Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 209

Văn bản gốc(Tây Tạng)

Trang 2 / 28 (50.000 ký tự/trang)
འོ་ན་ཅི་ཞེ་ན་རྗེས་འབྲང་བཅས་སོ། །རྗེས་སུ་འབྲང་བ་ཡང་ཤེས་རབ་གཙོ་བོར་གྱུར་པའི་ཕྱིར་ཏེ། ཡང་ཤེས་རབ་འཁོར་ནི་མ་ཡིན་ནོ། །གང་དག་གཟུགས་ལ་སོགས་པ་དང་དུས་དང་འབྲས་བུ་ལ་སོགས་པ་དག་དང་དགེ་བ་ཉིད་ཀྱིས་ཤེས་རབ་ཀྱི་རྗེས་སུ་འཇུག་སྟེ།
དེ་ནི་ཤེས་རབ་ཀྱི་འཁོར་རོ། །དེ་ལ་མི་ལྕོགས་པ་མེད་པ་དང་བསམ་གཏན་དང་བསམ་གཏན་ཁྱད་པར་ཅན་ལ་བརྟེན་པའི་ཤེས་རབ་ལ་ནི་གང་གིས་གང་དེ་སྐད་དུ་བཤད་པ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བས་བསྡུས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་རྗེས་སུ་འཇུག་པ་
ཡོང་ངོ་། །དེ་ལྟར་ཟག་པ་མེད་པའི་ཕུང་པོ་ལྔ་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་རོ། །གཟུགས་མེད་པ་གསུམ་ལ་བརྟེན་པའི་ཆོས་མངོན་པ་ནི་ཕུང་པོ་བཞི་སྟེ། དེ་ལྟར་དེ་ནི་ཕུང་པོ་ལྔ་ལས་ཡིན་ཞིང་དེ་ཉིད་ཟག་པ་མེད་པའི་ཤེས་རབ་རྗེས་འབྲང་བཅས་པ་ཆོས་མངོན་པའོ། །གལ་
ཏེ་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་སེམས་ཉིད་གཙོ་བོ་ཡིན་ཏེ། དེའི་ཕྱིར་དེ་ཉིད་དྲི་མ་མེད་པའི་རྗེས་སུ་འབྲང་བ་དང་བཅས་པ་ཆོས་མངོན་པ་ཡིན་ལ་རག་མོད་ཅེ་ན། བྱ་བ་དང་མཐོང་བ་དང་དམིགས་པ་མངོན་པར་རྟོགས་པ་ལ་ནུས་པ་དང་ལྡན་པའི་ཕྱིར་ཤེས་རབ་ཁོ་ན་
རྗེས་འབྲང་དང་བཅས་པ་ལ་ཆོས་མངོན་པ་ཞེས་བརྗོད་དོ། །བྱ་བ་མངོན་པར་རྟོགས་པ་ཉིད་ནི་གཟུགས་དང་རིགས་ལ་སོགས་པ་རྣམས་མཐོང་བས་ཅིག་ཤོས་སེམས་ལ་སོགས་པ་རྣམས་ཀྱི་ཞེས་དོན་འདི་ལ་སེམས་ནི་མ་ཡིན་གྱི་ཤེས་རབ་གཙོ་བོར་ཡོད་དོ། །གལ་ཏེ་མཐོང་བ་བཞིན་
དུ་ཚོར་བ་ལ་སོགས་པ་རྣམས་ཀྱང་ཉམས་སུ་མྱོང་བའོ་ཞེ་ན། རྗེས་སུ་རྟོགས་པའི་ཕྱིར་ཚོར་བ་ལ་སོགས་པ་རྣམས་བདེན་པ་ཡོངས་སུ་བཅད་པར་ནུས་པ་མེད་པའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་པ་ལ་སོགས་ཚོར་བ་ལ་སོགས་པ་རྣམས་མངོན་པར་རྟོགས་པ་གསུམ་པར་སྡུག་བསྔལ་ལ་
སོགས་པའི་མཚན་ཉིད་དུ་ཁོང་དུ་ཆུད་དེ། གང་གི་ཕྱིར་བདེན་པ་ཡོངས་སུ་བཅད་དེ་འཇུག་པའི་ཕྱིར་རོ། །ཤེས་རབ་གཙོ་བོར་གྱུར་པ་ནི་མཐོང་བ་མངོན་པར་རྟོགས་པའོ། །ཤེས་རབ་གཙོ་བོར་བཟུང་བས་ཚོར་བ་ལ་སོགས་པ་ཅིག་ཅར་གྱིས་ཀྱང་འཇུག་པར་བྱེད་དོ། །དེ་དང་དེར་ཁྲིད་པར་

བྱེད་པས་ན་མངོན་པར་རྟོགས་པ་སྟེ། གཙོ་བོར་གྱུར་པ་དེའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ཀྱི་དབང་པོ་རྗེས་འབྲང་དང་བཅས་པ་ནི་དོན་དམ་པའི་ཆོས་མངོན་པ་ཞེས་ལེགས་པར་བཤད་པར་འགྱུར་རོ། །རེ་ཞིག་འདིས་ནི་དོན་དམ་པ་པའི་ཞེས་བྱ་བ་ནི་དོན་དམ་
པའི་དགོས་པ་ཅན་ཏེ། མྱ་ངན་ལས་འདས་པའི་དགོས་པ་ཅན་ཡིན་པས་དོན་དམ་པ་པའོ། །དོན་དམ་པ་ཉིད་ནི་དམ་པ་པ་སྟེ་འདུལ་བ་པ་བཞིན་ནོ། །ཡང་ཅི་ལས་འདི་ཤེས་པར་བྱང་ཅེ་ན། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་ཏེ། ཤ་ཀྲཱ་དི་བྲ་བཱ་ར་ཎཱ་རྒྱནྡྷ་ཧ་མེ་ན་མ།
ཆོས་མངོན་པ་ཞེས་པས་འདུལ་བ་ལ། པྲ་བཱ་ར་ཡེ་ཡ་མི་ཏི། ལམ་དང་ལམ་གྱི་འབྲས་བུ་ལ་འགོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པ་པ་ཞེས་ཁྱད་པར་དུ་བྱས་པས་བརྡར་བཏགས་པ་ཡང་ཡོད་དོ་ཞེས་ཤེས་པར་བྱས་པ་ཡིན་ནོ། །བརྡར་བཏགས་པ་ཞེས་བྱ་བ་ཡང་བཏགས་པ་
བ་དང་ཀུན་ཐ་སྙད་པ་དང་གཞུང་ལུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་དང་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་དང་ཟག་པ་དང་བཅས་པ་ཞེས་བྱའོ། །ཟག་པ་མེད་པ་རྣམ་པར་བཅད་པའི་ཕྱིར་ཟག་པ་དང་བཅས་པ་ཞེས་ཁྱད་པར་དུ་བྱས་པ་ནི་བསྒོམ་པ་ལས་བྱུང་བ་ཁོ་
ན་རྣམ་པ་གཉིས་ཡིན་པའི་ཕྱིར་ཏེ་ཐམས་ཅད་ལ་ནི་ཁྱད་པར་མ་ཡིན་ནོ། །འདིར་ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་རྣམས་ཀྱི་གོ་རིམས་ནི་སྐྱེ་བའི་དབང་གིས་ཏེ་ཤེས་རབ་འདི་དག་གི་ཁྱད་པར་ལས་མ་ཡིན་ནོ། །མི་ལྕོགས་པ་མེད་པ་ལས་ཟག་པ་མེད་པ་སྐྱེའོ། །འདི་དག་གི་
མཚན་ཉིད་ནི། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉི་ག་དོན་ཡུལ་ཅན། །ཞེས་པ་འཆད་པར་འགྱུར་རོ། །གཞན་ནི་ལུང་དང་རིགས་པ་དང་བསམ་པ་དང་བསྒོམ་པ་ལས་ངེས་སོ། །ཐོས་པ་ལས་བྱུང་བ་སོགས་ཞེས་པའི་རྒྱུ་ལ་མ་ཡཊའི་རྐྱེན་བསྒྲུབ་པའོ། །སྐྱེས་
ནས་ཐོབ་པ་ཞེས་བྱ་བ་ནི་སྐྱེས་པས་ཐོབ་ཅིང་ལྡན་པ་གང་ལ་ཡོད་པ་ཡིན་གྱི་སྦྱོར་བ་ལས་བྱུང་བ་ནི་མ་ཡིན་ཏེ། གང་ནས་འདོད་པའི་ཁམས་སུ་སྐྱེ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བཞིན་ནོ། །འགྲོ་བ་ལྔ་པོ་རྣམས་སུ་ཐོབ་ཅིང་མངོན་དུ་གྱུར་པའི་ངོ་བོ་ནི་འགྲོ་བར་ངེས་པས་འདོད་པའི་

ཁམས་ནས་ས་གོང་མར་སྐྱེ་བ་ན་གང་དུ་སྐྱེ་བ་དེ་ཉིད་དུ་ཐོབ་པོ། །རྣམ་པར་ཉམས་པ་སྔར་ཉིད་དུ་ཡང་ཐོབ་པར་བྱེད་དོ། །སྔར་མ་ཡིན་པ་ཉིད་ཀྱི་ཕྱིར་སྐྱེ་བས་ཐོས་པ་ཞེས་བྱའོ། །པྲ་ཏིའི་སྒྲ་ནི་སླར་ཡང་ཞེས་པའི་དོན་ཏེ་མིག་ལ་སོགས་པ་བཞིན་དུ་ཡང་ཡང་རྟོགས་ཤིང་ཡང་དང་
ཡང་རིས་མཐུན་པ་དང་སྐལ་བ་མཉམ་པ་རྣམས་སུ་སྐྱེ་བས་ཐོབ་པའོ་ཞེས་གཞན་དག་ཟེར་རོ། །རྗེས་འབྲང་དང་བཅས་པའོ་ཞེས་ཁ་མར་བསྟན་པ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་རོ། །དེ་ལ་ཇི་ལྟར་སྐྱེ་བས་ཐོབ་རྗེས་འབྲང་དང་བཅས་པ་ཕུང་པོ་བཞིའི་རང་བཞིན་
ཡིན་པ་དེ་བཞིན་དུ་ཐོས་པ་ལས་བྱུང་བ་དང་བསམ་པ་ལས་བྱུང་བ་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ནི་ཕུང་པོ་ལྔ་པོ་སྟེ་ཉེར་བསྡོགས་དང་བསམ་གཏན་དང་བསམ་གཏན་ཁྱད་པར་ཅན་རྣམས་ན་བསམ་གཏན་གྱི་སྡོམ་པ་ཡོད་པའི་ཕྱིར་རོ། །ཉེར་བསྡོགས་རྣམས་དང་གཟུགས་མེད་པ་
རྣམས་ན་ནི་ཕུང་པོ་བཞི་པའོ། །བསྟན་བཅོས་གང་ནི་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་སྟེ། དེ་ཡང་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་མི་ལྡན་པའི་འདུ་བྱེད་ཀྱི་རང་བཞིན་ཡིན་ལ། ཚིག་གི་རང་བཞིན་ཡིན་པའི་ཕྱིར་སྒྲའི་རང་བཞིན་ཏེ། དེ་སྐད་དུ་ཡང་།
ཚིག་གམ་མིང་ཡིན་དེ་དག་ཀྱང་། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་སོ། །འདིར་ཡང་འཁོར་དང་བཅས་པ་སྨོས་པ་རྗེས་སུ་འཇུག་པས་བསྟན་བཅོས་ཀྱང་ཕུང་པོ་གཉིས་པའམ་ཕུང་པོ་གཅིག་པ་ཞེས་སེམས་སོ། །བསྟན་བཅོས་ནི་དོན་གསལ་བར་བྱེད་པས་
ཤེས་རབ་ཀྱི་ཚོགས་སུ་འདོད་དེ། རིགས་དང་སྤྱི་ལ་སོགས་པ་མི་ལྡན་པའི་འདུ་བྱེད་ནི་དོན་གསལ་བར་བྱེད་ནུས་པ་མ་ཡིན་ནོ། །འདི་ཡང་ཤེས་རབ་ཀྱི་འཁོར་དུ་གྱུར་པར་སེམས་པ་མ་ཡིན་ནམ་ཞེ་ན། རིགས་ལ་སོགས་པ་དོན་ཉིད་ལ་དམིགས་པ་མ་ཡིན་ཏེ། སེམས་དང་སེམས་
ལས་བྱུང་བ་བཞིན་ནོ། །ཡང་ན་ཆོས་མངོན་པར་མི་འདོད་པ་ནི་དེ་ལ་དམིགས་པ་མེད་པའི་ཕྱིར་རོ། །སྐྱེ་བས་ཐོབ་ལ་ལ་སོགས་པའི་ཤེས་རབ་ཆོས་མངོན་པར་འདོད་དོ། །ཅི་སྟེ་ཕྱི་མ་ཕྱི་མ་ཤེས་རབ་ཀྱི་རྒྱུ་དང་ཤེས་རབ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་འདི་ཐམས་ཅད་ཚོགས་པ་ཐ་དད་

པའི་འབྲས་བུའི་ཕྱིར་ཕྱི་མ་ཕྱི་མ་ཤེས་རབ་འཁོར་དང་བཅས་པའི་རྒྱུར་འགྱུར་རོ་ཞེ་ན། ཤེས་རབ་མ་ཡིན་པའི་འཁོར་དུ་གྱུར་པའི་རིགས་ལ་སོགས་པ་ཆོས་མངོན་པ་ཉིད་དུ་འགལ་ལོ། །དེ་ཡང་དེའི་ཚོགས་སུ་གྱུར་པའི་ཕྱིར་ཆོས་མངོན་པ་ཞེས་བརྗོད་
དེ་དེ་ལྟར་བསྟན་བཅོས་ཀྱང་ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་སུ་གྱུར་པའི་ཕྱིར་ཆོས་མངོན་པ་ཞེས་བརྗོད་དོ། །ཇི་ལྟར་སྐྱེ་བས་ཐོབ་པའི་ཤེས་རབ་མེད་པར་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ཚིག་གི་རྣམ་པར་འདོན་མི་ནུས་པས་དངོས་སམ་བརྒྱུད་པའི་སྒོ་ནས་ཟག་པ་མེད་
པའི་ཤེས་རབ་ཀྱི་ཚོགས་སུ་འགྱུར་བས་ཐོབ་པ་ཆོས་མངོན་པར་འདོད་པ་དེ་བཞིན་དུ་བསྟན་བཅོས་ཀྱང་དོན་གསལ་བར་བྱེད་པ་ཡིན་པའི་ཕྱིར་དངོས་སམ་བརྒྱུད་པའི་སྒོ་ནས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཀྱི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཞེས་བྱའོ། །ཇི་ལྟར་ཡང་
གང་ཁོ་ན་ཟག་པ་མེད་པའི་ཤེས་རབ་དང་བསྟན་བཅོས་ཀྱི་ཚོགས་སུ་གྱུར་པ་དེ་ཁོ་ན་ཆོས་མངོན་པ་ཉིད་དང་གང་ཁོ་ན་སྐྱེ་བས་ཐོབ་པ་ལ་སོགས་པའི་ཤེས་རབ་དངོས་སམ་བརྒྱུད་པས་ཟག་པ་མེད་པའི་ཤེས་རབ་ཀྱི་དབང་པོའི་ཚོགས་སུ་གྱུར་པ་ཁོ་ན་ཆོས་མངོན་པ་ཡིན་གྱི་གཞན་ནི་མ་ཡིན་པ་
ཉིད་དོ། །དེ་ལྟར་ན་འོ་ན་མདོ་སྡེ་ལ་སོགས་པ་དེ་བཞིན་གཤེགས་པའི་གསུང་གི་རྣམ་པ་ཐམས་ཅད་ཟག་པ་མེད་པའི་ཤེས་རབ་ཀྱི་ཚོགས་སུ་གྱུར་པའི་ཕྱིར་ཆོས་མངོན་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་མདོ་སྡེ་ནི་ཕལ་ཆེར་གདུལ་བྱའི་བསམ་པ་ལ་མངོན་དུ་
ཕྱོགས་པ་ཡིན་ཞིང་འདུལ་བ་ནི་བྱུང་བས་རབ་ཏུ་ཕྱེ་བ་ཡིན་ལ། ཆོས་མངོན་པ་ནི་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པ་ཁོ་ན་ཡིན་པས་དེ་ཁོ་ན་ལ་ཆོས་མངོན་པ་ཞེས་མིང་དུ་ཆགས་སོ། །དེའི་ཕྱིར་གཞན་དུ་ཐལ་བ་མེད་དོ། །བཙུན་པ་འདུས་བཟང་ན་རེ། གང་ཞེས་བྱ་བས་
འཇིག་རྟེན་པའི་བསྒོམ་པ་ལས་བྱུང་བ་དང་། ཡང་ཞེས་བྱ་བས་བསམ་པ་ལས་བྱུང་བ་དང་། དང་ཞེས་བྱ་བས་ཐོས་པ་ལས་བྱུང་བ་དང་། བསྟན་བཅོས་གང་དང་ཞེས་པ་འདིར་དང་གི་སྒྲས་སྐྱེ་བས་ཐོབ་པ་བཟུང་ངོ་ཞེས་ཟེར་རོ། །ཅིའི་ཕྱིར་ཡང་འདིར་གང་ཞེས་པ་འདིས་བསྒོམ་པ་ལས་

