Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 200

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
ི་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ལས་ཀྱང་ཚིལ་ནི་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ། །རྐང་ནི་རབ་ཏུ་མཁྲིས་པ་སེལ་བར་བྱེད་པའོ། །ཞུན་མར་ནི་རབ་མཆོག་མཁྲིས་པ་སེལ་བར་བྱེད་པའོ། །ཕྱི་མ་བཞིན་དུ་ཅིག་ཤོས་སེལ། །
ཞེས་བྱ་བ་ནས། ཅིག་ཤོས་ནི་རླུང་དང་བད་ཀན་གཉིས་ཏེ། དེ་དག་སྣུམ་གསུམ་པོ་རྐང་དང་ཚིལ་དང་ཏིལ་མར་གྱིས་རིམ་བཞིན་སེལ་བར་བྱེད་པ་ཡིན་ཏེ། རྐང་ནི་རླུང་དང་བད་ཀན་སེལ་བར་བྱེད་པ་ཡིན་ནོ། །ཚིལ་གྱིས་རླུང་དང་བད་ཀན་རབ་ཏུ་སེལ་བའོ། །ཏིལ་མར་གྱིས་རླུང་

དང་བད་ཀན་རབ་མཆོག་ཏུ་སེལ་བར་བྱེད་པ་ཡིན་ནོ། །མར་བས་ཏིལ་མར་ལྕི་དེ་བས། །ཚིལ་དེ་ཚིལ་བས་རྐང་ལྕིའོ། །ཞེས་བྱ་བ་ནི། འདི་དག་འཇུ་དཀའ་བའི་རིམ་པ་ཡིན་ཏེ། དེ་ཡང་མཐོ་བཙུན་དཔལ་འཕེལ་གྱིས་བྱས་པའི་གཅེས་པ་བཏུས་པ་ལས། ཞུན་མར་བས་ནི་ཏིལ་མར་
ལྕི་བ་ཡིན་ལ། ཏིལ་བས་ནི་ཚིལ་ལྕི་ཞིང་འཇུ་དཀའ་བ་ཡིན་ནོ། །ཚིལ་བས་ནི་རྐང་འཇུ་དཀའ་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྣུམ་རྣམས་ཀྱི་མིང་དང་མིང་ཅན་གྱི་འབྲེལ་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དེ་ལས་གཉིས་དང་གསུམ་དང་བཞི། །ཟུང་དང་གསུམ་པ་ཆེ་ཞེས་
བྱ། །ཞེས་བྱ་བ་ཡིན་ཏེ། སྣུམ་གཉིས་པོ་མར་དང་ཏིལ་མར་ནི་ཟུང་ཞེས་བྱ་བའི་སྣུམ་ཡིན་ནོ། །ཞུན་མར་དང་ཏིལ་མར་དང་། ཚིལ་གསུམ་གསུམ་པ་ཞེས་བྱའོ། །དེ་གསུམ་རྐང་དང་བཅས་པ་བཞི་པོ་ཞེས་བྱའོ། །དུགས་བྱ་སྦྱང་བྱ་ཆང་བུད་མེད། །རྩོལ་ཆགས་སེམས་ལས་ཆེ་བ་
དང་། །རྒན་པོ་བྱིས་པ་སྟོབས་ཆུང་སྦེག །རྩུབ་དང་ཁྲག་དང་ཁུ་བ་ཟད། །རླུང་ནད་ཀྱིས་ཉེན་རབ་རབ་དང་། །ཤིན་ཏུ་དབྱེ་དཀའ་ལ་སྣུམ་བྱ། །ཞེས་བྱ་བ་ལ། དུགས་བྱ་བར་འོས་པ་ནི་དུགས་བྱ་བའོ། །ལེགས་པར་སྦྱང་བར་འོས་པ་ནི་སྦྱང་བར་བྱའོ། །ཆང་དང་བུད་མེད་དང་རྩོལ་
བ་རྣམས་ལ་ཆགས་པ་དང་། དེ་བཞིན་དུ་སེམས་ལས་ཆེ་བ་དང་། རྒན་པོ་དང་བྱིས་པ་དང་། སྟོབས་ཆུང་བ་དང་སྦེག་པ་དང་། རྩུབ་པ་དང་། གང་ཁྲག་དང་ཁུ་བ་ཟད་པ་དང་། དེ་བཞིན་དུ་རླུང་ནད་ཀྱིས་རབ་ཏུ་ཉེན་ཞིང་གདུངས་པ་དང་། དེ་བཞིན་དུ་ཡང་རླུང་ལས་རབ་
རིབ་དང་། མིག་ནད་ཤིན་ཏུ་དབྱེ་དཀའ་ཞིང་། མིག་དཀའ་བས་དབྱེ་དགོས་པ་གང་ཡིན་པ་སྟེ། དེ་དག་ལ་སྣུམ་གྱི་ལས་བྱའོ། །ཤིན་ཏུ་དྲོད་ཆུང་རབ་དྲོད་ཆེ། །ཤིན་ཏུ་སྦོམ་དང་རིད་པ་དང་། །བརླ་རེངས་ཚད་འཁྲུ་མ་ཞུ་དང་། །ལྐོག་ནད་དབྱིག་དུག་དམུ་རྫིང་དང་། །བརྒྱལ་སྐྱུགས་
བད་ཀན་ཡི་ག་འཆུས། །སྐོམ་དད་ཆང་ནད་ཀྱིས་ཉེན་དང་། །དུས་མིན་བུ་སྐྱེས་སྣ་སྨན་དང་། །མས་གཏོང་བཀྲུ་སྨན་བྱས་ལ་མིན། །ཞེས་བྱ་བ་ནི། ཤིན་ཏུ་དྲོད་ཆུང་བ་ལ་སོགས་པ་ལ་སྣུམ་གྱི་ཆོ་ག་མི་བྱའོ། །ཞེས་བྱ་བར་སྦྱར་རོ། །དེ་དྲོད་ཤིན་ཏུ་ཆེ་བ་ལ་སྣུམ་གྱི་ཆོ་ག་བྱས་ན་མེ་དྲོད་ཤིན་

