ་པ་ཁོ་ན་སྟེ། མ་དད་པ་ལ་སོགས་པ་
རྣམས་སོ། །གསུམ་པ་ནི་ས་མང་པོ་པ་དག་ཀྱང་ཡིན་ལ་ཉོན་མོངས་པའི་ས་མང་པོ་པ་དག་ཀྱང་ཡིན་ཏེ། དྲན་པ་ལ་སོགས་པ་ལྔའོ། །བཞི་པ་ནི་ས་མང་པོ་པ་དག་ཀྱང་མ་ཡིན་ལ། ཉོན་མོངས་པའི་ས་མང་པོ་པ་དག་ཀྱང་མ་ཡིན་པའོ། །རྣམ་པ་དེ་དག་མ་གཏོགས་པ་ཞེས་བྱ་བ་ནི་
དགེ་བའི་ས་མང་པོ་པ་རྣམས་དང་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་དང་། གཞན་ལྡན་པ་མ་ཡིན་པ་ལ་སོགས་པ་རྣམས་སོ། །དེ་དག་གི་མུ་བཞི་པ་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ལ། ཇི་ལྟར་དེ་ལྟར་མ་ཡིན་ཞེ་ན། སྔར་ནི་ལེ་ལོ་ལ་སོགས་པ་ཆོས་ལྔ་མུ་གཉིས་པ་ཡིན་པར་

བཤད་ལ། ད་ལྟ་ནི་རྣམ་པར་གཡེང་བ་ལྷག་པར་བསྣན་ཏེ་དྲུག་ཏུ་འགྱུར་རོ། །སྔར་ནི་རྣམ་པར་གཡེང་བ་དང་བཅས་པ་ལྔ་མུ་གསུམ་པ་ཡིན་ལ། ད་ལྟ་ནི་རྣམ་པར་གཡེང་བ་བོར་བ་བཞི་ཡིན་ནོ། །སྔར་ནི་ཚོར་བ་ལ་སོགས་པ་ཆོས་བཞི་མུ་དང་པོ་ཡིན་ལ། ད་ནི་ཏིང་ངེ་འཛིན་
ལྷག་པར་བསྟན་ཏེ་ལྔར་འགྱུར་རོ། །དེ་ལས་རྨུགས་པ་མི་འབྱུང་སྟེ་ཞེས་བྱ་བ་གང་སྨྲས་པ་དེའི་ལན་ནི། རྨུགས་པ་ནི་ཞེས་བྱ་བ་ལ། རྨོངས་པ་ལ་སོགས་པ་ལྟར་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པའི་ས་མང་པོ་པར་འདོད་པས། དེ་ལྟར་དེ་ཉོན་
མོངས་པའི་ས་མང་པོ་པའི་མཚན་ཉིད་དང་ལྡན་ཡང་ཉོན་མོངས་པའི་ས་མང་པོ་པ་དག་གི་ནང་དུ་མ་བཏོན་པ་སུ་ཞིག་གིས་ཉེས། ཅི་ངས་ཉེས་སམ། འོན་ཏེ་ཆོས་མངོན་པ་གང་དག་མི་འདོན་པས་ཉེས་ཟེར་ན། གདོན་པར་བྱ་བ་ནི་ཡིན་མོད་ཀྱི་ཞེས་བྱ་བའོ། །ཅིའི་ཕྱིར་མ་བཏོན་
ཞེ་ན། ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་མ་བཏོན་ནོ། །ཇི་ལྟར་ན་དེ་དང་མཐུན་པ་ཉིད་ཡིན་ཞེ་ན། རྨུགས་པ་སྤྱོད་པ་ནི་ཏིང་ངེ་འཛིན་ཤིན་ཏུ་མྱུར་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། རྨུགས་པ་ནི་རྣམ་པར་གཡེང་བར་བྱེད་པ་མ་ཡིན་པའི་ཕྱིར། དེ་སྤྱོད་པ་ནི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་
བྱེད་ཀྱི། རྒོད་པ་སྤྱོད་པ་ནི་མ་ཡིན་ཏེ། རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་མི་སྲིད་པའོ། །བྱིང་བ་དང་རྒོད་པ་གཉིས་ནི་ཏིང་ངེ་འཛིན་གྱི་གེགས་སུ་གྱུར་པའི་ཕྱིར་གེགས་ཁོ་ན་ཡིན་པ་ནི་མཐུན་པར་རིགས་པ་མ་ཡིན་ཏེ་མ་རིག་པས་ཉེ་བར་བཅོམ་
པའི་ཕྱིར་རོ། །གཞན་དག་ནི་རྨུགས་པ་ཉོན་མོངས་པའི་ས་མང་པོ་པའི་ནང་དུ་འདོན་ཏོ། །གཞན་དག་ནི་རྨུགས་པ་ཉིད་མ་རིག་པའི་སྒྲས་བརྗོད་དོ་ཞེས་ཟེར་རོ། །མ་རིག་པ་ནི་མང་པོ་ཐམས་ཅད་དུ་སོང་བའི་ཕྱིར་ཉོན་མོངས་པའི་ས་མང་པོ་པ་ཡིན་ནོ། །གང་ཞིག་རྒོད་པ་མི་སྤྱོད་
ལ་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་བསྟན་པར་འགྱུར་ཏེ། གང་ཞིག་རྨུགས་པ་སྤྱོད་པ་དེ་ནི་གདོན་མི་ཟ་བར་རྒོད་པ་སྤྱོད་པ་ཡིན་ལ། གང་ཞིག་རྒོད་པ་སྤྱོད་པ་དེ་ཡང་གདོན་མི་ཟ་བར་རྨུགས་པ་སྤྱོད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདི་དག་ནི་ནམ་དུ་ཡང་ལྷན་