བྱུང་བ་ཉིད་བཟུང་ཞེ་ན། ནཱ་ཏཱ་སྱཱ་ཨེ་བ་སཱཀྵ་ཏ་ཀཱ་ར་ཎ་བྷཱ་བཱ་ད་བནྟ་དྷི་ཡཱ་ན་སཱ་ཀྵ་ཏ་བསྒོམ་པ་ལས་བྱུང་བའི་རྒྱུར་དེ་གཟུང་བའི་ཕྱིར་ཡང་འབད་པ་བར་སྐབས་སུ་བྱ་བར་འགྱུར་རོ། །དེའི་ཕྱིར་དངོས་སམ་བརྒྱུད་པས་ཟག་པ་མེད་པའི་ཤེས་རབ་ཀྱི་དབང་པོའི་ཚོགས་སུ་གྱུར་པ་གང་ཡིན་པ་དེ་མ་
ལུས་པ་གང་ཞེས་པ་འདིས་བཟུང་ངོ་། །འདི་སྐད་བཤད་པར་འགྱུར་ཏེ། ཟག་པ་མེད་པའི་ཤེས་རབ་འགའ་ཞིག་ཁོ་ན་ཆོས་མངོན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་ཚོགས་སུ་གྱུར་པའི་ཕྱིར་ཟག་པ་དང་བཅས་པའི་ཤེས་རབ་གང་ཡིན་པ་དེ་རྣམས་ཀྱང་ཆོས་མངོན་པ་སྟེ། དེ་ལྟར་
གཉི་ག་ལ་ཡང་ངེས་པའི་ཚིག་ཏུ་ན་དོན་མཚུངས་སོ། །ངེས་པའི་ཚིག་ནི་ངེས་པར་ཕྱེ་ནས་གཏན་ལ་ཕབ་པའི་ཚིག་སྟེ། མིང་འདོགས་པའི་རྒྱུ་མཚན་སྟོན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ་རང་བཞིན་ལས་མི་འདའོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་ལ་ཟག་པ་མེད་པའི་ཤེས་རབ་ཀྱི་བདག་ཉིད་ཀྱི་ཆོས་འཁོར་དང་བཅས་པ་འདི་ནི་དོན་དམ་པའི་ཆོས་སམ་མྱ་ངན་ལས་འདས་པའམ་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཆོས་ཡིན་པས་ན་ཆོས་མངོན་པའོ། །དམ་པའི་སྒྲ་ནི་མཆོག་གི་རྣམ་གྲངས་སོ། །དོན་གྱི་སྒྲ་ནི་ཤེས་
བྱའི་རྣམ་གྲངས་སོ། །ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་དོན་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ་ཆོས་ཀྱི་སྒྲ་ནི་དངོས་པོའི་རྣམ་གྲངས་སོ། །དོན་དམ་པའི་དངོས་པོ་ཞེས་བྱ་བས་མཆོག་ཏུ་གྱུར་པའི་ཤེས་བྱའི་དངོས་པོ་ཞེས་ཇི་སྐད་བཤད་པ་དེ་བསྟན་པར་འགྱུར་རོ། །དེ་ཡང་ཅི་ཞེ་ན། དེའི་ཕྱིར་
མྱ་ངན་ལས་འདས་པ་ཞེས་གསུངས་སོ། །འམ་གྱི་སྒྲ་ནི་རྣམ་པར་བརྟགས་པའི་དོན་ཏོ། །མྱ་ངན་ལས་འདས་པ་ནི་དགེ་བ་དང་དག་པའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལས་མཆོག་ཡིན་ནོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཏང་བས་སམ་དེ་ཁས་མ་
བླངས་པའི་ཕྱིར་མཆོག་གོ། །ཡང་ན་དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེའི་དོན་ནི་དམ་པའོ། །སྡུག་བསྔལ་དང་ཀུན་འབྱུང་དང་ལམ་རྣམས་ཀྱང་དེའི་དོན་ཡིན་པས་དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་སྨོས་སོ། །ཡང་ན་དོན་གྱི་སྒྲ་ནི་དགོས་པ་བརྗོད་པའོ། །

དགོས་པ་དམ་པ་ནི་དོན་དམ་པ་སྟེ། དེ་ལས་གཞན་པའི་དགོས་པ་ཁྱད་པར་ཅན་ཡོད་པ་མ་ཡིན་ནོ། །དེ་ཡང་ཅི་ཞིག་ཅེ་ན་དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་སྨོས་སོ། །ཡང་ན་དགེ་བ་ཟག་པ་མེད་པ་ཉིད་ཀྱི་ཕྱིར་དམ་པ་ནི་ལམ་མོ། །དེ་ལ་རབ་ཏུ་སྦྱོར་
བའི་ཕྱིར་མྱ་ངན་ལས་འདས་པ་ནི་དོན་དམ་པའོ། །ལམ་བསྒོམས་པ་ཡང་འབྲལ་བའི་དོན་ཅན་ཡིན་པའི་ཕྱིར་ཏེ། སྐྱེ་འཆི་དག་དང་བྲལ་ཏེ་མྱ་ངན་ལས་འདས་པར་འགྱུར་རོ། །མྱ་ངན་ལས་འདས་པའི་ཆོས་ཀྱི་སྒྲ་ཡང་ཐམས་ཅད་དུ་དམ་པ་མ་ཡིན་པའི་དངོས་པོར་རྟོག་པ་བསལ་བའི་
ཕྱིར་རོ། །ཆོས་ཀྱི་མཚན་ཉིད་ནི་དེས་མཚོན་པར་བྱེད་པས་མཚན་ཉིད་དེ། ཟག་པ་དང་བཅས་པ་རྣམས་མི་རྟག་པ་ལ་སོགས་པའི་རྣམ་པ་དང་། རྒྱུ་ལ་སོགས་པའི་རྣམ་པ་དང་། ཟག་པ་མེད་པ་རྣམས་ཞི་བ་ལ་སོགས་པའི་རྣམ་པ་དང་། ལམ་ལ་སོགས་པའི་རྣམ་པ་དང་།
ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བར་རོ། །མངོན་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་སྟེ་དེ་ལ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་དང་། ཆོས་ཀྱི་མཚན་ཉིད་མངོན་པར་རྟོགས་པར་བྱེད་པས་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་
པའོ། །ཡང་གཞན་དག་ན་རེ། དོན་དམ་པ་དང་བརྡར་བཏགས་པ་པ་དག་ཀྱང་དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ལ་མངོན་དུ་ཕྱོགས་ལ་ཁྱད་པར་ནི་ཉེ་བ་དང་རིང་བའི་བྱེ་བྲག་གོ། །གཉི་ག་ཡང་ཆོས་ཀྱི་མཚན་ཉིད་ལ་དམིགས་ཤིང་མངོན་དུ་ཕྱོགས་སོ། །
བསྟན་བཅོས་ཀྱི་མིང་ཅན་གྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་མཚན་ཉིད་གསལ་བར་བྱེད་པས་མངོན་དུ་ཕྱོགས་པའོ་ཞེས་ཟེར་རོ། །དེ་ལྟར་དོན་དམ་པ་པ་ནི་ངེས་པའི་ཚིག་གིས་དང་བརྡར་བཏགས་པ་པ་ནི་དོན་དམ་པ་པའི་ཚོགས་སུ་གྱུར་པའི་ཕྱིར་ཆོས་མངོན་པའི་སྒྲ་འཇུག་སྟེ།
དཔེར་ན་གཡོ་བའི་ཚོགས་ལས་རྒྱ་མཚོ་དང་། དེའི་སྒྲ་ཐོས་པ་ལས་སྐྱེས་བུ་འདིའོ་ཞེས་དཔྱོད་པ་བཞིན་ནོ། །ཅི་སྟེ་དེའི་ཚོགས་སུ་གྱུར་པ་ཉིད་རྣམ་པ་འདིས་བཤད་ཅེ་ན། དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པས་ཆོས་མངོན་པ་ཉིད་མ་ཡིན་གྱི།

འོ་ན་ཅི་ཞེ་ན་ཚོགས་སུ་གྱུར་པ་ཉིད་ལས་ཞེས་པ་འདི་ནི་ལན་མ་ཡིན་ནོ། །ཚིག་བསྡུ་བ་དུ་མ་འཐད་པས་ཚིག་བསྡུ་བ་ཁོང་དུ་ཆུད་པར་འདོད་ནས་བསྟན་བཅོས་འདི་ཇི་ལྟར་ན་ཆོས་མངོན་པའི་མཛོད་ཡིན་ཞེ་ན་ཞེས་བྱ་བ་གསུངས་ཏེ་དོན་གང་གིས་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་ཤེས་
རབ་ཀྱི་ཚོགས་སུ་གྱུར་པའི་ཁྱིམ་བསྟན་བཅོས་འདི་ཡང་ཆོས་མངོན་པ་ཉིད་ཡིན་ཏེ། ཡེ་ཤེས་ལ་འཇུག་པ་ལ་སོགས་པ་བཞིན་ནོ། །ཇི་ལྟར་ཆོས་མངོན་པའི་མཛོད་ཅེས་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་འདིར་དེ་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་བསྟན་བཅོས་
ཀྱི་མིང་ཅན་ཏེ་དེ་མ་ཐག་པ་ཡིན་པའི་ཕྱིར་རམ་ཤེས་རབ་ཀྱི་བདག་ཉིད་ཅན་ལ་མི་སྲིད་པའི་ཕྱིར་རོ། །སྔ་མར་ནི་དྲུག་པའི་སྐྱེས་བུའོ། །ཕྱི་མར་ནི་འབྲུ་མང་པོ་པའོ། །དོན་དུ་ཞེས་པ་ཡི་གེའི་སྒོ་ནས་ནི་མ་ཡིན་ཏེ་ཆུད་པ་མི་སྲིད་པའི་ཕྱིར་རོ། །དོན་དུ་ཡང་ཇི་ལྟར་གཅེས་གཅེས་ཡིན་གྱི་
མཐའ་དག་ནི་མ་ཡིན་ནོ། །དོན་རྣམས་ཀྱི་གཅེས་པ་ནི་གང་ཞིག་བསྟན་ན་དོན་དུ་མ་བསྟན་པར་འགྱུར་བའོ། །དེ་ལས་འདི་བྱུང་བ་ནི་དོན་གཅེས་གཅེས་རྣམས་ཕྱི་མིང་དང་ཚིག་དང་ཡི་གེ་བླངས་པ་ལས་སོ། །མཛོད་དང་འདྲ་བས་ན་མཛོད་དེ། རལ་གྲིའི་ཤུབས་དང་མཚུངས་པའི་ཕྱིར་
རོ། །དཔེར་ན་རལ་གྲི་གང་ལས་འབྱུང་བ་དང་གང་དུ་འཇུག་པ་དེ་ལ་དེའི་ཤུབས་ཞེས་འཇིག་རྟེན་ན་བརྗོད་པ་བཞིན་ནོ། །དེ་ལྟར་ན་ཆོས་མངོན་པ་རྣམ་པ་གཉིས་བསྟན་ཏེ། དོན་དམ་པ་པ་དང་བརྡར་བཏགས་པ་པ་ཡང་རྣམ་པ་གཉིས་ཏེ། ཤེས་རབ་དང་བསྟན་བཅོས་ཀྱི་བདག་ཉིད་
ཅན་གྱི་ཕྱིར་དང་བསྟན་བཅོས་ཀྱང་རྟེན་དང་བརྟེན་པའི་ཕྱིར་རོ། །ཚིག་བསྡུ་བ་གཉིས་ཀྱི་དོན་ངེས་པར་བཟུང་བ་བྱས་ཟིན་ཏེ། ཡང་ཅིའི་ཕྱིར་ཆོས་མངོན་པ་བསྟན་ཞེས་བྱ་བ་ལ་སོགས་པ་ནི་དགོས་པ་ཅི་ཡོད་ཅེས་བྱའོ། །དགོས་པ་ཆུང་བའི་བསྟན་བཅོས་དག་ཀྱང་ཡོད་ལ། དོན་
མ་ཡིན་པའི་དགོས་པ་ཅན་ཡང་ཡོད་པས་དེའི་ཕྱིར་དགོས་པ་དྲིས་པ་ཡིན་ནོ། །འདི་དང་པོ་ཉིད་དུ་སུས་བསྟན་ཅེ་ན་ཞེས་པ་ནི་སྔོན་དུ་སུས་བསྟན་ཅེས་པ་སྟེ། དགོས་པའི་དབང་དུ་བྱས་ནས་འཇུག་པས་འབྲས་བུ་དང་ལྡན་པ་མངོན་པར་ཡིད་ཆེས་པས་བསྟན་པ་མཐོ་རིས་ལ་སོགས་པའི་

དགོས་པ་ཅན་ལ་ཕལ་ཆེར་འཇུག་གི་ཐམས་ཅད་ལ་མ་ཡིན་པས་ཉེ་བར་སྟོན་པ་པ་ཚོལ་བ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་འདི་བཙལ་བར་བྱ་བ་མ་ཡིན་ནོ་ཞེ་ན། གང་ཟག་
ཚད་མར་བྱེད་པའི་དབང་དུ་བྱས་ནས་འདི་དང་པོ་ཉིད་དུ་སུས་བསྟན་ཞེས་དེ་སྐད་བསྙད་དེ། དེ་ལྟར་གསུངས་སོ་ཞེས་བྱ་བ་དེ་ཡང་མདོའི་དོན་ཡོངས་སུ་མ་ཤེས་པས་སོ། །དེ་ལ་གང་གི་ཕྱིར་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ཆོས་ལ་རྟོན་པར་གསུངས་སོ། །སངས་རྒྱས་ཀྱིས་
གསུངས་པ་ཉིད་གཏན་ལ་དབབ་པ་གང་ཡིན་པ་དེ་ལ་མི་འགལ་ལོ། །དེ་ལས་གཞན་གྱིས་བསྟན་པ་ལ་ཡང་གཟུང་བར་བྱ་སྟེ་འགལ་བ་མེད་ཞེས་པ་འདི་ནི་འདིར་མདོའི་དོན་ཏེ། བཅོམ་ལྡན་འདས་རྩ་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ཚུལ་ཅན་ལགས་
སོ། །བཅོམ་ལྡན་འདས་རྟོན་པར་བྱ་བ་ལགས་སོ་ཞེས་གསུངས་པའི་ཕྱིར་དེ་ལས་འདི་བཙལ་བར་བྱ་བ་མི་འཐད་པ་མེད་དོ། །ཆོས་མངོན་པ་འདི་ནི་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུ་ལ་སོགས་པ་རྣམས་ཀྱིས་བྱས་པར་གྲག་གོ་ཞེས་ཐོས་ནས་ཚོལ་བར་བྱེད། གང་ཡང་གང་ཟག་ཚད་མར་
བྱེད་པའི་དབང་དུ་བྱས་ནས་གསུངས་པ་སྐྱོན་མེད་དོ་ཞེས་པ་གང་ཞིག་བཅོམ་ལྡན་འདས་ཚད་མར་གྱུར་པས་བཀག་པ་དེ་ཉིད་ཚད་མར་ཁས་ལེན་པར་མི་བྱེད་པ་འདི་ནི་མི་རིགས་སོ། །འདི་ལྟར་སློབ་དཔོན་ཆོས་མངོན་པ་འཆད་པར་གུས་ཞེ་ན་ཞེས་པ་ནི་འཆད་པར་གུས་པར་བྱེད་ཅེས་བྱ་བའི་
ཐ་ཚིག་གོ། །གང་གི་ཕྱིར་ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཞེས་བྱ་བ་ལ། དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལས་གཞན་དུ་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཐབས་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཁོ་ན་ཉོན་མོངས་པ་ཉེ་བར་ཞི་བར་བྱེད་
པའི་ཐབས་ཡིན་གྱི་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་པ་དག་གི་དོན་ཏོ། །ཡང་བཅོམ་ལྡན་འདས་ཀྱིས་ཆོས་གཅིག་ཡིད་ཀྱི་མངོན་པར་ཤེས་པ་དང་ཡོངས་སུ་ཤེས་པ་སྤངས་པ་ཡང་དག་པར་སྡུག་བསྔལ་ཟད་པར་ང་མི་སྨྲའོ་ཞེས་ལྟ་བའི་རྣམ་པ་ཁོ་ན་བསྟན་ཏོ། །འདི་སྐད་བརྗོད་