ཏུ་འཕེལ་དྲགས་པར་འགྱུར་རོ། །ཤིན་ཏུ་སྦོམ་པ་ལ་ཡང་མེ་དྲོད་དང་ཚིལ་ཆེར་འཕེལ་བར་འགྱུར་རོ། །རིད་པས་ནི་འཇུ་མི་ནུས་པར་འགྱུར་རོ། །བརླ་རེངས་ལ་སོགས་པས་ཉེན་པ་ཞེས་བྱ་བར་སྦྱར་ཏེ། དུས་མ་ཡིན་བར་བུ་སྐྱེས་པ་ཡང་སྣུམ་གྱི་ཆོ་ག་མི་བྱ་སྟེ།
ཟླ་བ་མ་ཚང་བར་བུ་སྐྱེས་ན་འདིར་སྦྱོར་བའི་སྟོབས་ཡིན་དུ་ཟིན་ཀྱང་། སྣུམ་གྱི་ཆོ་ག་མ་བྱས་པར་སྦྱར་བའི་ཆོ་ག་བྱའོ། །ཞེས་སྟོན་པ་ཡིན་ནོ། །དུས་མ་ཡིན་པར་བུ་སྐྱེས་པ་ཡང་སྣུམ་གྱི་ཆོ་ག་མི་བྱ་སྟེ། ཟླ་བ་མ་ཚང་བར་དུ་སྐྱེས་པ་ཡང་སྣུམ་གྱི་ཆོ་ག་མི་བྱའོ། །དེ་བཞིན་དུ་སྣ་སྨན་ལ་
སོགས་པ་ལས་གསུམ་པོ་བྱས་པའི་སྐབས་སུ་ཡང་སྣུམ་བཅོས་ཀྱི་ཆོ་ག་མི་བྱའོ། །དེ་ལ་བློ་དྲན་ཡིད་གཞུངས་སོགས། །འདོད་པ་རྣམས་ལ་ཞུན་མར་བསྔགས། །ཞེས་བྱ་བ་ནི། དེ་ལ་སྣུམ་རྣམས་ཀྱི་ནང་ནས་བློ་གྲོས་ལ་སོགས་པ་འདོད་ཅིང་དོན་དུ་གཉེར་བའི་སྐྱེས་བུས་སྣུམ་བསྟེན་པའི་
སྐབས་ལ་བབ་པས་ན། ཞུན་མར་བཏུང་བ་བསྔགས་ཤིང་འདོད་པར་བྱ་བ་ཡིན་ཏེ། དེའི་ནུས་པ་དེ་ཡིན་པའི་ཕྱིར་རོ། །དེ་ལ་བློ་ནི་བློ་གྲོས་སོ། །དྲན་པ་ནི་སྔོན་ཉམས་སུ་མྱོང་བ་དྲན་པའོ། །ཡིད་གཞུངས་པ་ནི་ཤེས་པ་སྟེ། གཞུང་འཛིན་པར་ནུས་པ་དང་ལྡན་པའོ། །སོགས་པའི་
སྒྲས་ནི་སྐད་གདངས་མདོག་ལ་སོགས་པ་བལྟའོ། །རྨེན་བུ་བད་ཀན་སྲིན་བུ་དང་། །ཚིལ་ཆེས་རླུང་ནད་ཡོད་པ་དང་། །ལུས་ཡང་མཁྲང་འདོད་ལྟོ་སྲབ་པའི། །ལུས་ཅན་རྣམས་ལ་ཏིལ་མར་ཕན། །ཞེས་བྱ་བ་ལ། རྩ་ནད་ལ་སོགས་པའི་ནད་རྣམས་དང་། དེ་བཞིན་དུ་བད་ཀན་དང་།
ཚིལ་ཆེས་པ་དང་། རླུང་ནད་ཅན་གྱི་སྐྱེས་བུ་དང་། དེ་བཞིན་དུ་ལུས་ཡང་བར་འདོད་པ་དང་། མཁྲང་བར་འདོད་པ་དང་། དེ་བཞིན་དུ་སྲབ་པའི་ལུས་ཅན་རྣམས་ལ་ཏིལ་མར་ཕན་ནོ། །ཞེས་བྱ་བར་སྦྱར་རོ། །རླུང་དང་ཉི་ཚན་ལམ་བུད་མེད། །ཁུར་དང་རྩོལ་བས་ལུས་ཟུངས་ཟད། །
རྩུབ་ཉོན་མོངས་བཟོད་མེ་དྲོད་རྣོ། །རྩ་སྒོ་རླུང་འགགས་ལྷག་མ་ཕན། །ཞེས་བྱ་བ་ལ། རླུང་དང་ཉི་ཚན་ལ་སོགས་པས་ལུས་ཟུངས་ཟད་པར་འགྱུར་བའི་སྐྱེས་བུ་གང་ཡིན་པ་དང་། དེ་བཞིན་དུ་ལུས་རྩུབ་པ་ལ་སོགས་པ་ལ། སྣུམ་ལྷག་མ་རྐང་དང་ཚིལ་བུ་གཉིས་ཕན་ཞིང་བསྔགས་པ་

ཡིན་ནོ། །ཉོན་མོངས་བཟོད་ཅེས་བྱ་བའི་སྒྲས། ཉོན་མོངས་ཤིང་དཀའ་བ་བསྟེན་མི་བཟོད་པས་ནི་ཞུན་མར་དང་ཏིལ་མར་བསྟེན་པར་མི་བྱའོ། །ཞེས་བཀར་བ་ཡིན་ནོ། །མེ་དྲོད་ནི་རྣོ་བའི་སྣུམ་སྔ་མ་དག་གིས། རྐང་དང་ཚིལ་སྦྱིན་པ་དང་། དགར་བའི་ཚིག་ཡིན་ནོ། །རླུང་གིས་རྩ་སྒོ་ཀུན་འགགས་ཤིང་ཆོད་
པ་འདི་ལྟ་བུ་ལ་ཚིལ་ཟོས་ན་ཕན་ནོ། །དེ་ལ་ཚིལ་ནི་ལྷག་པར་རུས་པའི་ཚིགས་ཁ་བྱེ་བ་དང་། རུས་པ་ཆག་པ་དང་། གནོད་སྣད་པ་དང་། ལྟོ་བའི་ནང་གྲོལ་ན་བ་དང་། མེས་ཚིག་པ་དང་། ལུས་སྨས་ཏེ་རྨ་བྱུང་བ་དང་། རྐང་ལག་གི་ཚིགས་བུར་བ་དང་། མོ་མཚན་ན་བ་དང་། རྣ་བ་ན་བ་དང་། ཀླད་པ་ན་
