Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 25 / 28 (50.000 ký tự/trang)
་དོ་སྙམ་ན། དེའི་ཕྱིར་འོན་ཏེ་སྔ་ན་ཡོད་ནའང་རུང་ ཞེས་བྱ་བ་སྨོས་ཏེ། འདི་ལྟར་གྲངས་ཅན་པའི་རྗེས་སུ་འབྲངས་ཏེ་དེ་ཉིད་སྐྱེའི་ཕྱིས་ནི་མ་ཡིན་ནོ་ཞེས་བྱ་བ་དེའི་དབང་དུ་བྱས་ནས་སྔ་ན་ཡོད་ན་རུང་ཞེས་སྨྲའོ། །རུང་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའོ། །གལ་ཏེ་ཁྱེད་ཅག་ཡོད་པ་སྐྱེའོ་ཞེས་བྱ་བའི་ཕྱོགས་ལ་ནི་ཁོ་བོ་ཅག་ཀྱང་ཡོད་པ་སྐྱེའོ། ། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཐ་དད་མི་གནས་པའི་ཕྱིར་དང་། མདོ་སྡེ་པའི་ལུགས་ལ་སྐྱེ་བའི་ལས་ཀྱི་ས་བོན་ཡོད་པ་མ་ཡིན་པའི་ཕྱིར་དེ་འདིར་བརྗོད་པས་ཅི། དེའི་ཕྱིར་སྔར་ཕྲད་ནས་ཕྱིས་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེ་བའི་སྔོན་རོལ་ན་འགའ་ཡང་མེད་ལ་ཞེས་བརྗོད་པར་མི་བྱའོ། །ཡང་ན་མཚམས་ སྦྱོར་གྱི་འདོན་པས་འོན་ཏེ་སྔ་ན་ཡོད་མིན་ནའང་ཞེས་བྱ་བ་འབྱུང་སྟེ། ཅི་སྟེ་ཐུག་པ་མེད་པར་འགྱུར་ན་མི་རུང་བས། ཡོད་པ་མ་ཡིན་པ་ཉིད་སྐྱེ་ན་ནི་དེའི་ཕྱིར་བྱེད་པ་པོ་མེད་པའི་བྱ་བ་ཡང་ཁས་བླངས་པས། གནས་སྐབས་གང་སྐྱེ་བའི་གནས་སྐབས་དེ་ཉིད་དང་ཕྲད་ནས་ཞེས་བྱ་བ་ཡིན་ན་ ཞེས་གང་ཡིན་པའི་སྔར་གྱི་ཕྱོགས་དང་མི་འགལ་ལོ། །དེ་ལྟ་ན་དུས་དང་བྱ་བ་དག་མཉམ་པའི་ཕྱིར་ཀྟྭའི་རྐྱེན་མི་འཐད་དོ་ཞེས་བྱ་བའི་བརྒལ་བ་ཡོངས་སུ་སྤངས་པའི་ཕྱིར་ཚིགས་སུ་བཅད་པ་གཞན་ལྷན་ཅིག་པའང་ཀྟྭའི་རྐྱེན་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མུན་པ་ནི་སྔར་མར་ མེ་དང་ཕྲད་ནས་ཕྱིས་མེད་པར་འགྱུར་བ་མ་ཡིན་ཏེ། མར་མེ་དང་མུན་པ་དག་ནི་ལྷན་ཅིག་མི་གནས་པའི་ཕྱིར་རོ། །ཁ་གདངས་ནས་ཉལ་བའང་དེ་བཞིན་ཏེ། སྔར་ཁ་གདངས་ཤིང་བགྲོད་པར་བྱེད་ལ། ཕྱིས་ཉལ་བ་ནི་མ་ཡིན་ནོ། ཅི་སྟེ་ཁ་གདངས་པར་བྱེད་ལ་ཕྱིས་ཉལ་ལོ་ཞེ་ན། གལ་ ཏེ་དེ་ལྟ་ན་བཙུམས་པ་ལ་ཡང་ཅིའི་ཕྱིར་མ་ཡིན། གང་གི་ཚེ་སྔར་གདངས་ནས་ཕྱིས་བཙུམས་ཏེ་གཉིད་ལོག་པ་དེའི་ཚེ་ཁ་གདངས་ནས་ཉལ་ཞེས་ཅི་སྟེ་མ་བརྗོད། དེའི་ཕྱིར་ཉལ་བ་དང་ལྷན་ཅིག་ཏུ་འཇུག་པའི་ཁ་གདངས་པ་མངོན་པར་འདོད་པ་ཤེས་པར་བྱའོ། །དབྱུ་གུ་ཁྲོལ་ཟེར་ཏེ་ ལྟུང་ངོ་ཞེས་ཕྱིས་ཀྱི་དུས་ལ་ཡང་ཀྟྭའི་རྐྱེན་དམིགས་སོ། །ཅུར་ཁྲོལ་ཟེར་ཏེ་ཕྱིས་ལྷུང་བ་ནི་མ་ཡིན་ཏེ། སྒྲ་ནི་མངོན་པར་བརྡབས་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །བྱེད་པ་པོ་ཐ་དད་པ་ལ་ཡང་མཐོང་སྟེ། ཇི་སྐད་དུ། རྒྱལ་མཚན་མཐོང་བས་ཤིང་རྟ་དང་མུན་པ་ཟས་ཁ་དོག་བཟང་པོ་ འབར་བ་བཞིན་དང་དུང་གི་སྒྲ་ཐོས་པ་ལས་གཡོ་བ་དང་རྔ་བོ་ཆེ་བརྡུངས་པ་ལས་རྗེས་སུ་བརྩེ་བ་བཞིན་ནོ་ཞེས་པ་ལྟ་བུའོ། །དེའི་ཕྱིར་བྱེད་པ་པོ་མཚུངས་པའི་དུས་སྔ་མ་ལ་ཞེས་བྱ་བ་འདི་མཐའ་གཅིག་ཏུ་མ་ཡིན་ནོ། །བཙུན་པ་པི་ལིནྡའི་བུ་ན་རེ། མེད་པ་དང་ཡོད་པ་མ་བཟུང་བར་སྒྲ་འཇུག་ པ་ཡོད་པ་མ་ཡིན་ལ། ཡོད་པ་ཐ་སྙད་ཀྱི་ཡན་ལག་གི་ཕྱིར་རོ། །དེས་ན་མ་འོངས་པའི་གནས་སྐབས་ལ་ཡང་འདི་ལས་གང་དུ་དེ་ཡོད་དེ་དཔེར་ན་མྱུ་གུ་སྐྱེ་བ་དང་ཤིང་རྟ་སྐྱེ་བ་བཞིན་ནོ་ཞེས་ཟེར་ཏེ་འདི་ནི་ཀླན་ཀ་མ་ཡིན་པ་ཉིད་དོ། །གཞན་དག་ནི་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལན་ནོ། །རྟེན་ཅིང་ འབྲེལ་པ་ནི་བཟློས་པའི་དོན་ཏོ་ཞེས་བྱ་བ་ལ། བཟློས་པ་ནི་ཁྱབ་པར་འདོད་པ་སྟེ། སྣ་ཚོགས་ལ་ཁྱབ་པར་འདོད་པ་ནི་བཟློས་པའིའོ། །རྟེན་བརྗོད་པ་སྣ་ཚོགས་པ་ཐམས་ཅད་ལ་བྱ་བ་དང་ཡོན་ཏན་དག་གིས་ཅིག་ཅར་ཁྱབ་པར་འདོད་པ་ནི་བཟློས་ པ་སྟེ། དཔེར་ན་འདིས་གྲོང་རེ་རེ་ལ་སྐུད་པ་བྱིན་ནོ་ཞེས་བྱ་བ་ལྟ་བུའམ། གྲོང་རེ་རེ་ཞིང་ཉམས་དགའོ་ཞེས་བྱ་བ་ལྟ་བུའོ། །ཨི་ཏི་ནི་འགྲོ་བར་རུང་སྟེ་ཞེས་བྱ་བ་ནི་ཆས་པར་རོ། །ཨི་ཏི་ནི་འགྲོ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མི་སྡོད་པའོ་ཞེས་བྱ་བ་སྨོས་ཏེ་འཇིག་པའོ་ཞེས་བྱ་ བའི་དོན་ཏོ། །ཨུད་གོང་ན་ཡོད་པའི་པ་ད་ནི་འབྱུང་བའི་དོན་ཏོ་ཞེས་བྱ་བ་ལ། སྐད་ཀྱི་བྱིངས་འགྲོ་བའི་དོན་ཡིན་ཡང་། ཉེ་བར་བསྒྱུར་བའི་དབང་གིས་འབྱུང་བའི་དོན་དུ་ཡང་འགྱུར་རོ། །ཚོགས་པ་དེ་དང་དེ་ན་འགྲོ་བར་རུང་བ་ཞེས་བྱ་བས་ནི་རྟེན་ཅིང་འབྲེལ་པ་བཟློས་པའི་ དོན་ཉིད་དུ་གསལ་བར་བྱེད་པའོ། །འདུས་ནས་སྐྱེ་བ་ནི་ཞེས་བྱ་བ་ལ། གཅིག་པུ་སྐྱེ་བ་ནི་འགའ་ཡང་མེད་དེ་ལྷན་ཅིག་སྐྱེ་བར་ངེས་པའི་ཕྱིར་རོ། །རེ་ཞིག་གཟུགས་ཅན་ནི་འདོད་ན་དབང་པོ་མེད་པ་དང་། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། ། གཟུགས་ཅན་མ་ཡིན་པ་ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ལྷན་ཅིག་སྐྱེའོ་ཞེས་བྱ་བའོ། །རྟོགས་པ་འདི་ནི་ཁོ་ན་ལ་ཞེས་བྱ་བ་ལ། རྟེན་ཅིང་འབྲེལ་པར་བཟློས་པའི་དོན་དུ་མི་འགལ་བའི་ཕྱིར་དང་། འདུས་ནས་སྐྱེ་བ་མི་ འགལ་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་འདིར་ནི་བརྟག་པར་རུང་ན། འདི་ལ་ནི་རྟོགས་པ་འདི་ཇི་ལྟར་བཏུབ་སྟེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །ཞེས་རྟེན་ཅིང་འབྲེལ་པར་བཟློས་པ་མི་སྲིད་པའི་ཕྱིར་དང་། འདུས་ཏེ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། ། འདི་ལ་ནི་མིག་དང་གཟུགས་ཕྲད་ནས་ཞེས་བྱ་བར་རྟོགས་ཀྱི་བཟློས་པའི་དོན་ནི་མ་ཡིན་ནོ། །འགྲོ་བར་རུང་བ་རྣམས་འདུས་ནས་སྐྱེའོ། །ཞེས་བྱ་བར་རྟོགས་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མིག་གི་རྣམ་པར་ཤེས་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་དེའི་གནས་སྐབས་ཁོ་ན་ལ་རྒོལ་བ་ ཡིན་ནོ། །གཞན་ཞེས་བྱ་བ་སྐྱེ་བའི་སྔ་རོལ་ཏུ་ཡོད་པ་ཉིད་ལ་རུང་སྟེ། གལ་ཏེ་ལྷན་ཅིག་ཀྟྭའི་རྐྱེན་མ་གྲུབ་པ་དེ་སྔ་མའི་དུས་ལ་གྲུབ་པའི་ཕྱིར་རོ། །ངེས་པར་གཟུང་བའི་དོན་ཏེ་ཞེས་བྱ་བ་ལ། གང་ཡང་རུང་བ་ཞིག་བརྗོད་ན་ནི་ངེས་པར་མ་གཟུང་བར་འགྱུར་ལ། ངེས་པར་མ་གཟུང་ན་ཡང་ འདུ་བྱེད་ལ་སོགས་པ་རྣམས། མ་རིག་པ་ལ་སོགས་པ་དག་ལས་གཞན་པའི་རྐྱེན་ཅན་ཉིད་ཡིན་པ་མ་བཀག་པར་འགྱུར་ཏེ། དཔེར་ན་མིག་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །ཞེས་ངེས་པར་མ་གཟུང་བས་གཟུགས་ཡོད་ན་འབྱུང་ངོ་ཞེས་བྱ་བར་རྟོགས་པ་བཞིན་ནོ། །དེའི་ཕྱིར་ ངེས་པར་གཟུང་བའི་དོན་དུ། གང་ཡོད་ན་གང་འབྱུང་བ་དེ་ཉིད་སྐྱེས་པས་དེ་སྐྱེའི་གཞན་སྐྱེས་པ་ནི་མ་ཡིན་ལ། གང་སྐྱེས་པས་གང་སྐྱེ་བ་དེ་ཉིད་ཡོད་ན་དེ་འབྱུང་གི་གཞན་ཡོད་ན་ཡང་ནི་མ་ཡིན་ནོ་ཞེས་རྣམ་གྲངས་གཉིས་བརྗོད་དོ། །མདོ་གཞན་གྱིས་རྣམ་གྲངས་གཉིས་ངེས་པར་གཟུང་བའི་ དོན་ཉིད་དུ་བསྟན་པའི་ཕྱིར་དཔེར་ན་གཞན་ལས་ཞེས་བྱ་བ་སྨོས་སོ། །མ་རིག་པ་ཡོད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟར་བཤད་ན་མ་རིག་པ་སྐྱེས་པས་འདུ་བྱེད་རྣམས་སྐྱེའོ། །མ་རིག་པ་ཁོ་ན་ཡོད་ན་དེ་དག་འབྱུང་གི་གཞན་ཡོད་ན་ཡང་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ བརྗོད་པར་བྱའོ། །ཡང་ན་ཡན་ལག་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མ་རིག་པ་ཡོད་ན་འདུ་བྱེད་དག་འབྱུང་ལ། འདུ་བྱེད་དག་སྐྱེས་པས་ཡང་རྣམ་པར་ཤེས་པ་སྐྱེའོ། །ཞེས་དེ་ལྟར་ཡན་ལག་བཅུ་གཉིས་བརྒྱུད་པར་བསྟན་ཏོ། །ཡང་ན་སྔོན་གྱི་མཐའ་ ཡོད་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། སྔོན་གྱི་མཐའ་ནས་ད་ལྟར་གྱི་མཐའ་འབྱུང་ངོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་གསུངས་ལ། ད་ལྟར་གྱི་མཐའ་སྐྱེས་པས་ཕྱི་མའི་མཐའ་སྐྱེའོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་འདི་སྐྱེས་པས་འདི་སྐྱེའོ་ཞེས་བྱ་བ་འདི་ གསུངས་སོ། །ཡང་ན་རེས་འགའ་ནི་ཞེས་བྱ་བ་འབྱུང་སྟེ། དེ་ལ་རེ་ཞིག་དངོས་སུ་བསྟན་ན་གང་གི་ཚེ་མ་རིག་པའི་མཇུག་ཐོགས་སུ་འདུ་བྱེད་ཉོན་མོངས་པ་ཅན་སྐྱེ་བ་ནའོ། །བརྒྱུད་པས་ནི་གང་གི་ཚེ་བསོད་ནམས་དང་མི་གཡོ་བ་སྐྱེ་བ་ན་སྟེ། དེ་ལ་ནི་མ་རིག་པ་དངོས་སུ་རྒྱུའི་ངོ་བོ་མ་ཡིན་ ནོ། །གཞན་དག་ན་རེ་ལས་རང་གི་ངོ་བོས་གནས་པ་ནི་དངོས་སུ་ཡིན་ལ། བག་ཆགས་ཀྱི་གནས་ནི་བརྒྱུད་པས་ཡིན་ནོ་ཞེས་ཟེར་རོ། །འདི་ལ་མ་རིག་པས་འདུ་བྱེད་དག་ལ་ནི་དངོས་སུ་ནུས་ལ་རྣམ་པར་ཤེས་པ་ལ་སོགས་པ་དག་ལ་ནི་བརྒྱུད་པས་སོ་ཞེས་རྣམ་ པར་འཆད་པ་ནི་བཤད་པ་དང་འགལ་ཏེ། འདུ་བྱེད་རྣམས་ཁོ་ན་ལ་གཉིས་ཀ་བསྟན་པའི་ཕྱིར་རོ། །འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་འདིས་ནི་རྒྱུ་མེད་པར་སྨྲ་བ་བཀག་སྟེ། རྒྱུ་མེད་ན་འབྲས་བུ་མེད་པའི་ཕྱིར་རོ། །འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་འདིས་ནི་རྒྱུ་རྟག་པ་བཀག་སྟེ། སྐྱེས་པ་ཁོ་ན་ རྒྱུ་ཡིན་པའི་ཕྱིར་མ་སྐྱེས་པ་རྒྱུ་མ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། རྟོག་པ་འདི་ལ་ནི་ཡོད་ན་འདི་འབྱུང་ཞེས་བྱ་བ་འདི་དོན་མེད་དོ། །ཅིའི་ཕྱིར་ཞེ་ན་འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་འདི་ཁོ་ནས་སྨྲས་པ་གཉིས་ཀ་བསལ་ཏེ། རྒྱུ་མི་རྟག་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །སུན་འབྱིན་པ་འདི་སླར་ ལན་གདབ་པའི་ཕྱིར། འོ་ན་ནི་གང་ལ་ལ་དག་ཅེས་བྱ་བ་རྒྱས་པར་སྨོས་སོ། །འདུ་བྱེད་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པ་དང་མིང་དང་གཟུགས་ལ་སོགས་པ་རྣམས་བསྡུའོ། །རྟོག་པ་དེ་བསལ་བར་ཞེས་བྱ་བ་ནི་དགག་པར་རོ། །གང་ཞིག་སྐྱེས་ པས་གང་སྐྱེ་བ་ནི་ཞེས་བྱ་བ་ནི་མ་རིག་པ་སྐྱེས་པས་འདུ་བྱེད་རྣམས་སྐྱེའོ། །དེ་ཉིད་ཡོད་པས་འདི་འབྱུང་གི་ཞེས་བྱ་བ་ནི་མ་རིག་པ་ཉིད་ཡོད་པས་འདུ་བྱེད་རྣམས་འབྱུང་གི་བདག་ལ་སོགས་པ་རྟེན་དུ་གྱུར་པ་གཞན་ཡོད་ན་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་གྲངས་སྔ་མ་དོན་མེད་པ་མ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ ཡང་བརྗོད་པར་བྱའོ། །ཇི་སྲིད་བདེན་པ་འགའ་ཞིག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལ་མྱ་ངན་ལ་སོགས་པ་ཡན་ལག་ཐ་དད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒ་ཤི་དང་འབྲེལ་པས་དེ་ཉིད་དུ་འདུས་སོ། །འདི་ལྟར་དེ་དག་སེམས་ཅན་དང་ སེམས་ཅན་མ་ཡིན་པར་སྟོན་པའི་ཡུལ་ལ་ཡོངས་སུ་འགྱུར་བའི་ཕྱིར་དང་། བདག་ཉིད་ཡོངས་སུ་འགྱུར་བའི་ཕྱིར་རོ། །འབྱུང་ངོ་ཞེས་བྱ་བ་ནི་བྱ་བ་མཐའ་གཅིག་ཏུ་ངེས་པའི་ཕྱིར་རོ། །གཞན་དག་ན་རེ་འདི་དག་ཡན་ལག་བཅུ་གཉིས་ཀྱི་ནང་དུ་འདུས་པ་མ་ཡིན་པ་ཉིད་དོ་ཞེས་ཟེར་རོ། །མ་སྤངས་ པ་ལས་མ་སྤངས་པ་དང་སྐྱེ་བར་ཤེས་པར་བྱ་བའི་ཕྱིར་རྣམ་གྲངས་གཉིས་སྨོས་སོ་ཞེས་སློབ་དཔོན་སྔ་མ་དག་ཟེར་རོ། །དེ་ཉིད་བསྟན་པའི་ཕྱིར་མ་རིག་པ་མ་སྤངས་ན་ཞེས་རྒྱས་པར་འབྱུང་ངོ་། །ལྟ་བ་མ་སྤངས་པ་ལ་ཡང་འཇིག་པའི་སྒྲ་རབ་ཏུ་སྦྱར་རོ། །ཀིནྟ་སནྟ་མེ་བཱ་ཧཾ་ཀཱ་མེ་ཥུ་ཀཱ་མཱ་ཙྪནྡནྣ་པྲ་ཏི་སམྦེ་ད་ཡཱ་མྱུ་དཱ་སནྟ་མ་ཏི། <འོན་ཀྱང་ཡོད་པ་ཉིད་བདག་འདོད་པ་རྣམས་ལ་འདོད་པའི་འདུན་པ་སོ་སོར་མྱང་བར་མི་བྱའོ། །> གནས་པ་དང་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་དཔལ་ལེན་ན་རེ་གོ་རིམས་བཞིན་དུ་གནས་པ་ཡང་དག་པར་བསྟན་པའི་ཕྱིར་དང་སྐྱེ་བ་ཡང་དག་པར་བསྟན་པའི་རྣམ་གྲངས་གཉིས་གསུངས་སོ་ཞེས་ཟེར་རོ། །དེ་ཉིད་བསྟན་པའི་ཕྱིར་རྒྱུའི་ རྒྱུན་ཇི་སྲིད་པ་དེ་སྲིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འབྱུང་བའི་དབང་དུ་མཛད་པ་ཡིན་ན་ཞེས་བྱ་བ་ལ་འདིར་ནི་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པར་བྱའོ་ཞེས་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་དུ་བྱས་པ་ཡིན་ཏེ་དེར་གནས་པའི་དབང་དུ་མཛད་པའི་ཕྱིར་གནས་ པའི་ཚིག་ཏུ་ཐལ་བ་ཅི་ཞིག་ཡོད། གནས་པ་ཡང་སྐྱེ་བ་ཉིད་དོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་འཇིག་པ་བཞིན་དུ་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་གཞན་ཡིན་པའི་ཕྱིར་རོ། །སྐྱེ་བ་གཉིས་ལ་ཡང་རྣམ་གྲངས་གཞན་གྱི་ཁྱད་པར་བཤད་དོ། །ཅི་སྟེ་དང་པོར་སྐྱེད་པས་སྐྱེ་བ་དང་རྒྱུན་བསྐྱེད་པས་ གནས་པ་ཞེས་བྱ་བའི་ཁྱད་པར་ཡོད་པ་རྣམ་གྲངས་ཀྱིས་བརྗོད་པ་དེ་ཉིད་ཀྱི་ཕྱིར་རིམ་པ་ཐ་དད་པ་ཞེས་བྱ་བ་རྒྱས་པར་འབྱུང་ལ། གནས་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེའི་ཕྱིར་སྔར་ནི་འདི་སྐྱེས་པས་འདི་སྐྱེ་ཞེས་སྐྱེ་བ་ཁོ་ན་བརྗོད་པར་བྱ་བ་ལ། ཕྱིས་ནི་འདི་ཡོད་པས་འདི་ འབྱུང་ཞེས་པས་བརྗོད་པར་བྱ་བ་འམ། གོ་རིམས་ལས་བརྒལ་ན་ཡང་དགོས་པ་བརྗོད་པར་བྱའོ། །ཡང་སྨྲས་པ་ཞེས་བྱ་བ་ནི་གནས་བརྟན་དེ་ཉིད་ཀྱིས་སོ། །གལ་ཏེ་མདོའི་དོན་ཡིན་པར་འགྱུར་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ཡོད་པས་ཞེས་བྱ་བ་ནི་འབྲས་བུ་ ཡོད་པས་སོ། །འདི་ཞེས་བྱ་བ་ནི་རྒྱུ་སྟེ། ཐེ་ཚོམ་མེད་པའི་ཕྱིར་མི་འབྱུང་ངོ་། །ཞེས་བྱ་བ་དེ་སྐད་དུ་བཀའ་སྩལ་པར་འགྱུར་ཏེ། བཅོམ་ལྡན་འདས་ཐེ་ཚོམས་ཟ་གསུང་བར་མི་འགྱུར་རོ། །འབྲས་བུ་ཡོད་ན་ཕྱིས་རྒྱུ་འཇིག་པར་འགྱུར་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་ཅིག་ ཅར་དུ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་གོ་རིམས་ལེགས་པ་ཡིན་ནོ་ཞེས་བྱ་བ་ལ་འཇིག་པ་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་། དེ་ཡང་སྔར་བསྟན་པའི་ཕྱིར་རོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་སྔར་འཇིག་པ་བསྟན་ལ་ཕྱིས་སྐྱེ་བ་ བསྟན་ན་སྟེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན་ཞེས་དྲི་བ་མཛད་ནས་འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ཞེས་བྱ་བར་གང་ལས་འབྲས་བུ་ཡོད་ན་རྒྱུ་འཇིག་པར་འགྱུར་རོ་ཞེས་དེ་སྐད་འཆད་པར་འགྱུར་བ་འཇིག་པའི་ཚིག་ཏུ་ཐལ་བ་ཅི་ཞིག་ཡོད། བྱིས་པ་ནི་རྟེན་ཅིང་འབྲེལ་པར་ འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱིས་པ་ཞེས་བྱ་བ་ནི་བདེན་པ་མ་མཐོང་བའོ། །འདུ་བྱེད་ཙམ་ཞེས་བྱ་བ་ཙམ་གྱི་སྒྲ་ནི་འདི་ན་འདུ་བྱེད་པ་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །མི་ཤེས་པ་ཞེས་བྱ་བས་ནི་མ་འདྲེས་པའི་མ་རིག་པ་སྟོན་ཏོ། །བདག་ཏུ་ལྟ་བ་ དང་ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་ཅིང་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དག་ལ་རབ་ཏུ་གནས་ཤིང་ཞེས་བྱ་བའི་དོན་ཏེ། འདིས་ནི་བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང་མཚུངས་པར་ལྡན་པའི་མ་རིག་པ་བསྟན་ཏོ། །ལུས་ལ་སོགས་པ་དག་གིས་ལས་ རྣམ་པ་གསུམ་བརྩམ་སྟེ་ཞེས་བྱ་བ་འབྱུང་ངོ་། །བདག་ཉིད་ཅེས་བྱ་བ་ནི་གང་དུ་འདི་བདག་གོ་སྙམ་དུ་ལྟ་བ་དང་། གང་གིས་རློམ་པ་དེའོ། །བདེ་བའི་དོན་ཏམ། སྡུག་བསྔལ་གྱི་དོན་ཏམ། ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོགས་པའི་གསུམ་དག་གིས་ཞེས་བྱ་སྟེ། ལུས་ཀྱི་ རྣམ་པ་གསུམ་དང་། ངག་དང་ཡིད་ཀྱི་ཡང་རྣམ་པ་གསུམ་མོ། །ཚེ་ཕྱི་མ་ལ་བདེ་བའི་དོན་དུ་ཞེས་བྱ་བ་ནི་འཇིག་རྟེན་གཞན་དུ་བདེ་བའི་དོན་དུའོ། །བསོད་ནམས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་སྟེ། འདི་ལྟར་འཇིག་རྟེན་ཕ་རོལ་ཏུ་བདེ་བ་འདོད་པ་རྣམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་རྣམས་ ལ་འཇུག་གོ། དེ་དག་ནི་ཕལ་ཆེ་བའི་སྒོ་ནས་བསྟན་པ་སྟེ། ལྟ་བ་ལོག་པས་བསླུས་པ་འགའ་ཞིག་ནི་ཕྱི་མ་ལ་བདེ་བའི་དོན་དུ་བསོད་ནམས་མ་ཡིན་པ་བརྩམ་མོ། །བདེ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་དོན་དུ་མི་གཡོ་བ་ཞེས་བྱ་བ་ནི། གཟུགས་དང་གཟུགས་མེད་ པ་ན་སྤྱོད་པ་སྟེ། བསམ་གཏན་གསུམ་པའི་བར་དུ་ཚེ་ཕྱི་མ་ལ་བདེ་བའི་དོན་དང་། དེའི་གོང་དུ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་དོན་དུའོ། །ཚེ་འདི་ལ་བདེ་བའི་དོན་དུ་ནི་བསོད་ནམས་མ་ཡིན་པ་བརྩམ་སྟེ་ཞེས་བྱ་བར་སྦྱར་ཏེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་ལ་སོགས་ པ་དང་། ངག་གིས་བརྫུན་སྨྲ་བ་ལ་སོགས་པ་དང་། ཡིད་ཀྱིས་བརྣབ་སེམས་ལ་སོགས་པ་དག་གོ། ལས་ཀྱི་འཕེན་པའི་དབང་གིས་ཞེས་བྱ་བ་ལ། ཇི་སྐད་བསྟན་པའི་ལས་དག་གིས་འཕངས་པ་ནི་ལས་ཀྱི་འཕེན་པའོ། །དེའི་དབང་གིས་ན་དེའི་རྒྱུ་མཚན་གྱིས་ཏེ། རྒྱུ་དེས་རྣམ་པར་ཤེས་ པའི་རྒྱུན་སྲིད་པ་བར་མ་དང་འབྲེལ་བས་ཐག་ཤིན་ཏུ་རིང་ཡང་འགྲོ་བ་དེ་དང་དེར་འགྲོ་བར་འགྱུར་རོ། །སྲིད་པ་བར་མ་ཡང་རྣམ་པར་ཤེས་པ་དྲུག་དང་ལྡན་པའི་ཕྱིར་དེ་ལྟར་བཤད་ན། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བཤད་པ་དེ་འཐད་པ་ཡིན་ནོ་ཞེས་སྨོས་སོ། ། ཇི་ལྟར་ཞེ་ན། གལ་ཏེ་རྣམ་པར་ཤེས་པའི་རྒྱུན་ལས་ཀྱིས་ཡོངས་སུ་བསྒོས་པ་ཐམས་ཅད་སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནས་བཟུང་སྟེ། སྐྱེ་བའི་སྐད་ཅིག་གི་བར་དུ་འདུ་བྱེད་ཀྱི་རྐྱེན་ཅན་རྣམ་པར་ཤེས་པའོ་ཞེས་བྱ་བ་ཡིན་ན་ནི། དེའི་རྣམ་པར་ཤེས་པ་རྣམ་པར་དབྱེ་བ་ བསྟན་པའི་རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བྱ་བ་རིག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཅན་ཞེས་བྱ་བ་ན་ནི་དེ་ལྟ་ན་རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་རྣམ་པར་ཤེས་པ་རྣམ་པར་དབྱེ་བ་དང་འགལ་བར་ འགྱུར་ཏེ། གནས་སྐབས་དེར་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཙམ་ཞིག་ཏུ་འགྱུར་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་ཉིང་མཚམས་སྦྱོར་བས་གཞན་དག་མེད་པར་འགྱུར་རོ། །དེའི་ཕྱིར་འདི་སྐད་དུ། རྣམ་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་གསུངས་པར་འགྱུར་ གྱི། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་ཡང་རྣམ་པར་ཤེས་པའི་རྒྱུན་ཁོ་ན་དེའི་ཚེ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་ཡན་ལག་ཡིན་གྱི། གཟུགས་ལ་སོགས་པའི་ཕུང་པོའི་རྒྱུན་གང་ཡིན་པ་དེར་གྱུར་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གནས་སྐབས་པ་ཁོ་ན་བཤད་ པར་འགྱུར་རོ། །བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང་མཚུངས་པར་ལྡན་པའི་མ་རིག་པ་ཁོ་ན་འདུ་བྱེད་རྣམས་ཀྱི་རྒྱུ་ཡིན་གྱི། བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིག་པར་སྨྲ་བ་མ་ཡིན་ནོ། །འདིར་ལྷན་ཅིག་འབྱུང་ བའི་རྒྱུའི་འབྲས་བུ་ཡིན་པའི་ཕྱིར་བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་མ་རིག་པ་དང་ལྷན་ཅིག་པ་དག་ནི་འདུ་བྱེད་རྣམས་ཀྱི་རྒྱུ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་ཁ་ཅིག་དེ་ལ་རྒོལ་བར་བྱེད་དོ། །བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དག་མ་རིག་ པ་ཉིད་ཀྱི་ཕྱིར་མ་རིག་པའི་སྟོབས་ཀྱིས་འདུ་བྱེད་སྐྱེ་བ་ལ་རྒྱུར་འགྱུར་བའི་ཕྱིར་མ་རིག་པ་ཉིད་འདིར་རྐྱེན་དུ་བརྗོད་དེ་ཆོས་གཞན་ནི་མ་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་ནི་འབྲེལ་པ་ཉིད་དེ། འདུ་བྱེད་བསྐྱེད་པ་ལ་བྱེད་པ་ཅི་ཡང་མེད་དོ། །མིང་དང་གཟུགས་ཕུང་པོ་ལྔ་པོ་དེར་སྐྱེ་བར་འགྱུར་ཏེ། འདིར་མིང་དང་གཟུགས་ནི་མ་ཤི་བར་དུ་ཡན་ལག་ཏུ་རིག་པར་བྱའི། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར། མིང་དང་གཟུགས་ནི་དེ་ཕན་ཆད་སྐྱེ་མཆེད་དྲུག་པོ་ཚུན་ཆད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཡང་མིང་དང་གཟུགས་ཕུང་པོ་ལྔ་པ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་རྣམ་པར་འབྱེད་པ་ལས་དེ་སྐད་བསྟན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མིང་དང་གཟུགས་རྣམ་པར་འབྱེད་པའི་མདོ་ལས། མིང་གང་ཞེ་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་རོ། །གཟུགས་གང་ཡིན་པ་ཅི་ཡང་ རུང་སྟེ། འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་དེ་ཐམས་ཅད་དེ། གཟུགས་དང་སྔར་གྱི་མིང་འདི་གཉིས་ནི་མིང་དང་གཟུགས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་ངོ་། །མིང་དང་གཟུགས་ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་ནུར་ནུར་པོ་དང་། མེར་མེར་ པོ་དང་། ནར་ནར་པོ་དང་། མཁྲང་འགྱུར་ལ་སོགས་པའི་ངོ་བོས་དབང་པོ་བསྐྱེད་པར་བྱ་བ་ལ་ཆེས་དང་། ཤིན་ཏུ་ཆེས་ཉེ་བའི་ངོ་བོའི་རིམ་པས་སོ། །འདོད་པའི་སྲེད་པ་ནི་འདོད་པ་ན་སྤྱོད་པའི་སྲེད་པའོ། །བདེ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་ གཟུགས་ཀྱི་སྲེད་པའོ་ཞེས་བྱ་བ་ལ། བསམ་གཏན་གསུམ་ན་ནི་ཚོར་བ་བདེ་བ་ལ་གཟུགས་ཀྱི་སྲེད་པ་གཟུགས་ན་སྤྱོད་པའོ། །བསམ་གཏན་བཞི་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གཟུགས་ཀྱི་སྲེད་པའོ། །གཟུགས་མེད་པའི་ཁམས་ན་ནི་ཚོར་བ་གཞན་མེད་ པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གཟུགས་མེད་པའི་སྲིད་པ་སྟེ། ཐམས་ཅད་ལ་སྡུག་བསྔལ་གྱིས་གཟིར་བ་ཞེས་བྱ་བར་སྦྱར་བར་བྱའོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་ཏོ་ཞེས་བྱ་བ་ལ། འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ ཞུགས་དང་། བདག་ཏུ་སྨྲ་བ་རྣམས་ཉེ་བར་ལེན་ཏོ། །དེ་ལ་འདོད་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་དག་གོ་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རེག་བྱ་རྣམས་སོ། །འདོད་པར་བྱ་ཞིང་དོན་དུ་ཉེ་བར་བྱ་བས་ན་འདོད་པ་རྣམས་ཏེ། དེ་ཉིད་ཀུན་ཏུ་རྟོགས་པའི་འདོད་པས་བྱང་ པས་ན་ཡོན་ཏན་ཏེ། གོམས་ཞེས་བྱ་བའི་དོན་ཏོ། །བརྟུལ་ཞུགས་ནི་ཁྱི་དང་བ་ལང་གི་བརྟུལ་ཞུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རི་དགས་ཀྱི་བརྟུལ་ཞུགས་ལ་སོགས་པ་དག་བསྡུའོ། །ཇི་སྐད་དུ་གཅེར་བུ་པ་ལ་སོགས་པ་རྣམས་ནི་ཞེས་བྱ་བ་ལ། འདི་ཡང་བརྟུལ་ཞུགས་ཡིན་ནོ། །བྲམ་ཟེའི་བརྟུལ་ཞུགས་ནི་དབྱུ་གུ་དང་གཡང་གཞི་ཡང་དག་པར་ལེན་པའོ། །ཕྱུགས་བདག་པའི་ནི་རིལ་བ་དང་ཐལ་བའོ། །ཀུན་ཏུ་རྒྱུའི་ནི་དབྱུ་གུ་གསུམ་པ་དང་སྦྲེའོ་ཡང་དག་པར་ལེན་པའོ། །བདག་ཏུ་སྨྲ་བ་ནི་ལུས་ལ་སྟེ་ཞེས་བྱ་བ་ནི་གང་གི་ ཕྱིར་འདི་ལ་བདག་ཅེས་བརྗོད་པའི་ཕྱིར་ཏེ། དེ་ལ་བདག་ཏུ་སྨྲ་བ་ཡོད་པས་ན་བདག་ཏུ་སྨྲ་བའོ་ཞེས་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ངམ་བྲམ་ཟེ་གང་སུ་ཡང་རུང་སྟེ། བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་བས་ཡང་དག་པར་རྗེས་སུ་ལྟ་བ་དེ་ཐམས་ཅད་ནི་ཉེ་བར་ལེན་ པའི་ཕུང་པོ་ལྔ་པོ་འདི་དག་ལ་ཞེས་བྱ་བ་རྒྱས་པར་ཇི་སྐད་དུ་གསུངས་པ་ལྟ་བུའོ། །གལ་ཏེ་ལུས་བདག་ཡིན་ན། དེ་ལྟ་ན་བདག་ཉེ་བར་ལེན་པ་ཞེས་བྱ་བ་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར་བདག་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཡོད་ན་ནི་བདག་ཉེ་བར་ ལེན་པ་ཞེས་བརྗོད་ན་དེ་ནི་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་མེད་པར་ཞེས་བྱ་བའི་ཕྱིར་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བཤད་དོ། །བྱིས་པ་ཐོས་པ་དང་མི་ལྡན་པ་སོ་སོའི་སྐྱེ་བོ་ཞེས་བྱ་བ་གོ་རིམས་བཞིན་དུ་ལྷན་ཅིག་སྐྱེས་པ་དང་། ལུང་དང་རྟོགས་པ་ལས་སྐྱེས་ པའི་ཤེས་རབ་རྣམས་མེད་པའི་ཕྱིར་ཏེ། གང་ཞིག་སྔོན་གོམས་པའི་བག་ཆགས་ལས་བྱུང་བ་སྐྱེ་བས་ཐོབ་པའི་ཤེས་རབ་མེད་པ་དེ་ནི་བྱིས་པའོ། །གང་ཞིག་ལུང་ལས་བྱུང་བ་མེད་པ་དེ་ནི་ཐོས་པ་དང་མི་ལྡན་པའོ། །གང་ཞིག་རྟོགས་པ་ལས་བྱུང་བ་བདེན་པ་མངོན་པར་རྟོགས་པ་ལས་ སྐྱེས་པ་མེད་པ་དེ་ནི་སོ་སོ་སྐྱེ་བོའོ། །བདག་ཏུ་ལྟ་བ་དག་ལ་སྟེ་དེ་ལ་འདོད་པ་ལ་སོགས་པ་མ་ཐོབ་པ་དག་ལ་ནི་འདུན་པ་སྟེ་དོན་དུ་གཉེར་བའོ། །ཐོབ་པ་དག་ལ་ནི་འདོད་ཆགས་ཏེ་མངོན་པར་ཞེན་པའོ། །བདག་ཏུ་སྨྲ་བ་རྣམས་ལ་སྟེ་དེ་ལ་འདོད་པ་ལ་སོགས་པ་མ་ཐོབ་པ་དག་ལ་ནི་འདུན་པ་སྟེ་དོན་དུ་ གཉེར་བའོ། །ཐོབ་པ་དག་ལ་ནི་འདོད་ཆགས་ཏེ་མངོན་པར་ཞེན་པའོ། །ཡུལ་མ་ཐོབ་པ་རྣམས་ལ་ནི་འདུན་པ་སྟེ། དོན་དུ་གཉེར་བའོ། །ཐོབ་པ་རྣམས་ལ་ནི་འདོད་ཆགས་ཏེ། འདོད་པ་ལ་སོགས་པ་དེ་རྣམས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་ཉེ་བར་ལེན་པ་ཡིན་གྱི། ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་བཅས་ཏེ་ལྟ་རྣམ་གཉིས། །ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་སྲིད་པའི་ཞེས་བྱ་བ་ནི་ཡང་སྲིད་པའི་འབྲས་བུ་ཅན་ཡིན་ནོ། །དེ་ནི་འདིར་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི། འདི་ནི་འདིར་སྲིད་པའོ་ ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ། འདི་འདིར་སྲིད་པའི་ཚིག་བླ་དགས་སམ་མཚན་ཉིད་དོ་ཞེས་ཟེར་རོ། །རྣམ་པར་ཤེས་པ་འཇུག་པའི་ཚུལ་དུ་ཞེས་བྱ་བ་ནི་ལས་ཀྱི་འཕེན་པའི་དབང་གིས་རྣམ་པར་ཤེས་པའི་རྒྱུན་སྲིད་པ་བར་མ་དང་འབྲེལ་བའི་ཕྱིར་མེ་འབར་བ་འགྲོ་བའི་ཚུལ་ དུ་འགྲོ་བ་དེ་དང་དེར་འགྲོ་བར་འགྱུར་ཏེ་ཞེས་སྔར་ཇི་སྐད་བཤད་པ་བཞིན་ནོ། །མདོ་དེ་ལས་ཇི་སྐད་བཤད་པ་ལྟ་བུའོ་ཞེས་བྱ་བ་ནི། རྒ་བ་གང་ཞེ་ན་སྤྱི་ཅེར་དང་མགོ་སྐྱ་དང་གཉེར་མ་མང་བ་དང་རྙིངས་པ་དང་རྒུར་པ་དང་འཁྱོགས་པ་དང་། གོ་བཱ་ན་སཱ་གྱོལ་པོ་དང་དབུགས་ཀྱི་སྒྲ་ངར་ངར་པོ་ འབྱུང་བ་དང་། ལུས་མདུན་དུ་དགུ་བས་ལུས་འཁར་བ་ལ་བརྟེན་པ་དང་ལུས་སྨེ་བ་ནག་པོས་ཁྱབ་པ་དང་། དྷ་ནུ་དྷྭ་མནྡ་ཏྭཾ་ཉམས་པ་དང་དབང་པོ་ཡོངས་སུ་ཉམས་པ་དང་ཡོངས་སུ་སྨིན་པ་དང་ཡོངས་སུ་བྱེ་བ་དང་འདུ་བྱེད་རྣམས་རྙིངས་པར་གྱུར་པ་དང་འཁྱོགས་པར་གྱུར་པ་གང་ཡིན་ པ་འདི་ནི་རྒ་བ་ཞེས་བྱ་འོ། །འཆི་བ་གང་ཞེ་ན། སེམས་ཅན་གང་ཡིན་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེ་ནས་འཆི་ཞིང་འཕོ་བ་ཉིད་དེ་ཚེ་དང་དྲོད་ཉམས་ཤིང་ཕུང་པོ་རྣམས་འདོར་ལ་སྲོག་གི་དབང་པོ་འགགས་པ་འཆི་བའི་དུས་བྱེད་པ་གང་ཡིན་པ་འདི་ནི་འཆི་བ་ཞེས་བྱ་ སྟེ། འཆི་བ་འདི་དང་སྔར་གྱི་དགའ་བ་འདི་གཉིས་ནི་རྒ་ཤི་ཞེས་བྱ་བའོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྔར་བཤད་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔ་པའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་དག་ཡིན་ནོ་ཞེས་བྱ་བའོ། །ཡི་གེ་མའི་དོན་ དུ་མ་ཉིད་ཡིན་པར་མཐོང་སྟེ། འདྲི་བ་ནི་མ་རིག་པའི་དོན་གང་ཡིན་ཞེས་བྱའོ། །ཆོས་མ་ཡིན་པ་དང་དོན་མ་ཡིན་པ་དང་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མ་རིག་པ་དང་ཐ་སྙད་མ་ཡིན་པ་དང་། མི་མ་ཡིན་པ་ལ་སོགས་པ་རྣམས་བསྡུའོ། །ཆོས་ལ་སོགས་པའི་མི་ མཐུན་པར་ཞེས་བྱ་བ་ལ། ཆོས་དང་དོན་དང་རིག་པ་དང་། ཐ་སྙད་དང་མི་ལ་སོགས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་གྱི། ཆོས་ལ་སོགས་པ་མེད་པ་ཙམ་མ་ཡིན་ལ། ཆོས་ལ་སོགས་པ་དག་ལས་གཞན་ཡང་མ་ཡིན་པ་དེ་བཞིན་དུ་མ་རིག་པ་ཡང་མི་མཐུན་པའི་ ཕྱོགས་སུ་གྱུར་པའི་ཆོས་ཡིན་གྱི། རིག་པ་ལས་གཞན་པ་མ་ཡིན་ཞིང་མེད་པ་ཙམ་མ་ཡིན་ནོ། །རྐྱེན་གྱིས་དངོས་པོར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་འདུ་བྱེད་རྣམས་ཀྱི་རྐྱེན་གྱི་དངོས་པོར་བསྟན་ན། མེད་པ་ནི་བརྗོད་དུ་མེད་པའི་ཕྱིར་རྐྱེན་གྱི་ དངོས་པོར་རིགས་པ་མ་ཡིན་ལ། མིག་ལ་སོགས་པ་དག་ཀྱང་འདུ་བྱེད་ཀྱི་རྐྱེན་གྱི་དངོས་པོ་མ་ཡིན་ཏེ། དགྲ་བཅོམ་པ་ལ་ཡང་འདུ་བྱེད་འཕེལ་བར་བྱེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །ཀུན་སྦྱོར་སོགས་ཚིག་ཕྱིར་ཞེས་བྱ་བ་ལ། ཀུན་ཏུ་སྦྱོར་བ་དག་ཏུ་ནི་མ་རིག་པའི་ཀུན་ཏུ་ སྦྱོར་བ་ཞེས་བཤད་ལ། ཟག་པ་དག་ཏུ་ནི་མ་རིག་པའི་ཟག་པ་འཆིང་བ་དག་ཏུ་ནི་གཏི་མུག་གི་འཆིང་བ་ཕྲ་རྒྱས་དག་ཏུ་ནི་མ་རིག་པའི་ཕྲ་རྒྱས། ཆུ་བོ་དག་ཏུ་ནི་མ་རིག་པའི་ཆུ་བོ། །སྦྱོར་བ་དག་ཏུ་ནི་མ་རིག་པའི་སྦྱོར་བ་ཞེས་བྱ་ན། མེད་པ་ཙམ་ནི་ དེ་ལྟར་འགྱུར་བར་མི་འོས་ལ། མིག་ལ་སོགས་པ་དག་ཀྱང་ཀུན་ཏུ་སྦྱོར་བ་དང་། འཆིང་བ་ལ་སོགས་པ་དག་ཏུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་རྣམས་ཀྱང་མ་གྲོལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མ་རིག་པའི་མི་མཐུན་ཕྱོགས་སུ་གྱུར་པ་ཆོས་གཞན་ ཁོ་ན་མ་རིག་པ་ཡིན་ནོ། །དེ་ཡང་ལྟ་བའི་རང་བཞིན་ཡིན་པས་ཞེས་བྱ་བ་ལ། སྨད་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་ཡིན་གྱི། ཉོན་མོངས་པ་ཅན་མ་ཡིན་པས་དགེ་བ་དང་ལུང་དུ་མ་བསྟན་པ་ནི་མ་ཡིན་ལ། དེ་ཡང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་རྣམས་པ་ལྔ་ཡིན་ན། ལྟ་བ་ནི་མ་རིག་པར་མི་རུང་སྟེ། མ་རིག་པའི་ཕྲ་རྒྱས་ལྟ་བའི་ཕྲ་རྒྱས་ཞེས་འདོད་ཆགས་ལ་སོགས་པ་བཞིན་དུ་ལོགས་ཤིག་ཏུ་གསུངས་པའི་ཕྱིར་རོ། །འོ་ན་ནི་གང་ཉོན་མོངས་པ་ཅན་གྱི་ཤེས་རབ་ལྟ་བ་མ་ཡིན་པ་དེ་མ་རིག་པར་འགྱུར་ལ། དེ་ཡང་འདོད་ཆགས་དང་ཞེ་སྡང་དང་ང་ རྒྱལ་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར་ཞེས་བྱ་བ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་ཉོན་མོངས་པའི་ས་མང་པོ་པར་ངེས་པས་ལྟ་བ་མ་རིག་པ་དང་མཚུངས་པར་ལྡན་ལ་ངོ་བོ་ ཉིད་ནི་ངོ་བོ་ཉིད་ཀྱིས་བསྡུས་པ་ཡིན་གྱི། མཚུངས་པར་ལྡན་པ་མ་ཡིན་ནོ། །གང་ཟག་གཅིག་ལ་སེམས་གཉིས་ཡོད་པ་མ་ཡིན་ནོ། །དུས་མཚུངས་པ་ཞེས་ཆོས་མངོན་པར་བཤད་དེ། ཇི་ལྟར་སེམས་ཉིད་སེམས་ལས་བྱུང་བ་རྣམས་དང་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་ མཚུངས་པར་ལྡན་པའི་ཕྱིར་རོ། །དེས་ན་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་ན་མ་རིག་པ་ཤེས་རབ་ཉིད་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཤེས་རབ་ཉེ་ཉོན་མོངས་སྟོན་ཕྱིར་ཞེས་བྱ་བ་འདི་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་སེམས་ཀྱི་ཉེ་བའི་ ཉོན་མོངས་པ་སེམས་ལས་བྱུང་བ་འདོད་ཆགས་གཞན་ཉིད་ཡིན་པར་གསུངས་ཀྱི། སེམས་མ་ཡིན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཉེ་བའི་ཉོན་མོངས་པ་ཡང་དེ་དང་མཚུངས་པར་ལྡན་པས་མ་རིག་པ་ཆོས་གཞན་ཡིན་པར་རིགས་ཀྱི། ཤེས་རབ་ཀྱི་ཉེ་བའི་ཉོན་མོངས་པ་ ཤེས་རབ་ཉིད་ནི་མ་ཡིན་ཏེ་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེ་ཡང་གདོན་མི་ཟ་བར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཡིན་ནམ་ཅི་ཞེས་བྱ་བ་ནི་འདོད་ཆགས་དང་མཚུངས་པར་ལྡན་ནམ་ཞེས་བྱ་བའོ། །བག་ཆགས་ཏེ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་གནས་ངན་ ལེན་གྱི་བག་ཆགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཞེས་བྱ་བ་ལ། འདིར་མ་རིག་པའི་སྒྲས་ནི་ཤེས་རབ་ཉོན་མོངས་པ་ཅན་ཁོ་ན་རིག་པར་བྱ་སྟེ། གང་གི་ཕྱིར་ཐལ་མ་ཐག་ཏུ་ཡང་ཅིའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་དང་ ཞེས་རྒྱས་པར་འབྱུང་བའི་ཕྱིར་རོ། །མ་རིག་པས་ཉེ་བར་བཅོམ་པ་ཡང་དེ་བཞིན་དུ་རྟོགས་པར་བྱ་སྟེ། མ་རིག་པ་དང་མཚུངས་པར་ལྡན་པ་ལས་ནི་མ་ཡིན་ནོ། །དེས་ན་ཤེས་རབ་ཀྱི་རྫས་གཉིས་ཅིག་ཅར་ཡོད་པ་མ་ཡིན་ཏེ། ཛཱ་ཏྱནྟ་ར་མེ་བཱ་བི་དྱཱ་ཝརྞཱ་ཡཾ་ཏྱ་ནཱ་ག་མི་ཀ་པ་རི་ཀལྤ་སྱ། <སྐྱེ་བ་གཞན་ཁོ་ན། མ་རིག་པ། བསྔགས་པར་བྱེད། ཕྱིར་མི་འོང་བ། ཡོངས་སུ་བརྟག་པའི།> གང་ཡང་ ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཏེ་དེ་ནི་ཉོན་མོངས་པ་ཐམས་ཅད་མ་རིག་པ་ཡིན་ནོ། །སྙམ་དུ་སེམས་སོ། །ཅིའི་ཕྱིར་ཞེ་ན་ཚེ་དང་ལྡན་པ་གསུས་པོ་ཆེ་དེས་རབ་ཏུ་མི་ཤེས་ཤིང་རབ་ཏུ་མི་ཤེས་པ་ནི་མ་རིག་པ་ཞེས་བྱ་བའི་མདོའི་ཕྱིར་རོ། །དེས་ཞེས་ བྱ་བ་ནི་གང་ཡོད་ན་རིག་པ་མེད་པ་དེ་ནི་མ་རིག་པ་སྟེ། རྒྱུ་མེད་ན་ནི་འགའ་ཡང་ཡོད་པ་མ་ཡིན་ལ། ཉོན་མོངས་པ་ཐམས་ཅད་ཡོད་ན་ཡང་རིག་པ་མེད་པ་ཡིན་ནོ། །ཀུན་ཏུ་སྦྱོར་བ་ལ་སོགས་པའི་ནང་དུ་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཞིང་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ མ་རིག་པ་ཡིན་པས་ཏེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ལ་སོགས་པའི་ནང་དུ་མ་རིག་པའི་ཀུན་ཏུ་སྦྱོར་བ་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཏེ། ཀུན་ཏུ་སྦྱོར་བ་ལྷག་མ་དང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་འཆིང་བ་དག་གི་ནང་དུ་གཏི་མུག་གི་འཆིང་བ་ཞེས་བྱ་ བར་ལོགས་ཤིག་ཏུ་བཤད་པར་ཡང་མི་འགྱུར་ཏེ། འདོད་ཆགས་དང་ཞེ་སྡང་དང་ཐ་མི་དད་པའི་ཕྱིར་རོ། །ཕྲ་རྒྱས་དག་གི་ནང་དུ་མ་རིག་པའི་ཕྲ་རྒྱས་ཞེས་བྱ་བར་ཡང་མ་ཡིན་ཏེ། ཕྲ་རྒྱས་ལྷག་མ་དང་ཐ་མི་དད་པའི་ཕྱིར་རོ། །ཆུ་བོ་དག་གི་ནང་དུ་ མ་རིག་པའི་ཆུ་བོ་དང་། སྦྱོར་བ་དག་གི་ནང་དུ་མ་རིག་པའི་སྦྱོར་བ་ཞེས་བྱ་བར་ལོགས་ཤིག་ཏུ་ཡང་བཤད་པར་ཡང་མི་འགྱུར་ཏེ། ཆུ་བོ་དང་སྦྱོར་བ་ལྷག་མ་དང་ཐ་མི་དད་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་། ལྟ་བ་ལ་སོགས་པ་ རྣམས་ལ་རང་དང་གཞན་གྱི་བདག་ཉིད་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་ལྟ་བའམ། ཉོན་མོངས་པ་གཞན་དང་སྟེ། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་ཡང་མཚུངས་པར་ལྡན་པར་མི་འགྱུར་ཏེ། འདི་ལྟར་ལྟ་བ་ནི་ལྟ་བའམ། འདོད་ཆགས་དང་ཞེ་སྡང་དང་ མཚུངས་པར་ལྡན་པར་མི་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ཀྱང་འདོད་ཆགས་སམ་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པར་མི་འགྱུར་རོ་ཞེས་ཐམས་ཅད་ལ་བརྗོད་པར་བྱའོ། །སེམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་ཉོན་མོངས་པ་ཐམས་ཅད་ཀྱི་རང་ བཞིན་མ་རིག་པ་ཡིན་ན། འདོད་ཆགས་ཀྱང་ཉོན་མོངས་པའི་རང་བཞིན་ཡིན་པས། མ་རིག་པ་ཁོ་ན་ཡིན་པའི་ཕྱིར་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་གྲོལ་ལོ་ཞེས་བཤད་པར་མི་འགྱུར་རོ། །འོ་ན་ཇི་ལྟར་བཤད་པར་བྱ་ཞེ་ན། མ་རིག་ པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཞེས་བྱ་བར་རོ། །འོན་ཏེ་བྱེ་བྲག་ཏུ་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཉོན་མོངས་པ་ཐམས་ཅད་མ་རིག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་མ་རིག་པ་ཆེ་གེ་མོས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་མི་གྲོལ་ལོ་ཞེས་བྱ་བར་རྟོགས་པར་མི་འགྱུར་བ་དེའི་ཕྱིར་ མ་རིག་པ་བྱེ་བྲག་ཏུ་བྱ་བའི་ཕྱིར་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཞེས་བཤད་དེ། དཔེར་ན་སྐྱེ་མཆེད་བཅུ་གཉིས་པོ་དག་གཟུགས་ཀྱི་རང་བཞིན་དུ་ཁྱད་པར་མེད་ཀྱང་། བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་དང་སྒྲའི་སྐྱེ་མཆེད་ཅེས་བཤད་པ་བཞིན་ནོ། །ཤེས་ རབ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འོ་ན་ནི་ཤེས་རབ་ལ་ཡང་ཞེ་སྡང་གིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་དང་། ང་རྒྱལ་གྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་དག་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་མ་རིག་པའི་བྱེ་བྲག་བསྟན་པར་བྱ་སྟེ། དེ་ལྟ་མ་ཡིན་ན་མ་རིག་པ་གང་ གིས་ཉེ་བར་ཉོན་མོངས་པར་འགྱུར་བ་མི་རྟོགས་པར་འགྱུར་རོ། །འོན་ཏེ་ཉོན་མོངས་པ་ཐམས་ཅད་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་སྟེ། དེའི་ཕྱིར་འདིར་བྱེ་བྲག་ཉེ་བར་མི་ལེན་ནོ་ཞེ་ན་མ་ཡིན་ཏེ་སེམས་ལ་ཡང་མཚུངས་པའི་ཕྱིར་རོ། །འདི་ ལྟར་འདོད་ཆགས་ཁོ་ནས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཉོན་མོངས་པ་གཞན་དག་གིས་ཉེ་བར་ཉོན་མོངས་པར་གྱུར་པའི་སེམས་ཀྱང་རྣམ་པར་མི་གྲོལ་བས་འདི་ནི་མཚུངས་སོ། །མི་གསལ་བའོ་ཞེས་བྱ་བ་ལ། གསལ་བ་ནི་རབ་ཏུ་ཤེས་པ་ཡིན་ལ། །མི་གསལ་བ་ནི་ གསལ་བ་མ་ཡིན་པའོ། །མ་རིག་པ་ལ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ལ། གལ་ཏེ་གང་གསལ་བ་མ་ཡིན་པ་ཡིན་ན་ནི་མིག་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ། །འོ་ན་ནི་གསལ་བ་མེད་པ་ཡིན་ནོ། །དེ་ལྟ་ན་ནི་ཅི་ཡང་མ་ཡིན་པར་འགྱུར་ན། དེ་ཡང་རིག་པ་མ་ཡིན་ཏེ། རྐྱེན་གྱི་དངོས་པོར་བསྟན་པ་དེ་ལྟ་བུའི་ཕྱིར་ལ། ཀུན་ཏུ་སྦྱོར་བ་ལ་སོགས་པའི་དངོས་པོར་བསྟན་པའི་ཕྱིར་རོ། །ཇི་ལྟར་འདི་ཅི་ཞིག་ཅེས་མ་རིག་པ་མི་ཤེས་པ་དེ་བཞིན་མི་གསལ་བ་ཡང་ཡིན་ནོ་ཞེས་སྟོན་ཏེ། མ་གྲུབ་པ་ནི་མ་གྲུབ་པ་ཤེས་ པར་བྱེད་པར་ནུས་པ་ཡང་མ་ཡིན་ནོ། །ཆོས་རྣམས་བསྟན་པ་དེ་ལྟ་བུ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་བུ་ནི་རིགས་དེ་ལྟ་བུ་དང་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་གཏན་གདོན་མི་ཟ་བར་རང་བཞིན་གྱིས་ཕྱེ་བ་ཁོ་ནར་མ་ཟད་ཀྱི། ལས་ཀྱིས་རབ་ཏུ་ཕྱེ་བ་ཡང་ཡིན་པས། འདིར་རིག་པའི་མི་མཐུན་ཕྱོགས་ཀྱི་ལས་ཀྱིས་མ་རིག་པ་བསྟན་ཏེ། འདི་ལྟར་མ་རིག་པ་ལ་ཆགས་པ་དང་བྲལ་ཏེ་རིག་པ་སྐྱེའོ་ཞེས་གསུངས་སོ། །དེའི་ཕྱིར་དོན་འགའ་ཞིག་རིག་པའི་མི་མཐུན་ཕྱོགས་སུ་གྱུར་པ་གང་ཡིན་པ་དེ་ཡོད་པ་མ་ཡིན་ནོ། །དེ་ཉིད་ལ་དཔེ་བཤད་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེར་ནི་ལས་མིག་གི་རྣམ་པར་ཤེས་པའི་རྟེན་ཉིད་ཀྱིས་མིག་ངེས་པར་བྱེད་ཀྱི། རང་བཞིན་གྱིས་ནི་མ་ཡིན་ནོ། །གལ་ཏེ་གཟུགས་དང་བ་ཞེས་རང་བཞིན་གྱིས་རབ་ཏུ་ཕྱེ་བ་ཁོ་ན་ལ་མིག་གི་རྣམ་པར་ཤེས་པའི་རྟེན་ཉིད་དུ་ བརྗོད་པ་མ་ཡིན་ནམ་ཞེ་ན། གཟུགས་དང་བ་དེ་ནི་རང་གི་ངོ་བོས་ངེས་པར་མི་ནུས་ཏེ། དེ་ཉིད་ཀྱི་ཕྱིར་མིག་གི་རྣམ་པར་ཤེས་པའི་རྟེན་གང་ཡིན་པའོ་ཞེས་གསུངས་སོ། །བཙུན་པ་ཆོས་སྐྱོབ་ན་རེ་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་ནི་ཞེས་བྱ་བ་ལ་དེས་འགྲོ་བ་ཐམས་ཅད་དུ་ འཇུག་པས་ན་འཇུག་པ་སྟེ་འགྲོ་ཞེས་བྱ་བའི་དོན་ཡིན་ལ། དེའི་དངོས་པོ་ནི་འཇུག་པ་ཉིད་ཡིན་ན། འདི་ནི་ངེས་པར་མ་བྱས་པ་ཞིག་སྟེ། འདི་ལྟར་གནས་བརྟན་དེས་ཀྱང་དེའི་བརྗོད་པར་བྱ་བ་ནི་དམིགས་མ་ཕྱེད་དོ། །ངའོ་སྙམ་དུ་ཞེས་བྱ་བས་ངར་འཛིན་པ་ཡང་ཡོངས་སུ་ བཟུང་ལ། འདི་ཡང་ངའོ་སྙམ་པའི་ང་རྒྱལ་གྱི་བྱ་བ་ཡིན་པས་འདྲི་བ་ནི་ངའོ་སྙམ་པའི་ང་རྒྱལ་ལས་གཞན་པའི་འཇུག་པ་གང་ཞིག་ཅེ་ན་ཞེས་བྱ་བའོ། །གང་གི་ཕྱིར་ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པའི་ཕྲ་རྒྱས་དག་ལས་ལོགས་ཤིག་ཏུ་འཇུག་པ་གསུངས་པ་དེའི་ཕྱིར་ངའོ་སྙམ་པའི་ ང་རྒྱལ་ཉིད་འཇུག་པ་མ་ཡིན་པར་རྟོགས་སོ། །སྲེད་པ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བས་འདོད་ཆགས་ལ་སོགས་པའི་རྣམ་པ་ཐམས་ཅད་ལས་ལོགས་ཤིག་ཏུ་གསུངས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པ་གཞན་མ་ཡིན་ལ། མ་རིག་པ་ ནི་མ་གསུངས་པའི་ཕྱིར་འཇུག་པའི་སྒྲས་ནི་མ་རིག་པ་གསུངས་སོ་ཞེས་བྱ་བར་ཤེས་སོ། །ང་རྒྱལ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་མདོ་འདི་ལས་ནི་ངའོ་སྙམ་པའི་ང་རྒྱལ་ཁོ་ན་རང་གི་སྒྲས་གསུངས་ཀྱི། ང་རྒྱལ་གཞན་མ་ཡིན་པས་འཇུག་པའི་སྒྲས་ངའོ་སྙམ་པའི་ང་རྒྱལ་ལས་ གཞན་པའི་ང་རྒྱལ་བསྟན་པར་འགྱུར་རོ་ཞེས་བྱ་བའོ། །སློབ་དཔོན་འདུས་བཟང་ན་རེ། དོན་དེ་ལྟ་མ་ཡིན་ཏེ། ངའོ་སྙམ་པའི་ང་རྒྱལ་བསྟན་པས་ང་རྒྱལ་ལྷག་མ་ཡང་གཟུང་བ་ཡིན་ཏེ། མང་པོའི་ཚིག་གིས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །འདིར་ཉོན་མོངས་པ་གཙོ་བོ་སྨོས་ པས་མཚོན་པ་བཞིན་ནོ། །ལྟ་བ་རྣམས་ལས་བདག་དང་བདག་གི་བདག་ཐ་དད་དུ་བསྟན་ཏེ། དེ་དག་ནི་ལྟ་བ་ཐམས་ཅད་ཀྱི་རྩ་བ་མ་ཡིན་པའི་ཕྱིར་གཙོ་བོ་དག་གོ། །ཐ་དད་དུ་བསྟན་པ་དག་ནི་ཕྲ་རྒྱས་བརྗོད་པའི་ཕྱིར་ཡང་ངོ་། །ཁོང་ཁྲོ་བ་དང་ཐེ་ཚོམ་གྱི་ཕྲ་རྒྱས་དག་ཀྱང་ གཟུང་ངོ་། །ད་ནི་མ་རིག་པ་ཁོ་ན་འདིར་གཙོ་བོ་སྟེ། ཉོན་མོངས་པ་རྣམས་ལས་ཁྱད་པར་དུའོ། །དེ་ཐ་དད་དུ་བསྟན་པ་མེད་པ་ཨ་ན་ཏཱ་པྲ་ས་ག་སྱཱ་དི་ཏི། དེ་ཉིད་འདིར་འཇུག་པ་ཉིད་དུ་མ་བརྗོད་དོ། །ཀུན་ནས་འགྲོ་ཞིང་ཐམས་ཅད་དུ་འགྲོ་བས་ན་འཇུག་པ་སྟེ། འགྲོ་བར་ བྱེད་ཅེས་བྱ་བའི་དོན་ཏོ། །དེའི་དངོས་པོ་ནི་འཇུག་པ་ཉིད་ཅེས་བྱའོ། །འདིར་ཐམས་ཅད་ཀྱི་ཞེས་བྱ་བ་སོ་སོ་ལ་མང་པོའི་ཚིག་འགྲོ་བ་མ་ཡིན་ཏེ། བདག་དང་བདག་གི་བདག་རེ་རེ་ལ་མང་པོའི་ཚིག་ཡོད་པ་མ་ཡིན་ནོ། །སྲེད་པ་ལ་སོགས་པ་བཞིན་ནོ། །རྣམ་པ་མེད་ པ་དེའི་ཕྱིར་བདག་དང་བདག་གི་བ་ལ་སོགས་པ་ཐམས་ཅད་ལ་མང་པོའི་ཚིག་སྦྱར་རོ། །ང་རྒྱལ་གྱི་སྒྲ་ཡིས་ང་རྒྱལ་གྱི་ཁྱད་པར་རེ་རེ་གཟུང་བར་མི་འགྱུར་ལ། ང་རྒྱལ་སྨོས་པ་དེ་ལ་ཁྱད་པར་མ་ཡིན་པའི་ཕྱིར་ངར་འཛིན་པ་སྨོས་པར་ཡང་ལྟ་བ་མ་ལུས་པ་སྨོས་པ་མ་ཡིན་ནོ། །ཕྲ་རྒྱས་ ཀྱི་སྒྲ་ཡིས་ཀྱང་ཁོང་ཁྲོ་དང་ཐེ་ཚོམ་དག་ཁོ་ན་གཟུང་ངོ་། །ལྟ་བ་ལ་སོགས་པ་བཞིན་དངོས་སུ་མ་ཡིན་ནོ། །རྒྱུ་ཡོད་པ་དེའི་ཕྱིར་ཕྲ་རྒྱས་ཀྱི་སྒྲ་ནི་མངོན་པར་ཞེན་པ་བཞིན་དུ་ངར་འཛིན་པ་ལ་སོགས་པ་རྣམས་ལ་ཡང་སྦྱར་རོ་ཞེས་ཤེས་སོ། །དེའི་ཕྱིར་འདིར་མ་རིག་པ་ཁོ་ན་ཁྱད་པར་དུ་མ་བྱས་ ཏེ། འོ་ན་ཅི་ཞེ་ན། ཉོན་མོངས་པ་གཞན་ཡང་ངོ་། །དེའི་ཕྱིར་འདིར་འཇུག་པའི་སྒྲ་ཡིས་ཅི་མ་རིག་པ་བཤད་དམ་འོན་ཏེ་ཉོན་མོངས་པ་གཞན་ཞེས་བྱ་བ་མི་ཤེས་སོ། །འདིར་ཡང་རྣམ་པར་དཔྱད་པ་ཞེས་བྱ་བ་ལ། ཅི་ང་རྒྱལ་གཞན་ནམ་སྟེ་མ་རིག་པ་ཡོད་པ་ལས་ཞེས་རྣམ་པར་ དཔྱད་ན་བརྗོད་པར་བྱ་བ་མང་དུ་འབྱུང་བས་རྣམ་པར་དཔྱད་པའི་ཞར་ལས་བྱུང་བ་ཡིན་པའི་ཕྱིར་འདི་ནི་གཞག་གོ། །གཟུགས་ནི་རྒྱ་ཆེར་བཤད་པ་ཡིན་ནོ་ཞེས་བྱ་བ་ལ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པས་ རྒྱས་པར་བཤད་ཟིན་ཏོ། །མིང་དང་གཟུགས་ཅན་མིང་ཕུང་པོ་ཞེས་བྱ་བ། སྒྲ་འཇུག་པའི་རྒྱུ་མཚན་འདྲི་བ་ནི་ཅིའི་ཕྱིར་ཞེས་བྱ་བ་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ལ་མིང་ཞེས་བརྗོད་ཅེས་བྱ་བའོ། །སྒྲ་འཇུག་པའི་རྒྱུ་མཚན་བསྟན་པའི་ཕྱིར་མིང་དང་ དབང་པོ་དང་དོན་གྱི་དབང་གིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །མིང་དང་དབང་པོ་དང་དོན་དང་གསུམ་གྱི་དབང་གིས་གཟུགས་ལ་སོགས་པའི་དོན་རྣམས་ལ་གཞོལ་བས་མིང་སྟེ། དམིགས་པར་འཛིན་པ་འདུད་པ་ལ་བརྟེན་ནས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མིང་གི་དབང་གིས་ ནི་གཟུགས་ལ་སོགས་པ་མངོན་སུམ་དང་མངོན་སུམ་མ་ཡིན་པ་དག་ལའོ། །དབང་པོ་དང་དོན་གྱི་དབང་གིས་ནི་མངོན་སུམ་པ་དག་ལ་གཞོལ་ལོ། །མིང་གང་གིས་ཞེས་བྱ་བ་ནི་གསུང་རབ་ལས་ཕུང་པོ་བཞིའི་མཚན་ཉིད་དམ་འབོད་མིང་གི་མཚན་ཉིད་ཅན་ལ་མིང་དུ་གྲགས་པ་དེའི་ཕྱིར་ ཐེ་ཚོམ་ཟའོ། །འཇིག་རྟེན་ན་གྲགས་པ་གང་ཡིན་པ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་འབོད་མིང་གི་མཚན་ཉིད་གཟུང་སྟེ། ཕུང་པོ་བཞིའི་མཚན་ཉིད་ཅན་འཇིག་རྟེན་དུ་མ་གྲགས་པའི་ཕྱིར་རོ། །དེ་ལ་བ་ལང་དང་རྟ་ཞེས་བྱ་བ་ནི་གོང་བུ་གོ་བར་བྱེད་པ་ཡིན་ནོ། །གཟུགས་ དང་རོ་ཞེས་བྱ་བ་ནི་དོན་གཅིག་གོ་བར་བྱེད་པ་ཡིན་ཏེ་རྫས་གོ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་ན་ནི་འོ་ན་དམིགས་པ་མེད་པའི་ཕྱིར་ལྡན་པ་མ་ཡིན་པ་རྣམས་ལ་མིང་ཉིད་མི་སྲིད་དོ་ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པ་རྣམས་ཁོ་ན་ལ་དམིགས་པ་ལ་གཞོལ་བ་ཉིད་མི་སྲིད་པའི་ཕྱིར་ གཟུགས་ཅན་མ་ཡིན་པ་རྣམས་ཁོ་ན་མིང་ཡིན་ནོ། །དེ་མེད་པས་ལྡན་པ་མ་ཡིན་པ་རྣམས་ལ་མིང་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ་གཟུགས་བཞིན་ནོ། །དཔེར་ན་གཞིག་ཅིང་གཞོམ་དུ་རུང་བས་གཟུགས་ཡིན་ཞིང་། ཐོགས་པ་མེད་པས་འདས་པ་དང་མ་འོངས་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་ དང་། རྡུལ་ཕྲ་རབ་རྣམས་ལ་གཟུགས་སུ་རུང་བ་ཡོད་པ་ཡང་མ་ཡིན་ལ། དེ་དག་གཟུགས་མ་ཡིན་པ་ཉིད་ཀྱིས་མ་ཡིན་ཞིང་འདི་གཟུགས་ཁོ་ན་ལ་ཡོད་པས་གཟུགས་ཀྱི་ངེས་ཚིག་མ་ཡིན་པ་བཞིན་ནོ། །དེ་ཡང་ཞེས་བྱ་བ་ནི་གང་འཇིག་རྟེན་ན་གྲགས་པ་བ་ལང་དང་རྟ་ཞེས་བྱ་བའོ། ། ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གིས་མིང་ཉིད་ཡིན་ཞེས་བྱ་བའོ། །མིང་དེ་དང་དེ་ཞེས་བྱ་བ་ལ་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་མིང་ཉིད་ཡིན་ཏེ་ཕུང་པོ་བཞིར་བཤད་དེ། །གཞན་དག་ན་རེ་འདིར་ལུས་བོར་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་སྐད་དུ། ཤི་ཤིང་དུས་བྱས་པ་དེའི་ལུས་རུལ་པ་དེ་ ཉེ་དུ་རྣམས་ཀྱིས་མེས་བསྲེག་པའམ། ཆུར་བསྒྱུར་བའམ། སའི་འོག་ཏུ་འཇུག་པར་འགྱུར་ཞིང་། རླུང་དང་ཉི་མ་དག་གིས་སྐམ་པ་དང་། ཡོངས་སུ་ཟད་པ་དང་གཏུགས་པར་འགྱུར་ཏེ། སེམས་ཞེས་བྱ་བ་དང་། ཡིད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དད་པས་ ཡོངས་སུ་བསྒོས་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་གང་ཡིན་པ་དེ་ནི་ཕྱི་མ་ལ་གོང་དུ་འགྲོ་བ་དང་། ཁྱད་པར་དུ་འགྲོ་བ་དང་། མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པར་ཤེས་པ་གཞོལ་བ་ནི་ མར་མེ་འཕོ་བའི་ཚུལ་དུ་ཡིན་པར་རིག་པར་བྱའོ། །སྐྱེ་མཆེད་དྲུག་བཤད་ཟིན་ཏོ། །གང་དུ་བཤད་ཅེ་ན། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། མིག་ལ་སོགས་གཟུགས་ཞེས་བྱ་བ་དེར་མིག་ལ་སོགས་པའི་སྐྱེ་མཆེད་ལྔ་པོ་རྣམས་སོ། །རྣམ་ཤེས་སོ་སོ་རྣམ་རིག་པ་ཞེས་བྱ་བ་ དེར་ཡིད་ཀྱི་སྐྱེ་མཆེད་དོ། །རེག་དྲུག་ཅེས་བྱ་བས་རྟེན་གྱི་དབྱེ་བས་རེག་པའི་དབྱེ་བ་ཙམ་ཞིག་བཤད་ལ། འདུས་ཏེ་བྱུང་བ་ཡིན་ཞེས་བྱ་བ་འདིར་ཡང་རྒྱུ་བཤད་ཀྱི་ངོ་བོ་ནི་མ་ཡིན་ཏེ། འདུས་པ་ནི་ལན་ཅིག་འབྱུང་བའོ་སྙམ་དུ་བསམས་ནས་སྨྲས་པ་ནི། རེ་ཞིག་ལྷན་ཅིག་སྐྱེ་བའི་ ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སྐྱེ་བའི་དུས་ཐ་དད་པའི་ཕྱིར་ལྷན་ཅིག་འབྱུང་བ་མི་སྲིད་དོ་སྙམ་ཞིང་ཡིད་ཀྱི་དབང་པོ་འགགས་པ་གོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ་ཞེས་ བྱ་བས་ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པ་ཡིན་པའི་ཕྱིར་འགགས་པའོ། །གཟུགས་ལ་སོགས་པའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་པར་བྱ་བ་རྣམས་ནི་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་མ་འོངས་པའོ། །སེམས་དང་སེམས་ལས་བྱུང་བ་ད་ལྟར་བ་རྣམས་ཁོ་ནས་དམིགས་པ་ དམིགས་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ནི་ད་ལྟར་གྱིའོ། །ཇི་ལྟར་འདུས་ཞེས་བྱ་བ་ནི་འདུ་བ་ཡོད་པ་མ་ཡིན་པ་དེ་ཉིད་དེ། དུས་ཐ་དད་པར་གཏོགས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །རྒྱུ་དང་འབྲས་བུའི་དངོས་པོ་གང་ཡིན་པ་ཞེས་བྱ་བ་ལ་ཡིད་ཀྱི་ རྣམ་པར་ཤེས་པ་ནི་འབྲས་བུའི་དངོས་པོའོ། །ཡིད་ཀྱི་དབང་པོ་དང་ཆོས་རྣམས་ནི་རྒྱུའི་དངོས་པོའོ། །རིག་པ་བསྐྱེད་པར་བྱ་བ་ལ་མཐུན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རེག་པ་བསྐྱེད་པར་བྱ་བའི་ཆེད་དུ་ཕན་ཚུན་རྗེས་སུ་མཐུན་པ་སྟེ། རེག་པ་བསྐྱེད་པ་ལ་ཐམས་ཅད་ཀྱང་རྗེས་སུ་མཐུན་ པར་འགྱུར་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གཅིག་པའི་དོན་ནོ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་རྣམ་པར་ཤེས་པ་རྣམས་འབྲས་བུ་གཅིག་ཉིད་ལ་འདུ་བ་ཞེས་བརྗོད་དོ། །འདི་རེག་པའི་ཚོགས་ཞེས་བྱ་བ་ལ། གལ་ཏེ་ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་རྣམས་འདུས་པ་ཙམ་རིག་པ་ ཡིན་ན་ནི་དེ་དག་ལས་དོན་གཞན་དུ་གྱུར་པ་མ་ཡིན་ལ། དེ་ལྟ་ཡིན་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དྲུག་ཚན་ལས་ལོགས་ཤིག་ཏུ་གསུང་བར་མི་འགྱུར་ཏེ། གང་དག་ཡང་རེག་པ་སྨོས་པས་བསྟན་པར་བྱས་སོ་ཞེས་རྟོག་པ་དེ་དག་ལས་ཐ་དད་པའི་དུས་ཡུལ་དང་དབང་པོ་དང་ རྣམ་པར་ཤེས་པ་དག་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྲེད་པ་ལ་སོགས་པ་བཞིན་དུ་དེ་དག་ལས་ལོགས་ཤིག་ཏུ་བསྟན་པས་དེ་དག་འདུས་པ་ཙམ་ནི་རེག་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་དག་ལས་ལོགས་ཤིག་ཏུ་བསྟན་པས་རེག་ པ་དེ་དག་ལས་ལོགས་ཤིག་ཏུ་ཡོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན། ཚོར་བ་དང་སྲེད་པ་དག་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་ལོགས་ཤིག་ཏུ་བསྟན་པས་སྲེད་པ་ལ་སོགས་པ་ལྟར་ལོགས་སུ་ཡོད་ན། །དེ་ལྟ་ན་ཆོས་ཀྱི་རྣམ་གྲངས་དྲུག་ ཚན་དྲུག་པ་འདི་ཉིད་ལས་ཚོར་བ་དང་སྲེད་པ་དག་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ཏུ་བཤད་པས་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ཏུ་ཡོད་པར་ཐལ་བར་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ལོགས་ཤིག་ཏུ་གསུངས་པ་ནི་གཞན་ཉིད་ཀྱི་རྒྱུ་མ་ཡིན་ཏེ་འཁྲུལ་པའི་ ཕྱིར་རོ། །དེ་དག་ལས་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཚོར་བ་དང་སྲེད་པ་དང་གཉིས་བསལ་ནས་ཆོས་ཀྱི་སྐྱེ་མཆེད་ཅེས་བསྟན་པ། ཚོར་བ་དང་སྲེད་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་འདུས་མ་བྱས་དང་། རྣམ་པར་རིག་བྱེད་མ་ཡིན་པ་ དང་། འདུ་ཤེས་དང་སེམས་ལ་སོགས་པའི་མཚན་ཉིད་ཅན་ཡང་ཡོད་དེ། དེའི་ཕྱིར་གང་ཞིག་གང་ལས་ལོགས་ཤིག་ཏུ་བསྟན་པ་དེ་ནི་དེ་ལས་ཐ་དད་པ་ཁོ་ན་ཡིན་པས་ལོགས་སུ་བསྟན་པ་ལ་འཁྲུལ་པ་མེད་པ་ཉིད་དོ། །དེ་ལྟ་བུར་ནི་འདིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་བུར་གང་ཞིག་མདོ་ འདིར་ནང་དང་ཕྱིའི་སྐྱེ་མཆེད་སྨོས་པ་དང་། རྣམ་པར་ཤེས་པ་སྨོས་པས་སྨོས་སུ་རུང་བ། རེག་པ་ཞེས་བྱ་བའི་རྒྱུ་དང་འབྲས་བུར་གྱུར་པ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ལས་གཞན་གསུམ་རེག་པར་མ་གྱུར་པ་གང་ཡིན་པ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རེག་པ་ནི་དབང་པོ་དང་ ཡུལ་དང་རྣམ་པར་ཤེས་པ་རྣམས་ལས་གཞན་ཁོ་ན་ཡིན་ཏེ། ལོགས་ཤིག་ཏུ་བསྟན་པའི་ཕྱིར་རོ། །ཅི་སྟེ་དེ་དང་མཚུངས་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ཕན་ཚུན་བལྟོས་པ་མེད་པ་རྣམས་ཀྱི་ནང་དང་ཕྱིའི་སྐྱེ་མཆེད་དང་རྣམ་པར་ཤེས་པ་དྲུག་པོ་དག་ལོགས་ཤིག་ཏུ་བསྟན་ལ། རྟེན་པ་ མཚུངས་པ་ཕན་ཚུན་བལྟོས་པ་རྣམས་ནི་རེག་པའི་ཚོགས་སྨོས་པས་སྨོས་པའི་ཕྱིར་ན་དེ་དོན་གཞན་གྱི་དངོས་པོ་མ་ཡིན་ཡང་། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་དག་ལས་ལོགས་ཤིག་ཏུ་བསྟན་པར་མི་འགལ་ལོ་སྙམ་ན་གལ་ཏེ་རྣམ་པར་ཤེས་པའི་ཞེས་བྱ་བ་རྒྱས་པར་འབྱུང་ ངོ་། །དོན་དང་དབང་པོ་དག་ནི་དེ་དང་མཚུངས་པ་ཡིན་པས་རྣམ་པར་ཤེས་པ་ལ་མི་ལྟོས་པར་འགྱུར་ན། རྣམ་པར་ཤེས་པ་ནི་དོན་དང་དབང་པོ་མེད་པ་མ་ཡིན་ཏེ། དེ་དག་གི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །རྒྱུ་ནི་འབྲས་བུ་མེད་པར་ཡང་ཡོད་ན་འབྲས་བུ་ནི་རྒྱུ་མེད་པར་མ་ཡིན་ཏེ་དེ་ལ་རག་ལས་ཏེ་སྐྱེ་ བའི་ཕྱིར་རོ། །དེའི་ཕྱིར་གང་རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་ལོགས་ཤིག་ཏུ་བསྟན་པར་བྱ་བ་དོན་དང་དབང་པོ་ལྟར་རེག་པར་མ་གྱུར་པའི་རྣམ་པར་ཤེས་པ་དོན་དང་དབང་པོ་ལ་བལྟོས་པ་མེད་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་གསུམ་བསྟན་ཟིན་པས་ཞེས་བྱ་བས་ནི་ཡུལ་དང་ དབང་པོ་དང་རྣམ་པར་ཤེས་པ་དག་གོ། །རེག་པ་སྨོས་པ་ནི་དོན་མེད་དོ་ཞེས་བྱ་བ་ལ། དབང་པོ་དང་དོན་དང་རྣམ་པར་ཤེས་པ་དེ་དག་ཁོ་ན་རེག་པ་ཡིན་ལ། དེ་དག་ཀྱང་བསྟན་པས་ཡང་རེག་པའི་ཚོགས་དྲུག་ཅེས་བསྟན་པ་དོན་མེད་པར་འགྱུར་ན། འདོད་པ་ ཡང་མ་ཡིན་ཏེ། དེས་ན་རེག་པ་ནི་འདུས་པ་ལས་གཞན་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་བྱའོ། །གང་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་ཞེས་བྱ་བ་ལ། མིང་དང་གཟུགས་སྔར་སྐྱེས་པ་དག་དང་། མིག་གི་རྣམ་པར་ཤེས་པ་ཕྱིས་སྐྱེས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ པས་དེ་དག་ཁོ་ན་རེག་པའི་དངོས་པོར་བཞག་ལ། མིག་ལ་སོགས་པ་གང་དག་རྒྱུ་དང་འབྲས་བུར་གྱུར་པ་དེ་དག་ནི་ནང་དང་ཕྱིའི་སྐྱེ་མཆེད་དང་རྣམ་པར་ཤེས་པའི་ཚོགས་ཉིད་དུ་བསྟན་ཏེ། དེ་དག་ཀྱང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་པ་རྣམས་དང་། ཕན་ ཚུན་ཆོད་པ་སྔ་ཕྱིར་སྐྱེས་པས་སོ་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ཏེ། འདི་ལ་ཡང་ལན་ནི་གལ་ཏེ་རྣམ་པར་ཤེས་པ་མེད་པའི་དབང་པོ་དང་དོན་དག་ཅེས་རྒྱས་པར་འབྱུང་བ་དེ་ཉིད་ཡིན་ནོ། །དེ་སྐད་དུ་མི་འདོན་ཏོ་ཞེས་བྱ་བ་ནི་དང་པོར་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། ཆོས་གསུམ་ པོ་འདི་དག་འབྲེལ་པ་དང་། འདུས་པ་དང་། ཚོགས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རེག་པའོ་ཞེས་ལྔ་པར་བྱེད་པའོ། །ཡང་ན་ནི་འདི་རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་ལ། རེག་པའི་རྒྱུ་གསུམ་འདུས་པ་ནི་རེག་པར་སྨྲའོ་ཞེས་བྱ་བའི་དོན་ཏོ། །ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་ པའི་ཕྱིར་ཞེས་བྱ་བ་ལ་མིག་ལ་སོགས་པ་དག་ནི་རང་གི་ཡུལ་དུ་གཟུགས་ཅན་གཞན་སྐྱེ་བ་ལ་གེགས་བྱེད་པས་ཐོགས་པ་དང་བཅས་པའོ། །གཞན་དག་ན་རེ་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་དང་། གཅིག་ཏུ་ཐོགས་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡིན་པའི་ ཕྱིར་ཞེས་ཟེར་རོ། །ཚིག་བླ་དགས་ཞེས་བྱ་བ་ནི་མིང་ཡིན་ནོ་ཞེས་བྱ་བ་ནི་ལྷས་བྱིན་མཆོད་སྦྱིན་ཞེས་བྱ་བ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དེ། དེ་ནི་དྲུག་པ་ཁོ་ནའི་ཡུལ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་ཉིད་རབ་ཏུ་བསྟན་པའི་ཕྱིར་དེ་ལྷག་པར་འདིའི་དམིགས་པ་ཡིན་པའི་ ཞེས་བྱ་བ་སྨོས་ཏེ། གྲག་ཅེས་བྱ་བའི་སྒྲ་ནི་སྒྲ་ལས་མ་གཏོགས་པའི་མིང་མེད་པར་ཤེས་པར་བྱ་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པས་ནི་སྔོན་པོ་རྣམ་པར་ཤེས་ཀྱི་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་རང་གི་ངོ་བོ་རྣམ་པར་ཤེས་སོ། །སྔོན་པོའོ་ཞེས་བྱ་བར་ནི་རྣམ་པར་མི་ཤེས་སོ་ཞེས་ བྱ་བ་ནི་མིང་གི་སྒོ་ནས་རྣམ་པར་མི་ཤེས་པ་སྟེ། །མིག་གི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་རང་གི་ངོ་བོ་དང་མིང་གཉིས་ཀའི་སྒོ་ནས་རྣམ་པར་ཤེས་པ་སྟེ། དེའི་མིང་དང་མིང་ཅན་གྱི་འབྲེལ་པ་འཛིན་པར་ནུས་པའི་ཕྱིར་ རོ། །གཅིག་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཐོགས་པའི་རེག་པ་སྟེ། ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་རོ། །གཞན་དག་ན་རེ་རྟེན་དང་དམིགས་པ་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ནི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ཚིག་ བླ་དགས་ཀྱི་རེག་པ་སྟེ། ལྷག་པར་ཚིག་བླ་དགས་ཀྱི་དམིགས་པ་ཅན་ཡིན་པའི་ཕྱིར་རོ། །ཚིག་གི་དབང་དུ་བྱས་ནས་ཞེས་བྱ་བ་ལ། ཚིག་གི་སྒོ་ནས་ཚིག་ངེས་པར་གཟུང་སྟེ། རྣམ་པར་རྟོག་པས་གཟུགས་ལ་སོགས་པའི་དོན་རྣམས་ལ་ཡིད་ཀྱི་རྣམ་པར་ཤེས་པ་རབ་ཏུ་འཇུག་གི། རྣམ་ པར་ཤེས་པའི་ཚོགས་ལྔ་པོ་རྣམས་ནི་མ་ཡིན་ཏེ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཡང་ན་ཚིག་གི་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཉེ་བར་བསྟན་པས་མིང་དང་མིང་ཅན་གྱི་འབྲེལ་པ་ལ་བྱང་བ་ཉིད་ཀྱིས་རྣམ་པར་ཤེས་པའི་སྒོ་ནས་བུམ་པ་དང་སྣམ་བུ་ཞེས་བྱ་བར་རྟོགས་པ་ཡིན་ནོ། །དེས་ན་ ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཚིག་བླ་དགས་སོ། །གཞན་དག་ན་རེ་ཀུན་ནས་སློང་བའི་ཚིག་གི་དབང་དུ་བྱས་ནས་འཇུག་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཚིག་བླ་དགས་སོ་ཞེས་ཟེར་རོ། །གཉིས་པ་ནི་མཚུངས་པར་ལྡན་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ལ་ཚིག་བླ་དགས་ནི་ཡིད་ཡིན་ལ་ དེ་དང་མཚུངས་པར་ལྡན་པའི་རིག་པ་ནི་ཚིག་བླ་དགས་ཀྱི་རིག་པའོ། །རིག་པ་དང་མ་རིག་པ་དག་མཚུངས་པར་ལྡན་པ་མ་ཡིན་པས་དེ་ཁྱད་པར་གྱི་ཁྱད་པར་དུ་བྱས་པའོ། །ཚོར་བ་དང་བདེ་བ་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚོར་བ་བདེ་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ་ཞེས་བྱ་བ་དང་། ཚོར་བ་བདེ་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །ཇི་ལྟར་དེ་བྱ་བའམ་བྱ་བ་ནུས་པར་བྱ་བར་འགྱུར་བ་ཡིན་པ་དེ་བཞིན་དུ་དེ་མྱང་བར་བྱ་བའམ། མྱང་བར་ནུས་པའི་ཕྱིར་མྱང་བར་འགྱུར་ བའོ། །དེ་དག་ནི་རེག་པ་བཅུ་དྲུག་ཡིན་ནོ་ཞེས་བྱ་བ་ནི་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་དྲུག་དང་། ཐོགས་པ་དང་ཚིག་བླ་དགས་ཀྱི་རེག་པ་གཉིས་དང་། རིག་པ་དང་མ་རིག་པ་དང་གཞན་གྱི་རིག་པ་གསུམ་དང་། གནོད་སེམས་དང་རྗེས་སུ་ཆགས་པའི་རེག་པ་གཉིས་དང་། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་གསུམ་སྟེ། དེ་ལྟར་དེ་དག་ཐམས་ཅད་ནི་བཅུ་དྲུག་ཏུ་འགྱུར་རོ། །རེག་པ་རྣམ་པར་གཏན་ལ་དབབ་པ་དང་། རབ་ཏུ་དབྱེ་བ་དང་བཅས་ཏེ་བཤད་ཟིན་ཏོ། །ཚོར་བ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ། ཚོར་བ་མྱོང་བ་ཞེས་སྔར་ཚོར་བ་བཤད་ཟིན་པ་མ་ ཡིན་ནམ་ཞེ་ན། བཤད་པ་བདེན་མོད་ཀྱི་དེར་ནི་རང་གི་ངོ་བོའི་སྒོ་ནས་ཡིན་གྱི་རབ་ཏུ་དབྱེ་བས་ནི་མ་ཡིན་ལ། འདིར་ནི་རབ་ཏུ་དབྱེ་བའི་སྒོ་ནས་བསྟན་པ་བརྗོད་པར་འདོད་པའི་ཕྱིར་ཟློས་པའི་སྐྱོན་མེད་དེ། དེ་ཉིད་ཀྱི་ཕྱིར་དེ་ལས་བྱུང་བ་ཚོར་བ་དྲུག་ཅེས་སྨོས་སོ། །དེ་དག་ཀྱང་མདོར་བསྡུ་ན་ཚོར་བ་ གཉིས་སུ་འགྱུར་ཏེ། ལུས་ཀྱི་དང་སེམས་ཀྱིའོ། །དེ་ཉིད་ཀྱི་ཕྱིར། དེ་དག་ལས་ལྔ་ནི་ལུས་ཀྱིའོ་ཞེས་བྱ་བ་སྨོས་སོ། །སེམས་ཀྱི་ཡིན་ཡང་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཞེས་བྱ་སྟེ། རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་དང་། ལུས་ལ་བརྟེན་པའི་ཕྱིར་ན་ ལུས་ཀྱི་སྒྲ་ནི་མིག་ལ་སོགས་པ་དག་ལ་འཇུག་གོ། །སེམས་ཙམ་བརྟེན་པའི་ཕྱིར་ཞེས་བྱ་བ་ལ་ཙམ་ཞེས་བྱ་བ་སྨོས་པ་ནི་དེ་ལས་ལྷག་པའི་རྟེན་བཅད་པར་བྱ་བའི་ཕྱིར་རོ། །ལུས་ཀྱི་ཡང་སེམས་ལ་བརྟེན་པ་ཡིན་མོད་ཀྱི། སེམས་ཙམ་ལ་བརྟེན་པ་ནི་མ་ཡིན་ཏེ། དེའི་རྟེན་ནི་མིག་ ལ་སོགས་པ་རྣམས་ཀྱང་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཚོར་བ་རེག་པའི་འོག་ཏུ་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གཉིས་ཀ་ལྟར་ཡང་འགལ་བར་མཐོང་བའི་དྲི་བའོ། །བྱེ་བྲག་ཏུ་སྨྲ་བ་སྨོས་པ་ནི་ཁ་ཅིག་ན་རེ་སྐྱེད་པར་བྱེད་པའི་ཆོས་ལས་འདས་པས་མ་འོངས་པའི་དོན་དུ་ ཡིན་ནོ་ཞེས་ཟེར་རོ། །ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཚོར་བ་ནི་རེག་པ་དང་དུས་མཉམ་པ་ཡིན་ཏེ། དེ་ལས་གཞན་པའི་སེམས་ལས་བྱུང་བ་བཞིན་ནོ། །ཇི་ལྟར་ལྷན་ཅིག་འབྱུང་བ་གཉིས་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོར་གྲུབ་ཅེས་བྱ་བ་ལ། སྐྱེད་ པར་བྱེད་པའི་དངོས་པོ་ནི་སྐྱེད་པར་བྱེད་པ་ཉིད་དེ། འབྲས་བུ་བསྐྱེད་པར་ནུས་པའོ། །བསྐྱེད་པར་བྱ་བའི་དངོས་པོ་ནི་བསྐྱེད་པར་བྱ་བ་ཉིད་དེ། བདག་ཉིད་དུ་མ་རེག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོ་ནི་སྐྱེས་པ་དང་མ་ སྐྱེས་པ་དག་ལ་གྲུབ་ཀྱི་སྐྱེས་ཟིན་པ་དག་ཁོ་ན་ལ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །ལྷན་ཅིག་འབྱུང་བ་གཉིས་ལ་ཡང་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོ་མི་འགལ་བར་མཐོང་སྟེ་འདྲི་བ་ནི་ཇི་ལྟར་མི་འགྲུབ་ཅེས་བྱ་བའོ། །མཐུ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། སྐྱེས་ ཟིན་པ་བདག་ཉིད་ཐོབ་པ་ནི་ཡང་བསྐྱེད་པར་མི་ནུས་ཏེ། དེའི་ཕྱིར་དེ་ལ་བསྐྱེད་པའི་མཐུ་ཡོད་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་ཆོས་སྐྱེས་ཟིན་པ་ལ་ནི་ཆོས་ཀྱི་ནུས་པ་མེད་དོ་ཞེས་བྱ་བ་སྨོས་སོ། །དམ་བཅས་པ་དང་། བྱེ་བྲག་མེད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་གང་ཞིག་དམ་ བཅས་པས་ཉེ་བར་གཟུང་བ་དེ་ཉིད་གཏན་ཚིགས་ཀྱི་ཚིག་གིས་ཀྱང་གཟུང་བས་དམ་བཅས་པ་དང་བྱེ་བྲག་མེད་དོ། །དེ་ཉིད་བསྟན་པའི་ཕྱིར་ལྷན་ཅིག་འབྱུང་བ་གཉིས་ཞེས་རྒྱས་པར་སྨོས་ཏེ། ཕན་ཚུན་བསྒྲུབ་བྱ་སྒྲུབ་བྱེད་ཡིན་པའི་ཕྱིར་དམ་བཅའ་བ་དང་ཁྱད་པར་མེད་དེ་ཞེས་བྱ་བའོ། ། གལ་ཏེ་དམ་བཅའ་བ་དང་བྱེ་བྲག་མེད་པའི་ཕྱིར་འདི་སྒྲུབ་པར་བྱེད་པ་མ་ཡིན་ན། འོ་ན་ནི་ཕན་ཚུན་སྐྱེད་པར་བྱེད་པ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། གང་ལས་འདིར་གཅིག་ཁོ་ན་སྐྱེད་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་གྱི་རྒྱུ་ནི་འགའ་ཡང་འདི་ལ་ ཡོད་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་རེག་པ་དང་ཚོར་བ་གཉིས་ཕན་ཚུན་སྐྱེད་བྱེད་ཉིད་དུ་ཐལ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འགལ་ལོ། །དེའི་ཕྱིར་ལྷན་ཅིག་ཏུ་འབྱུང་བ་གཉིས་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོར་མི་རིགས་སོ། །གནས་སྐབས་པ་ཉིད་ཀྱི་ཕྱིར་རྟེན་ཅིང་ འབྲེལ་པར་འབྱུང་བ་འགལ་བར་བལྟ་བའི་ཕྱིར། འདོད་པའི་ཕྱིར་ཉེས་པ་མེད་དེ་ཞེས་སྨོས་སོ། །མདོ་ལས་མི་བཞེད་དེ་ཞེས་བྱ་བ་ལ། རེག་པ་དང་ཚོར་བའི་གནས་སྐབས་དག་ཁོ་ན་ཕན་ཚུན་སྐྱེད་པར་བྱེད་པ་ཉིད་དུ་མདོ་ལས་མི་བཞེད་པ་འདི་འབའ་ ཞིག་སྟོན་པར་མ་ཟད་ཀྱི། འོ་ན་ཅི་ཞེ་ན། མུ་ཁྱ་ཡོར་པི་རེག་པ་དང་ཚོར་བ་དག་ཕན་ཚུན་འབྲས་བུ་ཉིད་དུ་ཡང་མི་བཞེད་པ་སྟེ། མིག་གི་འདུས་ཏེ་རེག་པ་ཞེས་རྒྱ་ཆེར་མདོ་ལས་འབྱུང་ངོ་། །སློབ་དཔོན་འདུས་བཟང་ན་རེ། རེག་པ་རྣམ་པ་གཉིས་ཏེ། བཏགས་པར་ཡོད་པ་དང་། རྫས་སུ་ཡོད་པའོ། །དེ་ལ་བཏགས་པར་ཡོད་པ་ནི། ཇི་སྐད་བཤད་པ་སྟེ། གང་འདི་ཆོས་གསུམ་རྣམས་འགྲོགས་པ་དང་འདུས་པ་དང་ཚོགས་པ་ལས་འདུས་ཏེ་རེག་པའོ། །རྫས་སུ་ཡོད་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ཕྱི་རོལ་དང་བཅས་པའི་མིང་དང་གཟུགས་ཏེ། འདི་གཉིས་དང་ གཉིས་ལ་ངེས་པར་བརྟེན་ནས་རེག་པ་མིང་དང་གཟུགས་ཀྱི་རྐྱེན་ཏེ། དེ་བཞིན་དུ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེ་ལ་གང་འདི་བཏགས་པར་ཡོད་པ་ནི་ཚོར་བ་དང་བཅས་པའི་རྐྱེན་དུ་མི་འདོད་དོ། །ཚོར་བ་ནི་དེའི་རྐྱེན་ཉིད་དོ། །མིག་དང་གཟུགས་དང་ མིག་གི་རྣམ་པར་ཤེས་པ་ཚོགས་པ་རྣམས་ཚོར་བ་ལ་བརྟེན་ནས་སྐྱེ་བ་མེད་དོ། །དེ་ལྟ་མོད་ཀྱི་ཤེས་པ་སྐྱེ་བས་མིག་གི་རྣམ་པར་ཤེས་པ་ཉིད་མིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་ནི་སེམས་ལས་བྱུང་བའི་རྟེན་ཡིན་པའི་ཕྱིར་མིག་དང་གཟུགས་དག་ཀྱང་ཚོར་བའི་རྒྱུའི་ གཙོ་བོ་སྟེ། ཚོར་བ་སྐྱེ་བའི་རྒྱུ་ཉིད་ཀྱིས་བརྗོད་དོ། །བཏགས་པར་ཡོད་པའི་ཚོར་བ་ནི་མདོ་ལས་ཕན་ཚུན་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ངོ་བོ་བཀག་པའི་ཕྱིར་མདོ་དང་འགལ་བ་མེད་དོ། །རྫས་སུ་ཡོད་པ་ནི་སེམས་ལས་བྱུང་བའི་རེག་པ་ཡང་དག་པར་མྱོང་བ་ལས་ཚོར་བ་དང་ལྷན་ཅིག་ཕན་ཚུན་རྐྱེན་ ཡིན་ནོ། །རེག་པ་ནི་སེམས་ལས་བྱུང་བ་སྟེ་དེའི་འབྲས་བུར་གྱུར་པ་ལས་ཚོར་བ་དང་ལྷན་ཅིག་པའི་དངོས་པོར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། སྐྱེད་པར་བྱེད་པའི་ཆོས་ལས་འདས་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བ་གཉིས་ཅིག་ཅར་ནི་མི་འགྲུབ་སྟེ། ས་བོན་དང་མྱུ་གུ་ བཞིན་ནོ། །སྔ་ཕྱིའི་དངོས་པོ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱང་གཟུགས་ལ་སོགས་པ་འབྱུང་བ་ལས་བྱུང་བ་རྣམས་ཀྱིས་སྐྱེད་པར་བྱེད་པ་ཡིན་ནོ། །དགག་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་འདི་ལ་རིག་པ་ཡོད་པ་མ་ཡིན་ཞིང་། དེ་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བའི་ལུང་ཡོད་མོད། འོ་ན་ནི་མྱུ་གུ་དང་གྲིབ་མ་དག་དང་། མར་མེ་དང་འོད་དག་ཇི་ལྟ་བར་ཞེས་བྱ་བ་ལ། གལ་ཏེ་སྐད་ཅིག་མ་དང་པོ་ལ་གྲིབ་མ་མེད་པ་དང་འོད་མེད་པར་འགྱུར་ན་ནི་དེ་ལྟར་ལྔ་ཕྱིའི་དངོས་པོར་རྟོགས་པར་འགྱུར་ན། འགྱུར་བ་ཡང་མ་ཡིན་ཏེ། །དེའི་ཕྱིར་མྱུ་གུ་དང་མར་མེ་ནི་གྲིབ་མ་དང་ འོད་ལྷན་ཅིག་འབྱུང་བ་དག་གི་རྒྱུ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འདིར་ཡང་རྒྱུའི་ཚོགས་པ་སྔར་བྱུང་བ་ཁོ་ནར་མར་མེ་འོད་དང་བཅས་པ་དང་། མྱུ་གུ་གྲིབ་མ་དང་བཅས་པའི་རྒྱུར་ཅི་སྟེ་མི་འདོད། གཞན་ཡང་འགྲོ་བ་དང་གནས་པ་དང་། རྣམ་པར་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་དང་། ཡོད་པ་དང་མེད་པ་དག་ཀྱང་དེ་དག་གི་རྒྱུ་ཅན་ཡིན་པའི་ཕྱིར། །མྱུ་གུ་དང་མར་མེ་དང་གྲིབ་མ་དང་འོད་གཉིས་ཀྱིས་སྐྱེད་པར་བྱེད་པ་ཡིན་ལ། འོད་མར་མེའི་ཡིན་པའམ། གྲིབ་མ་མྱུ་གུའི་ཡིན་ནོ་ཞེས་བྱ་བར་ནི་བསྒྲུབ་པར་ནུས་པ་མ་ཡིན་ནོ། །རེག་པ་དང་ཚོར་བ་དག་ལྷན་ཅིག་འབྱུང་བར་ དེས་ན་ནི། གང་གིས་ན་རེག་པའི་རྐྱེན་ཁོ་ནས་ཚོར་བ་ཡིན་གྱི། ཚོར་བའི་རྐྱེན་གྱིས་རེག་པ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་བ་རྒྱུ་དེ་འདྲ་བ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མི་མཐུན་པ་ཉེ་བར་བཀོད་པ་ཡིན་ནོ། །གཞན་དག་ན་རེ་རེག་པའི་འོག་ཏུ་ཚོར་བ་འབྱུང་སྟེ་ཞེས་ཟེར་ བ་ནི་སློབ་དཔོན་དཔལ་ལེན་ཏེ། དེ་ལྟར་ན་འདུས་པ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་གྱི་ལྷན་ཅིག་འབྱུང་བ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་དུས་སྔ་ཕྱིར་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཅིག་ཅར་མ་ཡིན་པའི་ཕྱིར་ དབང་པོ་དང་དོན་གཉིས་ནི་དེ་དག་གི་འབྲས་བུར་གྱུར་པའི་རྣམ་པར་ཤེས་པ་བས་སྔ་ལ། དེའི་མཇུག་ཐོགས་སུ་སྐད་ཅིག་མ་གཉིས་པ་ལ་ནི་རྣམ་པར་ཤེས་པ་སྟེ། དེ་དག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །གསུམ་འདུས་པ་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེར་རྒྱུ་དང་འབྲས་བུའི་ དངོས་པོ་རྫོགས་པའི་ཕྱིར་རོ། །སྐད་ཅིག་མ་གསུམ་པ་ལ་ཞེས་བྱ་བ་ནི་རེག་པར་གྱུར་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཡིན་པའི་ཕྱིར་སྐད་ཅིག་མ་གསུམ་པ་ལ་ཚོར་བའོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་སྐད་ཅིག་མ་གསུམ་པ་ལ་ཚོར་བ་ ཡིན་ན། དེ་ལྟ་ན་ནི་རེག་པའི་དུས་ཚོར་ན་ཚོར་བ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་ལ་ཚོར་བ་ཡོད་པར་མི་འགྱུར་ཏེ། རེག་པར་གྱུར་པའི་རྣམ་པར་ཤེས་པ་ལ་ཚོར་བ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཐམས་ཅད་རེག་པ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཚོར་བའི་དུས་ན་རེག་ པ་མེད་པའི་ཕྱིར་ཏེ། འདུས་པའི་འོག་རོལ་ཚོར་བའི་དུས་ན་རྣམ་པར་ཤེས་པ་གང་ཞིག་སྐྱེ་བ་དེ་རེག་པ་མ་ཡིན་པས་རྣམ་པར་ཤེས་པ་ཐམས་ཅད་རེག་པ་མ་ཡིན་པར་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ཏེ། རེག་པ་དང་ཚོར་བ་དག་ནི་ས་མང་པོ་པ་ཡིན་པས་སེམས་ཐམས་ ཅད་ལ་འབྱུང་བའི་ཕྱིར་དང་རྣམ་པར་ཤེས་པ་ཐམས་ཅད་རེག་པ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ། །རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐམས་ཅད་ལ་ཚོར་བ་དང་རེག་པ་ཉིད་དུ་འདོད་པ་ཡིན་ནོ། །དེ་ནི་ལྷན་ཅིག་ འབྱུང་བའི་རེག་པའི་རྐྱེན་གྱིས་ཡིན་པ་ཉིད་དུ་མི་འདོད་དོ། །འོ་ན་དེ་ག་ལས་ཡིན་ཞེ་ན། རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་ཏེ། དབང་པོ་དང་ཡུལ་སྔ་མའི་རྒྱུ་མཚན་ཅན་གྱི་རེག་པ་གང་ཡིན་པ་དེ་ལས་བྱུང་བ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ན་དབང་པོ་དང་དོན་ལས་བྱུང་བའི་རྣམ་པར་ ཤེས་པ་རིག་པ་ཡིན་པས། རེག་པ་ཐམས་ཅད་ཚོར་བ་དང་བཅས་པ་ཡིན་ལ་ཤེས་པ་ཐམས་ཅད་ཀྱང་རེག་པ་ཡིན་ཏེ། དེས་ན་འགལ་བ་མེད་དོ། དམིགས་པ་ཐ་དད་པ་དག་ལས་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་དམིགས་པ་དག་ལས་སོ། །རེག་པ་ཕྱི་མ་ལ་སྤྱོད་པའི་ཚོར་བ་ཞེས་ བྱ་བ་ནི་སྒྲ་ལ་དམིགས་པའོ། །རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ལ་དམིགས་པའི་རེག་པའི་རྒྱུ་ལས་བྱུང་བའོ། །ཇི་ལྟར་ན་ཞེས་བྱ་བ་ནི་ཁྲོ་བ་བསལ་བར་བྱེད་པ་སྟེ། རེག་པ་དང་ཚོར་བ་དག་དམིགས་པ་ཐ་དད་པ་དག་ཉིད་ཡིན་ན་ནི། ཕྱིས་བྱུང་བའི་ཚོར་བ་བདེ་ བའི་སྒོ་ནས་རེག་པ་སྔ་མ་ནམ་ཡང་བདེ་བ་མྱོང་བར་མི་འགྱུར་ལ། རེག་པའི་སྟོབས་ཀྱིས་དམིགས་པ་ཉམས་སུ་མྱོང་བ་ཡང་ཡིན་པའི་ཕྱིར་རེག་པ་དང་དམིགས་པ་ཐ་དད་པར་མི་རུང་སྟེ། འདི་ལྟར་བདེ་བ་མྱོང་བར་འགྱུར་བའི་རེག་པས་སྡུག་བསྔལ་ཉམས་སུ་མྱོང་བར་ཇི་ལྟར་བྱེད། ཡང་ན་སེམས་གང་དང་ཞེས་བྱ་བའི་སྒྲ་ལ་དམིགས་པ་དང་། དེ་ལས་དམིགས་པ་གཞན་པ་ཞེས་བྱ་བ་ནི་གཟུགས་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་ཡིན་ན་ཉེས་པ་ཅིར་འགྱུར་ཞེ་ན། ལྷན་ཅིག་འབྱུང་བའི་རེག་པ་ལ་སོགས་པ་དང་མཚུངས་པར་མི་ལྡན་པའི་ཉེས་པར་ འགྱུར་ཏེ། དམིགས་པ་ཐ་དད་པས་མཚུངས་པ་ཉིད་ལྔས་མཚུངས་པར་མི་ལྡན་པའི་ཕྱིར་རོ། །སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །འོ་ན་དེའི་ཚེ་ཞེས་བྱ་བ་ནི་དམིགས་པ་འཕོ་བའི་ཚེ་སྟེ་མི་འཕོ་ན་ནི་ཉེས་པ་མེད་དོ། ། ཇི་ལྟར་ཞེ་ན་གལ་ཏེ་གཟུགས་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་མིག་གི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པ་གཟུགས་ལ་དམིགས་པ་ཁོ་ན་འབྱུང་ན་ནི་ཚོར་བ་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་ ཡིན་པས་རིགས་གཅིག་པ་ཡིན་པའི་ཕྱིར་རོ། །དེའི་སྔོན་རོལ་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་ཕྱིར་དེ་རེག་པ་མ་ཡིན་ཞེ་ན། འདི་ལ་རྒྱུ་སྨོས་པ་ནི་རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་བྱ་སྟེ། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་ཐམས་ཅད་ཀྱིས་ནི་ཚོར་བའི་རྐྱེན་ གྱིས་རེག་པར་གྱུར་པ་སྐྱེད་པར་མི་ནུས་སོ། །གཞན་དག་ན་རེ་འདིར་རྐྱེན་མ་ཚང་བ་ནི་དབང་པོ་འཕོ་བ་དང་། དེ་ལས་སྐྱེས་པའི་ཡིད་ལ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ཡིན་ན་ཉེས་པ་ཅི་ཞིག་ཡོད་ཅེས་བྱ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར་དམིགས་པ་ཐ་དད་པའི་ཉེས་པ་མེད་དོ་སྙམ་དུ་ བསམས་པའོ། །ས་མང་པོ་པའི་ངེས་པ་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་ཐམས་ཅད་ལ་རེག་པ་དང་ཚོར་བ་དག་མེད་པའི་ཕྱིར་ཏེ་ཉེས་པ་འདིར་འགྱུར་རོ། །ས་ནི་གསུམ་སྟེ་ཞེས་བྱ་བ་ལ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ནི་འདོད་པའི་ཁམས་དང་བསམ་གཏན་དང་ པོའོ། །རྟོག་པ་མེད་པར་དཔྱོད་པ་ཙམ་ནི་བསམ་གཏན་ཁྱད་པར་ཅན་ནོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ནི་བསམ་གཏན་གཉིས་པ་ནས། སྲིད་པའི་རྩེ་མོའི་བར་རོ། །དགེ་བའི་ས་ནི་ཆོས་དགེ་བ་རྣམས་ཏེ། མི་དགེ་བ་དང་། ལུང་དུ་མ་ བསྟན་པ་ཡང་དེ་དང་འདྲའོ། །སློབ་པའི་ས་ནི་སློབ་པའི་ཟག་པ་མེད་པའི་ཆོས་དག་གོ། །མི་སློབ་པ་ནི་མི་སློབ་པའི་ཟག་པ་མེད་པའི་ཆོས་དག་གོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ནི་ཟག་པ་དང་བཅས་པའི་ཆོས་དག་གོ། །འདུས་མ་བྱས་ནི་མ་བཤད་དེ། ས་རྣམས་འདུས་ བྱས་ཡིན་པའི་ཕྱིར་རོ། །འདོན་པའི་ཞར་ལ་ཞེས་བྱ་བ་ནི་མདོ་འདོན་པའི་ཞར་ལ་སྟེ། མདོ་ལས་ནི་འདི་སྐད་དུ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཞེས་འདོན་ཏེ། ཨ་སཾ་ཛི་ཏ། ལྷག་པར་སྒྲོ་བཏགས་པའོ། །ད་ནི་བྱེ་བྲག་ཏུ་སྨྲ་བའི་སྐྱེ་བ་ཡོད་པར་བྱས་ནས་སྔོན་ནི་མ་བཏོན་ཏོ་ ཞེས་བྱ་བ་ལ། རབ་ཏུ་བྱེད་པའི་རྐང་པ་ལས། ས་མང་པོ་པ་དང་། དགེ་བའི་ས་མང་པོ་པ་དང་། ཉོན་མོངས་པའི་ས་མང་པོ་པ་དང་། ཉོན་མོངས་པ་ཆུང་ངུའི་ས་མང་པོ་པ་སྟེ། རྣམ་པ་བཞི་ཁོ་ན་འདོན་གྱི་མི་དགེ་བའི་ས་མང་པོ་པ་དག་ནི་མ་ཡིན་ནོ། །ལྷན་ཅིག་སྐྱེས་པ་ཞེས་ གསུངས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་དེ་ལས་ནི་ཚོར་བ་དང་འདུ་ཤེས་དང་། སེམས་པ་ལྷན་ཅིག་སྐྱེས་ཞེས་གསུངས་ཀྱི། རེག་པ་དང་ནི་མ་ཡིན་ལ། དེ་དག་ནི་ལྷན་ཅིག་སྐྱེས་པ་ཉིད་དུ་འདོད་པ་ཡང་ཡིན་པས་འདི་ལ་ལན་གདབ་ཏུ་ཅི་ཞིག་ཡོད། ཚོར་བ་ལ་སོགས་པ་ རྣམས་རེག་པ་དང་ལྷན་ཅིག་པར་ཁས་བླངས་ཀྱང་ཚོར་བ་དང་རེག་པ་དང་དུས་མཉམ་དུ་སྐྱེ་བར་ཤེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷན་ཅིག་ཅེས་བྱ་བའི་སྒྲ་འདི་ནི་དེ་མ་ཐག་པ་ལ་ཡང་མཐོང་ངོ་། །བྱམས་པ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བ་ལ། བྱམས་པ་དང་དྲན་པ་ ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་གཉིས་སྐད་ཅིག་མ་གཅིག་ལ་ལྷན་ཅིག་འབྱུང་བར་ཤེས་པར་ནི་མི་འགྱུར་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བྱམས་པའི་མཇུག་ཐོགས་སུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་ བྱ་བར་རྟོགས་པར་འགྱུར་ཏེ། དེ་བཞིན་དུ་འདིར་ཡང་རེག་པའི་མཇུག་ཐོགས་སུ་ཚོར་བ་དང་འདུ་ཤེས་དང་སེམས་པ་སྐྱེའོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །དེའི་ཕྱིར་འདི་ནི་རེག་པ་དང་ཚོར་བ་ལྷན་ཅིག་འབྱུང་བ་ཉིད་ཀྱི་ཁུངས་སུ་མི་རུང་ངོ་། །ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་ཞེས་ བྱ་བ་ནི། འདྲེས་ཤིང་ལྷན་ཅིག་འབྱུང་བ་ལ་མཚུངས་པར་ལྡན་ཞེས་བྱ་བའི་དོན་ཏོ། །ཅི་རེ་ཞིག་འདི་དག་གི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དམིགས་པ་ངེས་པ་ནི་དམིགས་པ་ཐ་མི་དད་པའོ། །སྐད་ཅིག་མ་ངེས་པ་ནི་སྐད་ཅིག་མ་གཅིག་ལ་འབྱུང་བ་སྟེ། ཅི་དམིགས་པ་གཅིག་པོ་ དེ་རིམ་གྱིས་ཚོར་བས་མྱོང་བར་བྱེད། འདུ་ཤེས་ཀྱིས་འདུས་ཏེ་ཤེས་པར་བྱེད་དམ། འོན་ཏེ་སྐད་ཅིག་གང་ཁོ་ན་ལ་ཚོར་བས་ཚོར་བར་བྱེད་པའི་སྐད་ཅིག་དེ་ཁོ་ན་ལ་སེམས་པས་སེམས་པར་བྱེད། འདུ་ཤེས་ཀྱིས་འདུས་ཏེ་ཤེས་པར་བྱེད་ཅེས་དེ་ནི་མི་ཤེས་ཏེ་ཐེ་ཚོམ་ཟ་བའི་ཕྱིར་ རོ། །དེའི་ཕྱིར་འདི་ཡང་ཁུངས་སུ་མི་རུང་ངོ་། །ཚེ་དང་དྲོད་དག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་དེ་ཉིད་ལས། ཚེ་དང་དྲོད་ཀྱི་ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ་ཞེས་ལྷན་ཅིག་པ་ལ་འདྲེས་པ་ཞེས་གསུངས་པའི་ཕྱིར་ཚོར་བ་གང་ཡིན་པ་དང་། སེམས་པ་གང་ཡིན་པ་ཞེས་བྱ་བར་དེར་ཡང་སྐད་ཅིག་མ་ངེས་པ་ཡིན་པར་གྲུབ་སྟེ། ཚེ་དང་དྲོད་དག་ནི་དམིགས་པ་མེད་པ་ཡིན་པའི་ཕྱིར་རོ། །ལྷན་ཅི