པར་འགྱུར་ཏེ། སྒྲ་ཁོང་དུ་ཆུད་པ་ལ་བརྡ་སྤྲོད་པ་ལས་གཞན་པའི་ཐབས་སླ་བ་ཡོད་པ་མ་ཡིན་པས་བརྡ་སྤྲོད་པ་ལས་གཞན་པའི་ཐབས་སླ་བས་སྒྲ་ཤེས་པའི་ནུས་པ་བཞིན་ནོ། །གལ་ཏེ་ཉོན་མོངས་པ་སྤངས་པར་མ་གྱུར་ན་དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཉོན་མོངས་
པས་ཀྱང་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏིང་ཐུག་པར་དཀའ་བ་དང་བརྒལ་བར་དཀའ་བའི་ཕྱིར་འཁོར་བ་ནི་མཚོ་ཆེན་པོ་བཞིན་ནོ། །འཁོར་བ་ཞེས་བྱ་བ་ཡང་ཁམས་གསུམ་པོའམ་འགྲོ་བ་ལྔ་པོར་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུ་མཚན་གྱིས་སྐྱེ་བ་
ཡང་དང་ཡང་དུ་གནས་པས་ན་འཇིག་རྟེན་འཁྱམ་པར་བྱེད་དོ། །དེ་བས་ཞེས་བྱ་བ་ནི་ཇི་སྲིད་ཉོན་མོངས་པ་རྣམས་ཀྱིས་འཇིག་རྟེན་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁྱམ་པར་བྱེད་པས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་ཆོས་སུ་རྣམ་པར་འབྱེད་པ་དེའི་དོན་དུ་སྟེ་དེའི་རྒྱུ་མཚན་དུ་
ཞེས་བྱ་བའི་དོན་ཏོ། །སྟོན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །གསུངས་སོ་ཞེས་བྱ་བ་ནི་བསྟན་པ་སྟེ། ཤཱ་རིའི་བུ་ལ་སོགས་པ་སློབ་མ་རྣམས་ཀྱིས་ཆོས་ཀྱི་མཚན་ཉིད་བསྟན་པ་དང་རབ་ཏུ་རྣམ་པར་འབྱེད་པར་མི་ནུས་པས་སྟོན་པ་སངས་རྒྱས་ཀྱིས་བསྟན་བཅོས་
མཛད་པར་རིགས་པའི་ཕྱིར་ཆོས་མངོན་པ་འདི་ཉེ་བར་བསྟན་ཏོ། །ཡང་ཇི་ལྟར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལས་གཞན་པ་ཉོན་མོངས་པ་སྤོང་བའི་ཐབས་མེད་དོ་ཞེས་བྱ་བ་འདི་ཁོང་དུ་ཆུད་པར་བྱ་ཞེ་ན། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་གཏི་མུག་གི་གཉེན་པོ་ཡིན་པའི་ཕྱིར་ལ།
ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་འབྱུང་བ་ཡང་བླུན་པོ་ལ་སྲིད་ཀྱི་བླུན་པོ་མ་ཡིན་པ་ལ་མ་ཡིན་ཏེ། དེའི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལས་ཉོན་མོངས་པ་སྤོང་བའི་ཐབས་གཞན་མེད་དོ། །འདིར་ཅིའི་ཕྱིར་ཆོས་མངོན་པ་བསྟན་ཞེས་བྱ་བ་དེའི་ལན་ནོ། །ཆོས་རབ་ཏུ་རྣམ་
པར་འབྱེད་པའི་དོན་དུ་ཞེས་བྱ་བའོ། །ལྷག་མ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དགོས་པའོ། །འདི་དང་པོ་ཉིད་དུ་སུས་བསྟན་ཞེས་བྱ་བ་དེའི་ལན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བའོ། །གལ་ཏེ་ཆོས་མངོན་པའི་བྱེད་པ་པོ་དག་ནི་ཅི་ལྟར་ཡེ་ཤེས་ལ་འཇུག་པ་ན་

འཕགས་པ་ཀཱ་ཏྱཱ་ཡ་ནའི་བུའོ། །རྣམ་པར་ཤེས་པའི་ཚོགས་ནི་གནས་བརྟན་ལྷ་སྐྱིད་དོ། །རབ་ཏུ་བྱེད་པའི་རྐང་པ་ནི་འཕགས་པ་དབྱིག་བཤེས་སོ། །དེ་བཞིན་དུ་གཞན་དག་ཀྱང་གཞན་གྱིས་ཏེ་དེ་ལྟ་བུ་ལ་སོགས་པ་ཐོས་པ་མ་ཡིན་ནམ། ཅི་ལྟར་ན་
ཆོས་མངོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བའི་དོགས་པ་བསལ་བའི་ཕྱིར་དེ་ནི་བཅོམ་ལྡན་འདས་ཀྱིས་སིལ་བུར་བཤད་ཅེས་གསུངས་ཏེ། ཆོས་མངོན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རང་བཞིན་གྱི་དྲི་བ་ལ་བལྟོས་ནས་སིལ་བུར་བཤད་ལ། སྟོན་པ་མྱ་ངན་
ལས་འདས་ནས་གསུང་རབ་ཏུ་གྱུར་པ་ན་གནས་བརྟན་ཀཱ་ཏྱཱ་ཡ་ནའི་བུ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་རྣམས་ཀྱིས་སྨོས་ནས་ཤེས་པས་ཆོས་ཀྱི་རྗེས་དགོངས་པ་དང་ཆོས་ཉིད་ལ་བལྟོས་ཏེ་བསྡུས་ཤིང་ཚོམས་སུ་བྱས་ནས་སིལ་བུ་ལ་སོགས་པ་ཕུང་པོར་བཅད་དེ་བཞག་སྟེ།
བཙུན་པ་ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་ཚོམས་སྡེ་ཚན་དུ་བྱས་པ་བཞིན་ནོ། །ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་དག་ནི་ལུང་དག་དང་འདུལ་བ་ལས་ལ་ལར་བཤད་ལ་དེ་དག་ཀྱང་བཙུན་པ་ཆོས་སྐྱོབ་ཀྱིས་སྡེ་ཚན་དུ་བྱས་ནས་བཞག་པ་བཞིན་དུ་ཆོས་མངོན་པ་ཡང་ཡིན་ནོ། །དེས་
ན་ཆོས་མངོན་པ་ནི་སངས་རྒྱས་ཀྱིས་གསུངས་པ་ཁོ་ནའོ། །ལོའི་སྒྲ་ནི་མདོ་སྡེ་པ་ཆོས་མངོན་པ་སངས་རྒྱས་ཀྱིས་གསུངས་པར་མི་འདོད་པ་ཀུན་ཏུ་མཚོན་པར་བྱེད་པའི་དོན་ཏེ། དེ་ལྟར་མི་འདོད་པ་ཡང་ཅིའི་ཕྱིར་ཞེ་ན། གནས་བརྟན་ཀཱ་ཏྱཱ་ཡ་ནའི་བུ་ལ་སོགས་པས་བྱས་པར་ཐོས་པ་
དང་ཉེ་བར་བསྟན་པ་མེད་པ་ལ་རྟོན་པ་ཉིད་དང་མདོ་སྡེ་ལ་རྟོན་པར་མི་བྱའོ་ཞེས་བརྗོད་པའི་ཆོས་མངོན་པ་ལ་མི་རྟོན་པས་རིས་མཐུན་པ་གཞན་ལ་ཡང་སྟེ། ཆོས་མངོན་པའི་གཞུང་གི་བྱེ་བྲག་ལས་རིགས་པ་དང་འགལ་བ་གང་དག་ཆོས་མངོན་པར་བཤད་པའི་ལྡན་པ་མ་ཡིན་པ་དང་འདས་པ་
དང་མ་འོངས་པ་དང་དགྲ་བཅོམ་པ་ཡོངས་སུ་ཉམས་པ་ལ་སོགས་པ་རྣམས་སོ། །དེ་ཡིས་རིགས་པ་བཟོད་དོ་ཞེ་ན་མ་ཡིན་ཏེ་རིགས་པ་དང་འགལ་བའི་ཚིག་ཡོད་པས་སོ། །བཙུན་པ་འདུས་བཟང་ན་རེ། སངས་རྒྱས་ཀྱིས་རྗེས་སུ་བཞེད་པའི་ཕྱིར་སངས་རྒྱས་ཀྱིས་གསུངས་པ་སྟེ།

ཡང་དག་པར་འགྲོ་བའི་རྣམ་གྲངས་བཞིན་ནོ། །སངས་རྒྱས་ཀྱིས་རྗེས་སུ་བཞེད་པ་ཡང་འདིར་ཡང་དག་པར་དཔྱད་དེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་དང་འབྲས་བུ་ཡོངས་སུ་ཤེས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །སངས་རྒྱས་ཀྱིས་རྗེས་སུ་བཞེད་ཅེས་པ་གལ་ཏེ་
འདི་སྔ་མ་དང་མཚུངས་ན་ཡང་དག་པར་འགྲོ་བའི་རྣམ་གྲངས་ལ་སོགས་པ་མདོ་ཡོངས་སུ་འདོར་བ་མ་ཡིན་པར་འགྱུར་ཏེ། སངས་རྒྱས་ཀྱིས་རྗེས་སུ་བཞེད་པའི་ཕྱིར་དང་སོ་སོ་ཐར་པ་ལ་རྟོན་པར་བྱ་བར་གསུངས་པའི་ཕྱིར་དང་ལྷག་མ་ཡང་དེ་རྒྱས་པའི་ཕྱིར་རོ། །རྟོན་པར་བྱ་བ་མ་ཡིན་
པར་མངོན་པར་བརྗོད་པའི་ཕྱིར་མུ་དུ་མའོ། །གལ་ཏེ་ཆོས་མངོན་པ་ཡང་མདོ་རྒྱས་པའི་ཕྱིར་རྟོན་པར་བྱའོ་ཞེ་ན། སངས་རྒྱས་ཀྱིས་མ་གསུངས་པའི་ཕྱིར་མདོ་རྒྱས་པ་ཉིད་མ་བཀག་ལ་སངས་རྒྱས་ཀྱིས་རྗེས་སུ་མི་གནས་པའི་ཕྱིར་རྟོན་པར་བྱ་བ་མ་ཡིན་ནོ། །ཡེ་ཤེས་ཀྱི་ཕུང་པོ་དེའི་ཚོགས་
ཆོས་མངོན་པའོ་ཞེས་བསྒྲུབ་བྱར་འདོད་ན་ཡང་ཡེ་ཤེས་ལ་རྟོན་པར་གསུངས་པའི་ཕྱིར་འདི་ལ་རྟོན་པར་བྱ་བ་ཉིད་ཡིན་པར་རྟོགས་པར་བྱེད་དོ། །གང་ཡང་མདོ་ལ་རྟོན་པར་གསུངས་པ་མུ་དུ་མ་ལས་ཞེས་པ་འདིས་ནི་སྒྲུབ་བྱེད་འགའ་ལ་ཡང་སྐྱོན་བརྗོད་མ་ཡིན་ནོ། །གལ་ཏེ་མུ་དུ་མ་ཞེས་
པ་མུ་དུ་མ་མ་ཡིན་ཞེ་ན། འདིར་ནི་རྟོན་པར་བྱ་བ་ཉིད་ཀྱིས་མངོན་པར་བརྗོད་པའི་རྒྱུ་ཡིན་ནོ། །རྟོན་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་མངོན་པར་བརྗོད་པ་ནི་གང་ཡང་དྲང་བའི་དོན་གྱི་མདོ་སྟེ། དཔེར་ན་དོན་དེས་ཚད་མར་བྱེད་པ་མ་ཡིན་པ་དེའི་དོན་ཅན་གྱི་ཕྱིར་གང་ཅི་ཡང་རུང་བ་འདི་དགོངས་པ་
ཅན་མ་ཡིན་པའོ། །གང་ཡང་མདོའི་ཁྱད་པར་ལས་གསུངས་པའི་ཕྱིར་ཆོས་མངོན་པ་ལ་རྟོན་པར་བྱ་བ་གསུངས་ཏེ་དབྱངས་ཀྱིས་བསྙད་པ་ལ་སོགས་པ་བཞིན་ནོ། །དེ་ལྟར་དེ་སྐད་གསུངས་པ་ཡང་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མ་ཡིན་གྱི་མདོའི་ཁྱད་པར་ལས་སོ། །གང་གི་ཕྱིར་
སྟོན་པ་འདས་པའི་གསུང་རབ་ཏུ་གྱུར་པ་ན་འཕགས་པ་ཀཱ་ཏྱཱ་ཡ་ནའི་བུ་ལ་སོགས་པ་རྣམས་ཀྱིས་བཀོད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཅི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་།

ལུང་བསྟན་པ་དང་ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་དང་གླེང་གཞི་དང་རྟོགས་པ་བརྗོད་པ་དང་དེ་ལྟ་བུ་བྱུང་བ་དང་སྐྱེས་པའི་རབས་དང་ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་གཏན་ལ་དབབ་པའི་ཆོས་རྣམས་སོ་ཞེས་གསུངས་ཏེ། དེ་ལ་གསུང་རབ་ཡན་
ལག་བཅུ་གཉིས་ལས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ཆོས་མངོན་པའི་ནང་དུ་འདུས་པ་དེའི་ཚེ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མེད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་བཞིན་དུ་སིལ་བུར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་མདོ་སྡེ་པ་རྣམས་
ཀྱིས་ཁས་ལེན་མོད་ཀྱི་བཤད་པ་འདི་ནི་མ་ཡིན་ནོ། །ཆེད་དུ་བརྗོད་པ་ཡང་མདོ་ལ་སོགས་པ་རྣམས་སུ་སིལ་བུར་བསྟན་པ་དམིགས་ལ། དེ་ལྟར་ཆོས་མངོན་པ་མེད་པ་ལྟ་བུ་ནི་མཚུངས་པ་མ་ཡིན་ནོ། །གང་ཡང་མདོ་སྡེ་ལ་རྟོན་པར་བྱའོ་ཞེས་གསུངས་པའོ། །འདིར་རྟོན་
པའི་སྒྲ་ཚད་མའི་དོན་མ་ཡིན་ནོ། །འོ་ན་ཅི་ཞེ་ན་སྔར་ནི་བདག་མེད་པ་དང་སེམས་ཅན་མེད་པ་དང་གང་ཟག་མེད་པ་ལ་རྟོན་པར་གྱུར་ལ། ད་ནི་མདོ་སྡེ་བརྗེད་པ་མེད་པ་ལྷུར་བྱའོ་ཞེས་པ་འདི་ནི་འདིའི་དོན་ཏོ། །དེ་ལྟར་ན་ཡང་གཏན་ཚིགས་འགའ་ཞིག་ལ་སྐྱོན་བཤད་པ་མེད་དོ། །འོ་ན་
ཅི་ཞེ་ན་གཏན་ཚིགས་ཀྱི་ནུས་པ་ཉིད་འདི་ལ་གནོད་བྱེད་མ་ཡིན་ནོ་ཞེས་རྣམ་པར་བཤད་པའོ། །གལ་ཏེ་ཆོས་མངོན་པ་སངས་རྒྱས་ཀྱིས་གསུངས་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀུན་དགའ་བོ་ཆོས་མངོན་པ་བརྗོད་པ་མེད་པ་ལྷུར་བྱེད་པ་ལ་མ་སྦྱར་ཞེ་ན། གང་
ཡང་། འདིར་ནི་དེ་བཞིན་གཤེགས་པའི་གསུང་། །ཐམས་ཅད་མདོ་སྡེའི་སྒྲ་ཡིས་བརྗོད། །ཅེས་གསུངས་པས་འདི་ཡང་གནོད་བྱེད་མ་ཡིན་ནོ། །ཆོས་མངོན་པ་དེ་བཞིན་གཤེགས་པའི་གསུང་མ་ཡིན་པ་འདིར་བསྡུས་པ་ནི་མ་ཡིན་ནོ། །གང་ཡང་མདོ་སྡེ་ཞེས་
བརྗོད་པས་ཆོས་མངོན་པ་ཉིད་བཤད་དེ། དེ་ནི་མདོ་སྡེ་སྟེ་ལུགས་དེས་དྲང་བའི་དོན་གྱི་མདོ་ཡོངས་སུ་བཅད་པའི་ཕྱིར་དང་འདི་གང་ཁས་མ་བླངས་པའི་ཕྱིར་རོ། །དེའི་ཕྱིར་ཡང་མ་གྲུབ་པའི་དོན་ཉིད་གཏན་ཚིགས་སོ། །གང་ཡང་དེ་གཞུང་ལུགས་ཀྱི་ཁྱད་པར་ལས་ཞེས་པ་འདིའི་