བ་དང་། འདི་ལྟ་བུ་ལ་ཡང་ཚིལ་ཕན་ནོ། །ཞེས་བྱ་བར་སྦྱར་ན་ཡང་ཚིལ་མཆོག་ཏུ་ཡང་ཕན་པ་ཡིན་ནོ། །ད་ནི་དུས་གང་ཞིག་བཏང་བ་བསྔགས་པ་བསྟན་པའི་ཕྱིར་སྨྲས་པ་ནི། ཏིལ་མར་དབྱར་ཕན་ཞུན་མར་ནི། །དབྱར་མཐའ་དེ་བཞིན་དཔྱིད་ཀྱང་བསྔགས། །ཞེས་བྱ་བ་ལ། འདིར་དབྱར་ཞེས་སྨོས་
ཀྱང་དབྱར་སྨོས་པའི་དུས་ཚིགས་ཐོག་མ་ལ་བྱ་སྟེ། དེ་ནས་དབྱར་ཟླ་འབྲིང་པོའོ་ཞེས་བྱ་བའི་སྐབས་སུ་སྦྱོང་བ་བྱེད་ན། ཏིལ་མར་བསྔགས་པ་ཡིན་ནོ། །དབྱར་མཐའ་ཞེས་སྨོས་ཀྱང་། ཆར་འབབ་པའི་མཐའ་རྫོགས་པ་སྟོན་ཟླ་ཐ་ཆུངས་ལ། དེའི་ཚེ་སྣུམ་བྱ་བའི་དོན་དུ་ཞུན་མར་བསྔགས་པ་ཡིན་ནོ། །
གཞན་ཞེས་བྱ་བ་རྐང་དང་ཚིལ་ཞེས་བྱ་བའི་སྣུམ་ནི་དཔྱིད་ཟླ་འབྲིང་པོའི་སྐབས་སུ་སྦྱོང་བར་བྱེད་པ་ན་སྣུམ་གྱི་སྦྱོར་བ་བསྔགས་པ་ཡིན་ནོ། །འདི་དག་ནི་ནད་མེད་པའམ། ནད་པ་གང་ཡང་རུང་བ་སྦྱོང་བ་བྱེད་པའི་གནས་སྐབས་བྱ་བའི་ཕྱིར་གཞུང་འདི་བརྩམས་པ་ཡིན་ནོ། །ནད་མེད་ཅིང་ཐ་མལ་པར་གནས་
པ་དག་གིས་ཇི་སྐད་བཤད་པའི་དུས་ཚིགས་ཀྱི་ཆོ་ག་རྗེས་སུ་དཔྱད་ཟིན་ཀྱང་དུས་ལས་བྱུང་བའི་ནད་བསགས་པ་དག་ཡོད་སྲིད་པར་དེའི་འོག་ཏུ་དེ་ལས་ནད་བསགས་པ་གཞི་འཁྲུགས་པར་འགྱུར་ལ། ནད་འཁྲུགས་པས་ནད་འབྱུང་བར་འགྱུར་བ་ཡིན་ཏེ། དེ་བས་ན་ཚེའི་རིག་བྱེད་ཀྱི་དེ་ཁོ་ན་ཤེས་
པའི་དྲང་སྲོང་རྣམས་ཀྱིས་རང་བཞིན་གྱིས་བྱས་པའི་རྒྱུད་སོ་སོར་བདེ་བར་གནས་པ་དག་གིས་སྦྱང་བ་དག་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བཞིན་དུ་གྲང་བ་ལས་བྱུང་བའི་ནད་བསགས་པ་ནི་དཔྱིད་ཀྱི་ཚེ་སྦྱང་བ་བཤད་པ་འདིས་ཆོ་ག་ལྷག་མ་ཡོད་པའི་གཞུང་གིས་སྦྱར་བ་ཡིན་ནོ། །བཀྲུ་སྨན་ལ་སོགས་

པའི་སྦྱོང་བ་རྣམས་ཀྱང་སྣུམ་དང་དུགས་ཀྱི་ཆོ་ག་བྱ་བ་སྔོན་དུ་འགྲོ་བས་བྱ་བ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེའི་ཕྱིར་གྲང་བ་ལས་བྱུང་བའི་ནད་བསགས་པ་ནི་དཔྱིད་ཀྱི་དུས་སུ་གདོན་ཅིང་། གྲང་བ་ན་སྣུམ་དང་དུགས་བྱ་བ་དང་། དེའི་ཚེ་ཏིལ་མར་བཀག་པ་ཡིན་ནོ། །དེ་བཞིན་དུ་དབྱར་འདས་པ་ན། དབྱར་བསགས་པའི་ནད་
འབྱིན་པ་ནད་དང་པོར་སྣུམ་དང་དུགས་ངེས་པར་བྱ་དགོས་ལ། དེར་ཡང་སྣུམ་ཐམས་ཅད་ཀྱིས་སྣུམ་གྱི་ཆོ་ག་བྱེད་དེ། དེ་ཡིན་པའི་ཕྱིར་ཀུན་གྱི་བྱེད་པ་དག་སྲིད་མོད་ཀྱི། དེར་གནས་མོད་ཀྱིས་མི་བྱའོ། །ཞུན་མར་གྱི་སྣུམ་གྱི་ཆོ་ག་བྱ་སྟེ། འདི་ནི་ནད་མེད་པའི་ཡུལ་ལ་བྱས་པའི་ངེས་བ་ཡིན་ནོ། །ནད་པའི་གནས་སྐབས་སྦྱང་བར་བྱས་
པ་གསོ་བའི་ནད་ཀྱིས་ཉེན་པ་ལ་ཏིལ་མར་གྱིས་གསོ་དགོས་པའི་ནད་ཡིན་ཏེ། དེ་དང་མི་འཚམ་དུ་ཟིན་ཀྱང་། དབྱར་སྦྱང་བའི་ལས་བྱེད་པ་ན། ཏིལ་མར་ཉིད་ཀྱིས་སྣུམ་གྱི་ཆོ་ག་བྱའོ། །སྣུམ་གཞན་གྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཀྱང་ནད་ཀྱི་ཚུལ་དང་སྦྱར་ཏེ། རང་ཉིད་ཀྱི་རྗེས་སུ་དཔག་པར་བྱའོ། །འདིར་འདི་
ལྟར་དབྱར་ཏིལ་མར་གཏང་ངོ་། །དབྱར་གྱི་མཐའ་ནི་ཞག་དང་ཚིལ་བུ་གཏང་ངོ་། །ཞེས་བྱ་བའི་ཚུལ་གྱིས་ངེས་པ་བཞག་པ་ནི་གཞན་ལ་ཡང་ཅུང་ཟད་ལྟོས་པ་ཡིན་པས། ནད་དེའི་ཕྱིར་སྨྲས་པ་ནི། ཐུན་མོང་དུས་ལ་སྣུམ་རྣམས་ནི། །ཉིན་མོ་ཉི་མ་གསལ་ཚེ་བསྔགས། །ཞེས་བྱ་བ་ཡིན་ཏེ། ཐུན་མོང་དུ་ཤིན་ཏུ་ཚབ་མ་ཡིན་ཏེ།