ཅིག་སྤྱོད་པ་འདོར་བར་མི་འགྱུར་མོད་ཀྱི་ཞེས་བྱ་བ་སྨོས་ཏེ། ནམ་དུ་ཡང་ཞེས་བྱ་བ་ནི་གཞར་ཡང་ངོ་། །ལྷན་ཅིག་སྤྱོད་པའི་ཆོས་ནི་ལྷན་ཅིག་སྤྱོད་པ་ཡིན་ལ། དེའི་དངོས་པོ་ནི་ལྷན་ཅིག་སྤྱོད་པ་ཉིད་དོ། །འོན་ཀྱང་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་
ཡང་དེ་ལྟ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྨུགས་པ་དང་རྒོད་པ་གང་ཞིག་གང་ལ་མཐུའི་སྒོ་ནས་ཤས་ཆེའི། ཚད་ཀྱི་སྒོ་ནས་མ་ཡིན་པ་དེ་ནི་དེ་སྤྱོད་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཉོན་མོངས་པའི་ས་ཆེན་པོ་པ་ན་དྲུག་ཁོ་ནར་གྲུབ་ཀྱི་བཅུར་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་གཞན་
དག་ཀྱང་ཡོད་བཞིན་དུ་འདི་དག་ཁོ་ན་ཉོན་མོངས་པའི་ས་མང་པོར་བརྗོད་ཅེ་ན། དེ་དག་ཀྱང་ནི་རྟག་ཏུ་ཉོན་མོངས་པ་ཅན་གྱི་སེམས་ལ་འབྱུང་གི་གཞན་དུ་མ་ཡིན་པས་ཉོན་མོངས་པའི་ས་ཆེན་པོ་པར་བརྗོད་དོ། །མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ཞེས་བྱ་བ་ལ་ནི། ཞེས་བྱ་
བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །འདི་དག་ལ་ཉོན་མོངས་པ་ཆུང་ངུའི་ས་ཡོད་པས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཆུང་ཞེས་བྱ་བ་ནི་ཉུང་ངུ་སྟེ། དེ་དག་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལ་དམིགས་ལ། གང་དུ་དམིགས་པ་དེར་ཡང་རེ་རེ་ནས་དམིགས་ཀྱི་ཚོགས་
པར་ནི་མ་ཡིན་ནོ། །མ་རིག་པ་ཙམ་དང་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་འདོད་ཆགས་ལ་སོགས་པ་བསལ་བར་བྱ་བའི་ཕྱིར་ཏེ། ཁྲོ་བ་ལ་སོགས་པ་རྣམས་ནི་རང་དབང་བ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་
དང་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་པ་སྟེ། ཁྲོ་བ་ལ་སོགས་པ་རྣམས་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ས་པ་ཁོ་ན་དང་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། ཁྲོ་བ་ལ་སོགས་པ་རྣམས་ཡིད་ཀྱི་ས་པ་
ཡིན་པའི་ཕྱིར། དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། བསྒོམ་པས་སྤང་བར་བྱ་བའི་མ་རིག་པ་ཙམ་དང་ལྷན་ཅིག་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཆུང་ངུའི་ས་པ་དག་ཅེས་བྱའོ། །འདི་དག་ནི་ཉེ་

བའི་ཉོན་མོངས་པ་དག་གི་ནང་ནས་ཞེས་བྱ་བ་དེ་ལ། གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་རྣམས་ལ་དུས་རིང་དུ་བདེ་བར་བྱེད་པའོ། །ཁྲོ་བ་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་མང་དུ་འཛིན་པར་བྱེད་པའོ། །ཁོན་དུ་འཛིན་པ་ནི་སེམས་གྱ་གྱུ་བའོ། །
གཡོ་ནི་གང་གིས་ཡང་དག་པར་ཇི་ལྟ་བ་བཞིན་གསལ་བར་མི་བྱེད་པ་སྟེ། རྣམ་པར་གཡེང་བས་ཡོངས་སུ་མ
Luận tạng Tây Tạng (Tengyur) — Tập 209 | Tra cứu Kinh điển | Tàng Kinh Việt