གཏན་ཚིགས་མུ་དུ་མ་བསྒོམ་པའི་ཕྱིར་གསུངས་པ་མདོ་རྣམས་ཀྱང་རིས་མཐུན་པ་གཞན་རྣམས་ལ་དབྱེ་བ་མཐོང་སྟེ། མདོའི་དབྱེ་བ་ཁོ་ན་ལས་ཀྱང་དེའི་གཞུང་གི་དབྱེ་བ་ཞེས་པ་འདིར་ནི་ཕན་ཚུན་འགལ་བ་དོན་གཞན་མངོན་པར་བརྗོད་པ་རིས་མཐུན་པ་གཞན་རྣམས་
ལའོ། །ཆོས་མངོན་པའི་རྟོགས་པའི་དབྱེ་བ་བརྗོད་པར་བྱ་སྟེ། གཞུང་གི་དབྱེ་བ་ལས་ནི་མ་ཡིན་པ་དེའི་ཕྱིར་མདོ་ཉེ་བར་བཀོད་པ་དང་ནི་མ་སྦྱར་རོ། །དོན་དང་འགལ་བ་ཡོད་པ་མ་ཡིན་པའི་མདོ་སྡེ་ནི་ངེས་པའི་དོན་ཏེ། མདོ་དང་མི་འགལ་བའི་དྲང་བའི་དོན་གྱི་མདོ་ཁས་བླངས་
པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེའི་དོན་དང་མི་འགལ་བར་བསྟན་པའི་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པར་བྱའི། དྲང་བའི་དོན་ལ་མ་ཡིན་ནོ་ཞེས་གསུངས་ཏེ། རིས་མཐུན་པའི་མདོ་གཞན་ལ་ལྷག་པ་དང་ཆད་པར་བརྗོད་པ་ཕན་ཚུན་མི་འགལ་བའི་ཕྱིར་རོ། །
དེའི་ཕྱིར་མདོ་སྡེའི་དབྱེ་བ་ལས་མ་ཡིན་གྱི་ཆོས་མངོན་པའི་རྟོགས་པའི་དབྱེ་བ་ལས་སོ། །ཇི་སྐད་དུ། སྲིད་པ་བདུན་རྣམས་ཞེས་མདོར་མངོན་པར་བརྗོད་པ་དེ་རྣམས་ཀྱིས་ཆོས་མངོན་པར་སྲིད་པ་བར་མ་ཡོད་པར་རྣམ་པར་གཞག་པ་ན་འདིས་སངས་རྒྱས་ཀྱིས་ཆོས་མངོན་པ་གསུངས་
པར་ཁས་བླངས་པ་ཡིན་ནོ། །གལ་ཏེ་ཡང་ཆོས་མངོན་པ་ངེས་པའི་དོན་ཡིན་གྱི་དེ་དང་རིས་མཐུན་པ་གཞན་དག་མ་ཡིན་ན། ཚིག་དོན་གཞན་དང་གཞན་དུ་རྣམ་པར་གཞག་པ་མི་རིགས་སོ། །ཅི་སྟེ་རིས་མཐུན་པ་ལས་བཟློག་པ་ངེས་པའི་དོན་དུ་འདོད་ན། སངས་རྒྱས་བཅོམ་ལྡན་འདས་
རྣམས་ལ་ཕན་ཚུན་འགལ་བའི་མངོན་པར་བརྗོད་པར་ཡོད་པ་མི་སྲིད་པས་འདི་ཡང་དག་པ་མ་ཡིན་ནོ། །ཅི་སྟེ་དྲང་བའི་དོན་ཉིད་ཡིན་པ་དེ་ལྟ་ན་ཡང་སྟོན་པར་བྱ་བ་མ་ཡིན་པར་ཐལ་ལོ། །གལ་ཏེ་དེ་བཞིན་གཤེགས་པས་རབ་ཏུ་བྱུང་བ་རྒན་པོ་སྡེ་སྣོད་གསུམ་པ་རྙེད་པར་དཀའོ་ཞེས་གསུངས་པའི་
ཕྱིར་སངས་རྒྱས་ཀྱིས་གསུངས་པའི་ཆོས་སོ་ཞེ་ན། སྡེ་སྣོད་ཕྲན་ཚེགས་ཀྱིས་དགོངས་པའི་ཚིག་གོ། །གལ་ཏེ་འདི་མདོ་མ་ཡིན་པའི་ཕྱིར་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ་དེ་མདོ་ཉིད་དུ་ཁས་བླངས་པའི་ཕྱིར་རམ་མདོའི་བྱེ་བྲག་ཡིན་པའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱི་འདོད་པས་ཆོས་མངོན་པ་

བཞིན་ཆོས་མངོན་པ་བྱེ་བྲག་མ་ཡིན་ནོ་ཞེ་ན། དེ་གསུང་རབ་ཡན་ལག་བཅུ་གཉིས་སུ་མ་འདུས་པའི་ཕྱིར་སངས་རྒྱས་ཀྱིས་གསུངས་པ་ཉིད་མ་ཡིན་པར་ཐལ་ལོ། །གལ་ཏེ་མདོའི་སྒྲས་མངོན་པར་མ་བརྗོད་པའི་ཕྱིར་མདོ་མ་ཡིན་ནོ་ཞེ་ན། དབྱངས་ཀྱིས་
བསྙད་པ་ལ་སོགས་པ་རྣམས་ཀྱང་མདོ་མ་ཡིན་པ་ཉིད་དང་། སྡེ་སྣོད་གསུམ་དུ་མ་འདུས་པ་ཉིད་དང་སངས་རྒྱས་ཀྱིས་མ་གསུངས་པ་ཉིད་དུ་ཐལ་ལོ། །གང་ཡང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ཞེས་གསུངས་ཀྱི་ཕྲན་ཚེགས་འཛིན་པ་ཞེས་འགའ་ཡང་མ་གསུངས་སོ། །ཡང་
ཁ་ཅིག་ཏུ་མ་མོ་འཛིན་པ་ཞེས་གསུངས་པ་ལྟར་ཆོས་མངོན་པ་འཛིན་པ་ཞེས་གསུངས་སམ་ཅི་ཞེ་ན་གསུངས་སོ། །ཡང་ཅི་མ་མོ་ནི་ཆོས་མངོན་པའོ་ཞེས་འགའ་ཞིག་ཏུ་གསུངས་སམ་ཞེ་ན། དོན་གྱིས་གསུངས་ཏེ་གང་གི་ཕྱིར་གནས་བརྟན་འོད་སྲུངས་ཆེན་པོས། ཚེ་དང་ལྡན་པ་མ་མོ་
ཞེས་བྱ་བ་ལ་མ་མོ་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ནས་ཇི་སྲིད་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཁོར་བཞི་དང་། ཆོས་ཀྱི་སྡོམ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པ་དང་། སྨོན་པ་མེད་
པ་དང་སྨོན་པ་མེད་པ་མ་ཡིན་པ་དང་། མཚན་མ་མེད་པ་དང་མཚན་མ་མེད་པ་མ་ཡིན་པ་དང་། མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དང་། ཀུན་རྫོབ་ཤེས་པ་དང་། རྣམ་པར་འཐོར་བ་བསྒོམ་པ་དང་། བསམ་གཏན་ཁྱད་པར་ཅན་དང་། སྨོན་གནས་ཤེས་པ་དང་། རབ་ཀྱི་མཐའ་པ་དང་།
ཞི་གནས་དང་ལྷག་མཐོང་དང་། ཡང་དག་པར་འགྲོ་བའི་རྣམ་གྲངས་དང་། ཆོས་ཀྱི་ཕུང་པོ་དང་གདགས་པ་རྣམས་ཏེ་འདི་རྣམས་ནི་མ་མོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་ཏེ། ཆོས་ཕྲན་ཚེགས་རྣམས་ཐམས་ཅད་ནི་ཉེ་བར་ཐོབ་པ་མ་ཡིན་ནོ། །དེའི་ཕྱིར་སྡེ་སྣོད་ཕྲན་ཚེགས་གསུམ་
པ་ཞེས་པའི་བརྗོད་པ་དེ་ལེགས་པ་མ་ཡིན་ནོ། །འདིར་མདོ་སྡེ་དང་འདུལ་བ་དང་མ་མོ་རྣམས་ནི་གཞུང་ལ་འདོད་ཀྱི་དོན་ལ་མ་ཡིན་པས་དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ལ་སོགས་པས་གཞུང་ཉེ་བར་མཚོན་གྱི་འདི་དག་གི་དོན་ཉེ་བར་མཚོན་པ་ནི་མ་ཡིན་ནོ། །ཕྲན་ཚེགས་

ཀྱི་ཆོས་མངོན་པའི་མདོ་དེ་རྣམས་ཀྱང་ཡོད་དོ། །གལ་ཏེ་མདོ་སྨོས་པ་ཉིད་ཀྱིས་སྨོས་སོ་ཞེ་ན། དེ་ལྟ་ན་འོ་ན་ཡང་དག་པར་འགྲོ་བའི་རྣམ་གྲངས་ཀྱང་བརྗོད་པར་མི་བྱ་སྟེ་མདོ་སྨོས་པ་ཉིད་ཀྱིས་དེ་སྨོས་པའི་ཕྱིར་རོ། །གལ་ཏེ་འདིར་མ་མོའི་སྒྲ་ཆོས་མངོན་པ་ལ་འདོད་ན། ཅིའི་ཕྱིར་
ཆོས་མངོན་པ་འཛིན་པ་ཉིད་མ་བརྗོད། ཡང་དག་པར་འགྲོ་བའི་རྣམ་གྲངས་བཞིན་དུ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ཅིའི་ཕྱིར་དངོས་སུ་མ་བརྗོད་པ་ཉིད་ཅེ་ན། ཡང་དག་པར་འགྲོ་བའི་རྣམ་གྲངས་ཆོས་མངོན་པ་མ་ཡིན་ཞེས་སྒྲུབ་པར་ནུས་སོ། །དེ་ལྟར་ཕྱོགས་ཙམ་དཔྱད་པ་འདིས་
ལྷག་མ་དག་ཀྱང་རྟོགས་པར་བྱ་སྟེ་སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཆོས་མངོན་པ་སྨྲས་ན། ཆོས་དག་ནི་མ་སྨྲས་པས་དེ་ངེས་པར་གཟུང་བར་བྱ་བའི་ཕྱིར། །ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་གསུངས་པ་ལ།
ཆོས་ཞེས་སྨོས་པ་རྗེས་སུ་འཇུག་པ་ལ་ཡང་ཆོས་སྨོས་པས་ནི་འདི་ནི་ཆོས་ཙམ་ཁོ་ན་སྟེ། འདི་ན་བདག་གམ་བདག་གི་བ་ཡོད་པ་མ་ཡིན་ཞེས་ཤེས་པར་བྱ་བའི་དོན་ཏོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ནི་རྣམ་པ་གཉིས་ཁོ་ན་སྟེ། རྣམ་པར་རྟོག་པ་གཞན་མེད་
པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཕུང་པོ་ལྔ་ཞེས་ཕུང་པོ་བསྟན་པ་མ་སྨོས་ཤེ་ན་ཆོས་ཐམས་ཅད་དེ་རྣམས་སུ་མ་འདུས་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཁམས་བསྟན་པ་དང་སྐྱེ་མཆེད་བསྟན་པ་ཡིན་ལ་རག་གོ་ཞེ་ན། དེ་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འཚོལ་བའི་ཕྱིར་ལ།
འདིར་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་མ་འཆོལ་བར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །རྣམ་པར་བྱང་བ་ནི་ཀུན་ནས་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་སྔར་སྨོས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་འདི་ནི་ཟག་པ་
དང་བཅས་པ་མེད་པའི་རབ་ཏུ་དབྱེ་བ་ལས་ཐ་དད་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་རྣམས་རྒྱས་པར་སྟོན་པ་ཁམས་དང་སྐྱེ་མཆེད་དག་ཀྱང་ཡོད་པས་མདོར་བསྡུས་ཏེ་བསྟན་པའོ་ཞེས་ཁྱད་པར་དུ་བྱས་སོ། །ངེས་པར་གཟུང་བ་མེད་པའི་དག་ནི་འབྲས་བུ་

མེད་པ་ཡིན་པས། འདིར་གདོན་མི་ཟ་བར་ངེས་པར་གཟུང་བར་འགྱུར་དགོས་སོ། །དེ་ལ་གལ་ཏེ་འདི་ནི་མདོར་བསྡུས་ཏེ་བསྟན་པ་ཁོ་ན་ཡིན་པས་དེ་ལྟར་ངེས་པར་གཟུང་བ་འདི་ངེས་པར་གཟུང་བར་བཤད་ན་མི་རིགས་ཏེ། ཇི་ལྟ་ཁམས་ལ་སོགས་པ་
བསྟན་པ་ལ་བལྟོས་ནས་འདི་བསྡུས་པའི་ཚིག་ཡིན་པ་དེ་བཞིན་དུ་ཆོས་བསྟན་པ་ལ་བལྟོས་ནས་རྒྱས་པའི་ཚིག་ཀྱང་ཡིན་ནོ། །ཅི་སྟེ་འདི་ཁོ་ན་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ་ཞེས་ངེས་པར་འཛིན་ན་འདི་ཡང་མི་རིགས་སོ། །མདོར་བསྡུས་ཏེ་བསྟན་པ་ནི་གཞན་ཡང་ཡོད་དོ། །དཔེར་
ན་འདུས་བྱས་དང་འདུས་མ་བྱས་དང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེ་ན་གཉི་ག་ལྟར་ཉེས་པ་མེད་དོ། །ཆོས་རྣམས་ཀྱི་རང་བཞིན་ཁོང་དུ་མ་ཆུད་པར་གྱུར་པ་ལ་དེའི་རང་བཞིན་རྣམ་པར་ཕྱེ་སྟེ་གསལ་བའི་དོན་དུ། ཟག་བཅས་
ཟག་མེད་ཅེས་བཤད་ན། ཆོས་ཀྱི་སྒྲ་ནི་དེའི་རང་བཞིན་རྣམ་པར་ཕྱེ་སྟེ་སྟོན་པར་བྱེད་པ་མ་ཡིན་པས་འདིར་ཆོས་ཀྱི་སྒྲ་ལ་ཐལ་བར་འགྱུར་བ་མེད་དེ། དེའི་ཕྱིར་འདི་ནི་མདོར་བསྡུས་ཏེ་བསྟན་པ་ཁོ་ན་ཡིན་གྱི་རྒྱས་པར་ཡང་མ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ལ་སོགས་པར་བསྟན་པ་ཡང་ཀུན་
ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བསྟན་པ་དག་འཆོལ་ལོ། །འདིར་ནི་འཆོལ་བ་མདོར་བསྡུས་ཏེ་བསྟན་པ་བརྗོད་པར་འདོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་འཐབ་པ་དང་འཐབ་པ་མེད་པ་ལ་སོགས་པ་ཡང་འཆོལ་བ་མེད་པར་སྟོན་པ་ཡང་མ་ཡིན་ནམ་ཞེ་ན་ཡོད་མོད་ཀྱི། དེ་
ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་རྣམ་གྲངས་ཉིད་ཡིན་པར་གཞན་དུ་བརྗོད་ན་མི་འདོད་དེ། དེའི་ཕྱིར་འདི་ཁོ་ན་མདོར་བསྡུས་ཏེ་བསྟན་པ་བརྗོད་པར་འདོད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་གསུངས་སོ། །ཟག་པ་དང་བཅས་པ་རྣམས་ཀྱང་ཇི་ལྟ་བུ་ཉིད་ཡིན་སྙམ་པ་ལ། དེའི་ཕྱིར་དེ་
ལ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་གོ། །ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་བྱ་བ་ལ་འདུས་མ་བྱས་ནི་ཟག་པ་མེད་པ་ཡིན་ཏེ། དེའི་ཕྱིར་འདུས་བྱས་སྨོས་པས་རྣམ་པར་