གྲང་བ་མ་ཡིན་པའི་གནས་སྐབས་བར་མར་སྣུམ་གྱི་ཆོ་ག་བྱེད་པ་ན། དེའི་ཚེ་སྦྱང་བའི་སྔོན་དུ་ཏིལ་མར་ལ་སོགས་པ་སྣུམ་གྱི་ཆོ་ག་འདིའི་དོན་དུ་སྦྱོང་བ་དེ་ཡང་ཉིན་པར་བྱའོ། །མཚན་མོ་ནི་མ་ཡིན་ནོ། །དེ་བཞིན་དུ་ཉི་མ་གསལ་བ་སྟེ། ནམ་མཁའ་ལྟར་དྲི་མ་མེད་ཅིང་སྤྲིན་གྱིས་ཉི་མའི་ཟེར་མ་བསྒྲིབས་པའི་ཚེ་ན་བྱ་བ་ཡིན་ནོ། །དེ་ལྟར་ན་
དུས་དེ་རྣམས་སུ་ནད་བསགས་པ་ངེས་པར་འཇོམས་པའི་ཆོ་ག་བཤད་པ་ཡིན་ནོ། །དབྱར་ལ་སོགས་པ་མ་གཏོགས་པ་དུས་གཞན་དག་ཏུ་ནད་ཀྱི་དབང་གིས་བསྒྱུར་ཏེ། བྱ་དགོས་པའི་སྦྱང་བས་བྱ་བ་ཡིན་དུ་ཟིན་ཀྱང་བྱ་བའི་མཚན་ཉིད་དུ་འགྱུར་ཏེ་དེ་བཞིན་དུ་ཉི་མ་གསལ་བ་སྟེ། ནམ་མཁའ་ལྟར་གང་གི་ཕྱིར་དེ་སྦྱོང་བའི་འོག་
ཏུ་སྣུམ་གྱི་ཆོ་ག་བྱ་དགོས་ལ། དེ་ལ་ཡང་སྣུམ་གྱི་ངེས་པ་བཤད་པས་ན་སྣུམ་གཞན་གྱི་དགོས་པ་བཞིན་བྱེད་པར་མི་ནུས་པ་དེ་ལ་ཇི་ལྟར་བྱ། བདེ་བ་བསྟེན་པར་བྱ་བ་སྨྲས་པ་ནི། རིངས་ལ་དགུན་ཡང་ཏིལ་མར་གཏང་། །ཚ་བའི་དུས་སུའང་མར་ཚན་གཏང་། །ཞེས་བྱ་བ་ལ། ནད་ཀྱི་གསོ་བའི་རིམ་ཐབས་སུ་བྱ་དགོས་ཤིང་

སྦྱང་བས་གསོ་དགོས་པའི་ནད་ལ་དགུན་སྟོད་དགུན་སྨད་ཀྱི་ཚེ་ཡང་སྦྱང་བའི་དོན་དུ་ཏིལ་མར་གཏང་བར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཏིལ་མར་དབྱར་འབའ་ཞིག་གི་ཚེ་གཏང་བར་མ་ཟད་དོ། །ཞེས་ངེས་པར་གཞག་པ་ཡིན་ནོ། །དེ་བཞིན་དུ་རིངས་པར་གསོ་དགོས་པ་ཡིན་ན། གང་གི་ཚེ་སོ་གའི་ཚེ་སྦྱོང་བ་བྱེད་པ་
དེའི་ཚེ་སྦྱང་བའི་སྔོན་དུ་སྣུམ་གྱི་ཆོ་གར་གཏང་བའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཏིལ་མར་མཐའ་འབའ་ཞིག་ཏུ་ཞུན་མར་གཏང་བར་མ་ཟད་ཀྱི་དུས་འདིའི་ཚེ་ན་ཡང་གཏང་བ་ཡིན་ནོ། །སྣུམ་ཐམས་ཅད་ཉིན་མོ་གཏང་བ་ཡིན་མོད་ཀྱི། མཚན་མོ་ཡང་རིང་ཐབས་ལ་གཏང་དུ་རུང་ངོ་། །མཁྲིས་པ་རླུང་དང་མཁྲིས་པར་
བཅས། །ལྡན་པ་ལ་ཡང་མཚན་མོ་ཉིད། །ཅེས་བྱ་བ་ལ། ཚ་བའི་དུས་སུ་མར་སྣུམ་གྱི་ཆོ་ག་སྦྱོང་བའི་སྔར་མཚན་མོ་གཏང་དུ་རུང་བས་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ཡང་ངེས་པ་ཡིན་ཏེ། མཁྲིས་པའི་ནད་ཡིན་ཏེ། དེ་དང་འབྱུང་བའི་ནད་དང་། དེ་བཞིན་དུ་རླུང་འཁྲུགས་པའི་ནད་དང་། དེ་ལས་བྱུང་བའི་
ནད་སྣུམ་གྱིས་གསོ་བར་བྱ་ལ། དེ་ཞི་བར་བྱ་བའི་ཕྱིར་ཚ་བའི་དུས་སུ་སྨན་དང་སྦྱར་བའམ་མ་སྦྱར་བ་ཞུན་མར་སྦྱིན་པར་བྱའོ། །ཉིན་མོ་མ་ཡིན་པ་ལ་ཏིལ་མར་དང་། རྐང་དང་ཚིལ་སྦྱིན་པར་བྱའོ། །དེ་བཞིན་དུ་མཁྲིས་པ་དང་བཅས་པའི་ལྡན་པ་ལ་མཚན་མོར་སྦྱིན་པར་བྱ་སྟེ། དེ་ཡང་ལྡན་པའི་གཉིས་པོ་མཁྲིས་པ་ཤས་
ཆེ་བའི་རླུང་མཁྲིས་ཀྱི་ལྡན་པ་དང་། མཁྲིས་པ་དང་བད་ཀན་དུ་ལྡན་པའམ། དེ་ལས་བྱུང་བའི་ནད་སྣུམ་གྱིས་གསོ་བར་བྱ་ལ། དེ་ཞི་བར་བྱ་བའི་ཕྱིར་ཞུན་མར་ཁོ་ན་མཚན་མོ་གཏང་བར་བྱའི་ཏིལ་མར་ལ་སོགས་པའི་སྣུམ་གཞན་ཡང་མི་གཏང་ལ། ཉིན་མོ་ཡང་གཏང་བར་མི་བྱའོ། །མཁྲིས་པ་དང་རླུང་ཞེས་སྨོས་པ་འདིས་ནི་ནད་ཀྱི་
