Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 24 / 28 (50.000 ký tự/trang)
ེ་བ་དང་རྒ་ཤིའོ། །དེའི་རྒྱུ་ནི་སྲེད་པ་དང་། ལེན་པ་དང་། སྲིད་པའི་ཡན་ལག་རྣམས་ཏེ། དེ་ལྟར་ན་ཡན་ལག་ལྔ་ནི་ཕྱི་མའི་མཐའ་པའོ། །ཡང་མ་རིག་པ་ལ་སོགས་པ་འདི་གང་ཞིག་ཅེ་ན་ཞེས་ བྱ་བ་ནི་ཅི་མ་རིག་པ་ནི་མི་ཤེས་པ་ཞིག་ཁོ་ནའམ། འོན་ཏེ་ཉོན་མོངས་པ་ཅན་ཐམས་ཅད་ཡིན་སྙམ་ནས་འདྲི་བ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་བྱ་བ་སྨོས་སོ། །སྔོན་ཞེས་བྱ་བ་ སྨོས་པ་ནི་ད་ལྟར་བ་སྲེད་པ་དང་ལེན་པས་བསྡུས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་མ་རིག་པའི་སྒྲས་བརྗོད་ཅེ་ན། ཡང་སྲིད་འཕེན་པའི་འདུ་བྱེད་རྣམས་ཀྱི་རྒྱུའི་ངོ་བོར་ངེས་པའི་ཕྱིར་རོ། །གང་གི་ཕྱིར་ཉོན་མོངས་པས་རབ་ཏུ་བསྒྱུར་བའི་ལས་ནི་ཡང་སྲིད་འཕེན་པ་ལ་ ནུས་པ་དང་ལྡན་པར་འགྱུར་ཏེ། ཉོན་མོངས་པ་མེད་པ་རྣམས་ལ་ལས་ཡོད་ཀྱང་ཡང་སྲིད་མེད་པའི་ཕྱིར་རོ། །ཐམས་ཅད་ཡང་སྲིད་ཅན་མ་ཡིན་ཏེ་འདུ་བྱེད་ཀྱི་འཇུག་པ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཐམས་ཅད་ཁོ་ན་བྱེད་པ་ཅན་མ་ཡིན་ནོ། །མ་རིག་པ་ནི་གདོན་མི་ཟ་ བ་སྟེ། དེའི་ཕྱིར་དེའི་སྒྲས་ཉོན་མོངས་པ་ཐམས་ཅད་བརྗོད་དོ། །འདི་དག་ག་ལས་ཤེ་ན། མ་རིག་པ་གཙོ་བོ་ཡིན་པའི་ཕྱིར་དང་དེ་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ལྷན་ཅིག་སྤྱོད་པའི་ཕྱིར་དང་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་ཐམས་ཅད་ནི་མ་རིག་ པ་དང་མཚུངས་པར་ལྡན་གྱི་ཕན་ཚུན་ནི་མ་ཡིན་ཏེ། དེའི་ཕྱིར་མ་རིག་པ་དང་ལྷན་ཅིག་སྤྱོད་པ་ཉིད་དོ། །དེའི་དབང་གིས་ཞེས་བྱ་བ་ནི་མ་རིག་པའི་དབང་གིས་སོ། །དེ་དག་ནི་ཉོན་མོངས་པ་དག་གོ། །ཀུན་ཏུ་འབྱུང་བ་ནི་སྐྱེ་བ་སྟེ་མ་རྨོངས་པ་ལ་ཉོན་མོངས་པ་གཞན་སྐྱེ་བ་ནི་ཡོད་ པ་མ་ཡིན་ནོ། །དེ་ཉིད་ལ་དཔེར་ན་རྒྱལ་པོ་གཤེགས་སོ་ཞེས་བྱ་བ་ལ་སོགས་པའོ། །ཞམ་འབྲིང་བ་ནི་རྒྱལ་པོ་དང་ལྷན་ཅིག་སྤྱོད་པ་རྣམས་ཏེ། དེའི་དབང་མི་འཇུག་པ་དང་ལྡོག་པའི་ཕྱིར་རྒྱལ་པོ་གཙོ་བོ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། གལ་ཏེ་མ་རིག་པ་དང་ལྷན་ཅིག་ སྤྱོད་པ་ཉོན་མོངས་པ་ཐམས་ཅད་དེ་བཞིན་དུ་ཡོད་པ་དེ་ལ་ཉོན་མོངས་པ་གཞན་ཉིད་གཙོ་བོ་ཡིན་པས་མ་རིག་པ་གཙོ་བོའི་ཡང་གཙོ་བོ་ལ་ལྷན་ཅིག་ཅེས་བྱ་བ་མི་འཐད་དོ། །ཅི་སྟེ་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་སྤྱོད་པའི་རིག་པ་ཉིད་མ་རིག་པ་ཡིན་པ་དེ་ལྟ་ན་ཡང་རེ་ཞིག་གི་སྒྲ་ཐོབ་སྟེ། འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །ཕན་ཚུན་ལྷན་ཅིག་སྤྱོད་པ་མེད་ཀྱང་ཁྱད་པར་མེད་པ་མ་ཡིན་ནོ། །གལ་ཏེ་ཡང་རབ་ཏུ་འཇུག་བྱེད་མ་རིག་པའི་དབང་དུ་བྱས་ནས་བརྗོད་ན། འདོད་ཆགས་ལ་སོགས་པ་རྣམས་སོ། །ཀུན་ཏུ་སྤྱོད་པའི་འདོད་ཆགས་ལ་སོགས་པ་ རྣམས་མ་རིག་པ་རབ་ཏུ་འཇུག་བྱེད་ཉིད་ཀྱི་ཕྱིར་བི་པརྻ་ཡཱ་པཏྟི། ཅི་སྟེ་རབ་ཏུ་འཇུག་བྱེད་མ་ཡིན་པ་དེ་ལྟ་ན་ཡང་གཞན་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དབང་མ་ཡིན་པས་དེ་གཙོ་བོར་མི་རུང་ངོ་། །གཉི་ག་ལྟར་ཡང་སྐྱོན་མེད་དོ། །འདིར་ནི་མ་རིག་པ་དང་ལྷན་ཅིག་སྤྱོད་པའི་ཕྱིར་ དང་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་མ་རིག་པའི་སྒྲས་སྨོས་པ་ལ་འགལ་བ་མེད་དོ། །ཡང་གཞན་གྱི་སྒྲ་ཉོན་མོངས་པའི་སྒྲས་མ་ཡིན་ཏེ་ཕན་ཚུན་མཚུངས་པར་ལྡན་པའི་ཕྱིར་རོ། །འདི་ལ་མི་རུང་བ་ཅི་ཞེ་ན། ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ ཕྱིར་དེར་མ་རིག་པ་གཙོ་བོར་འདོད་དོ། །རང་གི་མཚན་ཉིད་གསལ་བ་ཉིད་དེ་ལས་གཞན་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དེར་ཡང་མ་རིག་པ་གཙོ་བོ་ཉིད་དོ། །རྨོངས་པ་ཉིད་ལས་འདོད་ཆགས་ལ་སོགས་པ་སྐྱེའི་མ་རྨོངས་པ་ལས་མ་ཡིན་ནོ། །ཡང་ཆགས་པ་ཉིད་ལས་རྨོངས་ པ་དང་ཉོན་མོངས་པ་གཞན་ཡང་འཇུག་གོ། །དེའི་ཕྱིར་ཉོན་མོངས་པ་ཐམས་ཅད་རྒྱུའི་དབང་ཉིད་ལས་ཉོན་མོངས་པ་དང་ཀུན་ཏུ་སྤྱོད་པར་གསུངས་སོ། །འདོད་ཆགས་ལ་སོགས་པ་རྣམས་མ་རིག་པའི་རྒྱུ་ཅན་ཉིད་ཡིན་ཡང་སྐྱེ་བ་སྔ་མའི་ཉོན་མོངས་པ་ཉིད་དུ་གང་བཤད་པ་ཞིག་པའི་འབྲས་བུ་འཕེན་ པ་ནུས་པ་འབྱིན་པ་ཉིད་ཀྱི་ཕྱིར་དང་མི་གསལ་བས་མ་རིག་པ་དང་འདྲ་བའི་ཕྱིར་མ་རིག་པའི་སྒྲས་བརྗོད་དོ། །ད་ལྟར་བ་ཡང་མ་ཞིག་པ་རང་གི་ནུས་པའི་ཤུགས་གསལ་བས་མ་རིག་པའི་སྒྲས་མི་བརྗོད་དོ། །དེ་ལྟ་ན་འོ་ན་ད་ལྟར་བའི་ཚེ་རབས་ལ་མ་རིག་པས་ཉེ་བར་མ་བཅོམ་པའི་རང་གིས་ ནུས་པའི་ཤུགས་ལས་མ་རིག་པའི་སྒྲས་བརྗོད་པར་བྱ་བ་དེ་ཀུན་ཏུ་རྒྱུ་བའི་ཕྱིར་རོ། །སཾ་བེ་དྱ་ཏཱཏྭཱ་པྱ་དྭིདྱཱ་བདྱཱ་ཏྭནྣཱ་ཏི་བརྟ་ཏེ། <ཀུན་ཏུ་རིག་པའི་ཕྱིར།> དེ་ལྟ་ན་འོ་ན་མྱོང་བ་ཉིད་ཀྱི་ཕྱིར་མ་རིག་པའི་ཕྱོགས་བརྟེན་ནོ་ཞེས་བརྗོད་པར་བྱའོ། །ཞིག་པའི་ནུས་པའི་ཤུགས་ཉིད་ལས་ནི་མ་ཡིན་ཏེ། དུས་ཀྱི་ རང་བཞིན་དང་རང་གི་མཚན་ཉིད་དང་། རྣམ་པར་འགྱུར་བ་ཡོད་པ་མ་ཡིན་པས་འདས་པའི་འདོད་ཆགས་ལ་སོགས་པ་མྱོང་བའི་ངོ་བོ་ཉིད་ནི་ཅི་ལྟར་མ་རིག་པའི་ཕྱོགས་ལ་བརྟེན་པར་བྱེད་དེ། དེའི་ཕྱིར་མདོ་མཛད་པས་གསུངས་པའི་རྒྱུ་གཉིས་ཉིད་དོ། །འདུ་ བྱེད་དག་ནི་སྔོན་ལས་ཀྱི་ཞེས་བྱ་བ་འབྱུང་ངོ་། །འདིར་མ་རིག་པ་དང་འདུ་བྱེད་འབྲས་བུ་བྱུང་ཟིན་པ་རྣམས་ཁོ་ན་ཡན་ལག་ཉིད་དུ་རྣམ་པར་གཞག་སྟེ། འབྲས་བུ་མ་ཕྱུང་བ་རྣམས་ལ་ནི་སྲེད་པ་དང་། ལེན་པ་དང་། སྲིད་པ་ཞེས་བྱའོ། །སྐྱེ་བ་གཞན་གྱིས་ཆོད་པ་རྣམས་ཀྱི་ཡང་འདས་པ་ དང་མ་འོངས་པའི་ལས་དང་ཉོན་མོངས་པ་མང་པོ་མྱོང་བ་དེ་ལྟ་ན་ཡང་དེ་རྣམས་ཡན་ལག་ཉིད་དུ་རྣམ་པར་མ་བཞག་སྟེ་དེ་དང་ལྷན་ཅིག་རྒྱུ་དང་འབྲས་བུའི་འབྲེལ་པ་ཡོད་པས་བར་མ་ཆད་པ་ཁོ་ནར་དེར་སྐྱེ་བས་འདས་པ་དང་མ་འོངས་པ་བཟུང་བར་རིག་པར་བྱའོ། །བསོད་ནམས་ལ་སོགས་ པའི་ལས་ཀྱི་གནས་སྐབས་ཞེས་བྱ་བ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་ཀྱི་གནས་སྐབས་སོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །ཞེས་བྱ་བ་ལ། དེའི་ཚེ་རྣམ་པར་ཤེས་པ་གཙོ་བོ་ཡིན་པའི་ཕྱིར་དང་། ལྷག་མ་རྣམས་རྣམ་ པར་ཤེས་པ་དང་ལྷན་ཅིག་སྤྱོད་པའི་ཕྱིར་རྣམ་པར་ཤེས་པ་སྨོས་པས་བསྡུས་སོ། །མའི་མངལ་དུ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བ་ཉིད་ན་སྟེ། སྲིད་པ་བར་མ་དོར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཡང་ཡིད་ཀྱི་ རྣམ་པར་ཤེས་པ་ཁོ་ན་སྟེ། དེའི་ཚེ་ལྔ་པོ་རྣམས་ལ་སྐྱེ་བའི་རྐྱེན་མེད་པའི་ཕྱིར་རོ། །འདིར་རྣམ་པར་ཤེས་པ་དང་སྐྱེ་བའི་ཡན་ལག་གཉིས་ནི་སྐད་ཅིག་མ་ཡིན་ལ། གཞན་དག་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར་སྐད་ཅིག་མ་མང་པོ་དག་ཡིན་ནོ། །མིང་དང་གཟུགས་ནི་དེ་ཕན་ཆད་ཞེས་ བྱ་བ་ལ། འདི་ནི་གནས་སྐབས་ལ་བཞག་པ་ཡིན་གྱི་ཆོས་ཉིད་ལ་བཞག་པ་ནི་མ་ཡིན་ཏེ། སྐྱེ་མཆེད་བཞི་དོད་ཚུན་ཆད་དོ། །ཞེས་བརྗོད་པར་བྱ་བ་ཡིན་པ་ལས་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་དེ་སྐད་དུ་བརྗོད་པར་བྱ་བ་ཡིན་ཞེ་ན་ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་སྐྱེ་བའི་སྲིད་པ་ཁོ་ནར་དོད་ པའི་ཕྱིར་རོ། །དེའི་ཚེ་དེར་རྣམ་པར་འཇོག་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་དང་མིང་དང་གཟུགས་དག་ནི་དེས་རབ་ཏུ་མ་ཕྱེ་བའི་ཕྱིར་གནས་སྐབས་གང་ཞིག་སྐྱེ་མཆེད་ཀྱི་ས་རབ་ཏུ་ཕྱེ་བ་དེ་ཁོ་ན་ཚང་ན་དེའི་མིང་གིས་བསྙད་དོ། །ཡང་ན་དེའི་ཚེ་དེར་རྣམ་པར་འཇོག་པའི་ཕྱིར་ རོ། །ཞེས་བྱ་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་ཚེ་རྟེན་དང་བརྟེན་པ་ཡོངས་སུ་ཚང་བའི་སྒོ་ནས་ཡིན་ལ། ཡིད་ཀྱི་སྐྱེ་མཆེད་དང་ལུས་ཀྱི་སྐྱེ་མཆེད་ཀྱང་ཡོངས་སུ་ཚང་བ་རྣམ་པར་འཇོག་སྟེ། དེའི་ཕྱིར་སྐྱེ་མཆེད་དྲུག་ཉིད་དུ་བརྗོད་ཀྱི། སྐྱེ་མཆེད་བཞིར་ནི་མ་ཡིན་ནོ། །དེ་ནི་གསུམ་ འདུས་ཚུན་ཆད་དོ། །ཞེས་བྱ་བ་ལ། ཇི་སྲིད་དུ་དབང་པོ་ལ་སོགས་པ་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་སྐབས་ཆུང་ངུ་དང་། འབྲིང་དང་ཆེན་པོའི་ཚུལ་གྱིས་རྫོགས་པར་འགྱུར་བ་དེ་ནི་སྐྱེ་མཆེད་དྲུག་ཅེས་བརྗོད་དོ། །དེ་སྲིད་ཀྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་གཙོ་བོ་ཡིན་ ནོ། །གཞན་དག་ན་རེ། དེ་ནི་དེ་ལྟར་མ་ཡིན་ཏེ་གནས་སྐབས་ཀྱི་ཐ་དད་པས་གཞན་ཉིད་ཡིན་པའི་ཕྱིར་དེའི་ཡིད་ནི་གཞན་ཉིད་དོ། །ལུས་ཀྱི་སྐྱེ་མཆེད་དེའི་གནས་སྐབས་ཅན་སྔར་མ་ཐོབ་པ་ཐོབ་པར་བྱེད་དོ། །གལ་ཏེ་དེའི་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་པ་ནི་སྐྱེ་མཆེད་བཞི་ལས་ མི་སྐྱེ་བ་མ་ཡིན་ཞེས་ཟེར་རོ། །གཞན་དག་ན་རེ་རྐང་ལག་འགྱུས་པའི་གནས་སྐབས་ཁོ་ནར་བུད་མེད་དང་སྐྱེས་པའི་དབང་པོ་དག་ཐོབ་པས་རྣམ་པར་ཤེས་པ་དང་ལུས་ཀྱི་ཀུན་ཏུ་སྤྱོད་པ་ཐམས་ཅད་སྲིད་པས་ལུས་དང་ཡིད་ཀྱི་སྐྱེ་མཆེད་དག་དེའི་ཚེ་ཉིད་མཐའ་དག་ཐོབ་པས་ཀུན་ཏུ་སྤྱོད་པ་སྲིད་ པས། སྔར་སྐྱེ་མཆེད་དྲུག་སྐྱེ་བའི་ཕྱིར་ཞེས་བྱ་བ་ཉིད་ལེགས་སོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །ཞེས་བྱ་བ་ལ། ཇི་སྲིད་དུ་དབང་པོ་ལ་སོགས་པ་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་སྐབས་སུ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཚུལ་གྱིས་རྫོགས་པར་འགྱུར་བ་དེ་ནི་སྐྱེ་མཆེད་དྲུག་ཅེས་བརྗོད་ དོ། །ཡང་འདིའི་གནས་སྐབས་སུ་རྣམ་པར་ཤེས་པ་ཉིད་མི་སྐྱེ་བ་ཅི་ཞེ་ན། གང་གི་ཕྱིར་འདིར་གསུམ་འདུས་པར་གྱུར་པ་ལས། ཡིད་ཀྱི་རྣམ་པར་ཤེས་པ་གནས་སྐབས་འགར་ཡང་མི་སྐྱེ་བ་མ་ཡིན་ཞིང་། ལུས་ཀྱི་རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་གནས་སྐབས་སུ་ཡང་ འདོད་དོ། །རྣམ་པར་ཤེས་པའི་ཚེགས་ལྷག་མ་རྣམས་ཀྱང་སྐྱེ་བ་སྲིད་ཀྱི་ཐམས་ཅད་ཀྱི་ཚེ་མ་ཡིན་པས་སྐྱེ་མཆེད་དྲུག་གི་གནས་སྐབས་གཙོ་བོ་ཉིད་དོ། །འོ་ན་གལ་ཏེ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཡིན་ན་མིང་དང་གཟུགས་ཀྱི་མཇུག་ཐོགས་ཁོ་ནར་མི་འགྱུར་ བ་ཅི་ཞེ་ན། དཔེར་ན་རྣམ་པར་ཤེས་པའི་མཇུག་ཐོགས་སུ་མིང་དང་གཟུགས་ལ་བལྟོས་པའི་ཕྱིར་ཆུང་ངུ་དང་འབྲིང་གིས་ཀྱང་གཟུགས་ཀྱི་གནས་སྐབས་སུ་སྐྱེ་མཆེད་དྲུག་སྐྱེས་པའི་ནུས་པ་མེད་པས་རྐྱེན་དུ་མི་འགྱུར་རོ། །དེའི་ཕྱིར་གནས་སྐབས་གང་གིས་མིང་དང་གཟུགས་སྐྱེ་མཆེད་དྲུག་ སྐྱེད་པ་ལ་རྐྱེན་དུ་གྱུར་པ་དེ་ལ་བལྟོས་ནས་སྐྱེ་མཆེད་དྲུག་སྐྱེ་སྟེ། ས་བོན་ཡོངས་སུ་གྱུར་པ་ལས་མྱུ་གུ་སྐྱེ་བ་བཞིན་ནམ། མཇུག་ཐོགས་སུ་འབྱུང་བའི་ཕྱིར་སྤྲིན་ལས་ཆར་བཞིན་ནོ། །འོ་ན་མིང་དང་གཟུགས་ཀྱི་རྐྱེན་ཀྱིས་སྐྱེ་མཆེད་དྲུག་ལ་ཅི་ཞིག་ཅེ་ན། འགའ་ཞིག་ཏུ་སྐྱེ་མཆེད་ ཅི་ཡང་མི་འཇུག་སྟེ། གང་གི་ཕྱིར་འདི་ནི་རྐྱེན་ཐམས་ཅད་ལ་ཡང་མཚུངས་སོ། །ཨཱ་ཀྵིཔྟ་སྱཱ་བི་པཱུརྦ་ཀ་ཀརྨ་བཻ་ཀལྦེ་ནཱ་ནུཏྤཏྟིཿ། གང་གི་ཚེ་སྔོན་གྱི་ལས་རྣམས་ཀྱི་ངེས་པར་བྱས་པ་དེའི་ཚེ་མིང་དང་གཟུགས་ཀྱི་རྐྱེན་ལས་སྐྱེ་སྟེ་དེའི་རྒྱུད་དུ་གཏོགས་པའི་ཕྱིར་རོ། །གཟུགས་ལ་ སོགས་པ་རྣམས་ཀྱང་མིང་གི་རྐྱེན་ནོ། །དེ་དག་ནི་དང་པོའི་རྣམ་པར་ཤེས་པ་ནི་ཥེ་ཀ་ འཕེན་པའི་རྐྱེན་སྔོན་དུ་འགྲོ་བ་ལས་ཀྱི་རྣམ་པར་རྟོག་པས་མི་སྐྱེད་དོ། །སྐད་ཅིག་ཉིད་ལ་སྐྱེ་བས་དེ་དག་མིང་དང་གཟུགས་ཀྱི་རྐྱེན་དུ་མི་བརྗོད་དོ། །དེ་དག་ཀྱང་སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་མི་སྟོན་པ་སྟེ་འདིར་ནི་སེམས་ཅན་དུ་སྟོན་པ་ཁོ་ནའི་དབང་ དུ་བྱས་སོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཞེས་བྱ་བ་ལ། རེག་པ་ནི་སྐྱེ་མཆེད་དྲུག་གི་འོག་རོལ་ཏུ་རྣམ་པར་བཞག་སྟེ། དེའི་ཚེ་རེག་པའི་རྟེན་ཡོངས་སུ་རྟོགས་པ་ཡིན་ནོ། །དེའི་ཕྱིར་རེག་པ་སྔར་ཡོད་པ་མ་ཡིན་ནོ། །ཚོར་འཁྲིག་ཚུན་ཆད་ ཞེས་བྱ་བ་ལ། ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་གཅོད་པར་ནུས་པ་ཡིན་པས། ཟས་ལ་སོགས་པའི་སྲིད་པ་ཀུན་ཏུ་སྤྱད་ཀྱང་། ཇི་སྲིད་འཁྲིག་པའི་འདོད་ཆགས་མི་འབྱུང་བའི་གནས་སྐབས་དེ་ནི་ཚོར་བ་ཞེས་མི་བྱའོ། །རེག་པའི་བྱ་བ་མ་ལུས་པ་ནི་ཚོར་བ་ལ་ཡོད་པའི་ཕྱིར་སྔ་རོལ་ དུ་ནི་མ་ཡིན་ཏེ་ཚོར་བ་མེད་པའི་ཕྱིར་རོ། །ལོངས་སྤྱོད་སྨོས་པས་ནི་འདོད་པའི་ཡོན་ཏན་གཟུགས་ལ་སོགས་པ་རྣམས་གཟུང་ངོ་། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི་ཞེས་བྱ་བ་ལ། དེ་ཞེས་བྱ་བས་ནི་ཡོངས་སུ་རྒྱུག་པ་བསྟན་ཏོ། །ལས་གང་ལ་འབྱུང་བར་འགྱུར་བའི་སྲིད་པ་ འབྲས་བུར་ཡོད་པ་ནི་དེའི་སྲིད་པའོ། །ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་བྱ་བ་ལ། ཡང་དེར་སྲེད་པ་ལ་སོགས་པ་ཡོད་པ་མ་ཡིན་པ་ཅི་གང་གི་ཕྱིར་ཡན་ལག་ཉིད་དུ་རྣམ་པར་མ་བཞག་ཅེ་ན་སྐྱེ་བ་གསུམ་པ་ཡོད་པ་མ་ཡིན་ནོ། །དེ་དག་ཉིད་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ སྐབས་སུ་ཞེས་བྱ་བའོ། །བཞི་པའི་རྒྱུ་ནི་འདིར་མ་བསྟན་ཏོ། །དེ་དག་ཀྱང་གང་སྐྱེ་བའི་རྒྱུར་གྱུར་པ་དེ་སོ་སོའི་ཡན་ལག་གི་རྣམ་པར་གཞག་གོ། །ཉིད་ཅེས་བྱ་བ་ནི་སྐད་ཅིག་ལ་སྲིད་པས་སྐད་ཅིག་མ་སྟེ་རྒྱུ་དང་འབྲས་བུ་ལྷན་ཅིག་སྤྱོད་ཅེས་པའི་དོན་ཏོ། །རྒྱུན་ཞེས་བཤད་པ་ནི་རྒྱུན་དང་ ལྡན་པ་སྟེ། རང་གི་དོན་ལ་འཕེལ་བ་བསྒྲུབ་པའི་ཕྱིར་རྒྱུན་ཆགས་པའོ། །སྐྱེ་བ་གསུམ་གྱི་གནས་སྐབས་ནི་གནས་སྐབས་པ་སྟེ། རྒྱུན་ཆགས་པ་ཞེས་བརྗོད་དོ། །གལ་ཏེ་གནས་སྐབས་པ་ཉིད་རྒྱུན་ཆགས་པ་ཡིན་ན་ཇི་ལྟར་རྣམ་པ་བཞིར་བརྗོད་ཅེ་ན། རྣམ་པ་གཞན་དུ་ རྒྱུན་ཆགས་པ་དང་། རྣམ་པ་གཞན་དུ་གནས་སྐབས་པ་ཞེས་བྱ་བར་འགྱུར་བས་རྣམ་པ་བཞི་སྟེ། དེ་རྒྱུ་དང་འབྲས་བུ་འབྲེལ་པ་ལས་གནས་སྐབས་པར་བརྗོད་ལ། དེ་ཡང་སྐལ་བ་མཉམ་པ་དང་སྐལ་བ་མཉམ་པ་མ་ཡིན་པའི་ཡན་ལག་དང་འབྲེལ་པ་ལས་འབྲེལ་པ་ཅན་དུ་བརྗོད་ དོ། །གང་གི་ཚེ་མ་རིག་པའི་ཡན་ལག་རྒྱུན་དང་ལྡན་པ་ལས་མ་རིག་པའི་ཡན་ལག་ཁོ་ན་འབྱུང་བ་དེ་ནི་སྐལ་བ་མཉམ་པའི་འབྲེལ་པ་ཅན་ནོ། །གང་གི་ཚེ་མ་རིག་པའི་ཡན་ལག་ལས་འདུ་བྱེད་ཀྱི་ཡན་ལག་འབྱུང་བ་དེའི་ཚེ་སྐལ་བ་མཉམ་པ་མ་ཡིན་པའི་འབྲེལ་པ་ཅན་ཏེ། འདིར་ནི་སྐལ་བ་མི་ མཉམ་པའི་འབྲེལ་པ་ཅན་ལ་མངོན་པར་འདོད་དོ། །གནས་སྐབས་ལ་ཡོད་པ་ནི་གནས་སྐབས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་བཞི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་ གཟུགས་ཀྱི་ཕུང་པོའོ། །ཡེ་ན་བྲ་ཧཱ་རེ་ཎ་ཛཱི་བི་ཏཱཏ་བྱ་བ་རོ་པ་ཡོ་ཏི། གང་དུ་རྣམ་པར་རིག་བྱེད་གང་ཡིན་པ་དེ་སྐད་ཅིག་པའམ་རྣམ་པར་རིག་བྱེད་མ་ཡིན་པ་འདི་དངོས་གཞི་སྟེ་ལས་ཀྱི་ལམ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་བཤད་པ་འདིར་ནི་སྲིད་པ་དང་ཁྱད་ པར་མེད་པར་འགྱུར་ཏེ། དེའི་ཕྱིར་ངེས་པར་དབང་པོ་དང་ལྷན་ཅིག་སྐྱེ་བ་ཁོ་ན་ལ་ནི་གཟུགས་སུ་གཟུང་ངོ་ཞེས་བྱ་བར་རྟོགས་སོ། །མིང་དང་གཟུགས་རྣམ་པར་གནས་པའི་དབང་པོ་རྣམས་ནི་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་མིང་ལ་དབང་པོ་རྣམས་གནས་ཤེ་ན། དེ་ལ་རག་ལས་ཏེ་འཇུག་ པའི་ཕྱིར་ཏེ། འདི་ལྟར་མིང་གི་དབང་གིས་དེའི་རྟེན་འབྱུང་བ་ཆེན་པོ་གནས་ཤིང་དེ་བཏང་བས་དེ་མི་གནས་སོ། །ཡང་ན་དབང་པོ་རྣམས་ལ་བརྟེན་ནས་མིང་འབྱུང་བའི་ཕྱིར་དེ་རྣམས་རྟེན་གྱི་ངོ་བོས་མིང་ལ་རྣམ་པར་གནས་སོ། །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ་ཞེས་བྱ་བ་ལ་ འདིར་མིག་ལ་སོགས་པ་རྣམས་རང་གི་ཡུལ་ལ་འཇུག་ཅིང་འདུས་པ་ནི་རེག་པ་ཞེས་བྱ་བ་སྟེ། ཅིག་ཅར་སྐྱེ་མཆེད་དྲུག་འདུས་པ་མི་སྲིད་པས་རེག་པ་ནི་ཇི་ལྟར་སྲིད་པའི་སྒོ་ནས་ཡིན་པར་རིག་པར་བྱའོ། །དེ་དང་མཚུངས་པར་ལྡན་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆགས་པ་དེའམ། སྲེད་པའམ། མ་རིག་པ་དང་མཚུངས་པར་ལྡན་པའི་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ལ་སོགས་པ་ཀུན་ནས་དཀྲིས་པ་རྣམས་ནི་ལེན་པའོ། །དེ་ནས་ཀུན་ནས་བསླང་བའི་ཞེས་བྱ་བ་ནི་ཆགས་པས་ཀུན་ནས་བསླང་བ་སྟེ་དེ་ནི་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་ནི་མ་རིག་ པའི་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་སེམས་པས་སོ་ཞེས་ཟེར་རོ། །ལུས་དང་ངག་གི་ལས་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །སྐྱེ་བ་ནི་རེག་པའོ། །ཡོངས་སུ་སྨིན་པ་ནི་སྐད་ཅིག་མ་སྔ་མ་ལ་ལྟོས་ཏེ་གཞན་དུ་གྱུར་པ་ཉིད་དོ། །བྱེ་བྲག་ཏུ་སྨྲ་ བ་རྣམས་ནི་སྐད་ཅིག་གཅིག་ལ་ཡོངས་སུ་སྨིན་པ་འདོད་དེ། འཇིག་པ་དང་མཐུན་པའོ། །ཞིག་པ་ནི་ཤི་བའོ་ཞེས་བྱ་བ་ལ། འཇིག་པ་ནི་འཇིག་པ་ལ་མངོན་དུ་ཕྱོགས་པའོ། །ཁ་ཅིག་ན་རེ་སྲོག་གཅོད་པ་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱས་པ་ཡིན་ལ། ཞེ་སྡང་དང་འདོད་ཆགས་ པ་གཉིས་ཀྱང་སྐད་ཅིག་གཅིག་ལ་སྲེད་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ནོར་འཕྲོག་པའི་ཞེས་བརྗོད་པར་བྱའོ་ཞེས་ཟེར་རོ། །ངེས་པ་དེ་ནི་སེམས་གཞན་མེད་པ་ལ་དེ་ཡོངས་སུ་རྫོགས་པ་ནི་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བཤད་ན་མི་དགེ་བ་གཟུགས་ཅན་ཐམས་ཅད་ལ་སྐད་ཅིག་ པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྙེད་པར་འགྱུར་རོ། །ཡང་འདིར་ཅིའི་ཕྱིར་དུས་ཀྱི་ཀུན་སློང་སེམས་ཁོ་ན་ཡོངས་སུ་གཟུང་ཞེ་ན། རྒྱུའི་ཀུན་ནས་སློང་བ་ཡང་མ་ཡིན་ཏེ་འཁྲུལ་བའི་ཕྱིར་རོ། །གདོན་མི་ཟ་བར་ཆགས་པ་དང་སྡང་བ་དང་། རྨོངས་པ་རྣམས་ལ་ ལས་རྣམས་རབ་ཏུ་འཇུག་པ་མ་ཡིན་གྱི་སྲེད་པ་ཁོ་ན་རྗེས་སུ་འཇུག་བྱེད་ཡིན་ནོ། །ཇི་ལྟར་རབ་ཏུ་བྱེད་པ་དག་ལས་ཞེས་བྱ་བ་ལ། དེ་ལས་ཇི་སྐད་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་བྱ་བ་སྟེ། དེ་ལ་འདུས་བྱས་ཀྱི་ཆོས་ཐམས་ཅད་ རྣམས་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འགག་པ་དང་ལྡན་པའི་ཕྱིར་ན། སྐད་ཅིག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འབྲེལ་པ་ཅན་ནི་རྒྱུ་དང་འབྲས་བུར་གྱུར་པའི་སྐད་ཅིག་གཉིས་ཀ་འབྲེལ་པ་ལས་ཡིན་ནོ། །ཚེ་གསུམ་བར་ཆད་མེད་པར་འབྲེལ་པ་ལས་ཡིན་ཏེ། འདས་པ་ དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཚེ་གསུམ་དང་འབྲེལ་པའི་ཕྱིར་ན། དེ་ཉིད་གནས་སྐབས་པ་དང་། རྒྱུན་ཆགས་པ་ཞེས་བྱའོ། །བར་ཆད་མེད་པ་སྨོས་པ་ནི་ཚེ་གསུམ་འགྲུབ་པར་བྱ་བའི་ཕྱིར་རོ། །འདྲ་བ་དང་མི་འདྲ་བའི་འབྲས་བུ་རྗེས་སུ་འབྲེལ་པས་འབྲེལ་པ་ཅན་ཏེ། ཇི་སྐད་ དུ་མ་རིག་པའི་རྒྱུ་ལས་ཀུན་ཏུ་འདོད་ཆགས་པའི་ཕྱིར་ཞེས་རྒྱས་པར་གསུངས་སོ། །དེ་བཞིན་དུ་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ཉོན་མོངས་པའམ་ལུང་མ་བསྟན་གྱི་སེམས་སྐྱེ་བའམ་བཟློག་པས་སོ། །གཞན་དག་ན་རེ། སྐད་ཅིག་པ་ནི་རྒྱུ་དང་འབྲས་བུ་ལྷན་ཅིག་སྤྱོད་པ་ སྟེ། དཔེར་ན་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལྟ་བུའོ། །རྒྱུན་ཆགས་པ་ནི་རྒྱུ་དང་འབྲས་བུ་ཞེས་རྒྱ་ཆེར་འབྱུང་སྟེ་ཆོས་ཀྱི་ནུས་པ་གསལ་བྱེད་དེ། གཞན་དག་ནི་ལྔ་པ་ཞེས་ཟེར་རོ། །ཌིཥྚ་ཧེ་ཏུ་ར་ཏི་ནིརྦྲྀཏྟེ། <མཐོང་རྒྱུ་ཤིན་ཏུ་མྱ་ངན་ལས་འདས། །>ལས་ཀྱི་རྒྱུས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ ད་ལྟ་ལ་སོགས་པའོ། །འདི་ནི་གནས་སྐབས་པར་འདོད་ལོ་ཞེས་བྱ་བ་ལ། ལོའི་སྒྲ་ནི་འདི་ནི་འདི་ལྟར་མ་ཡིན་ནམ་ཞེས་མདོ་སྡེ་པའི་བསམ་པ་གསལ་བར་བྱེད་པའོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས་ཞེས་བྱ་བ་ལ། སྔ་མའི་ཕུང་པོ་ལྔ་པོ་ཐམས་ཅད་ཅི་རིགས་པར་ཕྱི་མ་ཐམས་ ཅད་ཀྱི་རྐྱེན་ཡིན་པ་དེའི་ཕྱིར་འདིར་གཙོ་བོ་ཡིན་པའི་ཕྱིར་ཡན་ལག་བསྒྲགས་པར་ཤེས་པར་བྱའི་འདི་དག་ཉིད་རྐྱེན་དང་རྐྱེན་ཅན་དུ་གྱུར་པའི་ཕྱིར་ནི་མ་ཡིན་ནོ། །རབ་ཏུ་བྱེད་པ་དག་ལས་གཞན་ཏུ་འབྱུང་ཞེས་བྱ་བ་ནི་མདོ་ལས་གསུངས་པའི་ཡན་ ལག་བཅུ་གཉིས་ལས་གཞན་དུ་སྟེ། འདི་ལྟར་འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་འབྱུང་བས་ཡན་ལག་བཅུ་གཉིས་ལས་ཐ་དད་པ་རྐྱེན་དང་རྐྱེན་ཅན་དུ་མ་ངེས་པར་གྱུར་པ་རྣམས་ཀྱང་གསུངས་སོ། །མདོ་ལས་ནི་བཟློག་པས་སོ། །དགོངས་པ་ལས་བྱུང་བ་ནི་དགོངས་པ་ཅན་ཡིན་ ལ། མཚན་ཉིད་ལ་རྣམ་པར་གནས་པ་ནི་མཚན་ཉིད་པ་སྟེ། ཆོས་མངོན་པ་ལས་གསུངས་པ་ནི་མཚན་ཉིད་དང་འབྲེལ་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་དང་ཞེས་བྱ་བའི་དོན་ཏོ། གནས་སྐབས་པ་དང་རྒྱུན་ཆགས་པ་དང་། སེམས་ཅན་དུ་སྟོན་པ་ནི་ མདོ་ལས་གསུངས་པ་དགོངས་པ་ཅན་ནོ། །སྐད་ཅིག་པ་དང་འབྲེལ་པ་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ནི་ཆོས་མངོན་པ་ལས་གསུངས་པ་མཚན་ཉིད་པའོ། །དེ་ཉིད་ཀྱི་ཕྱིར་ཆ་གསུམ་པ་ཡིན་ནོ། །ཞེས་བྱ་བ་ནི་གང་གི་ཕྱིར་སྔོན་དང་ཕྱི་མའི་མཐའ་དང་། བར་ལ་ རྨོངས་པ་བཟློག་པའི་ཕྱིར་བསྟན་པའི་ཕྱིར་ཏེ། ཆ་ནི་ཆ་ཤས་སོ། །ཅི་བདག་ཅི་ཞིག་ཏུ་ནི་བྱུང་བར་གྱུར་ཞེས་བྱ་བ་ནི་ལྷའམ་འོན་ཏེ་མི་ཞིག་སྙམ་པའོ། །བདག་ཇི་ལྟར་བྱུང་བར་གྱུར་ཞེས་བྱ་བ་ནི་རྣམ་པ་གང་གིས་ཚུལ་གང་གིས་སོ། །ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་ ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་འོན་ཏེ་འབྱུང་བར་མི་འགྱུར། ཅི་ཞིག་ཏུ་ནི་འབྱུང་བར་འགྱུར་ཇི་ལྟར་འབྱུང་བར་འགྱུར་ཞེས་བྱ་བའོ། །འདི་ཅི་ཞིག་ཡིན་ཞེས་བྱ་བ་ནི་ལུས་ཀྱི་རྫས་འཚོལ་བའོ། །འདི་ཇི་ལྟར་ཡིན་ཞེས་བྱ་བ་ནི་རྣམ་པ་གང་ གིས་ཚུལ་གང་ཞིག་ཏུ་ཡིན་ཞེས་བྱ་བའོ། །ལུས་ཀྱི་རྗེས་ངེས་པར་མ་ཟིན་པ་ནི། ཡོད་པ་ནི་ཅི་ཞིག་ཡིན་ཞེས་བྱ་བ་སྟེ། བདག་ཅག་ད་ལྟར་ཡོད་པ་ནི་ཅི་ཞིག་ཡིན། འགྱུར་བ་ནི་ཅི་ཞིག་ཡིན་ཞེས་དེ་ལྟར་མི་ངེས་པའོ། །མ་རིག་པ་དང་ འདུ་བྱེད་རྣམས་ཞེས་བྱ་བ་ལ་ཅི་ཞེ་ན། སྔོན་གྱི་མཐའ་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐའིའོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་བར་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་རོ། །འདི་ལྟར་མདོ་ཉིད་ལས་ཞེས་བྱ་བ་རྒྱས་པར་འབྱུང་ སྟེ། གང་གི་ཕྱིར་མདོ་དེ་ཉིད་ལས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ནི་འདུ་བྱེད་ལ་སོགས་པ་དག་གོ །ཡང་དག་པའི་ ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །མ་རིག་པ་ལ་སོགས་པ་བཅུ་གཉིས་ནི་ཕུང་པོ་ལྔའི་གནས་སྐབས་སོ། །སྔོན་གྱི་མཐའ་ལ་འབྲང་བར་མི་ འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་དང་འབྲས་བུར་འབྲེལ་པར་ཁོང་དུ་ཆུད་པའི་ཕྱིར་དང་། ཆོས་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་རོ། །སྲེད་པ་དང་ལེན་པ་དང་སྲིད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲེད་པ་ལ་སོགས་པ་འདི་དག་ནི་བར་གྱི་སྲིད་པ་ཡིན་ཡང་ཕྱི་མའི་མཐའ་ལ་རྨོངས་ པ་བཟློག་པར་བྱ་བའི་ཕྱིར་ཡིན་ཏེ་དེའི་རྒྱུ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་དག་གིས་ནི་རྣམ་པར་ཤེས་པ་ལ་སོགས་པ། ཚོར་བ་ལ་ཐུག་པ་རྣམས་ཀྱང་དེའི་འབྲས་བུ་ཡིན་པའི་ཕྱིར་སྔོན་གྱི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་ཡིན་པའོ། །ཡང་ན་མ་རིག་པ་དང་འདུ་བྱེད་ རྣམས་ཀྱང་དེའི་རྒྱུ་ཡིན་པའི་ཕྱིར་བར་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་ཁས་བླང་བར་བྱ་དགོས་ལ། དེ་ལྟར་ནའང་འདས་པའམ་བར་གྱི་ཆ་ཡོད་པ་མ་ཡིན་པས་མདོ་དང་འགལ་ཏེ། དེ་ལྟ་བས་ན་སྔ་མ་ཉིད་ཁ་ན་མ་ཐོ་བ་མེད་དོ། །ཉོན་མོངས་པ་གསུམ་མོ་ཞེས་བྱ་བ་ལ། མ་རིག་ པ་ནི་ད་ལྟར་གྱི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་དང་ལེན་པ་ནི་མ་འོངས་པའི་སྐྱེ་བའི་རྒྱུ་ཡིན་ནོ། །ལས་གཉིས་སོ་ཞེས་བྱ་བ་ནི་ད་ལྟར་དང་མ་འོངས་པའི་སྐྱེ་བའི་རྒྱུ་འདུ་བྱེད་དང་སྲིད་པ་ཞེས་བྱའོ། །དེ་ཡན་ལག་བདུན་པོ་ཞེས་བྱ་བ་ལ། ད་ལྟར་བའི་སྐྱེ་བ་ལ་ནི་ རྣམ་པར་ཤེས་པ་ལ་སོགས་པ་ཚོར་བའི་མཐར་ཐུག་པ་ལྔའོ། །མ་འོངས་པའི་སྐྱེ་བ་དང་རྒ་ཤི་གཉིས་སོ། །ཡང་ཅིའི་ཕྱིར་འདི་དག་གཞི་ཞེས་བྱ་ཞེ་ན། ལས་དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ལས་དང་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་ བའི་ཐ་ཚིག་གོ། །དེ་བཞིན་དུ་འབྲས་བུ་ཡིན་ཞེས་བྱ་བ་ལ། ཡན་ལག་བདུན་ཁོ་ན་འབྲས་བུ་ཡིན་ཏེ། སྔོན་གྱི་མཐའ་པའི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང་། ཕྱི་མའི་མཐའ་པའི་སྐྱེ་བ་དང་རྒ་ཤིའོ། །ལྷག་མ་ལྔ་ནི་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པའི་རང་ བཞིན་ཉིད་ཀྱིས་རྣམ་པར་སྨིན་པ་འཕེན་པའི་ཕྱིར་རོ། །གཞི་རྣམ་པ་ལྔ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ཞེས་བྱ་བ་དེ་ལྟ་བུའོ། །ཉོན་མོངས་པ་རྣམ་པ་གཉིས་ཐ་དད་པ་ཞེས་བྱ་བ་ནི་སྲེད་པ་དང་། དེའི་རྐྱེན་གྱིས་ ལེན་པ་སྟེ། དེ་ལྟར་ན་བར་དུ་རྒྱུ་དང་འབྲས་བུ་ཉིད་རྒྱས་པ་ཡིན་ནོ། །ཡང་ཇི་ལྟར་སྲེད་པ་འདི་ལེན་པ་ཡིན་བཞིན་དུ་ལོགས་ཤིག་ཏུ་རྣམ་པར་གཞག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྲེད་པའི་སྐད་ཅིག་མ་དང་པོ་ནི་སྲེད་པའི་སྒྲས་བརྗོད་ལ། རྒྱ་ཆེ་བ་ནི་ལེན་པའི་སྒྲས་བརྗོད་དེ། རྒྱུན་ གྱི་སྒོ་ནས་ཡུལ་ཆེས་དམ་པོར་འཛིན་པའི་ཕྱིར་རོ། །དེ་ལྟར་ཡོད་པས་སྐད་ཅིག་མ་ལ་སོགས་པ་རྣམས་ཡན་ལག་གསུམ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། གཉིས་སུ་ཡང་འདོད་པས་ཐལ་བར་འགྱུར་བ་འདི་མེད་དོ། །ཡུལ་སོ་སོའི་སྐད་ཅིག་ལས་སྐད་ཅིག་མ་མང་པོ་ཉིད་ ཀྱི་ཕྱིར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ཉིད་ནི་རྣམ་པར་ཤེས་པའི་སྐྱེ་བ་ཡིན་པས་དེ་ཉིད་སྐད་ཅིག་མ་གཅིག་གོ། །ཡང་ཅིའི་ཕྱིར་སྲེད་པ་ཁོ་ན་དེ་ལྟར་བསྟན་གྱི་ཉོན་མོངས་པ་གཞན་མ་ཡིན་ཞེ་ན། སྐད་ཅིག་མ་དང་རྒྱུན་གྱི་དབྱེ་བས་བསྟན་ཏེ། སྲིད་པ་མངོན་པར་འགྲུབ་པ་ ལ་སྲེད་པ་ཁོ་ན་གཙོ་བོའི་རྒྱུ་ཉིད་དོ། །དེ་ལ་དང་པོ་དགུ་མཐོང་བ་ལས་དེའི་གཉེན་པོ་ཚོལ་བ་ལ་ཀ་ཐ་ཡནྟ་བནྟཿསྱུ་རི་ཏི། གཞན་དག་ན་རེ་སྲེད་པ་ཁོ་ན་བསྟན་གྱི་ཉོན་མོངས་པ་གཞན་དག་མ་ཡིན་པ་ནི་ཡུལ་རྣམས་དང་དང་པོར་ཕྲད་པ་ནི་སྲེད་པའི་སྒྲས་བསྟན་ལ། རྒྱས་པར་ཕྲད་པ་ ལ་ཉེ་བར་ལེན་པའི་སྒྲས་བསྟན་ཏོ་ཞེས་ཟེར་རོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་སྲིད་པའི་རྒྱུ་ཅན་གྱི་ལས་གསུངས་ཏེ། ཉོན་མོངས་པ་ཐམས་ཅད་ལས་ཀྱི་རྒྱུ་ཡིན་པ་དེའི་ཕྱིར་འདིར་སྲིད་པའི་སྒྲས་ཉོན་མོངས་པ་ཐམས་ཅད་གཟུང་བ་དེའི་སྐྱོན་བསྟན་པ་བསྐྱེད་པའི་ཕྱིར་དེ་ལྟར་ཤེས་ སོ། །འདིར་ནི་བརྒལ་བའི་ལན་དུ་མི་སྦྱོར་རོ། །ཚེ་གསུམ་གྱི་གནས་སྐབས་ཀྱི་ཡན་ལག་ཐ་དད་པ་རྣམས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡན་ལག་བཅུ་གཉིས་ཕུང་པོ་ལྔའི་གནས་སྐབས་ཀྱིས་གནས་སྐབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་འགལ་ལོ། ། མ་འོངས་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་དང་དེའི་རྐྱེན་གྱིས་རྒ་ཤི་སྟེ། དེ་ལྟར་ན་འབྲས་བུ་མདོར་བསྡུས་པ་ཡིན་ནོ། །ཉོན་མོངས་པ་སྒོ་གཅིག་ཏུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་འབྱུང་བས། མ་རིག་པའི་སྒོ་གཅིག་ པུས་ཉོན་མོངས་པ་ཐམས་ཅད་བསྟན་པའི་ཕྱིར་ཏེ། རྒྱུ་མདོར་བསྡུས་པ་ཡིན་ནོ་ཞེས་བྱ་བར་བསྙེགས་སོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་ཡང་སྐབས་སུ་བབ་པ་ཡིན་པའི་ཕྱིར་ཐམས་ཅད་དང་སྦྱར་བར་བྱའོ། །ལས་ནི་སྔོན་གྱི་མཐའ་དང་བར་དུ་ཡང་མདོར་བསྡུས་པ་ཉིད་དུ་བསྟན་པས་རྣམ་ པར་མ་དཔྱད་དོ། །ཡང་དོན་མེད་པའི་འབད་པ་མ་བྱས་སོ་ཞེས་བྱ་བ་ལ། བར་དུ་རྒྱུ་རྒྱས་པར་བསྟན་པས་སྔོན་གྱི་མཐར་ཡང་རྒྱུ་རྒྱས་པ་དང་། འབྲས་བུ་རྒྱས་པར་བསྟན་པས་ཕྱི་མའི་མཐར་ཡང་འབྲས་བུ་རྒྱས་པར་རྟོགས་པར་ནུས་པ་ཉིད་དོ། །གང་གི་ཕྱིར་སྐྱེ་བ་ཐམས་ཅད་བལྟོས་ པའི་བྱེ་བྲག་ལས་སྔོན་དང་བར་དང་ཕྱི་མ་ཡིན་ཏེ། དེའི་ཕྱིར་སྔོན་དང་ཕྱི་མའི་མཐའ་གཉིས་སུ་འབྲས་བུ་རྒྱས་པར་བརྗོད་པ་དོན་མེད་པར་འགྱུར་བས། ཡང་བརྗོད་པའི་འབད་པ་དོན་མེད་དོ། །གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཁོ་ན་ཡིན་ན་ཞེས་བྱ་བ་རྒྱས་པར་སྨྲས་ པ་ལ། ཡན་ལག་ལྔ་ནི་རྒྱུ་ཡིན་ལ། བདུན་འབྲས་བུ་ཡིན་པས་དེ་ལྟར་ཡན་ལག་བཅུ་གཉིས་ཁོ་ནར་འགྱུར་ཏེ། རྒྱུ་དང་འབྲས་བུ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་མ་རིག་པ་ལ་རྒྱུ་མེད་པའི་ཕྱིར་འཁོར་བ་ཐོག་མ་དང་ལྡན་པར་ཐལ་བར་འགྱུར་ལ། རྒ་ཤི་ལ་འབྲས་ བུ་མེད་པའི་ཕྱིར་མཐའ་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་གཉེན་པོ་མེད་པ་ཁོ་ན་སྲིད་པ་མེད་པར་ཐལ་བར་འགྱུར་རོ། །མ་རིག་པ་དང་རྒ་ཤི་གཉིས་ཀྱི་རྒྱུ་དང་འབྲས་བུ་ཁས་ལེན་ན་ཡང་ཡན་ལག་ལྷག་པས་བསྟན་པ་མ་ཚང་བ་ཉིད་དང་། རྒྱུ་དང་འབྲས་བུ་དག་ཐུག་པ་མེད་པར་ཐལ་ལོ་ ཞེ་ན། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཞི་འམ་ཉོན་མོངས་པ་ལས་ཞེས་བྱ་བ་ལ་ཚེ་འདིའི་སྲིད་པ་དང་ལེན་པ་གང་ཡིན་པ་དེ་ནི་འདས་པའི་དུས་ན་མ་རིག་པ་ཡིན་པར་བཤད་དེ། དེས་ན་མ་རིག་པ་གཞི་འམ་ཉོན་མོངས་པ་ལས་སྐྱེ་བར་ འགྱུར་རོ་ཞེས་བྱ་བ་འགྲུབ་པོ། །གཞི་ལས་ཀྱང་ཉོན་མོངས་པ་འབྱུང་ངོ་། །ཞེས་བྱ་བ་ནི་སྲིད་པ་སྟེ་འདི་ལྟར་ཚོར་བའི་རྐྱེན་གྱིས་སྲིད་པ་ཡིན་པར་བཤད་ལ། རྒ་ཤི་ཡང་ཚོར་བ་ལ་ཐུག་པ་ཡིན་ཏེ། ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་ཉོན་མོངས་ པ་ལས་ཉོན་མོངས་དང་། བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་ཇི་སྐད་བཤད་པའི་ཚུལ་གྱིས་སོ། །དེ་ལྟ་མ་ཡིན་ན་སྟེ། ཉོན་མོངས་པ་ལས་ཉོན་མོངས་དང་། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཇི་སྐད་བཤད་ པ་མི་བཞེད་པར་གྱུར་ན་ནི་གང་གིས་ན་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་ཞེས་གསུངས་པར་འགྱུར་ལ། འདི་ནི་ནུས་པ་ཅི་ཞིག་ཡོད་པར་འགྱུར། །དེའི་ཕྱིར་ཡན་ལག་གཞན་ཁ་སྐོང་མི་དགོས་ལ་ཐུག་པ་མེད་པར་མི་འགྱུར་ཞིང་བསྟན་པ་མ་ཚང་བ་ཉིད་མ་ཡིན་ནོ། །གཞན་དག་ ན་རེ་མདོ་གཞན་ལས་ཞེས་བྱ་བ་ལ་སོགས་པ་ལ། མདོ་གཞན་གང་ལས་ཤེ་ན། རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་མདོ་ལས་ཏེ། དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་སོ། །མ་རིག་པའི་རྒྱུ་གང་ཡིན། རྐྱེན་གང་ཡིན། གཞི་གང་ཡིན་ཞེ་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་ལྟ་ན་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྐྱེན་མ་གསུངས་པའི་ཕྱིར་འཁོར་བ་ཐོག་མ་དང་ཐ་མ་དང་ལྡན་པའམ། ཡན་ལག་གཞན་ཁ་བསྐང་བར་བྱ་དགོས་པར་ འགྱུར་བས། ཉེས་པ་དེ་ཉིད་དུ་འགྱུར་རོ་ཞེ་ན་དེའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་ཏེ། དེའི་ཕྱིར་འདི་ཉེས་པ་མེད་དོ། །མདོ་ལས་འདི་ལྟར་མིང་དང་གཟུགས་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས་གཏི་ མུག་ལས་སྐྱེས་པ་ཞེས་གསུངས་སོ། །ཅིའི་ཕྱིར་དེ་འདིར་མ་བཤད་ཅིང་ཡན་ལག་གཞན་དུ་ཡང་ཇི་ལྟར་མི་འགྱུར་ཞེ་ན། དེའི་ཕྱིར་དེ་ནི་འདིར་ཡང་ལེན་པའི་ནང་དུ་འདུ་བའི་ཕྱིར་བཤད་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། ། འདིར་ཡང་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོར་རོ། །ལེན་པ་རྣམས་ཉོན་མོངས་པ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་སེམས་ཀྱི་གཟོ་བ་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ལེན་པའི་ནང་དུ་འདུ་བ་ཡིན་ནོ་ཞེས་བཤད་ པར་འགྱུར་རོ། །དེ་ལྟར་ན་མ་རིག་པ་རྒྱུ་མེད་པ་ཅན་ཉིད་མ་ཡིན་ཞིང་། ཡན་ལག་གཞན་ཁ་བསྐང་བར་བྱ་དགོས་པ་ཡང་མ་ཡིན་ལ། ཐུག་པ་མེད་པ་ཐལ་བར་ཡང་མི་འགྱུར་རོ་ཞེས་ཟེར་རོ། །སློབ་དཔོན་གྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལེན་པའི་ནང་དུ་ཇི་ལྟར་འདུས་ཞེས་ བྱ་བ་སྨོས་ཏེ། ཉོན་མོངས་པའི་བདག་ཉིད་མ་ཡིན་པ་བཞིན་དུ་ཞེས་བསམས་པའོ། །ལེན་པ་ནི་ཉོན་མོངས་པ་རྣམས་ཁོ་ན་ཡིན་གྱི་ཆོས་གཞན་དག་ནི་མ་ཡིན་ཏེ། ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམས་ཏེ་ལྟ་རྣམ་གཉིས། །ཕྱེ་བའི་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་མཚུངས་ པར་ལྡན་པ་ལས་ཡིན་ནོ་ཞེ་ན་ནི་ཞེས་བྱ་བ་ལ། ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན་ལེན་པ་དང་མཚུངས་པར་ལྡན་པའི་ཕྱིར་དེའི་ནང་དུ་འདུས་སོ། །གཞན་གྱི་བསམ་པ་གསལ་བར་བྱེད་པ་ནི། སྲེད་པ་དང་མ་རིག་པ་དག་གི་ནང་དུ་ཡང་ཞེས་བྱ་བ་སྟེ། རྟེན་ཅིང་འབྲེལ་ པར་འབྱུང་བའི་ཡན་ལག་གི་ནང་དུའོ། །དེས་ན་འདུས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ལེན་པ་ལྟར་སྲེད་པ་དང་མ་རིག་པ་གཉིས་དང་ཡང་མཚུངས་པར་ལྡན་པའི་ཕྱིར་ཏེ། དེས་ན་ལེན་པའི་ནང་ དུ་འདུ་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྲེད་པ་དང་ལེན་པའི་ནང་དུ་འདུས་པའི་ཕྱིར་ན་འདི་ལྟར་བཤད་པར་འགྱུར་རོ་ཞེས་བརྗོད་པར་བྱ་སྟེ། ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །ནང་དུ་འདུས་པ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། མཚུངས་ པར་ལྡན་པ་ཙམ་གྱིས་ནི་ནང་དུ་འདུ་བར་མི་རྟོགས་ཏེ་འཁྲུལ་པའི་ཕྱིར་རོ། །ནང་དུ་འདུས་པ་ཡིན་དུ་ཆུག་ན་ཡང་ཇི་ལྟར་འདི་ལས་འདི་ཞེས་བྱ་བ་ལ། མདོ་དེ་ལས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལེན་པའི་ནང་དུ་འདུས་པའི་ཕྱིར་ལེན་པ་མ་ལུས་པ་དང་འདྲ་བར་སྲིད་པའི་རྒྱུ་ཉིད་དུ་ རྟོག་པར་འགྱུར་གྱི། མ་རིག་པའི་རྒྱུ་ཉིད་དུ་ནི་མ་ཡིན་ཏེ། གང་ལས་ལེན་པའི་ནང་དུ་འདུ་བས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་མ་རིག་པའི་རྐྱེན་ཉིད་དུ་རྟོག་པར་འགྱུར་བ་མདོ་འདི་ལས་ལེན་པ་མ་རིག་པའི་རྒྱུ་ཉིད་ནི་མ་བསྟན་ཏོ། །གལ་ཏེ་མདོ་ལས་མ་བསྟན་ཡང་ནང་དུ་འདུ་བ་ ཁོ་ནས་རྒྱུ་དང་འབྲས་བུའི་དངོས་པོར་ཤེས་པར་འགྱུར་རོ་ཞེ་ན་འོ་ན་ནི་སྲིད་པ་དང་མ་རིག་པ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གཉིས་ལྟར་མ་བསྟན་ཡང་ལེན་པའི་ནང་དུ་འདུས་པ་ཁོ་ནས་སྲེད་པ་དང་ལེན་པ་དག་དང་། མ་རིག་པ་དང་འདུ་བྱེད་ དག་རྒྱུ་དང་འབྲས་བུའི་དངོས་པོར་ཤེས་པར་འགྱུར་ཏེ། དེའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལྟར་སྲིད་པ་དང་མ་རིག་པ་གཉིས་ཀྱང་ཡན་ལག་གཞན་ཉིད་དུ་མི་བྱ་བར་ནུས་ན། བྱེད་པ་ཡང་ཡིན་ཏེ། དེའི་ཕྱིར་ལེན་པའི་ནང་དུ་འདུས་པ་ཡན་ལག་གཞན་ཉིད་དུ་མི་བརྗོད་པའི་རྒྱུ་མ་ཡིན་ནོ། ། གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ནོ། །མདོ་གཞན་ལས་ཞེས་བྱ་བ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་མདོ་ལས་སོ། །དེ་ཡང་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །རེག་པའི་དུས་སུ་བསྟན་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ དུས་གང་ཡིན་པ་དེ་ཉིད་རེག་པའི་དུས་སོ། །གཏི་མུག་གིས་སྐྱེད་པར་བྱེད་པ་ཅན་ནམ། གཏི་མུག་ལས་སྐྱེས་པ་ནི་གཏི་མུག་ལས་སྐྱེས་པའོ། །ཉོན་མོངས་པས་བརྙོགས་པའི་ཕྱིར་ན་རྙོག་པའོ། །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མ་རིག་པ་དང་མཚུངས་ པར་ལྡན་པའི་རེག་པ་ལས་སྐྱེས་པ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིན་ལ། དེ་ཡང་གདོན་མི་ཟ་བར་མ་རིག་པ་དང་མཚུངས་པར་ལྡན་པ་ཡིན་ཏེ། མ་རིག་པ་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཚོར་བ་ནི་སྲེད་པའི་རྐྱེན་མ་ཡིན་ནོ། །དེ་ལྟ་བས་ན་རེག་པའི་དུས་ན་ཡོད་པའི་ཚུལ་ བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མ་རིག་པ་རྒྱུ་མེད་པ་ཉིད་ཀྱང་མ་ཡིན་ཞིང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བའི་ཕྱིར་བཅུ་གཉིས་ལས་གཞན་པའི་ཡན་ལག་གཞན་གྱིས་ཁ་བསྐང་བར་ཡང་མི་བྱའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་ བྱེད་པ་རེག་པའི་ནང་དུ་འདུས་པའི་ཕྱིར་ན་ཐུག་པ་མེད་པར་ཐལ་བ་ཡང་མ་ཡིན་ཏེ། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གཉིས་ཕན་ཚུན་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་གཏི་མུག་ལས་སྐྱེས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོ་ན་ནི་དེ་ ནི་ཞེས་བྱ་བ་ནི་མ་རིག་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེད་པ་ཉིད་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གཏི་མུག་ལས་སྐྱེས་པ་ཉིད་དོ། །གཞན་དུ་གསུངས་པས་ཞེས་བྱ་བ་མདོ་གཞན་དུའོ། །འདིར་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ མདོར་རོ། །མ་བཤད་པ་དེའི་ཕྱིར་དགོངས་པ་འདིས་མ་རིག་པའི་རྐྱེན་མ་བརྗོད་དོ་ཞེས་བྱ་བར་རྟོགས་སོ། །སློབ་དཔོན་དཔལ་ལེན་གྱིས་སྨྲས་པ། བརྗོད་པར་བྱ་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། འདིར་ཡང་གོ་བ་ཞེས་བྱ་བའི་ཕྱིར་རོ། །འདིར་ཡང་གོ་བ་ཞེས་བྱ་བ་ནི་མི་སྲིད་དོ་སྙམ་ནས་ འདྲི་བ་ནི། མ་བརྗོད་བཞིན་དུ་ཇི་ལྟར་གོ། །ཞེས་བྱ་བའོ། །རིག་པ་ལས་སོ་ཞེས་བྱ་བ་ལ་མ་སྨྲས་པ་ཁོ་ན་གོ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཞིག་རིག་པ་ལས་གོ་བ་དེ་ཡང་གོ་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །རིག་པ་གང་གིས་ཞེས་བྱ་བ་ལ། འདིར་མ་རིག་པ་དང་ཚུལ་བཞིན་ མ་ཡིན་པ་ཡིད་ལ་བྱེད་པ་གཉིས་ཕན་ཚུན་གྱི་རྒྱུ་ལས་བྱུང་བར་གོ་བར་འགྱུར་ཞེས་བྱ་བར་སྦྱར་རོ། །དགྲ་བཅོམ་པ་རྣམས་ཀྱི་ཚོར་བ་མ་རིག་པ་མེད་པ་ནི་ཞེས་བྱ་བ་འབྱུང་སྟེ། དགྲ་བཅོམ་པ་རྣམས་ཀྱི་ཚོར་བ་མ་རིག་པ་དང་མཚུངས་པར་མི་ལྡན་པ་ནི་སྲེད་པའི་རྐྱེན་མ་ཡིན་ ཏེ། འདིས་ནི་ཚོར་བའི་དུས་ན་མ་རིག་པ་ཡོད་དོ་ཞེས་བསྟན་ཏོ། །ཕྱིན་ཅི་ལོག་མེད་པའི་རེག་པ་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དགྲ་བཅོམ་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་ཚོར་བའི་རྐྱེན་མ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །དེ་ལྟར་ན་རེག་པའི་དུས་ན་ཉོན་མོངས་ པ་ཅན་གྱི་ཚོར་བའི་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡོད་དོ། །ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོར་ཡང་སྲེད་པའི་རྐྱེན་གྱིས་ཚོར་བ་ཉིད་དུ་བཤད། དེའི་རྐྱེན་གྱིས་ཀྱང་རེག་པའོ། །མ་རིག་པ་མེད་པར་ཚོར་ བ་ཉོན་མོངས་པ་ཅན་མེད་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པར་ཕྱིན་ཅི་ལོག་གི་རེག་པ་མེད་པ་དེའི་ཕྱིར་སྔར་བཤད་པའི་རིག་པས་འདིར་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྐྱེན་དུ་འགྱུར་རོ་ཞེས་བྱ་བར་གྲུབ་པོ། །མ་རིག་པ་མེད་པར་ཕྱིན་ཅི་ལོག་གི་ཡིད་ལ་ བྱེད་པ་ཡོད་པ་མ་ཡིན་ཞིང་ཡིད་ལ་བྱེད་པ་དེ་ཡང་གཏི་མུག་ལས་སྐྱེས་པ་ཉིད་དུ་གྲུབ་པོ། དེ་ལྟ་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མདོ་གཞན་ལས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེས་སོ་ཞེས་བསྟན་ལ། དགྲ་བཅོམ་པ་མ་རིག་ པ་མེད་པའི་ཚོར་བ་ཡང་སྲེད་པའི་རྐྱེན་མ་ཚང་ཞིང་། ཕྱིན་ཅི་ལོག་མེད་པའི་རེག་པ་ཡང་ཉོན་མོངས་པ་ཅན་གྱི་ཚོར་བའི་རྐྱེན་མ་ཡིན་ནོ། །ཡན་ལག་གཉིས་པོ་འདི་ཡང་རེག་པ་དང་ཚོར་བ་ཞེས་བྱ་བ་འདིར་ནུས་པ་མི་བྱེད་དོ། །མ་བརྗོད་ཀྱང་གཞན་དུ་བསྟན་པའི་ཕྱིར་འདི་གོའོ་ཞེ་ན། མདོ་གཞན་ ལས་དེ་བསོད་ནམས་མངོན་པར་འདུ་བྱེད་ན་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་ལ། དགྲ་བཅོམ་པ་མ་རིག་པ་མེད་པ་ལ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟར་ན་འདིར་ཡང་མ་རིག་པའི་རྐྱེན་ ཅན་གྱིས་འདུ་བྱེད་ཡོད་བཞིན་དུ་རིག་པས་འདིར་འདུ་བྱེད་ཀྱི་ཡན་ལག་ཏུ་བརྗོད་པར་མི་བྱའོ། །ཡང་ན་མ་རིག་པ་ནི་དགྲ་བཅོམ་པ་མ་རིག་པ་མེད་པ་ལ་འདུ་བྱེད་མེད་པས་འདུ་བྱེད་སྨོས་པ་ཁོ་ནས་མ་རིག་པ་བཤད་དོ་ཞེས་བྱ་བ་སྟེ། ཡན་ལག་ཐམས་ཅད་ལ་ཡང་དེ་བཞིན་དུ་བརྗོད་པར་ བྱའོ། །དེ་ལྟར་ན་རྒ་ཤིའི་ཡན་ལག་བསྟན་པ་ཙམ་ཉིད་དུ་ཐལ་བར་འགྱུར་རོ། །འདི་ནི་ཀླན་ཀར་མི་རུང་བ་ཁོ་ན་ཡིན་ལ་ཞེས་བྱ་བ་ནི་མདོ་མཛད་པའི་གཞུང་ལུགས་སོ། །མ་ཚང་བ་བསྟན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། འཁོར་བ་ཐོག་མ་དང་ཐ་མ་ལྡན་པ་ཉིད་དུ་མི་འདོད་ཀྱང་། འདིར་ ཉིང་མཚམས་སྦྱོར་བ་གཉིས་བརྗོད་པར་འདོད་པའི་ཕྱིར་ལ། དེ་ཡང་དེ་ཙམ་གྱིས་བསྟན་པའི་ཕྱིར་སྙམ་དུ་བསམས་པའོ། །བསམ་པ་མ་གཏོགས་པས་འདྲི་བ་ནི། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ། འདིར་ནི་འཇིག་རྟེན་ཕ་རོལ་ནས་ཞེས་བྱ་བས་ནི་རྒྱས་པར་བསམ་པ་གསལ་བར་ བྱེད་པའོ། །ཡང་ཚུལ་གང་གིས་ཤེ་ན། འདི་ནི་སྔོན་དང་ཕྱི་མ་ཐལ་བར་དག་ལ་ཞེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ། །དེ་ལ་མ་རིག་པ་དང་འདུ་བྱེད་དག་གིས་ནི་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་འཇིག་རྟེན་འདི་སྦྲེལ་བར་བྱེད་ལ། སྲེད་པ་དང་ལེན་པ་ དང་སྲིད་པ་རྣམས་ཀྱིས་ནི་སྐྱེ་བ་དང་རྒ་ཤིའི་བདག་ཉིད་ཅན་འཇིག་རྟེན་ཕ་རོལ་སྦྲེལ་བར་བྱེད་དོ། །མ་རིག་པའི་རྒྱུ་དང་རྒ་ཤིའི་འབྲས་བུ་ནི་འཇིག་རྟེན་འདི་ཡང་མ་ཡིན་ཞིང་ངོ་། །འཇིག་རྟེན་ཕ་རོལ་ལ་ཡང་མ་ཡིན་ལ་དེ་གཉིས་ཀྱི་རྒྱུ་ཡང་མ་ཡིན་པས་འདིར་མ་གསུངས་སོ། །སྐབས་སུ་ མ་བབ་པར་བསྟན་པའི་སྐྱོན་སྤང་བའི་ཕྱིར་རོ། །གཉིས་ཀ་ཡང་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་སོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་པ་རྣམས་སོ། །ད་ནི་ཇི་ལྟར་མ་འོངས་པ་མ་བྱུང་བ་ཞེས་ བྱ་བ་ལ་སོགས་པ་འབྱུང་ངོ་། །འདས་པ་དང་ད་ལྟར་བྱུང་བ་ཁོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སུ་བསྟན་བཅོས་ལས་བཤད་ཅེས་སློབ་དཔོན་འདུས་བཟང་ཟེར་རོ། །བསྟན་བཅོས་ལས་འདི་སྐད་དུ། སྐྱེས་པའི་ཆོས་རྣམས་གང་ཞེ་ན། འདས་པ་དང་ད་ལྟར་ བྱུང་བའི་ཆོས་རྣམས་སོ། །དེ་དང་བརྟེན་པ་དང་བརྟེན་པ་མ་ཡིན་པས་མ་སྐྱེས་པ་དང་སྐྱེས་པ་དང་སྐྱེ་བའི་རིགས་པ་རིམ་གྱིས་འགལ་བའི་ཕྱིར་རོ། །མ་འོངས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་ནི་མི་འགལ་ཏེ་དེའི་ཆོས་ཉིད་ཀྱི་ཕྱིར་རོ། །དེ་ནི་ དེ་ལྟ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཀྱང་ཆོས་ཐམས་ཅད་དེ་ཞེས་ཁྱད་པར་མེད་པར་གསུངས་པའི་ཕྱིར་རོ། །གང་ཡང་འདིར་ལན་དུ་བརྗོད་པ་ཕུང་པོ་རྣམས་ཀྱིས་འདུས་བྱས་ཐམས་ཅད་བསྡུས་པའི་ཕྱིར་ དང་དེ་དག་ཀྱང་འདས་པ་དང་ད་ལྟར་བྱུང་བ་ཉིད་ཡིན་པའི་ཕྱིར་འདི་ལ་སྐྱོན་མེད་དོ་ཞེས་བྱ་བ་འདི་ཡང་ཕྱེད་པར་དཀའ་བས་ལན་མ་ཡིན་པ་ཉིད་དེ་གཞན་དུ་ན་རྣམ་པར་དཔྱད་པར་བྱ་དགོས་པར་འགྱུར་ཏེ་སྤྲོས་པས་ཆོག་གོ། །རེ་ཞིག་མ་འོངས་པ་མ་བྱས་པ་རྣམས་ཞེས་བྱ་བ་རྒྱས་ པར་འབྱུང་སྟེ། རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་ནས་བྱས་པས་ན་འདུས་བྱས་ཡིན་ལ། མ་འོངས་པ་ནི་བྱས་པ་མ་ཡིན་མོད་ཀྱི་འོན་ཀྱང་འདུས་བྱས་སུ་བརྗོད་པ་དེ་བཞིན་དུ། མ་འོངས་པ་མ་བྱུང་བ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཡང་དེ་ དག་མ་བྱས་ན་ཇི་ལྟར་འདུས་བྱས་ཞེས་བྱ་ཞེ་ན། དེའི་ཕྱིར་མངོན་པར་འདུ་བྱེད་པའི་ཞེས་བྱ་བ་སྨོས་ཏེ། འདི་ལྟ་བུ་དང་འདི་ལྟ་བུར་གྱུར་ཅིག་སྙམ་དུ་མངོན་པར་འདུ་བྱེད་པའི་ངོ་བོ་ཅན་འབྲས་བུ་མངོན་པར་སྒྲུབ་པར་བྱེད་པའི་སེམས་པས་སོ། །བསམ་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷར་ འགྱུར་བར་བྱའོ། །མིར་འགྱུར་བར་བྱའོ་སྙམ་པ་དེ་ལྟ་བུ་ལ་སོགས་པའོ། །མངོན་པར་འདུ་བྱེད་པ་པས་ཞེས་བྱ་བའི་དོན་དུ་ཞེ་ན་དེའི་བྱེད་པ་ཉེ་བར་བསྟན་པའི་དོན་ཏོ། །དེ་ལྟ་མ་ཡིན་ན་སླར་བརྗོད་པ་ལ་སེམས་པས་བསམ་པའི་ཕྱིར་དང་། བཀའ་ལས་འབྱུང་བའི་ཕྱིར་མ་ འོངས་པའི་འདུས་བྱས་ཉིད་མངོན་པར་མི་གསལ་བར་འགྱུར་རོ། །བྱེད་པ་མངོན་པར་མི་གསལ་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མངོན་པར་འདུ་བྱེད་པ་རྣམས་མངོན་པར་འདུ་མི་བྱེད་དོ། །དེ་དག་མ་འོངས་པའི་རྒྱུ་མཐུན་པའི་འབྲས་བུ་ཉིད་ཀྱི་ཕྱིར་དང་བསམ་པའི་ཕྱིར་ འདུས་མ་བྱས་ཉིད་དུ་ཐལ་བར་འགྱུར་རོ། །ཐམས་ཅད་འཚོགས་བཅས་དང་བཅས་པའི་ལུས་འདོད་པའི་ཡུལ་རྣམས་ཀྱང་དེ་ལ་བསམས་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་ཡུལ་རྣམས་ཀྱང་འདུས་བྱས་ཉིད་དུ་མི་འགལ་ལོ་ཞེས་ཟེར་རོ། །སྲིད་པའི་གཞི་མ་ཡིན་པ་ཉིད་ཀྱིས་འཇུག་ པ་དང་འགལ་བའི་ཕྱིར་འདྲི་བ་ནི། ཟག་པ་མེད་པ་རྣམས་ཇི་ལྟར་ཞེས་བྱ་བ་སྟེ། རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་གིས་ཟག་པ་མེད་པའི་ཆོས་རྣམས་ཐོབ་པར་གྱུར་ཅིག་སྙམ་དུའོ། །མྱ་ངན་ ལས་འདའ་བ་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་འདུས་བྱས་ཉིད་དུ་ཞེས་བྱ་བར་སྦྱར་ཏེ། དེ་ཡང་དགེ་བ་ཉིད་ཀྱིས་ཐོབ་པར་བྱ་བའི་ཕྱིར་སེམས་པས་བསམས་པ་ཡིན་ནོ། །དེ་དང་རིགས་མཐུན་པའི་ཕྱིར་ཞེས་བྱ་བ་ནི་མ་འོངས་པ་རྣམས་འདུས་བྱས་ཉིད་དང་རྟེན་ ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་དབང་དུ་བྱས་ནས་ལན་སྨྲས་པའོ། །འདུས་བྱས་དང་རིགས་མཐུན་པའི་ཕྱིར་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རིགས་མཐུན་པའི་ཕྱིར་མ་བྱས་པ་དང་མ་བྱུང་བ་རྣམས་ལ་ཡང་འདུས་བྱས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་དེ་ལྟར་མཐུན་པར་བསྒྲེས་ པ་ཡིན་ནོ། །འདིར་འདས་པ་དང་ད་ལྟར་བྱུང་བ་དག་ལ་ནི་འདུས་བྱས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཞེས་བྱ་བའི་དངོས་ཀྱི་སྒྲ་ཡིན་ལ། མ་འོངས་པ་ལ་ནི་བརྟགས་པ་ཡིན་ནོ་ཞེས་ཤེས་པར་བྱ་བར་འགྱུར་རོ། །འདི་ཉིད་ལ་དཔེ་ནི་དཔེར་ན་རེ་ཞིག་གཟུགས་སུ་མི་རུང་ཡང་ཞེས་བྱ་བ་རྒྱས་ པར་འབྱུང་བ་སྟེ། གཟུགས་སུ་རུང་བ་ཞེས་བྱ་བའི་སྒྲས་ནི་བྱ་བའི་རྒྱུ་མཚན་ཅན་འདི་དེ་དང་རིགས་མཐུན་པའི་ཕྱིར་མ་འོངས་པའི་གཟུགས་རྒྱུ་མཚན་མེད་པ་ལ་ཡང་མི་འགལ་བ་དེ་བཞིན་དུ་འདིར་ཡང་མི་འགལ་ལོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་འགའ་ཞིག་དཔེ་དང་དཔེ་ཅན་མཚུངས་པའི་ཕྱིར་ འདི་ལན་དུ་མི་རིགས་སོ་སྙམ་ན་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་རབ་ཏུ་གྲགས་པས་རབ་ཏུ་མ་གྲགས་པ་བསྒྲུབ་པའི་ཕྱིར་རོ། །ཇི་ལྟར་མ་འོངས་པ་གཟུགས་ཅན་དུ་མ་གྱུར་པ་ཉིད་རིགས་མཐུན་པའི་ཕྱིར་གཟུགས་ཞེས་བརྗོད་པ་དེ་བཞིན་དུ་མ་བྱས་པ་དང་མ་སྐྱེས་པ་རྣམས་ཀྱང་མ་ འོངས་པ་དང་རིགས་མཐུན་པའི་ཕྱིར་འདུས་བྱས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སུ་བརྗོད་དེ། དེ་ལྟར་ན་འདིར་རྒོལ་བའི་སྐབས་མེད་དོ། །རྒྱུ་དང་འབྲས་བུ་དག་ཕ་དང་བུ་བཞིན་ནོ་ཞེས་བྱ་བ་ལ་ཇི་ལྟར་ས་བོན་དེ་ཉིད་རྒྱུ་ལ་བལྟོས་ཏེ། འབྲས་བུ་ཡིན་ ཞིང་། འབྲས་བུ་ལ་བལྟོས་ན་རྒྱུ་ཞེས་བྱ་བར་བརྗོད་པ་དང་། དེ་ཉིད་བུ་ལ་བལྟོས་ནས་ཕ་ཡིན་ལ། ཕ་ལ་བལྟོས་ནས་བུར་བརྗོད་པ་དེ་བཞིན་དུ་ཡན་ལག་དེ་ཉིད་འབྲས་བུ་ལ་བལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། རྒྱུ་ལ་བལྟོས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ བྱ་སྟེ། དེ་ལྟ་ན་རྣམ་པར་གཞག་པ་འཇིག་པ་མེད་དོ། །གནས་བརྟན་བསམ་རྫོགས་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གནས་བརྟན་བསམ་རྫོགས་ཀྱི་བསམ་པ་ནི་ཇི་ལྟར་རྒྱུ་ལས་གྲུབ་པ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཡིན་ལ། ཇི་ལྟར་གཞན་དག་གི་རྒྱུར་གྱུར་པ་དེ་ ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བ་འདི་ཡིན་པར་སྣང་ངོ་། །དེ་ལྟར་བཤད་ན་མུ་དང་པོ་ནི་ཆོས་མ་འོངས་པ་རྣམས་ཏེ་མ་སྐྱེས་པའི་ཕྱིར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། གཞན་དག་གི་རྒྱུར་གྱུར་པའི་ཕྱིར་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ། །གཉིས་པ་ནི་དགྲ་ བཅོམ་པའི་ཐ་མ་རྣམས་ཏེ་སྐྱེས་པའི་ཕྱིར་རོ། །འདི་ལྟར་དགྲ་བཅོམ་པའི་ཐ་མ་འདས་པའམ། ད་ལྟར་བ་དག་ལས་ཆོས་གཞན་འབྱུང་བ་ནི་མ་ཡིན་ནོ། །གསུམ་པ་ནི་དེ་ལས་གཞན་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་ཐ་མ་དག་ལས་གཞན་པའི་ཆོས་འདས་པ་དང་ད་ལྟར་བྱུང་བ་རྣམས་ཏེ། དེ་དག་ནི་སྐྱེས་པའི་ཕྱིར་དང་གཞན་དག་གི་རྒྱུར་གྱུར་པའི་ཕྱིར་གཉིས་ཀ་ལྟར་ཡིན་ནོ། །བཞི་པ་ནི་ཆོས་འདུས་མ་བྱས་རྣམས་སོ་ཞེས་བྱ་བ་ལ་དེ་དག་ནི་མ་སྐྱེས་པའི་ཕྱིར་དང་རྒྱུ་མ་ཡིན་པའི་ཕྱིར་རོ། །གཉི་ག་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱང་རྒྱུ་མེད་པའི་ཕྱིར་རྟེན་ཅིང་ འབྲེལ་པར་འབྱུང་བ་ནི་མ་ཡིན་ཏེ། དེ་ལ་རྒྱུའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །ཡང་རྒྱུའི་མཚན་ཉིད་གང་ཞིག་ཅེ་ན། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ། འདི་མེད་ན་འདི་མི་འབྱུང་། འདི་འགགས་པས་འདི་འགག་ཅེས་པའོ། །དེ་ལ་འདུས་མ་བྱས་ཡོད་ ན་དངོས་པོ་རྣམས་འབྱུང་མོད་ཀྱི། དེ་ནི་སྐྱེ་བ་མ་ཡིན་ལ། དེ་མེད་ན་དེ་མེད་པ་དང་། དེ་འགགས་པས་འགག་པ་ཡང་མི་འཐད་དེ། སྐྱེ་བ་དང་འགག་པ་དང་བྲལ་བའི་ཕྱིར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་མི་སྲིད་དོ། །དེ་བཞིན་འཆད་པར་ཅི་ལྟར་འོས་ཞེས་བྱ་བའོ། །དེའི་ རང་བཞིན་ནི་རྟག་པའི་ཕྱིར་འདུས་མ་བྱས་ལ་དམིགས་པའི་ངོ་བོ་སྒྲིབ་པ་མེད་པའི་ངོ་བོས་འདུས་བྱས་རྣམས་ཀྱི་བྱེད་རྒྱུའི་རྒྱུའོ། །འདུ་བྱེད་ཀྱི་སྐྱེ་བའི་རྒྱུན་ནི་མ་ཡིན་ཏེ་རྒྱུའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལྟར་ན་འོ་ན་མི་སྐྱེ་བའི་ ཆོས་ཀྱི་བྱེད་རྒྱུ་ལ་ཡང་རྒྱུའི་མཚན་ཉིད་མེད་པའི་ཕྱིར་འདུས་མ་བྱས་བཞིན་རྣམ་པ་གཉིས་ཀ་མེད་པར་ཐལ་བར་འགྱུར་བའི་ཕྱིར་མུ་བཞི་འགལ་ལོ། །གཞན་དག་ན་རེ། མ་རིག་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འདུ་བྱེད་རྟེན་ཅིང་འབྲེལ་པར་འབྱུང་བ་ནས་ཇི་སྲིད་རྒ་ཤི་དང་མ་ རིག་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་བར་ངེས་པར་འདུ་བྱེད་ཀྱི་གནས་སྐབས་ཉིང་མཚམས་སྦྱོར་བའི་ཕྱིར་རྒ་ཤི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་ངེས་པར་རྒ་ཤིའི་གནས་སྐབས་ཉོན་མོངས་པའི་གནས་སྐབས་སྐྱེད་པར་བྱེད་པ་མ་ཡིན་ལ། ལྷག་མ་རྣམས་ནི་གཉིས་ཀ་ལྟར་ཡང་མ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་དང་པོ་ནི་རྒྱུའི་ངོ་བོས་འཆད་པར་འདོད་པའི་ཕྱིར་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་གཞན་ལྷག་མ་རྣམས་ནི་གཉི་ག་ལྟར་ཡང་ཡིན་ནོ་སྙམ་དུ་སེམས་སོ། །རྣམ་པར་ བཤད་པ་འདི་རྣམས་དང་མདོ་ནི་འགལ་བར་མི་གཟུང་སྟེ། གང་གི་ཕྱིར་མདོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན་མ་རིག་པ་ནས་རྒ་ཤིའོ་ཞེས་གསུངས་སོ། །འདི་ཅི་འདི་དག་གང་ཞིག་གང་འདོད་པ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གནས་སྐབས་པ་ཡིན་པ་ དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པའོ། །མདོ་ལས་ནི་ཞེས་བྱ་བ་ལ། མདོ་ལས་ནི་མ་རིག་པ་གང་ཞེས་དྲི་བ་བྱས་ནས་ཕུང་པོ་ལྔའོ་ཞེས་དེ་སྐད་དུ་མ་བསྟན་ཏོ། །འོ་ན་ཅི་ཞེ་ན། གཞན་དུའོ། ། སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ངེས་པའི་དོན་གང་ཡིན་པ་ཞེས་བྱ་བ་ལ། གང་ཞིག་གི་དོན་བཅོམ་ལྡན་འདས་ཉིད་ཀྱི་རྨ་བ་མཛད་ནས་རྣམ་པར་ཕྱེ་བ་དེའི་དོན་ནི་དེ་ཉིད་ཡིན་གྱི་གཞན་མ་ཡིན་པས་དེ་ནི་ཡང་དྲང་བའི་དོན་དུ་ མི་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། ལྷག་མ་དང་བཅས་པར་བསྟན་པར་འགྱུར་ཏེ། དཔེར་ན་ལས་གསུམ་པོ་འདི་རྒྱུ་དང་ཀུན་འབྱུང་བ་དང་ཞེས་མདོར་བསྟན་པས་གསུམ་པོ་ཁོ་ན་བསྟན་པར་བྱས་ཏེ། ཆགས་པ་དང་སྡང་བ་དང་རྨོངས་པ་རྣམས་སོ། །ང་རྒྱལ་ལ་སོགས་ པ་ནི་ལས་ཀྱི་རྒྱུ་དང་ཀུན་ཏུ་འབྱུང་བ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་མ་ཡིན་ནོ། །དེ་བཞིན་དུ་ཆོས་གཉིས་པོ་འདི་དག་བསྒོམ་པར་བྱ་སྟེ་ཞེས་བྱ་བར་ཡང་ཞི་གནས་དང་ལྷག་མཐོང་སྟེ། དེ་བསྟན་པ་ཀུན་ཏུ་རྟོགས་པ་ལ་སོགས་པ་བསྒོམ་ པར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་གནས་སྐབས་གང་ཡིན་པ་དེ་གཙོ་བོར་བསྟན་པས་ཇི་སྐད་བཤད་པ་ཁོ་ན་བསྟན་ཏེ། བྱ་བ་འགལ་བ་ཅི་ཡང་མེད་དོ། །མ་རིག་པ་མ་གཏོགས་པ་གཞན་འདུ་བྱེད་ཀྱི་རྐྱེན་དུ་མི་འདོད་དེ། འོ་ན་ཅི་ཞེ་ན། མདོ་གཞན་དུ་མ་རིག་པ་ལ་སོགས་ པ་རྣམས་ཉིད་དུ་འདུ་བྱེད་ལ་སོགས་པའི་རྐྱེན་དུ་བཞེད་དོ་ཞེས་བྱ་བར་རྟོགས་སོ། །ཇི་ལྟར་གཞན་ལས་བཤད་པའི་མདོ་གཉིས་པོ་དེ་ལ་ཡང་ལས་ཀྱི་རྒྱུ་དང་ཀུན་འབྱུང་བ་གཞན་དུ་བསྒོམ་པར་བྱ་སྟེ། གང་ཁོ་ན་བསྟན་པ་དེ་ཁོ་ན་བསྟན་པར་འདོད་ཀྱི་གཞན་མ་ཡིན་ནོ་ཞེས་བྱ་བར་རྟོགས་ སོ། །དེ་བཞིན་དུ་འདིར་ཡང་འདི་ཤེས་བྱེད་མ་ཡིན་ཏེ། མདོ་གཉིས་ནི་བྱེ་བྲག་ཏུ་སྨྲ་བའི་དོན་དང་འགལ་བའི་ཕྱིར་རོ། །བསྟན་པའི་སྒོ་ནས་ཐམས་ཅད་ཅེས་བྱ་བ་ལ། བསྟན་པ་ནི་རྣམ་པར་ཕྱེ་བའོ། །གཙོ་བོ་ཇི་ལྟ་བར་སྟོན་པ་སྟེ། རྣམ་པར་དབྱེ་བར་ཡང་མཛད་པས་བསྟན་པ་ནི་ ངེས་པའི་དོན་དུ་མི་འགྱུར་རོ། །དེ་ཉིད་ལ་དཔེ་ནི་དཔེར་ན་གླང་པོ་ཆེའི་རྗེས་ལྟ་བུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྒྲ་ལ་སོགས་པ་དེ་དག་ལ་ནི་སའི་ཁམས་འབའ་ཞིག་ཏུ་མ་ཟད་ཀྱི། གཟུགས་དང་དྲི་དང་རོ་ལ་སོགས་པ་འབྱུང་བ་ལས་གྱུར་པ་ཐ་མི་དད་པར་ འཇུག་པ་གཞན་དག་ཀྱང་ཡོད་དེ། དེ་ལ་འཇུག་པ་ཤས་ཆེ་བས་གཙོ་བོ་ཡིན་པའི་ཕྱིར་སྐྲ་ལ་སོགས་པ་དག་གིས་སའི་ཁམས་བསྟན་ཏོ། དེ་བཞིན་དུ་འདིར་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔ་པོའི་གནས་སྐབས་དག་ཏུ་ཡང་གཙོ་བོ་གང་ ཡིན་པ་དེ་བསྟན་ཏོ། །དེ་ལྟར་ན་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་གཞན་དག་ཡོད་ཀྱང་། མ་རིག་པ་གཙོ་བོར་གྱུར་པའི་གནས་སྐབས་སུ་མ་རིག་པ་བསྟན་པར་འགྱུར་རོ། །དེ་བཞིན་དུ་འདུ་བྱེད་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །འདི་ནི་དཔེ་མ་ཡིན་ཏེ་ཞེས་བྱ་བ་ལ། དཔེ་མ་ཡིན་པ་ནི་དཔེ་དང་དོན་མཚན་ཉིད་མི་མཐུན་པའོ། །མཚན་ཉིད་མི་མཐུན་པ་ཉིད་བསྟན་པའི་ཕྱིར་དེ་ལས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གླང་པོ་ཆེའི་རྗེས་ལྟ་བུའི་མདོ་དེ་ལས་ནི། དེ་ལ་གཟུགས་ལ་སོགས་པ་གཞན་དག་ཀྱང་ཡོད་པས་གང་གིས་ན་སྐྲ་ལ་སོགས་པ་དེ་དག་མ་རྫོགས་པར་བསྟན་ པར་འགྱུར་བ་སྐྲ་ལ་སོགས་པ་དག་གང་ཞེ་ན་སའི་ཁམས་སོ་ཞེས་དེ་སྐད་མ་བརྗོད་ཀྱི། འོན་ཀྱང་དེ་ལས་སའི་ཁམས་གང་ཞེ་ན། སྐྲ་དང་སྤུ་ཞེས་རྒྱས་པར་སྐྲ་ལ་སོགས་པ་དག་ཁོ་ནས་སའི་ཁམས་བསྟན་ཏོ། །གལ་ཏེ་སྔོན་གྱི་མཐའ་ལ་སོགས་པ་དག་ལ་མི་གཏོགས་པ་ཕུང་པོ་ལྔའི་ གནས་སྐབས་ལ་བསྟན་པར་ནུས་པ་དང་། གལ་ཏེ་ཕུང་པོ་ལྔའི་གནས་སྐབས་ལ་མ་རིག་པ་མེད་མོད་ཀྱང་། གཟུགས་ལ་སོགས་པ་དག་ནི་ཡོད་དོ་ཞེ་ན། དེའི་ཕྱིར་རིགས་ཐ་དད་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཟུགས་དང་ཚོར་བ་ལ་སོགས་པ་རྣམས་ནི་མ་རིག་པ་ཉིད་དུ་མི་རིགས་སོ། །ཤེས་བྱེད་ ཀྱི་དངོས་པོ་རྟོག་པས་མདོ་མཛད་པས་རིག་པ་མ་བརྗོད་པས་དེ་ཉིད་འདིར་སྨོས་པར་ཤེས་པར་བྱའོ། །སྐྲ་ལ་སོགས་པ་ཆོས་དུ་མ་ཚོགས་པའི་བདག་ཉིད་དེ་རྣམས་དང་ཆོས་དུ་མ་ཚོགས་པའི་བདག་ཉིད་རྣམས་ཀྱིས་ས་ལ་སོགས་པའི་ཁམས་ཉིད་བསྟན་པ་གང་ཡིན་པ་དེ་གཙོ་བོ་ཡིན་པའི་ཕྱིར་གཞན་བསལ་ནས་དེ་ ཉིད་བསྟན་ཏོ། །དེ་བཞིན་དུ་འདིར་ཡང་ཕུང་པོ་ལྔ་པོ་རྣམས་ཀྱི་གནས་སྐབས་གང་དུ་གང་ཞིག་གཙོ་བོར་གྱུར་པ་དེ་ཉིད་བསྟན་ཏེ། དེ་ལྟར་ན་འདི་ལ་འགལ་བ་ཅི་ཞིག་ཡོད། ཡང་དེ་དག་དེར་གཙོ་བོ་ཡིན་ན་གནས་སྐབས་ཕྱི་མའི་རྒྱུ་ཉིད་ཇི་ལྟར་ཞེ་ན། གལ་ཏེ་དེ་ལྟ་ཡང་འགལ་བའི་ཤེས་བྱེད་ཉེ་བར་ བཀོད་པ་དོན་མེད་དོ། །འདིར་དེ་དག་གི་གནས་སྐབས་ལ་བསམས་ནས་གནས་སྐབས་གཞན་ལ་བསྟན་ཏེ། དཔེར་ན་སྐྲ་ལ་སོགས་པ་རྣམས་ཀྱིས་སའི་ཁམས་བཞིན་ནོ། །གནས་སྐབས་དེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སོགས་པ་རྣམས་སུ་ཡོད་ཀྱང་མ་བསྟན་ ནོ། །ཇི་ལྟར་སྐྲ་ལ་སོགས་པ་རྣམས་ཀྱིས་གཟུགས་ལ་སོགས་པ་གཟུང་བ་ལྟ་བུ་སྟེ། རྫས་དང་བཏགས་པར་ཡོད་པ་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་གནས་སྐབས་མ་སྨོས་པར་གཟུགས་དང་ཚོར་བ་ལ་སོགས་པ་གཟུང་སྟེ། རྫས་དང་བཏགས་པར་ཡོད་པ་ཐ་དད་པའི་ ཕྱིར་རོ། །དེའི་ཕྱིར་རྣམ་པར་མི་གཡེང་བ་ཙམ་ཉིད་བརྗོད་དོ། །གང་ཞིག་འདིར་མི་རིགས་པ་དེ་ཡང་དོན་གྱི་སྒོ་ནས་བཀག་གོ་ཞེས་བྱ་སྟེ་དངོས་སུ་བཀག་པ་མ་ཡིན་ནོ། །གང་ཞིག་ཡོད་དམ་མེད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མ་རིག་པ་ཉིད་ཡོད་དམ་མེད་ན་འདུ་བྱེད་རྣམས་ཡོད་པ་དང་ མེད་པར་ངེས་ཀྱི་ཕུང་པོ་གཞན་དག་ནི་མ་ཡིན་པས་དེ་ཉིད་ཡན་ལག་ཡིན་ནོ། །དེ་བཞིན་དུ་འདུ་བྱེད་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །འདི་ལྟར་ཕུང་པོ་ལྔ་ཡོད་ཀྱང་མ་རིག་པ་དང་བཅས་པ་རྣམས་ཁོ་ན་ལ་འདུ་བྱེད་ཡོད་ཀྱི་མ་རིག་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། དཔེར་ན་དགྲ་ བཅོམ་པ་རྣམས་ལ་ཕུང་པོ་ལྔ་ཡོད་ཀྱང་། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བར་འགྲོ་བའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པ་བཞིན་ཏེ། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་མེད་ཅེས་བྱ་བའི་དོན་ཏོ། །སྐྱེ་བར་ཉེ་བར་འགྲོ་བས་ན་ཉེ་བར་འགྲོ་བའོ། །བསོད་ ནམས་ཀྱིས་ནི་བསོད་ནམས་སུ་ཉེ་བར་འགྲོ་བའོ། །བསོད་ནམས་མ་ཡིན་པ་ཉེ་བར་འགྲོ་བ་དང་། །མི་གཡོ་བར་འགྲོ་བ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །སྲེད་པ་ལ་སོགས་པ་ཡང་ཞེས་བྱ་བ་ལ། །མ་རིག་པ་མེད་པ་རྣམས་ལ་ཕུང་པོ་ལྔ་ཡོད་ཀྱང་ཚོར་བ་ཉོན་མོངས་པ་ཅན་མེད་པས་སྲེད་པ་མེད་ལ། དེ་མེད་པས་ལེན་པ་ལ་སོགས་པ་རྣམས་ཀྱང་མེད་དོ། །མདོའི་དོན་ཇི་སྐད་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། མ་རིག་པ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་པའོ། །ཞེས་བྱ་བ་ལ་སོགས་པའོ། །མ་རིག་པ་ལ་ལྟོས་ནས་ཕུང་པོ་ལྔ་པོ་འདུ་བྱེད་རྣམས་ ཀྱི་རྒྱུར་འདོད་དེ། དེ་ན་མ་རིག་པ་མེད་པ་རྣམས་ལ་ཡོད་པའི་ཕུང་པོ་ལྔ་ལས་འདུ་བྱེད་དུ་མི་འགྱུར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ་མ་རིག་པ་ལྡན་པ་ནི་དེ་སྐྱེ་བ་ལ་ནུས་པ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །མདོའི་དོན་ཇི་སྐད་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། མ་ རིག་པ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ་སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་བསྟན་པ་ཁོ་ན་མདོའི་དོན་ནོ། །འདུ་བྱེད་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྐད་བསྟན་པ་ཁོ་ན་མདོའི་དོན་ཏེ། དེ་བཞིན་དུ་ཡན་ལག་ཐམས་ཅད་ལ་ཡང་ བརྗོད་པར་བྱའོ། །གང་གི་ཕྱིར་ཇི་སྐད་བསྟན་པ་ཁོ་ན་མདོའི་དོན་ཡིན་པ་དེའི་ཕྱིར་ཕུང་པོ་གཞན་དག་ཡོད་ཀྱང་འདུ་བྱེད་ལ་སོགས་པའི་རྐྱེན་མ་ཡིན་ནོ། །དེ་ལ་ཡང་ཆོས་མ་འོངས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆོས་མ་འོངས་པ་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་གྱི། རྟེན་ཅིང་འབྲེལ་པར་ འབྱུང་བ་ནི་མ་ཡིན་ནོ་ཞེས་སྨྲས་པ་དེ་ལྟ་ན་ནི་མདོ་དང་འགལ་ལོ། །གཞན་དག་ན་རེ་མདོ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །འདུས་བྱས་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཉིད་ཀྱིས་རྣམ་པར་གཞག་པ་མེད་པའི་ཕྱིར་ཡན་ལག་རྣམས་ཆ་གསུམ་དུ་དགོད་ པ་རྣམ་པར་ཉམས་པར་འགྱུར་རོ། །འཕགས་པས་སྟོན་པ་ལ་སོགས་པའི་སྡེ་པ་གཞན་དག་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་སོ་ཞེས་ཟེར་རོ། །དེ་དག་དེ་ལྟར་རྟོགས་པ་ག་ལས་ཤེ་ན། སངས་རྒྱས་ཀྱིས་མདོ་ལས་དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་བདག་གིས་མ་བྱས་ སོ། །གཞན་གྱིས་ཀྱང་མ་བྱས་ཏེ་འོན་ཀྱང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཆོས་ཉིད་འདི་ནི་གནས་པ་ཁོ་ནའོ་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ། །དངོས་པོ་གཞན་རྟག་པ་ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རྣམས་ལས་སོ་སོར་ བརྟགས་པ་མ་ཡིན་པའི་འགོག་པ་ལྟར་རྟོགས་པ་ཞིག་ཡོད་དོ་ཞེས་བྱ་བའོ། །འབྱུང་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ་འདུས་བྱས་སྐྱེ་བར་ཡང་མངོན་ཞེས་རྒྱས་པར་འབྱུང་བའོ། །དངོས་པོ་གཞན་རྟག་ པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་གང་མེད་པར་མི་འབྱུང་བ་དེ་ནི་དེའི་མཚན་ཉིད་ཡིན་ལ་འབྱུང་བ་ནི་རྟག་པའི་ཕྱིར་དངོས་པོ་མེད་པ་ཡང་དངོས་པོ་སྔ་ནས་མེད་པ་དང་ཞིག་ནས་མེད་པའི་གནས་སྐབས་ན་ཡོད་པ་ཡིན་པ་དེ་དངོས་པོའི་མཚན་ཉིད་དུ་མི་རུང་ངོ་། །ཡང་ ན་ནམ་མཁའ་ལ་སོགས་པ་བཞིན་དུ་དུས་སུ་མ་གཏོགས་པའི་ཕྱིར་ན་དུས་སུ་གཏོགས་པའི་མཚན་ཉིད་དུ་མི་རིགས་སོ། །ཡང་ན་རྣམ་པ་གཞན་དུ་གནས་པ་ལྟ་བུ་སྟེ། འདུས་བྱས་ཀྱི་མཚན་ཉིད་ཀྱི་ཕྱིར་སྐྱེ་བ་ནི་འདུས་མ་བྱས་ཉིད་དུ་མི་རིགས་སོ། །འབྱུང་བ་ཞེས་བྱ་བ་ནི་སྐྱེ་བ་ཡིན་པའི་ ཕྱིར་ཞེས་བྱ་བ་ལ། དེ་ནི་མདོ་སྡེ་པའི་ཚུལ་དུ་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཅན་ཡིན་ལ། དེ་ལ་ནི་ཇི་ལྟར་འགྲོ་བ་པོ་དང་འབྲས་ཆན་དང་ཚོས་པ་ལྟར་མ་རིག་པ་ལ་སོགས་པ་རྣམས་དང་། བྱེད་པ་པོ་དང་། བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཡིན་ནོ། །དེ་ལྟར་ན་མ་རིག་པ་ལ་ སོགས་པ་དག་གི་འབྱུང་བ་ཞེས་འབྲེལ་པར་གྱུར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པའི་དབང་དུ་བྱས་ཏེ། འདི་ནི་མ་རིག་པ་ལ་སོགས་པ་དང་ཅི་ཞིག་འབྲེལ་ཞེས་བྱ་བ་རྒྱས་པར་བརྗོད་དེ། བྱ་བ་དང་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་མེད་པའི་ཕྱིར་རོ། །ཡང་ན་འབྱུང་ བ་ཞེས་བྱ་བ་ནི་སྐྱེ་བ་ཡིན་པའི་ཕྱིར། གང་ལས་དེ་དག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་བརྗོད་པར་འགྱུར་བ། ཁྱེད་ཅག་གིས་ཡོངས་སུ་བརྟགས་པའི་སྐྱེ་བ་དུས་སུ་མ་གཏོགས་པ་འདི་མ་རིག་པ་ལ་སོགས་པ་དུས་སུ་གཏོགས་པ་དག་དང་ཅི་ཞིག་འབྲེལ། རྟག་པ་ཞེས་ཀྱང་བྱ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྐྱེན་དང་ཕྲད་ནས་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བ་ནི་སྒྲ་བྱེ་བྲག་ཏུ་བཤད་པ་ཡིན་ནོ། །དེའི་ཕྱིར་ཚིག་གི་དོན་ནུས་པ་མེད་པར་འགྱུར་ཏེ། ཇི་ལྟར་ན་རྐྱེན་དང་ཕྲད་དེ་འབྱུང་བ་ཡང་ཡིན་ལ་རྟག་པ་ཡང་ ཡིན། དེ་ཉིད་ཀྱི་ཕྱིར་རྟག་པ་ཞེས་ཀྱང་བྱ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཀྱང་བྱ་ཞེས་བྱ་བ་སྨོས་ཏེ་འདི་ནི་འགལ་ལོ། །གཞན་ཡང་མ་རིག་པ་ལ་སོགས་པ་དག་ལས་གཞན་ནམ་གཞན་མ་ཡིན་པའམ། དེ་དག་ལ་བརྟེན་ནས་ཡིན་གྲང་ན་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། རང་གི་ངོ་བོ་ངེས་པར་མ་ཟིན་པའི་ཕྱིར་དང་། དུ་མ་ཉིད་དུ་མི་རྟག་པ་ཉིད་ཀྱིས་ཉེ་བར་མཐོང་བའི་ཕྱིར་རོ། །མདོའི་དོན་སྒྲ་ཇི་བཞིན་དུ་བརྟག་ན་ནི། དགེ་སློང་དག་ངས་ལམ་རྙིང་པ་ཤུལ་རྙིང་པ། གཤེགས་ཤུལ་རྙིང་པ། སྔོན་གྱི་དྲང་སྲོང་དག་གིས་གཤེགས་ཤིང་རྗེས་སུ་གཤེགས་ པ་ཐུགས་སུ་ཆུད་དོ་ཞེས་གསུངས་པའི་ཕྱིར་ལམ་ཡང་འདུས་མ་བྱས་ཉིད་དུ་ཐལ་བར་འགྱུར་ན། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་རྣམས་ནི་འདུས་མ་བྱས་ཉིད་དུ་རིགས་པ་ཡང་མ་ཡིན་ལ། དེ་དག་ལས་མ་གཏོགས་པའི་ལམ་གཞན་ཡང་མེད་དོ། །རྟེན་ཅིང་འབྲེལ་པ་ནི་ཕྲད་པའི་ དོན་ཏོ་ཞེས་བྱ་བ་ལ། ཨི་ཎ་འགྲོ་བ་ལའོ་ཞེས་བྱ་བའི་སྒྲའི་བྱིངས་ཀྱིས་ཉེ་བར་བསྒྱུར་བ་ནི་ཕྲད་པ་ཞེས་བྱ་བའི་དོན་ཅན་ནོ། །ཉེ་བར་བསྒྱུར་བའི་དབང་གིས་ཞེས་བྱ་བ་ལ། །ཨི་ཎའི་སྐད་ཀྱིས་བྱིངས་འགྲོ་བའི་དོན་ཡིན་ཡང་འགྲོ་བའི་དོན་ཁྱད་དུ་བསད་ནས་ད་ལྟར་བྱུང་བའི་དོན་ཡོངས་སུ་ གཟུང་བས་སྐད་ཀྱི་བྱིངས་ཀྱི་དོན་ཡོངས་སུ་བསྒྱུར་བ་ཡིན་ཏེ། དེའི་ཕྲད་ནས་ཞེས་བྱ་བའི་དོན་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་ཞེས་བྱ་བའི་དོན་ཡིན་ནོ། །རེ་ཞིག་འདི་ནི་རྟེན་ཅིང་འབྲེལ་ཏེ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ད་ནི་འབྱུང་བའི་དོན་བྱེ་བྲག་ཏུ་བཤད་པའི་ཕྱིར། པ་ད་ནི་ ཡོད་པའི་དོན་ཏོ་ཞེས་བྱ་བ་སྨོས་སོ། །པ་ད་ཡོད་པ་ལའོ་ཞེས་བྱ་བ་པ་དའི་བྱིངས་ནི་ཡོད་པའི་དོན་ཡིན་ནོ། །སམ་དང་ཨུཏ་གོང་ན་ཡོད་ན་ཞེས་བྱ་བ་ལ། སམ་གོང་ན་ཡོད་པ་དང་ཨུཏ་གོང་ན་ཡོད་པའི་པ་ད་ནི་འབྱུང་བའི་དོན་ཏེ། ཉེ་བར་བསྒྱུར་བའི་དབང་གིས་སྐད་ཀྱི་བྱིངས་ཀྱི་དོན་ཡོངས་ སུ་བསྒྱུར་བའི་ཕྱིར་རོ། །དེ་ལྟར་ན་འབྱུང་བ་ནི་རབ་ཏུ་སྐྱེ་བའོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཅི་ཞེ་ན། རྐྱེན་དང་ཕྲད་ནས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གནས་བརྟན་འདུས་བཟང་ན་རེ། བྱིངས་དང་ཉེ་བར་བསྒྱུར་བ་དག་ཡོད་པའི་ དོན་དུ་ཡོངས་སུ་རྟོགས་པ་ལས་ནི། ཡོད་པའི་དོན་གྱིས་ཅི་ཐོབ་པར་བྱེད་ཅེ་ན། དེ་ནི་ནམ་ཡང་ཡོད་པ་མ་ཡིན་ཞིང་སྐྱེ་བ་མ་ཡིན་ནོ། །མ་ཡིན་ཡང་འགའ་ཞིག་འབྱུང་བ་དག་ནི་ཡོད་པ་ལས་ཆེས་གཞན་པས་དོན་མ་ཡིན་ནོ། །སྐྱེ་བའི་སྒྲས་ནི་སྔར་ཡོད་པ་མ་ཡིན་པའི་བདག་ཉིད་ ཐོབ་པར་བརྗོད་ལ། ཡོད་པའི་སྒྲས་ནི་ཡོད་པ་ཉིད་ཙམ་མོ་ཞེས་ཟེར་རོ། །ཅི་ལྟར་ཁམས་དང་ཉེ་བར་བསྒྱུར་བ་དག་དོན་ཁྱད་པར་མེད་པར་འགྱུར། བྱེད་པ་པོ་གཅིག་གིས་ཞེས་བྱ་བ་ལ། གཅིག་སྨོས་པ་ནི་དཔེར་ན་ལྷས་བྱིན་ཁྲུས་བྱས་ནས་མཆོད་སྦྱིན་ ཟའོ་ཞེས་བྱ་བ་ལྟ་བུ་བྱེད་པ་པོ་ཐ་དད་པ་དག་གི་དུས་སྔ་མ་ལ་ཀྟྭའི་རྐྱེན་གྱིས་སྒྲུབ་པ་མི་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དུས་སྔ་མ་ལ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དཔེར་ན་འཚེད་དོ་འགྲོའོ་ཞེས་བྱ་བ་ལྟ་བུ་དང་། དེ་བཞིན་དུ་ཁྲུས་བྱས་ཏེ། བཟའོ་ཞེས་བྱ་བ་ནི་འདིར་ཟོས་ ཏེ་ཁྲུས་བྱའོ་ཞེས་བྱ་བར་ནམ་ཡང་མི་འགྱུར་བ་ལྟར་དུས་མཚུངས་པའི་བྱ་བ་དག་དང་ཕྱི་མའི་དུས་ལ་ཀྟྭའི་རྐྱེན་གྱིས་སྒྲུབ་པ་དགག་པར་བྱ་བའི་ཕྱིར་ཡིན་ན། འདིར་ནི་འབྱུང་བའི་སྔ་རོལ་ན་འབྱུང་བ་པོ་མེད་པས་ཕྲད་པ་དང་འབྱུང་བ་དག་བྱེད་པ་པོ་མཚུངས་པ་མི་སྲིད་པས་ཀྟྭའི་རྐྱེན་གྱིས་སྒྲུབ་པ་ མི་འཐད་དོ། །དེའི་ཕྱིར་རྐྱེན་དང་ཕྲད་ནས་འབྱུང་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བའི་ཚིག་གི་དོན་འདི་མི་རིགས་སོ། །དེ་ཉིད་བསྟན་པའི་ཕྱིར་སྔར་ཕྲད་ནས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལྟར་ན་རེ་ཞིག་བྱེད་པ་པོ་མཚུངས་པ་ཉིད་མི་སྲིད་པས་ཀྟྭའི་རྐྱེན་གྱིས་སྒྲུབ་པ་ མི་འཐད་དོ། །ད་ནི་དུས་སྔ་མའི་བྱ་བ་མེད་པའི་ཕྱིར་ཀྟྭའི་རྐྱེན་གྱིས་སྒྲུབ་པ་མི་སྲིད་པར་བསྟན་པའི་ཕྱིར་བྱེད་པ་པོ་མེད་པའི་བྱ་བ་ཡང་མེད་དོ་ཞེས་བྱ་བ་སྨོས་ཏེ། འགྲོ་བ་པོ་མེད་པར་ནི་འགྲོ་བའི་བྱ་བ་མ་མཐོང་ངོ་། །འདིར་སྨྲས་པ་ཞེས་བྱ་བ་ནི་སློབ་དཔོན་ཉིད་བརྡ་སྤྲོད་པའི་བརྒལ་ བ་ལ་བསྡུ་བའི་ཚིགས་སུ་བཅད་པ་བྱེད་པའོ། །གལ་ཏེ་འབྱུང་སྔོན་ཕྲད་ནས་ཡིན། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདི་སྐད་བསྟན་པར་འགྱུར་ཏེ། གལ་ཏེ་རེ་ཞིག་འདི་འབྱུང་བའི་སྔ་རོལ་ཏུ་རྐྱེན་དང་ཕྲད་ན་ནི་མ་སྐྱེས་པའི་ཕྱིར་ཕྲད་དོ་ཞེས་བྱ་བ་མི་རིགས་ཏེ། མ་སྐྱེས་པ་འདོན་ པར་བྱེད་པའམ་འགྲོ་བར་བྱེད་པ་མེད་དོ། །ཅི་སྟེ་གང་གི་ཚེ་འབྱུང་བ་དེའི་ཚེ་ཁོ་ནར་རྐྱེན་དང་ཕྲད་ཀྱི་སྔར་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་འདིར་ཏེའི་རྐྱེན་མི་སྒྲུབ་པོ། ཅིའི་ཕྱིར་ཞེ་ན། སྔོན་གྱི་དུས་སུ་བྱེད་པའི་ཕྱིར་ཏེ། བྱེད་པ་པོ་གཅིག་གིས་བྱ་བ་གཉིས་ལས་སྔོན་གྱི་དུས་ལ་ཏེའི་རྐྱེན་བྱེད་ ཀྱི་དུས་མཉམ་པ་ལ་ནི་མ་ཡིན་ནོ། །གལ་ཏེ་ད་ལྟའི་ཞིག་ཡིན་ན་ནི། སྐྱེ་བ་མེད་པར་དེ་ད་ལྟར་བ་ཉིད་དུ་རུང་སྟེ། དེ་ལྟ་མ་ཡིན་ན། མ་འོངས་པ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ད་ལྟར་བ་ནི་སྐྱེས་པའི་སྒོ་ནས་མ་འོངས་པ་ལས་ཁྱད་པར་དུ་འཕགས་ལ། མ་འགགས་པའི་སྒོ་ནས་འདས་ པ་ལས་སོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་མ་སྐྱེས་ན་ཇི་ལྟར་ད་ལྟར་ཡིན་ཞེས་སྨོས་སོ། །འོན་ཏེ་སྐྱེས་པ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་སྐྱེས་པས་ཡོད་པའི་བདག་ཉིད་རྙེད་པ་ཡིན་ན། འདི་ལ་གང་རྙེད་པར་བྱ་བའི་ཕྱིར་ཡང་སྐྱེ་བར་འགྱུར་བ་ཡོད་པའི་བདག་ཉིད་མ་རྙེད་པ་གཞན་ནི་ཡོད་པ་ མ་ཡིན་ནོ། །དེའི་ཕྱིར་སྐྱེས་པ་ལ་ཡང་སྐྱེ་བ་མེད་དོ། །གལ་ཏེ་བདག་ཉིད་རྙེད་ཀྱང་ཡང་སྐྱེ་ན་ནི་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་མ་འོངས་པ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། མ་འོངས་པ་ནི་བདག་ཉིད་རྙེད་པས་བརྗོད་དུ་མེད་པ་ཡིན་པའི་ཕྱིར། གཏན་མེད་པ་དང་འདྲ་བར་ མེད་པ་ཡིན་ཞིང་། ཡོད་པ་མ་ཡིན་པ་ཡང་སྐྱེ་བའི་བྱེད་པ་པོ་ཉིད་དུ་མི་རིག་ལ། བྱེད་པ་པོ་མེད་པའི་སྐྱེ་བའི་བྱ་བ་ཡང་མི་རིགས་སོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཞེས་བྱ་བ་ནི་སྐྱེ་བཞིན་པའི་ཐག་རིང་བའི་གནས་སྐབས་གསལ་བར་བྱ་བའི་ཕྱིར་རོ། །འདི་གང་གི་ཚེ་སྐྱེ་བཞིན་པ་ཡིན་ཞེ་ན། སྐད་ཅིག་གང་དུ་འདིའི་རྐྱེན་ཚོགས་པ་དང་། གེགས་མེད་པར་འགྱུར་ཞིང་དེའི་མཇུག་ཐོགས་སུ་སྐྱེ་བར་འགྱུར་བའོ། །གནས་སྐབས་དེ་དེ་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་གནས་སྐབས་གང་གི་མཇུག་ཐོགས་སུ་འདི་སྐྱེ་བའི་གནས་སྐབས་དེར་འདི་ལ་སྐྱེ་བཞིན་པ་ཞེས་བྱ་བ་ལ། །དེ་བཞིན་ དུ་གནས་སྐབས་དེ་ཉིད་ལ་རྐྱེན་དག་གིས་རྒྱུ་མཚན་དུ་གྱུར་པས་ཕྲད་ནས་ཞེས་བརྗོད་དོ། །སྐྱེ་བཞིན་པ་ཉིད་ཀྱང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་སྔར་ཕྲད་ནས་དུས་ཕྱིས་སྐྱེ་བར་འགྱུར་བ། སྐྱེ་བའི་སྔ་རོལ་ན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ནི་བརྒལ་བའི་གནས་སྐབས་ཉིད་ ཅེས་བྱ་བ་ནི། དེ་ཉིད་གནས་བརྟན་གཞན་གྱིས་མ་འོངས་པ་སྐྱེ་བ་ཁས་བླངས་པའོ། །གཞན་ལས་བཤད་པ་འདི་ཕྲད་པ་ལས་སྐྱེ་བ་བཞིན་དེའི་གནས་སྐབས་ཉིད་དུ་འགྱུར་རོ་ཞེས་བཤད་དོ། །ཐ་སྙད་རྣམས་ལ་ཀླན་ཀ་མེད་དོ་ཞེས་བྱ་བ་ལ། དོན་དམ་པ་ལ་ནི་བྱ་བ་མེད་ཅིང་བྱེད་པ་མེད་ དོ། །རྒྱུ་ཡོད་པ་ཙམ་ནི་འབྲས་བུ་ཡོད་པ་ལ་རྒྱུར་འགྱུར་བའི་ཕྱིར་རོ། །ཆོས་མངོན་པ་པའི་ཕྱོགས་ལ་ཇི་སྐད་བཤད་པའི་འདིའི་ཉེས་པ་མི་སྲིད་དེ། དེ་དག་གི་ཡོད་པ་ནི་སྔར་སྐྱེས་པ་དང་མ་སྐྱེས་པ་འགའ་ཞིག་ཡོད་པ་ཉིད་ཀྱིས་ཞེས་སོ། །གལ་ཏེ་ད་ལྟར་བྱུང་ བ་བཞིན་མ་འོངས་པ་ཡང་རང་གི་མཚན་ཉིད་ཀྱིས་ཡོད་ན་ཅི་བརྗོད་པར་བྱེད། འགའ་ཞིག་ཡོད་པ་ཉིད་ཀྱིས་ཞེས་བྱ་བ་རང་གི་མཚན་ཉིད་ལས་གཞན་ཡོད་པ་ཉིད་ཡོད་པ་མ་ཡིན་ནོ། །སྒྲ་པའི་ཞེས་བྱ་བ་ལ། སྒྲ་པ་རྣམས་ཀྱི་འདི་ནི་སྒྲ་པའིའོ། །ཇི་ལྟར་རྣམ་པར་གཞག་པ་ཐ་དད་པ་ མེད་ཀྱང་བྱ་བ་དང་བྱེད་པ་པོ་བསྟན་པའི་ཕྱིར་རོ། །འདི་ལ་སྐྱེའོ་ཞེས་བྱ་བའི་དོན་ལས་ཞེས་བྱ་བ་ལ། སྐྱེ་བོའི་རང་གི་ངོ་བོ་ལས་བྱུང་བ་གཞན་དམིགས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཐ་སྙད་དག་ལ་སྟེ། །འབྱུང་ངོ་། །སྐྱེའོ། བརྟེན་ནས་སོ། །ཞེས་བྱ་བ་དེ་ལྟ་བུ་དག་ལ་ཀླན་ ཀ་མེད་དོ། །འདི་ལྟར་ཐ་སྙད་དག་ལ་དོན་དམ་པ་མི་བཙལ་ལོ། །འདིར་བཤད་པ་ཞེས་བྱ་བ་ནི་བརྒལ་བའི་ལེན་<ལན་>གྱིས་བསྡུ་བའི་ཚིགས་སུ་བཅད་པའོ། །ཇི་ལྟར་མེད་པ་སྐྱེ་བ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་ཁྱེད་ཅག་གི་ལྟར་མ་སྐྱེས་པའི་ཕྱིར་མེད་པ་སྐྱེ་བ་དེ་བཞིན་དུ་མེད་པ་ཕྲད་ པར་ཡང་ཅི་སྟེ་མི་འདོད། ཅི་སྟེ་ཡོད་པ་བདག་ཉིད་རྙེད་པ་སྐྱེ་ན། དེ་ལྟ་ན་ཡང་སྐྱེས་ཟིན་པ་སྐྱེ་བས་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་ཡང་དེ་ཉིད་སྐྱེ་བ་ཡིན་ལ། སྐྱེས་ཟིན་པའི་ཕྱིར་དེ་ཡང་འབྱུང་བ་མ་ཡིན་པས་ཐུག་པ་མེད་པ་མེད