བཅད་དོ། །ལམ་ནི་འདུས་བྱས་ཉིད་ཡིན་བཞིན་དུ་ཟག་པ་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར་ལམ་མ་གཏོགས་པ་ཞེས་སྨོས་སོ། །དེ་དག་ཀྱང་གང་ཞེ་ན་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །བདེན་པ་སྨོས་པ་མེད་ཀྱང་འགྲེལ་པ་ལས་ལམ་གྱི་བདེན་པ་མ་གཏོགས་པ་ཞེས་
བཤད་པ་ནི་དེ་མ་ཐག་ཏུ་ཟག་མེད་ལམ་གྱི་བདེན་པ་དང་ཞེས་གསལ་བར་ཡོངས་སུ་གཟུང་བས་སོ། །དེ་ཡང་ཡོངས་སུ་འཇུག་པ་ཐོབ་པས་འདིར་ཡང་དག་པའི་ལྟ་བ་ལ་སོགས་པ་རྣམས་ལམ་གྱི་བདེན་པར་འདོད་དེ། མྱ་ངན་ལས་འདས་པར་འགྲོ་བར་བྱེད་པ་ལ་ཐ་དད་པ་མེད་པའི་བྱེད་པ་
ཡིན་པའི་ཕྱིར་རོ། །ལམ་གྱི་བདེན་པ་མ་གཏོགས་པའི་འདུས་བྱས་རྣམས་ཉིད་ལ་ཟག་པ་དང་བཅས་པ་ཉིད་མི་སྲིད་པར་འདྲི་བ་པ་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །འདི་ལྟར་ནོར་དང་བཅས་པ་བཞིན་དུ་ཟག་པ་རྣམས་ཀྱང་གདོན་མི་ཟ་བར་ཡོད་པ་ནི་ཟག་པ་དང་བཅས་པའོ་ཞེས་ཁས་བླང་བར་བྱ་
དགོས་སོ། །དེ་ལ་གལ་ཏེ་ཟག་པ་རྣམས་ཀྱི་དམིགས་པས་ཟག་པ་ཡོད་པ་ཡིན་ན་ནི་འགོག་པ་དང་ལམ་གྱི་བདེན་པ་དག་ཀྱང་དེ་དག་ལ་དམིགས་པའི་ཉོན་མོངས་པ་ཡོད་པའི་ཕྱིར་ཟག་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་བརྟན་པ་ཡིན་ན་དེ་ལྟ་ན་མིག་ལ་སོགས་པ་རྣམས་ཁོ་ན་
ཟག་པ་དང་བཅས་པ་ཡིན་གྱི། གཟུགས་ལ་སོགས་པ་རྣམས་མ་ཡིན་ལ་མིག་ལ་སོགས་པ་རྣམས་ཀྱང་ཐམས་ཅད་མ་ཡིན་ཏེ། ཐམས་ཅད་ཉོན་མོངས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མཚུངས་པར་ལྡན་པས་ཡིན་ན། དེ་ལྟ་ན་ཡང་སེམས་དང་སེམས་ལས་བྱུང་བའི་ཕྱོགས་གཅིག་ཟག་པ་
མེད་པ་ཉིད་དུ་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེ་སྟེ་ཟག་པ་རྣམས་དང་ལྷན་ཅིག་འབྱུང་བས་ཟག་པ་ཡོད་པ་ཡིན་ན། དེ་ལྟ་ན་ཡང་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟག་པ་དང་བཅས་
པར་འགྱུར་གྱི་སེམས་གཞན་གྱི་ནི་མ་ཡིན་ནོ་ཞེ་ན། ཟག་པ་རྣམས་རྒྱས་པར་འགྱུར་བས་ཟག་པ་ཡོད་པ་ནི་ཟག་པ་དང་བཅས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཞེས་བསྟན་པའི་ཕྱིར། གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གསུངས་སོ། །ཡང་ན་ཇི་ལྟར་བྱ་བ་

ཉེ་བར་བྱེད་པས་ཉེ་བར་ལེན་པ་སྟེ། ཉེ་བར་ལེན་པ་དང་བཅས་པ་ཞེས་བརྗོད་དོ། །ཉེ་བར་བྱེད་པ་ཡོད་པ་མ་ཡིན་པས་ཀྱང་གྲོགས་བྱེད་པས་གྲོགས་དང་བཅས་པ་ཞེས་བརྗོད་དོ། །ཡིད་པ་མ་ཡིན་པ་ཉིད་དེ་ལྟར་ཡིན་མོད་ཀྱི་ཕྲ་རྒྱས་དང་ཟག་པ་རྣམས་ནི་ཟག་པ་དང་
བཅས་པ་ཡིན་པས་ཡོད་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་ཉོན་མོངས་པ་དང་ཟག་པའི་མིང་ཅན་ཉོན་མོངས་པ་ཅན་གྱི་སེམས་ཀྱི་རྒྱུན་ནི་ཟག་པ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱང་ཡུལ་གང་དང་མཚུངས་པར་ལྡན་པ་གང་གིས་རྒྱས་པར་འགྱུར་བ་དེ་ལ་རྒྱས་ཞེས་བརྗོད་པར་
བྱའོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །འདིར་རྒྱུད་ལ་བལྟོས་ནས་རྒྱས་པར་ཡོངས་སུ་རྟོགས་པའི་སྐབས་སུ་འགྱུར་གྱི་རང་གི་བདག་ཉིད་ལ་བལྟོས་པ་ནི་མ་ཡིན་ཏེ། སྐད་ཅིག་མའི་བདག་ཉིད་ལ་དབྱེ་བ་མེད་པའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། གང་གི་ཚེ་གང་དང་མཚུངས་པར་
ལྡན་པ་ལ་དམིགས་པས་ཉོན་མོངས་པ་ཆུང་ངུ་ལ་བརྟེན་ནས་འབྲིང་སྐྱེ་ལ། འབྲིང་ལ་བརྟེན་ནས་ཆེན་པོ་སྟེ་ཆོས་དེ་རྣམས་ཟག་པ་དང་བཅས་པ་ཞེས་བྱ་བ་འདི་ཡང་འགོག་པ་དང་ལམ་དག་ལ་ཡང་མཚུངས་སོ་ཞེས་གང་ཅུང་ཟད་འདྲིའོ། །ཇི་ལྟ་ཇི་ལྟར་གནོད་པའི་ཆོས་རྒྱས་ཤིང་རྒྱས་པ་དེ་ལྟ་དེ་ལྟར་དེ་ལ་
དམིགས་པ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རང་ཉིད་རྒྱས་ཤིང་རྒྱས་པར་འགྱུར་རོ། །དམིགས་པ་དང་མཚུངས་པར་ལྡན་པས་རྒྱས་པར་བསྒྲུབ་པའི་ཕྱིར་དེ་ལ་རྒྱས་པར་འགྱུར་ཞེས་བརྗོད་དེ་གནས་ཐོབ་པའི་དོན་ནམ་ཕྲ་རྒྱས་ཀྱི་དོན་ནོ། །མཚུངས་པར་ལྡན་པ་གང་ལ་དམིགས་ནས་གནས་
ཐོབ་པ་ནི་གནས་རྙེད་པ་སྟེ་ཟག་བཅས་དེ་རྣམས་སོ། །གནས་ཐོབ་པ་ནི་རང་གི་རྒྱུད་ལ་གནས་སོ་ཞེས་འདི་ལྟར་བཤད་པ་ཡིན་ནོ། །འདི་ཡང་འགོག་པ་དང་ལམ་དག་ལ་མཚུངས་སོ་ཞེ་ན་ཉེ་བར་མ་བཅོམ་པ་ནི་གནས་པར་མཐོང་བ་བཞིན་ནོ། །ལྟ་བ་ལ་སོགས་པ་ལ་དམིགས་པས་ནི་དེ་ལ་གནས་
ཐོབ་པ་མ་ཡིན་ནོ། །ཨུ་པ་གྷཱ་ཏ་ཡ་ལ་སོགས་པས་ཀྱང་འགོག་པ་དང་ལམ་དག་ལ་མཚུངས་སོ་ཞེ་ན་འདི་ནི་གནས་པའི་དོན་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བདག་ཏུ་ལྟ་བ་དང་སྲེད་པས་བདག་གིར་བྱས་པའི་དངོས་པོ་ལ་དམིགས་པ་ནི་ངེས་པར་གནས་ཐོབ་པའི་དོན་ཏོ། །དེའི་ཕྱིར་འགོག་པ་

དང་ལམ་དག་ནི་དེས་བདག་གིར་མ་བྱས་ཤིང་དེ་ལ་མ་དམིགས་པས་དེ་ལ་ཉོན་མོངས་པ་རྣམས་ཀྱི་གནས་ཐོབ་པ་མ་ཡིན་ཞེས་བརྗོད་པར་བྱའོ། །ཁ་ཅིག་ན་རེ་ཉོན་མོངས་པ་རྗེས་མཐུན་པ་ལ་ཕྲ་རྒྱས་ཀྱི་དོན་ཏོ་ཞེས་ཟེར་རོ། །ཇི་ལྟར་པདྨའི་འདབ་མའི་ཆུ་དེ་ནི་གཞི་ལ་ཡང་མི་འབྱར་
ཞིང་གོས་ལ་སོགས་པ་རྣམས་ལ་རྗེས་སུ་འགྲོ་བ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་ཆོས་གང་དག་ལ་ཆགས་པ་དེ་དག་ལ་བརྟེན་ནས་རྒྱས་པར་འགྱུར་ཞེས་བརྗོད་པར་བྱའོ། །ཕྲ་རྒྱས་ཀྱི་དོན་ནི་རྗེས་སུ་འགྱུར་བའི་དོན་ཏེ། གོས་ལ་སྣུམ་རྗེས་སུ་ཞེན་པ་བཞིན་ནོ། །གཞན་དག་ནི་འདྲེས་
པར་བྱེད་པའོ་ཞེས་ཟེར་རོ། །སློབ་དཔོན་གཞན་དག་ན་རེ་གང་ལ་ཉོན་མོངས་པ་སྐྱེ་བར་འགྱུར་བ་དེ་ཟག་པ་དང་བཅས་པ་ཡིན་ཏེ། གང་ལ་ཉོན་མོངས་འཕེལ་འགྱུར་བ། །དེ་ནི་ཟག་དང་བཅས་པར་བརྗོད། །ཅེས་ཟེར་བ་དེ་དགག་པའི་ཕྱིར་འགོག་པ་དང་ལམ་གྱི་བདེན་པ་ལ་དམིགས་པས་
ཀྱང་ཟག་པ་སྐྱེ་བར་ནི་འདོད་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་མོད་ཀྱི་ཞེས་བྱ་བ་ནི་ཡིན་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །ལོག་པར་ལྟ་བ་དང་ཐེ་ཚོམ་དང་དེ་དག་འབའ་ཞིག་པ་དང་མཚུངས་པར་ལྡན་པ་དང་མ་རིག་པ་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་སྟེ་ཕྲ་རྒྱས་
དྲུག་པོ་འདི་དག་འགོག་པ་དང་ལམ་གྱི་བདེན་པ་ལ་དམིགས་ནས་འབྱུང་། འགོག་པ་དང་ལམ་གྱི་བདེན་པ་དེ་དག་ལ་རྒྱས་པར་འགྱུར་བ་མེད་པས་ཟག་བཅས་སུ་ཐལ་བ་མེད། ཨེ་ཏེ་ན་བི་ས་བྷཱ་ག་དྷཱ་ཏུ་བྷཱུ་མྱཱ་ལམྦ་ནཻཿཀླེ་ཤཻརྦིར་ས་བྷཱ་ག་སྱ་དྷཱ་ཏོརྦྷཱ་མིརྦཱ་ན་པཱ་ཤྲི་བི་ཏྭི་ཏེ་ཥཱཾ་ཏ་ཏྲཱ་ན་ནུ་ཤ་ཡ་ནཱ་དི་ཀཾ་ཞེས་
གསུངས་པ་ཡིན་ནོ། །གལ་ཏེ་མདོ་ལས་གང་ལ་ཉོན་མོངས་པ་སྐྱེ་བ་དེ་ཟག་བཅས་སོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། བཅོམ་ལྡན་འདས་ཉིད་ཀྱིས་ཟག་པ་དང་བཅས་པའི་ཆོས་མཚན་ཉིད་གསུངས་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ཉེ་བར་ལེན་པའི་གཟུགས་
གང་ཡིན་པ་དང་། གཟུགས་གང་ལ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ན་འདོད་ཆགས་སྐྱེ་བའམ། ཞེ་སྡང་སྐྱེ་བའམ། གཏི་མུག་གམ་གཞན་ཡང་རུང་སྟེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་ཏེ་བཟློག་པས་ནི་ཟག་པ་མེད་

པའོ། །གང་གི་ཕྱིར་དགེ་སློང་ཁྱེད་རྣམས་ཀྱིས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བསྟན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་མཚན་ཉིད་ཀྱི་ཆོས་བསྟན་པ་མི་འགལ་བར་
བཤད་པ་ཉིད་འདི་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ལ་དམིགས་པས་ཀྱང་རྒྱས་པར་མི་འགྱུར་བ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཕྲ་རྒྱས་བསྟན་པར། ཟག་མེད་གོང་མའི་ཡུལ་ཅན་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་པ་འདིར་ཤེས་པར་བྱའོ། །ཨནྱཱ་ཧ་
ས་མཱ་ནཱ་ཤྲ་པ་ཏྭཱཏ། ཟག་པ་དང་བཅས་པ་ནི་ས་གོ་ཏྲ་བ་དཱ་པྲ་བ། དུཥྚ་ཏྭཱ་ད། ཁ་ཟས་དུག་དང་བཅས་པ་བཞིན་ནོ། །ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་བྱ་བ་ལ་གལ་ཏེ་ཟག་པ་དང་བཅས་པ་ཉིད་བཀག་པ་ཁོ་ན་ལས་འདི་ཟག་པ་མེད་པ་ཉིད་དུ་ཤེས་པ་མ་ཡིན་ནམ། ཡང་
ཅིའི་ཕྱིར་འདི་ཟག་པ་མེད་པ་ཉིད་ཀྱི་ནང་དུ་སྨོས་ཤེ་ན། མདོ་སྡེ་པའི་གཟུགས་བཞིན་དུ་རྣམ་གྲངས་ཀྱིས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཉིད་ཡིན་པ་དགག་པར་བྱ་བའི་དོན་ཏེ། ཟག་པ་དང་བཅས་པ་དག་ལས་བཀོལ་བ་ཡིན་པས་ཟག་པ་མེད་པར་ངེས་པའི་རྒྱུ་མེད་པའི་
ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ་རྣམ་པ་ཉིད་བཀོད་པ་ལས་ཟག་པ་དང་བཅས་པ་དག་ཏུ་བཀག་པས་དོན་གྱིས་ཟག་པ་མེད་པར་ཤེས་པར་འགྱུར་རོ་ཞེ་ན། གལ་ཏེ་མ་བསྟན་པར་ཡང་དོན་གྱིས་ཤེས་ན་ནི། འདུས་བྱས་རྣམས་ཟག་བཅས་ཞེས་པས་འདུས་མ་བྱས་ཀྱང་མ་བསྟན་
པ་ཁོ་ནར་ཟག་པ་མེད་པ་ཉིད་དུ་ཤེས་པར་འགྱུར་རོ། །གོཤྩཱ་ཏྲ་ནི་ཡ་མོ་ཡ་ད་ནཱ་ཤྲ་བ་ཏྭ་མེ་བ་རྠཱ་དཱ་པརྱ་ཏེ་ན་པུ་ནཿ། ཟག་བཅས་ཟག་པ་མེད་པ་ཉིད། །ཞེས་པ། ཡཏྤ་དེ་ཎ་བདྟ་བྱ་ཏཏྟ་མ་བ་བྲཱུ་ཥེ། འདུས་མ་བྱས་ཀྱང་ལམ་བཞིན་དུ་ཟག་པ་མེད་པ་ཉིད་དུ་སྨོས་པར་མི་བྱའོ། །
རྣམ་པ་གཉིས་ཉེ་བར་བཀོད་པ་ལས་དང་རྣམ་པར་རྟོག་པ་གསུམ་པ་ཡང་མི་སྲིད་དོ་ཞེས་པ་འདི་ནི་ལམ་མ་ཡིན་ནོ། །ལམ་གྱི་སྒྲ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་ཐུན་མོང་མ་ཡིན་མོད་ཀྱི། འདིར་འཇིག་རྟེན་པ་ལ་རྣམ་པར་བཅད་པའི་ཕྱིར། ཟག་མེད་