མཚན་ཉིད་ཉེ་བར་མཚོན་པའི་དོན་ཤེས་པར་བྱའོ། །མཚན་མོ་ལས་གཞན་རླུང་བད་ཀན། །ཉིན་མོར་སྦྱར་བས་མཁྲིས་ནད་འགྱུར། །ཞེས་བྱ་བ་ལ། འདིའི་དོན་ནི་འདི་ཡིན་ཏེ། ཞུན་མར་དང་ཏིལ་མར་གཉིས་བཏང་བ་དེ་བཞིན་དུ་གྲང་བའི་དུས་སུ་ཞུན་མར་བཏང་ན་རླུང་དང་བད་ཀན་གྱི་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་ཚ་བའི་
དུས་སུ་ཏིལ་མར་ཉིན་མོ་བཏང་ན་མཁྲིས་པའི་ནད་དུ་འགྱུར་རོ། །རྐང་དང་ཚིལ་ནི་གྲང་བའི་དུས་དང་དྲོ་བའི་དུས་གཉི་གར་རིངས་པའི་དུས་བྱུང་བ་དག་ལ་སྦྱང་བའི་སྔོན་དུ་སྣུམ་གྱི་ཆོ་ག་བྱ་བར་གཞུང་རྩོམ་པས་མ་བཤད་དེ། དེ་གཉིས་ནི་ཚ་བ་དང་བསིལ་བའི་ནུས་པ་དང་གཉི་ག་ཡོད་པས། དེ་ལ་བསིལ་བའི་ཡོན་ཏན་འབའ་ཞིག་

མེད་དེ་གཞན་ལ་རག་ལས་པ་ཡིན་པའི་ཕྱིར་དང་དེ་བཞིན་དུ་ཤ་དང་རྗེས་སུ་མཐུན་པ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་སྨན་དཔྱད་ཀྱི་ལུང་ལས། སེམས་ཅན་ཚ་གྲང་ཅི་འདྲ་བ། །རྐང་དང་ཚིལ་བུ་འདྲ་བར་བཤད། །ཅེས་འབྱུང་བ་ཡིན་ནོ། །དེ་ལྟར་སྣུམ་གྱིས་གཏང་བའི་དུས་གང་
དང་གང་ཡིན་པ་ངེས་པར་བཤད་ནས། ད་ནི་སྣུམ་དེ་ཇི་ལྟར་བཏང་བ་དེ་བསྟན་པར་བྱ་བའི་ཕྱིར་སྨྲས་པ། བཟའ་སོགས་ཟས་དང་མས་གཏོང་དང་། །སྣ་ནས་གཏང་བསྐུ་མཁུར་བཀང་དབོ། །མགོ་བསྐུ་རྣ་མིག་དགང་བ་ཡི། །སྣུམ་ནི་རིགས་པར་དཔྱད་པར་བྱ། །ཞེས་བྱ་བ་ལ། སྣུམ་
རིགས་པར་དཔྱད་པར་བྱ་ཞེ་ན། བཟའ་སོགས་ཟས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་ཁུར་ལ་སོགས་པ་ཚོད་མ་ལ་སོགས་པ་ལྷན་ཅིག་མིད་པ་དང་། ལྷན་ཅིག་བཟའ་བ་དང་། དེ་བཞིན་དུ་མས་གཏོང་བ་གསུམ་པོ་བཀྲུ་སྨན་དྲག་པོ་མས་གཏོང་བ་ནི་རུ་ཧ་དང་། བཀྲུ་སྨན་འཇམ་
པོ་མས་གཏོང་བ་དང་། འཇམ་རྩི་མས་གཏོང་བ་སྟེ་གསུམ་དང་། སྣ་ནས་གཏང་བ་དང་། ལུས་བསྐུ་བ་དང་། མཁུར་བ་དགང་ཞིང་དབོ་བ་དང་། རྣ་བ་དགང་བ་དང་། མིག་དགང་བ་སྟེ། འདི་དག་འོག་ནས་བཤད་པའི་མཚན་ཉིད་ཅན་རིགས་པ་ཞེས་བྱ་བ་སྦྱོར་བའི་ཐབས་ལ་སོགས་
པའི་མཚན་ཉིད་དང་ལྡན་པར་དུས་ཀྱིས་བྱ་བ་བསམ་པ་དང་། ལུས་ཀྱི་ཚད་དང་། ནད་ཀྱི་ཚུལ་ལ་དཔགས་ནས། རན་ཅིང་འཚམ་པར་ཉེ་བར་དཔྱད་པར་བྱའོ། །དེ་བཞིན་དུ། རོ་ཡི་དབྱེ་བ་རེ་རེ་ཡིས། །དྲུག་ཅུ་རྩ་བཞི་རྣམ་པར་བརྟག །ཅེས་བྱ་བ་སྟེ། རོའི་དབྱེ་བར་རེ་རེ་དབྲི་བ་
ལ་སོགས་པའི་གཞུང་བསྟན་ནས། དྲུག་ཅུ་རྩ་གསུམ་གྱི་གྲངས་སུ་ཆད་པ་དང་། ལྷན་ཅིག་སྣུམ་སྦྱར་བ་དང་། དེ་བཞིན་དུ་རེ་རེ་བཏང་ཞིང་ཕྲད་མེད་པར་སྣུམ་འབའ་ཞིག་བཏང་བ་ལས། དྲུག་ཅུ་རྩ་བཞི་རྣམ་པར་བརྟག་ཅིང་དཔྱད་པར་བྱའོ། །དེ་ལྟར་རོའི་དབྱེ་བ་རེ་རེ་ལས་
སྣུམ་པ་རྣམ་པར་དཔྱད་ན་དྲུག་ཅུ་རྩ་བཞིར་འགྱུར་བར་བཤད་པ་ན། དགོས་པ་ཅི་ཞིག་གི་ཕྱིར་དཔྱད་པ་འདི་བཤད་ཅེ་ན། དེའི་ཕྱིར་རིགས་པས་གཉིས་སྨྲས་པ་ནི། སྣུམ་ནི་གཞན་གྱིས་ཟིལ་གནོན་ཅིང་། །ཆུང་ངུ་དགོས་པས་རིམ་པ་བཤད། །ཅེས་བྱ་བ་ལ། སྣུམ་ཞིང་

ཆུང་ངུ་དགོས་པའི་ཕྱིར་དང་། དེ་བཞིན་དུ་གཞན་གྱི་ཟིལ་གྱིས་གནོན་ཅིང་ཟས་ལ་སོགས་པ་མང་པོས་ཟིལ་གྱིས་མནན་པ་དང་། དེ་བཞིན་དུ་རོའི་དབྱེ་བས་ཀྱང་ཟིལ་གྱིས་མནན་ཏེ། དེ་ལྟར་ཟིལ་གྱིས་གནོན་པས་ན། དེའི་ཕྱིར་དེ་རྣམས་ནི་དེ་རྣམ་པར་བརྟག་པ་
ཞེས་བྱའོ། །དེ་བས་ན་ཞུན་མར་འབའ་ཞིག་བཏུང་བ་ལ་ནི་རྣམ་པར་དཔྱད་མི་དགོས་པར་བཤད་དེ། དེའི་ཕྱིར་སྨྲས་པ་ནི། ཇི་སྐད་བཤད་པའི་རྒྱུ་མེད་པས། །དངས་མ་བཏུང་ལ་དཔྱད་མི་དགོས། །སྣུམ་གྱི་ལས་ནི་མྱུར་འགྲུབ་པས། །སྣུམ་དེའི་ཆོ་ག་མཆོག་ཡིན་ནོ། །ཞེས་བྱ་བ་ལ།
ཇི་སྐད་བཤད་པའི་རྒྱུ་མེད་པ་ནི་སྔར་ཇི་སྐད་བསྟན་པའི་རྒྱུ་མེད་པའི་ཕྱིར་དང་། མང་དུ་དགོས་པའི་ཕྱིར་འདི་ལ་དཔྱད་མི་དགོས་ལ། དེ་བས་ན་སྣུམ་གྱི་ཆོ་ག་དངས་མ་བཏུང་བ་དེ་ལྟ་བུ་དེ་ནི་མཆོག་ཡིན་ཏེ། རྣམ་པར་དཔྱད་དགོས་པ་ལས་ཁྱད་པར་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན།
སྣུམ་གྱི་ལས་ནི་མྱུར་འགྲུབ་པ། །ཞེས་བྱ་བ་ཡིན་ཏེ། སྣུམ་གྱི་བྱ་བ་མྱུར་ཞིང་རིངས་པར་རྫོགས་པར་བྱེད་ཅིང་སྣུམ་གྱིས་གསོ་བའི་ནད་ཞི་བར་བྱེད་པ་ཡིན་པས་མཆོག་ཡིན་ནོ། །དངས་མ་བཏུང་བ་དེ་སྣུམ་གྱི་ཆོ་གར་གཏོང་བའི་ཚད་ཆུང་ངུ་དང་། བར་མ་དང་། ཆེན་པོར་བཤད་པ་
ནི་ཕོ་བའི་མེ་དྲོད་ཀྱིས་འཇུ་བ་ལས་རྗེས་སུ་དཔག་པ་ལས་ཤེས་པར་བྱ་དགོས་པའི་ཕྱིར། འདིར་སྨྲས་པ་ཡིན་ཏེ། གང་ཞིག་ཐུན་ནི་གཉིས་དང་བཞི། །བརྒྱད་ཀྱིས་རིམ་བཞིན་འཇུ་འགྱུར་བ། །ཚད་ཆུང་འབྲིང་དང་ཆེ་བ་སྟེ། །དེ་ལས་ཆུང་ངུ་བཟའ་བ་མཆོག །ཅེས་བྱ་བ་ལ།
སྣུམ་དེ་བཟའ་བའི་ཟས་ནི་ཆུང་དང་འབྲིང་དང་ཆེན་པོ་གསུམ་དུ་འགྱུར་ཏེ། ཚད་གང་ཞིག་གིས་ཐུན་གཉིས་ཀྱིས་འཇུ་བར་འགྱུར་བ་དེ་ནི་ཆུང་ངུ་ཡིན་ལ་གང་ཐུན་བཞིས་རྗེས་སུ་འཇུ་བར་གྱུར་པ་དེ་ནི་བར་མ་ཞེས་བྱའོ། །གང་ཞིག་ཐུན་བརྒྱད་ཀྱིས་འཇུ་བ་དེ་ནི་ཆེན་པོ་ཞེས་བྱའོ། །དེ་ལྟར་
ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ་དེ་རྣམས་ལས་གང་ཞིག་ཚད་ཆུང་ངུ་དེ་ནི་མཆོག་ཡིན་ཏེ། སྦྱོར་བ་ཐམས་ཅད་དང་འཚམ་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཚད་ཆུང་ངུ་དེ་ནི་ཚད་ཆུང་བ་གཏང་དགོས་པ་ལ་ཉེ་བར་སྦྱར་བ་ན་སྐྱོན་མེད་པ་ཡིན་ལ། དེ་བཞིན་དུ་ཚད་འབྲིང་དང་ཆེན་པོ་གཏང་དགོས་པ་

ལ་བཏང་དུ་ཟིན་ཀྱང་སྐྱོན་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱིས་ན་གཞུང་རྩོམ་པར་བྱེད་པས། ནད་ལ་སོགས་པ་བརྟགས་ནས་ནི། །ཐོག་མར་ཤིན་ཏུ་ཆུང་ངུ་བཟའ། །ཞེས་སྨྲས་པ་ཡིན་ཏེ། ནད་པའི་ཚུལ་དང་ཡུལ་དང་། དུས་ལ་སོགས་པ་བརྟགས་ཤིང་དཔྱད་
ནས་ཐོག་མར་ཏེ། དང་པོར་ཁོ་ནར་ཐམས་ཅད་དུ་ཚད་ནི་ཤིན་ཏུ་ཆུང་ངུ་བཟའ་བར་བྱ་ཞིང་ལོངས་སྤྱད་པར་བྱའོ། །དེས་ན་འདི་སྐད་སྟོན་ཏེ། ནད་དང་ཡུལ་ལ་སོགས་པ་ལས་བརྟགས་ནས་ཚད་ཤིན་ཏུ་ཆུང་བ་ནི་ཚད་བཞི་པར་བརྟག་པར་བྱ་སྟེ། གང་གི་ཕྱིར་སྐྱེས་བུའི་ཕོ་བའི་མེའི་ཚད་མ་
ཤེས་པར་སྣུམ་མང་དུ་བྱིན་ན་དེ་མི་འཇུ་ཞིང་སྲོག་ཀྱང་འདོར་བར་འགྱུར་བ་སྲིད་པ་ཡིན་ནོ། །ད་ནི་སྣུམ་གྱི་ཚད་གསུམ་པོ་དེ་དག་གཏང་བའི་དུས་དང་། གཏང་བའི་གནས་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། སྔ་དེའི་ཟས་ནི་ཞུ་ཉིད་དང་། །སྦྱང་ཕྱིར་དངས་མ་མང་དུ་བཏུང་། །ཞེས་
བྱ་བ་ཡིན་ཏེ། སྔ་དེ་ཞག་གི་ཟས་ཞུ་བ་ཙམ་ཉིད་ཀྱི་དུས་དེ་ཉིད་དེ། ཟས་ནི་ཞུ་བཀྲེས་པས་ནི་ཉེན་པའི་སྐབས་སུ་སྦྱང་བའི་ཕྱིར། སྣུམ་མང་དུ་གཏང་བ་ཉིད་ལ་ཞུན་མར་དངས་མ་འབའ་ཞིག་བཏུང་བར་བསྔགས་པས་ན། དེའི་ཕྱིར་འདི་ཉིད་ཅེས་བྱ་བའི་སྒྲ་ངེས་པར་བཟུང་བའི་
དོན་དུ་སྨྲས་པ་ཡིན་ནོ། །སྔ་དེ་ཞག་གི་ཟན་ཞུ་བ་ཉིད་ན་ཞེས་པས་ཆད་ཀྱི་ལྟོགས་པ་དང་བཏུང་བར་བྱ་བ་ཡིན་ཏེ། དེ་ནི་གང་གི་ཕྱིར་མྱུར་བ་ཉིད་དུ་འཇུ་བར་བྱེད་དེ། སྦྱང་བ་མ་བྱས་པར་མེའི་དྲོད་ཤིན་ཏུ་ཤས་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས། ལྟོ་བ་རླུང་གི་ཤས་ཆེ་
ཞིང་། །རྩོལ་བ་ཆེ་བའི་ངང་ཚུལ་ཅན། །མེ་དྲོད་ཆེ་བའི་སྨན་རྣམས་ནི། །མི་འཁྲུ་ཉིད་ལ་མྱུར་དུ་འཇུ། །ཞེས་བཤད་པ་ཡིན་ནོ། །ད་ནི་ཞི་བར་བྱ་བའི་སྣུམ་གྱི་ཆོ་ག་སྨྲས་པ་ནི། ཞི་བྱ་ལྟོགས་བཅས་ཟས་མེད་པར། །འབྲིང་ཚད་ཙམ་ནི་བསྔགས་པ་ཡིན། །ཞེས་བྱ་བ་ཡིན་ཏེ།
ཞི་བར་བྱ་བ་ལ་སྣུམ་ཟས་མ་ཟོས་པར་ལྟོགས་པ་དང་བཅས་པའི་སྐབས་སུ་གཏང་བ་བསྔགས་པ་ཡིན་ལ། དེ་ཡང་འབྲིང་ཚད་ཙམ་སྟེ། ཐུན་བཞིས་འཇུ་བ་བསྔགས་ཤིང་ཕན་པ་ཡིན་ཏེ། དེ་ཡང་ཟས་མེད་པ་དང་སྟེ། ཟས་གང་དང་ཡང་མ་བསྲེས་པར་གཅིག་པུ་གཏང་བ་

བསྔགས་པ་ཡིན་ནོ། །བརྟ་བའི་སྣུམ་གྱི་ཆོ་ག་སྨྲས་པ་ནི། བརྟ་བ་ཤ་དང་ཤ་ཁུ་སོགས། །དེ་ཡང་འབྲས་ཆན་ཉུང་བཅས་པ། །བྱིས་པ་རྒན་པོ་སྐོམ་གྱིས་གདུངས། །སྣུམ་འགྲས་ཆང་དང་ཆེ་བ་དང་། །བུད་མེད་སྣུམ་ནི་རྟག་བསྟེན་དང་། །དྲོད་ཆུང་བདེ་དང་དཀའ་མི་བཟོད། །ལྟོ་
སྙི་ནད་དཀྱིལ་ཆུང་ཚ་དུས། །ཉམ་ཆུང་བ་ལ་བསྔགས་པ་ཡིན། །ཞེས་བྱ་བ་ལ། བརྟ་བའི་སྣུམ་གྱི་ཆོ་ག་ནི་ཤ་དང་ཤ་ཁུ་ལ་སོགས་པ་དང་ལྷན་ཅིག་གཏང་བ་བསྔགས་སོ། །ཤ་ཁུ་ལ་སོགས་པའི་སྒྲས་ནི་བཟའ་བ་དང་སྣུམ་ཁུར་ལ་སོགས་པ་བསྡུའོ། །ད་ཡང་འབྲས་ཆན་དང་
བཅས་པ་སྟེ། བཟའ་བ་དང་བཅས་པར་བྱའི། གང་སྦྱང་བ་ཞི་བ་ཞེས་བྱ་བའི་སྣུམ་གྱི་ཆོ་ག་གཉིས་སོ། །སྔར་བཤད་པ་དག་ནི་ཟས་དང་བཅས་བར་མི་བྱ་སྟེ། གཉི་ག་ཡང་ཟས་ཀྱི་དུས་སུ་བཟའ་བ་བཀག་པ་ཡིན་ནོ། །དེ་ཡང་ཉུང་ངུ་སྟེ་ཆུང་ངུ་ཡིན་པ་ལ་ཡང་དེ་ནི་བྱིས་པ་དང་རྒན་
པོ་ལ་སོགས་པ་ལ་ཡང་ཕན་པ་ཡིན་ནོ། །དེ་བཞིན་དུ་སྐོམ་གྱིས་གདུངས་ཤིང་སྐོམ་དད་ཆེ་བ་དང་། གང་སྣུམ་དང་འགྲས་ཤིང་སྣུམ་ལ་མི་དགའ་བ་དང་། ཆང་དད་ཆེ་ཞིང་རྟག་ཏུ་ཆང་འཐུངས་པ་དང་། དེ་བཞིན་དུ་རྟག་ཏུ་བུད་མེད་བསྟེན་པ་དང་། རྟག་པར་སྣུམ་བསྟེན་པ་དང་།
ཕོ་བའི་མེ་དྲོད་ཆུང་བ་དང་། བདེ་ཞིང་སྐྱིད་དེ་འདུག་པ་དང་། དཀའ་བ་མི་བཟོད་ཅིང་སྡུག་བསྔལ་བསྟེན་པར་མི་ནུས་པ་དང་། ལྟོ་བ་སྙི་བ་དང་། ནད་དཀྱེལ་ཆུང་བ་དང་། ཚ་བའི་དུས་ཏེ་སོ་གའི་དུས་དང་། ཉམ་ཆུང་བ་སྟེ། ལུང་ཟུངས་ཟད་པ་རྣམས་ཏེ། དེ་ཐམས་ཅད་ལ་