ལམ་གྱི་བདེན་པ་དང་ཞེས་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་སྨོས་པར་མཛད་པ་ཡིན་ནོ། །འཇིག་རྟེན་པ་ནི་ལམ་ཁོ་ན་ཡིན་གྱི་ལམ་གྱི་བདེན་པ་ནི་མ་ཡིན་ནོ། །འགྲེལ་པ་ལས་ཀྱང་འཆད་པར་འགྱུར་བ་ལ་བལྟོས་པ་ཉིད་ཀྱིས་ལམ་གྱི་བདེན་པ་མ་གཏོགས་པ་ཞེས་གསུངས་
སོ། །ཡང་ན་གྲུབ་པར་གྱུར་པ་ལ་བརྩམས་པ་ངེས་པའི་དོན་དུ་ཡིན་ཏེ་ལམ་གྱི་བདེན་པ་འདུས་བྱས་དག་ལས་བཀོལ་བས་ཟག་པ་མེད་པ་ཉིད་དུ་གྲུབ་བཞིན་དུ་སླར་ཡང་ཟག་པ་མེད་པ་དག་གི་ནང་དུ་སྨོས་པ་ནི་ངེས་པར་བྱ་བའི་དོན་དུའོ། །ཁ་ཅིག་ཡོངས་སུ་ཤེས་པའི་ཁམས་
དམིགས་པ་ལས་སེམས་དང་སེམས་ལས་བྱུང་བའི་དོན་ཐམས་ཅད་དང་། དགྲ་བཅོམ་པའི་མ་ཟིན་པའི་གཟུགས་ཟག་པ་མེད་པར་འདོད་དོ། །དེའི་ཕྱིར་འདུས་བྱས་དག་ལས་ལམ་གྱི་བདེན་པ་ཁོ་ན་ཟག་པ་མེད་པ་ཡིན་གྱི་འདུས་བྱས་ཀྱི་ཆོས་གཞན་ནི་མ་ཡིན་ཞེས་པ་ཉིད་ངེས་པ་
ཡིན་ནོ། །དེ་བཞིན་དུ་གཅིག་ནི་སོ་སོར་བརྟགས་པའི་འགོག་པ་ཁོ་ན་འདུས་མ་བྱས་དང་ཟག་པ་མེད་པར་ཁས་ལེན་གྱི་ནམ་མཁའ་ནི་མ་ཡིན་ནོ། །དེ་ནི་ཟག་བཅས་དང་འདུས་མ་བྱས་ཏེ། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ནི་ཁས་མི་ལེན་པ་ཉིད་དོ། །གཞན་དག་ནི་འདུས་
མ་བྱས་རྣམ་པ་གསུམ་བཏགས་པར་ཁས་ལེན་གྱི་རྫས་སུ་མ་ཡིན་ནོ། །དེའི་ཕྱིར་འདུས་མ་བྱས་ཟག་པ་དང་བཅས་པ་ཉིད་ཡིན་པ་བསལ་དུ་ཟིན་ཀྱང་འདུས་མ་བྱས་ཉིད་དང་ཟག་པ་མེད་པ་ཉིད་དང་། དངོས་པོ་ཉིད་དུ་ཁས་བླང་བར་ཤེས་པར་བྱ་བའི་ཕྱིར་འདུས་མ་བྱས་རྣམ་གསུམ་ཡང་སྟེ།
ཞེས་བྱ་བ་གསུངས་སོ། །ཡང་ན་ཆོས་ཐམས་ཅད་མདོར་བསྡུ་ན་རྣམ་པ་གཉིས་སུ་བསྟན་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་རྣམས་ནི་ངོ་བོ་དང་མཚན་ཉིད་ཀྱི་སྒོ་ནས་བཤད་པ་བྱས་ཟིན་ཏེ། ལམ་མ་གཏོགས་པ་འདུས་བྱས་རྣམས། །ཞེས་
བྱ་བས་རང་གི་ངོ་བོའི་སྒོ་ནས་སོ། །གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་བྱ་བས་ནི་མཚན་ཉིད་ཀྱི་སྒོ་ནས་སོ། །དེ་བཞིན་དུ་ཟག་པ་མེད་པ་རྣམས་ཀྱང་རང་གི་ངོ་བོ་དང་མཚན་ཉིད་ཀྱི་སྒོ་ནས་བཤད་པར་བྱ་དགོས་པས་དེའི་ཕྱིར། ཟག་མེད་ལམ་གྱི་བདེན་པ་

དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་བྱ་བས་རང་གི་ངོ་བོའི་སྒོ་ནས་སོ། །མཚན་ཉིད་ནི་མ་གསུངས་ཀྱང་སྨྲས་ཟིན་པ་ལས་བཟློག་པའི་སྒོ་ནས། གང་ཕྱིར་དེ་དག་ལ། ཟག་རྣམས་རྒྱས་པར་མི་འགྱུར་རོ། །ཞེས་རྟོགས་པ་ཉིད་དོ། །
དེའི་ཕྱིར་འདི་ནི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར་སྨྲས་ཟིན་པའི་དོན་རྗེས་སུ་བརྗོད་པ་ཡིན་པས་སྐྱོན་མེད་དོ། །འདུས་མ་བྱས་ནི་རྟེན་གྱི་ཕྱིར་དང་རབ་ཏུ་མ་གྲགས་པའི་ཕྱིར་སྨོས་སོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །ཡང་གི་སྒྲ་ནི་རྣམ་གསུམ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །
གལ་ཏེ་ཆོས་རབ་ཏུ་རྣམ་པར་ཕྱེ་བས་ཉོན་མོངས་པ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ཆོས་དེ་དག་ཁོ་ན་བསྟན་པར་བྱ་བ་ཡིན་ནམ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་ནི་མ་ཡིན་ནོ་ཞེ་ན། དེ་གཉིས་བདེན་པའི་ཁོངས་སུ་མ་གཏོགས་པའི་ཕྱིར་ནམ་མཁའ་དང་
སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམ་པར་ཕྱེ་བ་ནི་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་མ་ཡིན་མོད་ཀྱི། དེ་ལྟར་ཡིན་ཡང་ཟག་པ་མེད་པའི་ཆོས་ཀྱི་ཞར་ལ་ཟག་པ་མེད་པ་ཐམས་ཅད་ཉེ་བར་བསྟན་ཏོ། །དེ་དག་ཟག་པ་རྒྱས་པར་མི་འགྱུར་བ་ནི་གནས་མི་ཐོབ་བོ་ཞེས་བྱ་བའོ། །
འདུས་མ་བྱས་ནི་བརྗོད་བྱ་ཉུང་བས་དེ་བསྟན་པའི་མཇུག་ཐོགས་སུ་བཤད་པར་བརྩམ་སྟེ། བརྗོད་བྱ་མང་བའི་ཕྱིར་འདུས་བྱས་ནི་མ་ཡིན་པ་ཉིད་དོ། །མ་གྲགས་པའི་ཕྱིར་རྣམ་པ་གསུམ་གང་ཞེ་ན་ཞེས་བྲིས་པ་དང་། ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་སོ། །ནམ་མཁའ་
ནི་འཇིག་རྟེན་ན་ཡང་རབ་ཏུ་གྲགས་པས་སྔར་སྨོས་སོ། །འགོག་པ་གཉིས་ནི་འགར་ཡང་མ་གྲགས་ཏེ། དེ་ཉིད་ཀྱི་ཕྱིར་དེ་གཉིས་གང་ཞེ་ན་ཞེས་སྨྲས་སོ། །དེ་ལ་ནམ་མཁའ་མི་སྒྲིབ་པ་ཞེས་བྱ་བ་ལ། དེ་ལ་ནི་འདུས་མ་བྱས་རྣམ་པ་གསུམ་ལའོ། །དེ་ལ་མི་སྒྲིབ་པ་ལ་དངོས་པོ་དང་ཐོགས་
པ་མེད་པ་ཐམས་ཅད་ཀྱང་ནམ་མཁའ་ཉིད་དུ་ཐལ་བའི་ཕྱིར། མི་སྒྲིབ་པ་ནི་སྒྲིབ་པ་མེད་པ་ཙམ་ཡིན་ལ་སྒྲིབ་པ་ལས་གཞན་པ་དག་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རང་བཞིན་གྱི་ཁྱད་པར་ཏེ། དེ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་པའི་རང་བཞིན་ཏེ་ཞེས་སྨོས་སོ། །སྒྲིབ་པ་ནི་སྒྲིབ་པ་ཡིན་

ལ། འདི་ནི་སྒྲིབ་པ་མེད་པའི་རང་བཞིན་ཡིན་པས་སྒྲིབ་པ་མེད་པ་སྟེ། སྒྲིབ་པའི་འགལ་ཟླའི་ཆོས་ཏེ་དོན་མ་ཡིན་པ་བཞིན་ནོ། །དགག་པ་ནི་མི་མཐུན་པའི་ཕྱོགས་ཀྱི་དོན་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་འདི་ལ་སྒྲིབ་པ་མེད་པའི་རང་བཞིན་ཡོད་པས་ཞེས་ཚིག་རྣམ་
པར་སྦྱར་རོ། །ཡང་ན་འདི་མི་སྒྲིབ་པའི་རང་བཞིན་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། འདི་ལ་སྒྲིབ་པར་བྱེད་པ་ཡང་། །ཞེས་པ་རང་བཞིན་གྱི་དབང་དུ་བྱས་པའི་ཕྱིར་རམ་འབྲེལ་པ་ཅན་བརྗོད་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་དབང་དུ་བྱས་པ་གང་དང་འབྲེལ་
པ་ཅན་ཉིད་ཀྱི་ཕྱིར་སྒྲིབ་པ་དེ་དང་དེ་ལས་པྲ་ཏི་སིདྡྷེ་ཏེ་ན་སུ་ན་དེ་བཾ་ནམ་མཁའི་རང་བཞིན་བཤད་པ་ཡིན་ནོ། །ཚིག་ལེའུར་བྱས་པར་ཡང་ཚིག་དོན་གཞན་གཙོ་བོར་བརྗོད་པར་བྱ་བར་འགྱུར་རོ། །ཚོར་བ་ལ་སོགས་པ་རྣམས་ལ་ཐལ་བར་ཡང་འགྱུར་ཏེ། དེ་རྣམས་ལ་དེ་རྣམས་
ཀྱི་སྒྲིབ་པ་མེད་པའི་ཕྱིར་རོ་ཞེས་སློབ་དཔོན་འཕགས་པའི་འབངས་ཟེར། རང་བཞིན་ནི་རང་གི་ངོ་བོ་སྟེ་རང་བཞིན་མེད་པ་ལྡོག་པས་གོ་སྐབས་ཡོད་པ་གང་ལས་དེ་སྒྲིབ་པ་མེད་པ་འདིའི་རང་བཞིན་ཞེས་འདིར་ཚིག་རྣམ་པར་སྦྱར་བ་ལ་མཚན་ཉིད་མ་བརྗོད་པར་འགྱུར་རོ། །དེའི་ཕྱིར་ཚིག་
རྣམ་པར་སྦྱར་བ་འདི་ལ་སྒྲིབ་པ་མེད་པ་འདིའི་རང་བཞིན་ཞེས་འདི་སྐད་བརྗོད་པ་ཡིན་ཏེ། འདིར་ཚིག་རྣམ་པར་སྦྱར་བ་འགའ་ཞིག་གི་ཁྱད་པར་ལས་དོན་ལ་ཁྱད་པར་མེད་དོ། །ཚིག་ལེའུར་བྱས་པར་གང་གསུངས་པ་ཚིག་དོན་གཞན་གཙོ་བོར་བརྗོད་པར་བྱའོ་ཞེས་པ་ནི་གཉི་ག་ལ་མཚུངས་སོ། །
ཡང་དངོས་པོའི་རང་བཞིན་ལས་དོན་གཞན་ཤེས་པར་བྱ་བའི་ཕྱིར་བརྗོད་པ་ཉིད་དོ། །གང་ཡང་ཚོར་བ་ལ་སོགས་པ་རྣམས་ལ་ཐལ་བར་འགྱུར་ཞེས་བཤད་པ་དེ་ཡང་མི་རིགས་ཏེ། ཚོར་བ་ལ་སོགས་པ་དག་ནི་སྒྲིབ་པ་མེད་པའི་རང་བཞིན་ཅན་མ་ཡིན་གྱི། ཉམས་སུ་མྱོང་བ་ལ་སོགས་
པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ནི་གང་ཞིག་སྒྲིབ་པ་མེད་པ་ཉིད་རང་བཞིན་ཏེ་ནམ་མཁའོ་ཞེས་ཟེར་ཏེ། སྒྲིབ་པ་མེད་པ་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ཀྱིས་མི་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ཀྱང་མི་འཛིན་པ་ཐམས་

ཅད་དུ་ཡོད་པ་ཉིད་ཀྱི་ཕྱིར། གལ་ཏེ་དེ་ནི་ནམ་མཁར་མི་འགྱུར་ཏེ་དེ་ལ་བུམ་པ་ལ་སོགས་པ་མི་གནས་པའི་ཕྱིར་རོ། །མི་སྒྲིབ་པ་ནི་རང་གི་ཡུལ་དུ་གཟུགས་སྐྱེ་བ་ལ་གེགས་མི་བྱེད་པའི་དོན་ཏོ། །གལ་ཏེ་གེགས་མི་བྱེད་ན་གཟུགས་གཉིས་པ་ཅིའི་ཕྱིར་དར་ཐོགས་པར་བྱེད་ཅེ་ན།
དེ་ནི་ནམ་མཁས་ཐོགས་པར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་དེར་གནས་པའི་གཟུགས་གཞན་གྱིས་སོ། །གཞན་དུ་ན་དེ་དང་བྲལ་ཡང་ཐོགས་པར་འགྱུར་རོ། །སློབ་དཔོན་འཕགས་པའི་འབངས་ཀྱིས་གསུངས་པ། འདི་ལ་ཡང་རྣམ་པར་བཤད་པར་ཚོར་བ་ལ་སོགས་པ་རྣམས་ལ་
ཐལ་བར་འགྱུར་ཞེས་པ་འདི་ཡང་སྔ་མ་ཁོ་ན་སླར་བརྗོད་པ་ཡིན་པས་འདིའི་མཐའ་ངེས་པར་བསྟན་པར་བྱ་སྟེ། གཟུགས་ཀྱི་བདག་ཉིད་དུ་མེད་པས་ནམ་མཁའོ་ཞེས་པའི་ཚིག་གིས་རྟོགས་པར་བྱའོ། །གང་ན་གཟུགས་ཀྱི་གོ་ཡོད་པའོ་ཞེས་བྱ་བས་ནི་བྱ་བའི་སྒོ་ནས་ཀྱང་འདི་ཡོད་པ་ཉིད་དུ་
སྟོན་པར་བྱེད་དོ། །གཟུགས་ཀྱི་ནི་ཡུལ་ལ་གནས་པའི་ཕྱིར་ཡུལ་གཞན་དག་ཏུ་སྐྱེ་བ་གོ་མི་འབྱེད་པ་མི་རྙེད་པར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ཏེ་ཡུལ་ལ་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་ཉིད་ལ་དེ་སྐད་བཤད་དོ། །འདིར་ནི་ཕུང་པོའི་གཟུགས་ཡོངས་སུ་གཟུང་གི་
སྐྱེ་མཆེད་ཀྱི་གཟུགས་ནི་མ་ཡིན་ནོ། །དེ་ལྟར་ན་འདིར་ནམ་མཁའ་ནི་རང་གི་ངོ་བོ་དང་བྱ་བའི་སྒོ་ནས་བཤད་པ་བྱས་པ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ཞེས་བྱ་བས་ནི་མཚན་གཞི་སྟོན་པའོ། །གང་བྲལ་བའོ་ཞེས་བྱ་བ་ནི་སྐྱེ་བ་དང་སྙོམས་པར་འཇུག་པ་དང་མི་རྟག་པ་ཉིད་
དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྣམས་རྣམ་པར་བཅད་པའི་སྒོ་ནས་མཚན་ཉིད་བཤད་དེ། དེ་རྣམས་བྲལ་བ་མ་ཡིན་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་གོ། །འགོག་པ་གཞན་རྣམས་ནི་འདིར་ཐལ་བ་མེད་དེ་སོ་སོར་བརྟགས་པས་འགོག་པ་སྨོས་པའི་ཕྱིར་ཞེས་
པ་འདི་ལ་བསམ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་བྲལ་བ་གང་ཡིན་པ་ཞེས་པའོ། །ཟག་པ་མེད་པ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཟག་བཅས་སྨོས་ཏེ། དེ་རྣམས་ནི་སྤང་བྱ་དང་ཀུན་སྦྱོར་དང་འཆིང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བྲལ་བ་ཞེས་བྱ་བ་ནི་དེའི་འགལ་ཟླ་

ཐར་པ་དང་མི་འདྲ་བར་ལྡན་པ་ལས་སོ། །ལྡན་པ་ཞེས་བྱ་བ་འདི་ཡང་ཅི་ཉོན་མོངས་པ་དང་ཕྲ་རྒྱས་ཤེ་ན། བསྟན་བཅོས་སུ་ཇི་སྐད་བཤད་པ་གང་ཟག་གང་གི་ཕྲ་རྒྱས་གང་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་གང་ཟག་དེ་ཕྲ་རྒྱས་དེ་དང་དངོས་པོ་དེ་ལྡན་པར་བརྗོད་པར་བྱའོ། །
དེའི་ཕྱིར་ཕྲ་རྒྱས་གནས་པའི་མཚན་ཉིད་ཕྲ་རྒྱས་དངོས་པོ་ལ་ལྡན་པ་དེ་འགལ་ཟླའི་ཆོས་ཟག་བཅས་ཀྱི་ཆོས་རྣམས་དང་མི་ལྡན་པའོ། །གང་ཟག་གི་ལྡན་པའམ་གང་ཟག་གི་མི་ལྡན་པ་ཡང་ཇི་ལྟར་ཞེ་ན། རྟེན་གང་ལ་གང་ཟག་ཏུ་བརྗོད་པའི་རྒྱུད་ལ་ལྡན་པའམ་མི་ལྡན་པའི་ཐོབ་
པ་མངོན་དུ་གྱུར་པ་ལ་ལྡན་པའམ་མི་ལྡན་པ་ཞེས་བྱ་བར་རྣམ་པར་གཞག་པར་བྱའོ། །ཡང་ན་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཐོབ་པ་ནི་ལྡན་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཟག་པ་དང་བཅས་པ་གང་ཡང་རུང་བ་དང་ཉོན་མོངས་པ་ཅན་གྱི་དེ་ལ་དམིགས་པའི་ཉོན་
མོངས་པའི་ཐོབ་པ་ཡང་ལྡན་པའོ། །ཇི་སྐད་བཤད་པའི་སྤངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་ལྡན་པའི་ལྷག་མ་ཀུན་ཏུ་འགྲོ་བ་དང་། སྔར་སྤངས་པའི་རྣམ་པ་དང་ལྷག་མ་དེའི་ཡུལ་གྱི་དྲི་མ་རྣམས་དང་དེའི་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་དང་མི་འདྲ་བའི་ཆོས་
ཅན་གྱི་ཕྱིར་མི་ལྡན་པ་ཞེས་བརྗོད་པར་བྱའོ། །ཡང་ཅི་ལྟར་འདི་དང་ཉེ་བ་མ་ཡིན་པ་དེ་ཐོབ་པ་དང་ལྷན་ཅིག་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཐོབ་པ་སྐྱེ་ཞེ་ན། དེ་ལྟར་བྱས་ནས་མི་ལྡན་པར་བྱེད་པས་སམ་འདི་ལས་ཐོབ་པས་ན་མི་ལྡན་པའོ། །འདིས་བྲལ་བར་བྱེད་པ་དང་བྲལ་བས་
བྲལ་བ་མ་ཡིན་ནོ། །དེ་ལྟར་བྱེད་ན་ནི་ལས་དང་ཟག་པ་དང་བཅས་པའི་ཆོས་ཀྱི་ཐོབ་པ་དང་བྲལ་བ་ཙམ་ལ་ཡང་ཐལ་བར་འགྱུར་རོ། །ཅིག་ཤོས་ལ་ཡང་མྱ་ངན་ལས་འདས་པའི་ཐོབ་པ་དང་ཟག་པ་དང་བཅས་པའི་ཆོས་ཀྱི་ཐོབ་པ་མི་ལྡན་པར་ཐལ་བར་མ་ཡིན་ནམ་ཞེ་ན་ཐལ་བར་འགྱུར་བ་
མ་ཡིན་ནོ། །འདུས་མ་བྱས་ཀྱི་དབང་དུ་བྱས་ནས་དེ་ལྟ་ན་ཏ་དྷི་ཡནྣནྟ་ར་མརྠ་ཀཾ་སཾ་ཁྱཱ་ནི་ཏུ་ལ་ནི་བི་ཙ་ཡ་པྲཛྙ་ཏྱ་ན་རྠནྡཱ་རམྤྲ་ཏི་བཱིཔྶཱ་རྠཿའདི་སྐད་བསྟན་པར་འགྱུར་ཏེ། སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོ་སོ་སོར་བརྟགས་པས་སོ་སོར་བརྟགས་པའོ། །

འཕགས་པའི་བདེན་པ་སྨོས་པ་ནི་ཚོར་བ་རྣམ་པར་བཅད་པའི་ཕྱིར་རོ། །བསྟན་པ་འདི་ནི་ཕལ་ཆེ་བའམ་གཙོ་བོ་ཡིན་ཏེ། གཞན་དུ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པའི་འགོག་པར་མི་འགྱུར་རོ། །གལ་ཏེ་འཇིག་རྟེན་པས་བྲལ་
བས་ཐོབ་པ་འདི་ཅི་ལྟར་འཇིག་རྟེན་པ་ཡིན་ཞེས་ཁ་ཅིག་གོ། །ཨེ་ཏཙྪན་ས་ཧི་སྲེད་པའི་ཕྲ་རྒྱས་ཀྱི་ཕྱིར་དང་འཇིག་རྟེན་པའི་སྤང་བྱའི་ས་བདུན་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདི་ཡང་འཇིག་རྟེན་ལས་འདས་པའི་ལམ་བཞིན་དུ་བྲལ་བ་ཐོབ་པར་བྱེད་དོ། །
ཤེས་རབ་ཀྱི་བྱེ་བྲག་གོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་སྟེ་དེས་ཐོབ་བྱའོ། །བར་གྱི་ཚིག་མི་མངོན་པར་བྱས་པས་ཞེས་པ་ནི་སྒྲའི་སྒོ་ནས་གྲགས་པ་བྱེ་བྲག་ཏུ་རྟོགས་པར་བྱེད་པའོ། །ཡང་ཅི་འགོག་པ་ལྟར་གཅིག་ཁོ་ནའམ་གལ་ཏེ་བྲལ་བའི་རྫས་ལྟར་དུ་མ་ཡིན་ཞེ་ན། དེའི་
ཕྱིར་སོ་སོ་སོ་སོ་ཡིན་གསུངས་ཏེ་གཞན་དང་གཞན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་འཆད་པར་བྱེད་པ་ནི། །ལྡན་པའི་རྫས་རྣམས་ཇི་སྙེད་པ། །ཞེས་རྒྱས་པར་འབྱུང་སྟེ། རྫས་སུ་སཏྟཱ་ནུ་པ་པཏྟེཿསློབ་དཔོན་གུ་ཎ་ནནྡི་ན་ར་གཅིག་དང་དུ་མ་ཉིད་མི་སྲིད་དོ་ཞེས་ཟེར་ཏེ་དེ་ལྟར་
མི་བསམ་མོ། །ཁ་ཅིག་ན་རེ་བྲལ་བ་ཐམས་ཅད་གཅིག་ཉིད་ཁོ་ནར་འདོད་དོ་ཞེས་ཟེར་ཏོ། ཡང་གཅིག་ཉིད་ཅེས་ལྡན་པའི་ཆེད་དུ་རྫས་ཞེས་ཚིག་རྣམ་པར་སྦྱར་ཏེ་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་ན་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཉོན་མོངས་པ་དང་ཕྲ་རྒྱས་རྣམས་སྐྱེ་
བའི་ཕྱིར་ཏེ་དེ་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཡང་ན་ལྡན་པར་གྱུར་པའི་རྫས་རྣམས་ཏེ་འཆིང་བར་གྱུར་པའི་ཕྱིར་རོ། །བྲལ་བ་ཉིད་རྫས་ཡིན་པ་ནི་བྲལ་བའི་རྫས་རྣམས་ཏེ། དེ་དག་ཀྱང་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་དང་གཞན་འདུས་མ་བྱས་
སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་སོ་སོར་བརྟགས་པ་འགོག་པ་གཅིག་ཉིད་དུ་གྱུར་ན་ཞེས་པའོ། །ཉོན་མོངས་པ་ཐམས་ཅད་འགོག་པ་མངོན་དུ་བྱེད་པར་ཞེས་བྱ་བ་ནི་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་

བར་བྱ་བའི་ཉོན་མོངས་པ་འགོག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འགོག་པ་ཉིད་ཀྱིས་དེ་འགོག་པའི་ཕྱིར་དེ་ལྟ་ཡིན་ན་ཞེས་རྒྱ་ཆེར་འབྱུང་སྟེ། ལམ་གྱི་སྐད་ཅིག་མ་གཉིས་ཀྱིས་ཕྲ་རྒྱས་མ་ལུས་པའི་བྲལ་བ་ཐོབ་པའི་
ཕྱིར་གཉེན་པོ་ལྷག་མ་བསྒོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །རྫས་གཅིག་ལ་ཅུང་ཟད་ཅིག་ནི་མངོན་སུམ་དུ་བྱས་ལ། ཅུང་ཟད་ཅིག་མངོན་སུམ་དུ་མ་བྱས་སོ་ཞེས་བརྗོད་པར་ཡང་མི་རིགས་སོ། །ཅི་བདེན་པ་མ་མཐོང་བ་མཐོང་བར་བྱ་བའི་དོན་ཡིན་པའི་ཕྱིར་ལྷག་མའི་གཉེན་པོ་
བསྒོམ་པ་འབྲས་བུ་དང་བཅས་པར་ཡང་མི་རུང་སྟེ། བདེན་པ་ལྷག་མ་མཐོང་བ་ནི་དེ་དག་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བྲལ་བ་ཐོབ་པའི་དོན་ཁོ་ན་ཡིན་པའི་ཕྱིར་རོ། །གལ་ཏེ་བདེན་པ་དང་པོ་མཐོང་བ་ཉིད་ཀྱིས་ཉོན་མོངས་པ་མ་ལུས་པའི་བྲལ་བ་ཐོབ་ན་ནི། དེ་ལྟ་ན་
བདེན་པ་ལྷག་མ་མཐོང་བ་དོན་བྱས་ཟིན་པ་ཡིན་པས་དེ་དག་མཐོང་བ་དོན་མེད་པ་ཉིད་དུ་འགྱུར་རོ། །བསྒོམ་པའི་ལམ་དུ་ཡང་མ་མཐོང་བའི་བདེན་པ་མཐོང་བ་མེད་པའི་ཕྱིར་བསྒོམ་པ་དོན་མེད་པ་ཉིད་དང་། ཉོན་མོངས་པ་སྤངས་པ་ཐག་པ་སྲིང་བར་བྱ་བའི་ཕྱིར་ཁྱད་པར་གྱི་ལམ་བསྒོམ་ཞེ་ན།
ཡང་མི་གཡོ་བའི་ཆོས་ཅན་ལ་དོན་མེད་པར་ཐལ་བར་འགྱུར་ཞིང་། ཉོན་མོངས་པའི་བྱེ་བྲག་རྣམ་པར་གཞག་པ་དང་། གང་ཟག་གི་བྱེ་བྲག་རྣམ་པར་གཞག་པ་ཐོབ་པར་ཡང་མི་འགྱུར་ཏེ། ཁམས་གསུམ་པོ་མ་ལུས་པ་ཡང་འདོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་ཡིན་
པའི་ཕྱིར་རོ། །འོ་ན་ཞེས་རྒྱས་པར་འབྱུང་བ་ལ། གང་ལས་བཤད་ཅེ་ན་མདོ་ལས་ཏེ། དགེ་སློང་མ་ཆོས་སྦྱིན་ལ་ཁྱིམ་བདག་ས་གས། ཅི་འཕགས་མ་འགོག་པ་འདྲ་བ་ཡིན་ནམ། འོན་ཏེ་མི་འདྲ་བ་ཡིན་ཞེས་དྲིས་པ་དང་། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ་ཞེས་བཤད་དོ། །
འདྲ་བ་ནི་སྐལ་བ་དང་བཅས་པའམ་སྐལ་བ་དང་མཉམ་པ་སྟེ་འདྲ་ཞིང་མཚུངས་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཡིན་ན་གཉིས་པ་དང་བཅས་པ་ཉིད་དམ་འདྲ་བ་ཉིད་མི་འགལ་བས་ཇི་ལྟར་གཅིག་པ་ཉིད་ཅེས་དེ་དགག་པར་མི་བྱའོ། །ཀཱ་ཡོ་སླ་བྷཱ་ག་ནི་རོ་དྷ་ཨཻ་ཧི། འདིའི་འདྲ་བའི་རྒྱུ་གང་ཡང་

མ་ཡིན་ལ་ཞེས་རྒྱས་པར་འབྱུང་བ་ལ། འདིར་ནི་རྒྱུའི་སྒྲ་མི་མངོན་པར་བྱས་པས་འདྲ་བའི་རྒྱུ་ཉིད་ལ་འདྲ་བ་ཞེས་བརྗོད་དེ། དཔེར་ན་འཇིགས་པ་སྔ་ལ་འཇིགས་པ་ཞེས་བྱ་བ་བཞིན་ནོ། །དེ་ལྟར་སྐལ་མཉམ་གྱི་རྒྱུ་རྒྱུ་མ་ཡིན་པ་བཀག་པར་ཤེས་པར་བྱའི།
སྐལ་བ་བཀག་པ་དང་འདྲ་བ་བཀག་པ་ནི་མ་ཡིན་ནོ། །འགོག་པའི་རྣམ་པ་གཅིག་ཉིད་ཀྱང་སྤང་བྱ་ཉོན་མོངས་པའི་དབང་གིས་སོ་སོ་སོ་སོར་མངོན་དུ་བྱེད་དེ། དཔེར་ན་ཟག་པ་དང་བཅས་པའི་དངོས་པོ་གཅིག་གི་ཡང་སྡུག་བསྔལ་དང་ཀུན་འབྱུང་བའི་རྣམ་པ་དག་ལས་ཀྱང་སྐལ་བ་
མཉམ་པའི་འགོག་པ་ཞེས་བྱ་བ་འདིར་གཉིས་པ་ཉིད་དུ་འགྱུར་རོ། །ཀ་ཤྭཱ་ཏི་ཤ་ཡ། སྐལ་བ་མཉམ་པའི་རྒྱུ་འགོག་གོ་ཞེས་ཁ་ཅིག་གོ། །འདི་ལ་བསམ་པ་ནི་འགོག་པ་གཅིག་ཏུ་སྨྲ་བ་མ་ཡིན་གྱི་སྡུག་བསྔལ་མཐོང་བས་འགོག་པ་ཅུང་ཟད་མངོན་དུ་མ་བྱས་པར་གང་ཀུན་འབྱུང་མཐོང་
བས་མངོན་དུ་བྱ་བ་མེད་དོ། །ཅི་སྟེ་ཅུང་ཟད་མངོན་དུ་མ་བྱས་པ་ཉིད་ཡོད་དོ་ཞེ་ན། འོ་ན་སྤངས་པ་དུ་མ་ཐོབ་པར་བྱེད་དེ། མངོན་དུ་བྱས་པ་ལས་མངོན་དུ་མ་བྱས་པ་གཞན་ཡིན་པའི་ཕྱིར་ཟག་པ་དང་བཅས་པའི་དངོས་པོ་ཤེས་པ་མངོན་དུ་བྱའོ་ཞེས་རྣམ་པ་གཞན་གྱིས་མངོན་དུ་མ་བྱས་པ་དང་།
མངོན་དུ་བྱས་པ་མི་འགལ་ལོ། །ཐོབ་པ་མངོན་དུ་བྱ་བ་ནི་སྤངས་པར་ཐོབ་པའི་མ་ཡིན་ནོ། །ཡང་ཐོབ་པའི་རིགས་པ་འདིས་ཀྱང་ཐལ་བར་མི་འགྱུར་བའི་ཕྱིར་རོ། །འགོག་པ་དུ་མ་དེ་ཡང་འགོག་པ་ཐམས་ཅད་ཅིག་ཅར་མངོན་དུ་བྱས་པར་ཐལ་ལོ། །ལམ་གྱི་ཐོབ་པ་མེད་པས་ཉོན་
མོངས་པ་རྣམས་སམ་བྲལ་བས་ལྷན་ཅིག་བྱེད་པའི་རྒྱུ་དང་འབྲེལ་པ་ལ་སོགས་པ་མེད་པའི་ཕྱིར་ངེས་པའི་རྒྱུ་འགའ་ཞིག་ཡོད་པ་གང་ལས་འདི་ཉིད་བྲལ་བ་ལས་གཞན་མ་ཡིན་པ་ཉིད་དེ། དེ་ལམ་གྱིས་ཐོབ་ཀྱི་གཞན་གྱིས་མ་ཡིན་ནོ། །ཉོན་མོངས་པ་འདི་དག་གི་བྲལ་བ་འདི་ཉིད་གཞན་གྱི་
མ་ཡིན་ཞེས་རྣམ་པར་གཞག་གོ། །དེ་ལྟར་ངེས་པའི་རྒྱུ་མེད་ན་ཅིག་ཅར་བྲལ་བ་ཐམས་ཅད་ཐོབ་པའམ། བྲལ་བ་མ་ཐོབ་བོ་ཞེས་ཁས་བླང་བར་བྱའོ། །གང་ཞིག་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཁོ་ན་འགོག་པར་བྱེད་པ་དེའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་

སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཁོ་ན་དང་བྲལ་བ་ཉིད་ཐོབ་ལ་ཀུན་འབྱུང་མཐོང་བ་ལ་སོགས་སྤང་བྱ་རྣམས་ལ་མ་ཡིན་ནོ། །ཡོད་པ་མ་ཡིན་པ་ཙམ་གྱིས་འགོག་པ་ཉོན་མོངས་པ་རྣམས་བྲལ་བ་དང་ལྡན་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དེ་ལ་
ཐོབ་པ་གང་དང་གང་ལམ་གྱིས་ཐོབ་པ་དེ་དང་དེས་ཉོན་མོངས་པ་དང་བྲལ་བ་ཉིད་དུ་རྣམ་པར་མི་འཇོག་གི་སྤང་བྱའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་རྣམ་པར་འཇོག་གོ། །ཇི་ལྟར་ན་འདིར་ལམ་བསྒོམ་པ་དོན་མེད་པ་ཉིད་ཅེ་ན། གང་ཡང་བཤད་པ་དེ་དང་དེ་ནི་ཕུལ་དུ་བྱུང་བ་དགག་པ་རབ་ཏུ་
གྱུར་པའི་རྣམ་པ་སྟེ། ཅི་ལྟར་ཡང་དེར་སྐལ་བ་མཉམ་པའི་རྒྱུར་ཐལ་བ་ནི་དགེ་བ་ཟག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ལམ་བཞིན་དུ་འདི་ལས་མ་ལྷུང་བའི་ཕྱིར་དགག་པར་མི་བྱའོ། །སྐལ་བ་མཉམ་པ་མ་ཡིན་པ་ཞེས་བྱ་བ་ནི་གཞན་གྱི་རྒྱུར་ནི་ཐལ་བ་མ་ཡིན་པའམ་ཞེས་བྱ་བའོ། །དེ་
དགག་པ་མ་ཡིན་ནོ། །རྒྱུའི་གཏན་ཚིགས་ནི་ཁས་བླང་བར་བྱ་བ་ཉིད་ཅེས་པ་སྟེ་འོན་ཀྱང་དགེ་བ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུར་ཐལ་བ་ཡང་འདི་ལ་མེད་དེ། དགེ་བ་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །ལམ་བཞིན་ཡིན་པ་ཉིད་དེའི་ཚེ་སྐལ་བ་མཉམ་པའི་རྒྱུ་ཐལ་བ་ཡང་མེད་པ་ཉིད་དེ།
སྐྱེས་པའི་ཐོག་མ་མེད་པའི་ཕྱིར་དང་སས་མ་བསྡུས་པའི་ཕྱིར་རོ། །ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བཞིན་ནོ། །ཡང་གཞན་དག་ནི་འགོག་པ་མཐའ་དག་གི་དབང་དུ་བྱས་ནས་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་དེ། འགོག་པ་དང་འདྲ་བ་ཆོས་གཞན་
པ་དང་དགེ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །ཞེས་པ་ལ་འདས་པ་དང་ད་ལྟར་བྱུང་བ་རྣམས་སྐྱེ་བ་ལ་གེགས་བྱེད་པ་མ་ཡིན་པས་མ་འོངས་པ་རྣམས་ཁོ་ནའི་འཐོབ་པའོ། །འགོག་པ་ཡང་རྣམ་པ་ལྔ་བསམ་པར་བྱ་སྟེ། མི་རྟག་པ་དང་སྙོམས་པར་
འཇུག་པ་དང་། སྐྱེ་བ་དང་སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་དབྱེ་བ་ལས་སོ། །དེ་ལ་སྐྱེ་བ་སྨོས་པ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་རྣམ་པར་བཅད་པའི་ཕྱིར་དུའོ། །དེ་ནི་ད་ལྟར་བྱུང་བ་རྣམས་གནས་པ་ལ་གེགས་སུ་གྱུར་པ་ཡིན་གྱི་སྐྱེ་བ་ལ་ནི་མ་ཡིན་

ནོ། །གཏན་དུ་ཞེས་སྨོས་པ་ནི་སྙོམས་པར་འཇུག་པ་དང་སྐྱེ་བའི་འགོག་པ་བཟློག་པའི་ཕྱིར་ཏེ། དེ་གཉིས་ནི་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ལ་དུས་ཅུང་ཟད་ཅིག་གེགས་སུ་གྱུར་པའི་ཕྱིར་རོ། །གཞན་སྨོས་པ་ནི་དེ་མ་ཐག་ཏུ་སྨོས་པ་བྲལ་
བའི་མཚན་ཉིད་སོ་སོར་བརྟགས་པས་འགོག་པ་ལས་རྣམ་པར་བཅད་པའི་ཕྱིར་རོ། །སོ་སོར་བརྟགས་པ་ནི་རིག་པ་དང་དཔྱད་པས་བསྒྲུབས་པའི་ཤེས་རབ་སྟེ་དེ་ནི་དེས་ཐོབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེ་མེད་པར་རྐྱེན་མ་ཚང་བས་ཐོབ་སྟེ་དེ་ལྟར་གཞན་དུ་བརྗོད་དོ། །གང་ཞིག་རྒྱུ་དང་
མཚུངས་པ་དེ་མ་ཐག་དང་དམིགས་པ་དང་བདག་པོ་སྟེ་རྐྱེན་བཞི་པོ་དག་ལས་བཞིའམ་གསུམ་གཉིས་ཀྱང་རུང་ཇི་སྙེད་ཅིག་གིས་སྐྱེད་པ་དེ་སྐྱེ་བ་ལ་དེ་དག་མ་ཚང་བས་གཏན་དུ་གེགས་སུ་གྱུར་པས་སོ་སོར་བརྟགས་པ་མ་ཡིན་པ་ཞེས་བྱ་བའི་རྫས་ཤིག་འཐོབ་པོ། །དཔེར་ན་མིག་དང་ཡིད་
གཟུགས་གཅིག་ལ་ཡེངས་པའི་ཞེས་བྱ་བ་ལ། གཟུགས་གཅིག་ལ་ཡེངས་པའི་མིག་དང་ཡིད་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ཞིག་གཟུགས་ལས་གཞན་རྣམས་ཞེས་བྱ་བ་ཡུལ་དུ་བྱས་པ་ལས་གཞན་པ་སྒྲ་དང་དྲི་དང་རོ་དང་རེག་རྣམས་ཀྱང་ཞེས་པའོ། །ཐམས་ཅད་ཉིད་
ནི་དེ་རྣམས་ཐམས་ཅད་ཉིད་ལ་དམིགས་པའི་ཕྱིར་རོ། །འདས་པར་འགྱུར་ལ་ཞེས་བྱ་བ་ནི་ཞིག་འགྱུར་བ་སྟེ། ད་ལྟར་བའི་དུས་ན་རྒྱུ་དང་དམིགས་པ་དང་བདག་པོའི་རྐྱེན་ཡོད་ཀྱང་དེ་མ་ཐག་རྐྱེན་མ་ཚང་བའི་ཕྱིར། དེ་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་
བར་མི་ནུས་ཏེ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཅི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་དེ་དག་འདས་པའི་ཡུལ་ལ་དེ་དམིགས་པའི་མཐུ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ་འདི་སྐད་བསྟན་པར་འགྱུར་ཏེ། མིག་
ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་འདས་པ་རྣམས་ལ་མི་སྐྱེ་སྟེ། དམིགས་པའི་རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ངེས་པར་རྐྱེན་བཞི་ལས་

སྐྱེའོ་ཞེས་ཟེར་རོ། །ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་འགའ་ཞིག་ཀྱང་བརྗོད་པར་བྱ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་དཔེ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །འདིར་གཞན་དག་གིས་རྒོལ་བ་ནི་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་པ་ན་གཞན་རྣམ་པར་
ཤེས་པའི་ཚོགས་ཅི་ལས། གང་དག་སྐྱེ་བ་མེད་པ་ཡེ་པི་ཙ་སནྣི་གཟུགས་ལ་སོགས་པ་དམིགས་པ་གཅིག་རྣམ་པར་ཤེས་པ་ལ་སོགས་པ་ནི་སེམས་ཅན་གྱི་རྒྱུད་དོ་ཞེས་པ། གལ་ཏེ་རྣམ་པར་ཤེས་པ་གཅིག་ལ་སོགས་པའི་ཕྱིར་སེམས་ཅན་གྱི་རྒྱུད་ལ་རྐྱེན་མ་ཚང་བའི་ཕྱིར་རྣམ་པར་ཤེས་
པ་མི་སྐྱེ་བར་འདོད་ན་དེ་ཅི་ལྟར་རྣམ་པར་ཤེས་པ་རྣམ་པ་དྲུག་དང་སྟོང་ཕྲག་མང་པོ་རྣམས་ཡིན། གཅིག་ཉིད་དུས་གཅིག་ཏུ་རྒྱུད་དང་དམིགས་པ་དང་བདག་པོའི་རྐྱེན་དུ་གྱུར་པས་མིག་ལ་སོགས་པ་རྣམས་འདོད་ཀྱི་ཅིག་ཤོས་མ་ཡིན། གལ་ཏེ་སྔ་མ་དང་ཕྱི་མར་གནས་པའི་གོ་རིམས་བཞིན་དུ་
སྐྱེ་བར་ངེས་ན། སྐྱེས་བུའི་བྱེད་པ་དོན་མེད་པར་ཐལ་བས་མ་འོངས་པའི་དུས་པ་རྒྱུ་བ་ཡོ་གེ་ནཱ་པ་བརྒ་པྲ་སངྒ་ད་པ་བརྒ་མེད་པར་ཐལ་བར་འགྱུར་བས་འདི་ཡང་འདོད་པ་མ་ཡིན་པ་ཉིད་དོ། །གལ་ཏེ་དམིགས་པའི་སྐད་ཅིག་ངེས་པས་མཚུངས་པར་ལྡན་པ་རྣམས་ཀྱི་རྐྱེན་མ་ཚང་བ་ཉིད་ལས་གཏན་
མི་སྐྱེ་བ་མ་ཡིན་ནམ། ཡང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྟོགས་པར་བྱེད་ཅེ་ན། འདི་ལ་ཁ་ཅིག་གིས་ལན་བརྗོད་པ། ཐོབ་པ་གང་ལ་རྐྱེན་མ་ཚང་བའི་ཕྱིར་གཏན་མི་སྐྱེ་བའི་ཆོས་ཅན་དུ་ཤེས་པར་བྱ་བ་མ་འོངས་པ་དེ་སོ་སོ་བརྟགས་པ་མ་ཡིན་པའི་འགོག་པ་གཏན་མི་སྐྱེ་
བའི་ཆོས་ཅན་མ་འོངས་པའོ། །འདི་ནི་ལན་མ་ཡིན་ནོ། །ཕྱོགས་སྔ་མ་དང་སྦྱར་ན་འདིར་རྐྱེན་མ་ཚང་བ་ནི་རྫས་ལས་མ་ཡིན་ཞིང་བྱེད་པ་ལས་མ་ཡིན་ནོ། །རྐྱེན་མེད་པར་འདུས་བྱས་ཀྱི་ཆོས་འགའ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་མ་འོངས་མ་འོངས་པའི་ཆོས་མ་
འོངས་པ་རྣམས་རྐྱེན་ནོ། །སྐྱེས་བུའི་བྱེད་པ་མེད་ཅེས་པ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པའོ། །འོ་ན་ཅི་ཞེ་ན། འདིས་ཕྲད་པར་བྱེད་པས་ན་རྐྱེན་དེ་དེ་ལྟར་འདི་ལས་ཀྱང་གང་གནས་པའི་བྱ་བ་དང་ཕྲད་པར་བྱེད་པས་ན་དེ་གནས་པ་རྣམས་ལ་མ་ཚང་བ་ཞེས་

ཤེས་པར་བྱའོ། །ཀི་མ་བ་སྠེ་བྷྱཿཀཱཪྻི་པྲ་ཏྱེ་ཏེ་ནུས་པ་དེ་རྣམས་སམ་འདས་པ་དང་ད་ལྟར་བྱུང་བ་ཉིད་དང་དེ་ལས་ཆེས་གཞན་པ་དེ་དང་འགལ་བའི་རྐྱེན་འཇུག་པ་ཐོབ་པ་ལས་གནོད་པའམ། མ་ཚང་བའི་གཟུགས་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་
པ་ནི་དེ་ལས་གཞན་པའི་གཟུགས་ལ་སོགས་པ་དང་རྣམ་པར་ཤེས་པ་རྣམས་ཀྱི་གནས་དང་དམིགས་པ་ལ་རག་ལུས་པའི་སྐྱེ་བ་རྣམས་ཀྱི་རྒྱུ་དང་དམིགས་པ་དང་བདག་པོའི་རྐྱེན་རྣམས་དང་འབྲས་བུ་སྦྱིན་པའི་གནས་རྣམས་ལ་དེ་དང་མཐུན་པའི་དེ་མ་ཐག་པའི་རྐྱེན་དུ་གྱུར་པའི་ཕྱིར་
རྐྱེན་རྣམས་མ་ཚང་བ་ཞེས་བྱའོ། །འདིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པ་ནི་མུ་བཞི་པར་འགྱུར་ཏེ། དེའི་ཕྱིར་ཟག་པ་དང་བཅས་པ་རྣམས་ཉིད་ནི་སོ་སོར་བརྟགས་པས་འགོག་པ་ཐོབ་ལ། འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ནི་སོ་སོར་བརྟགས་པ་མ་ཡིན་
པས་འགོག་པའོ། །ཟག་པ་དང་བཅས་པ་འདས་པ་དང་ད་ལྟར་བྱུང་བ་སྐྱེ་བའི་ཆོས་ཅན་རྣམས་སོ་སོར་བརྟགས་པས་འགོག་པ་ཁོ་ནའི་ཡིན་གྱི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་མ་ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་ཅན་རྣམས་ཁོ་ནའི་ཡིན་ནོ། །ཟག་པ་བཅས་པ་སྨོས་པ་
ནི་ཟག་པ་མེད་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། ཉེས་པ་མེད་པའི་ཕྱིར་ཟག་མེད་རྣམས་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཏེ། དེ་ལ་རང་གི་རྒྱུད་དུ་གཏོགས་པའི་འདས་པ་དང་མ་འོངས་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ད་ལྟར་བྱུང་
བའི་ཐོབ་པ་འགོག་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཐོབ་བོ། །གཞན་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་དུས་གསུམ་པ་རྣམས་ཐམས་ཅད་ཀྱང་སོ་སོར་བརྟགས་པས་དེ་ལ་དམིགས་པའི་ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