བརྟ་བའི་སྣུམ་བསགས་ཤིང་ཕན་པ་ཡིན་ནོ། །དང་པོ་བར་དང་ཟས་རྗེས་ཟོས། །ལུས་ཀྱི་སྨད་པར་སྟོད་ལས་བྱུང་། །ནད་རྣམས་སེལ་ཞིང་ལུས་ཀྱི་སྟོབས། །སྐྱེད་པའི་རིམ་བཞིན་བྱེད་པ་ཡིན། །ཞེས་བྱ་བ་ལ། བརྟ་བ་ཞེས་བྱ་བའི་སྣུམ་ཆུང་ངུ་ཟས་ཀྱི་དང་པོར་བཏང་ན་ལུས་ཀྱི་རོ་
སྨད་ལས་བྱུང་བའི་ནད་རྣམས་སེལ་བར་འགྱུར་རོ། །ཟས་ཀྱི་བར་དུ་བཏང་ན་ལུས་ཀྱི་བར་གྱི་ནད་སེལ་ཏོ། །ཟས་ཀྱི་རྗེས་ལ་བཏང་ན་རོ་སྟོད་ལས་བྱུང་བའི་ནད་རྣམས་སེལ་བར་བྱེད་དོ། །དེས་ན་རིམ་པ་བཞིན་ཏེ། གོ་རིམས་མ་འཆོལ་ལུས་ཞེས་བྱ་བར་རོ་སྟོད་དང་རོ་སྨད་ཀྱི་སྟོབས་སྐྱེད་པ་

ཡིན་ནོ། །དེས་ན་ཟས་ཀྱི་དང་པོར་བཏང་ན་རོ་སྨད་དུ་གཏོགས་ལ། རྐེད་པ་ལ་སོགས་པའི་ལུས་ཀྱི་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །ཟས་ཀྱི་བར་དུ་བཏང་ན་ལུས་ཀྱི་བར་མ་ལྟོ་བ་དང་སྙིང་ག་ལ་སོགས་པའི་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ། །ཟས་ཀྱི་རྗེས་ལ་བཏང་ན་
ནམ་ཚོང་ཡན་ཆད་ཀྱི་ལུས་པོ་ལ་སོགས་པའི་སྟོབས་སྐྱེད་པ་ཡིན་ནོ། །ད་ནི་སྣུམ་འཐུང་བའི་རྗེས་ལ་བཏུང་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དེ་ནི་ལེགས་པར་སྨིན་ཕྱིར་དང་། །ཁར་ཆགས་པ་ནི་ཕྱི་བའི་ཕྱིར། །སྣུམ་དག་འཐུངས་རྗེས་ཆུ་ཚན་བཏུང་། །ཨེ་རན་བ་ལ་ཏ་ཀར་
མིན། །ཞེས་བྱ་བ་ལ། སྣུམ་དངས་མ་འཐུངས་པའི་རྗེས་ལ་བདེ་བར་འཇུ་བར་བྱ་བའི་ཕྱིར་སྨྲས་པ་ནི། དེ་བཞིན་ཏེ། དེའི་ཁར་ཆགས་པ་དག་མ་གོས་ཤིང་དག་པར་བྱ་བའི་ཕྱིར་ཆུ་ཚན་བཏུང་བར་བྱའོ། །སྣུམ་དངས་མ་བཏུང་བ་ཐམས་ཅད་ལ་ཆུ་ཚན་བཏུང་བར་བྱ་བའམ། འོན་ཏེ་
འགའ་ཞིག་ལ་བཏུང་བར་བྱ་ཞེ་ན། ཨེ་རན་བ་ལ་ཏ་ཀར་མིན་ཞེས་སྨྲས་པ་ཡིན་ཏེ། ཨེ་རཎྜ་དང་བ་ལ་ཏ་ཀའི་སྣུམ་འཐུངས་པའི་སྐབས་སུ་ནི། ཆུ་ཚན་བཏུང་བར་མི་བྱ་སྟེ། འདི་གཉིས་ནི་ནུས་པ་ཆུང་བ་དང་ལྡན་པའི་ཕྱིར། དེ་དག་གི་གནོད་པ་སྐྱེད་པ་ཡིན་ནོ། །ཞུ་འམ་མ་ཞུའི་དོགས་
སྐྱེ་ན། །སླར་ཡང་ཆུ་ཚན་བཏུང་བར་བྱ། །དེས་ནི་སྒྲེགས་པ་དག་འགྱུར་ཞིང་། །དེ་ལས་ཁོང་ཡང་ཡི་གར་འོང་། །ཞེས་བྱ་བ་ལ། སྣུམ་དངས་མ་འཐུངས་པའི་ཚེ། ཞུའམ་མ་ཞུ་བའི་དོགས་པ་སྐྱེས་ཤིང་ཡིད་གཉིས་སུ་གྱུར་ན། སླར་ཞིང་ཡང་ཆུ་ཚན་བཏུང་བར་བྱ་སྟེ། ཆུ་ཚན་
དེ་དང་དེས་ནི་སྒྲེགས་པ་དག་ཅིང་མནམ་པ་མེད་པར་འགྱུར་བ་དང་། དེ་ཡང་དེ་ལས་ལུས་ཁོང་ཡང་བར་འགྱུར་བ་དང་། དེ་བཞིན་དུ་ཡི་གར་འོང་བ་སྟེ། ཟས་ལ་འདོད་པ་སྐྱེ་བར་འགྱུར་རོ། །ནང་པར་འཐུང་ངམ་འཐུངས་པ་དང་། །འཐུངས་བར་གྱུར་ཚེ་ཁ་ཟས་རན། །གཤེར་དྲོད་
བད་ཀན་མི་སྐྱེད་དང་། །ཤིན་ཏུ་སྣུམ་མིན་འདྲེས་མིན་བཟའ། །ཞེས་བྱ་བ་ལ། སྣུམ་འཐུངས་པའི་སྐྱེས་བུ་དེས་ཁ་ཟས་བཟའ་བར་བྱ་བ་ལ། དེ་ཡང་ཇི་ལྟ་བུ་ཞེ་ན། ཕལ་ཆེར་གཤེར་ཞིང་རླན་བག་ཡོད་པ་དང་། དྲོ་བའི་བད་ཀན་མི་སྐྱེ་བ་དང་། ཤིན་ཏུ་སྣུམ་པ་མ་ཡིན་པ་སྟེ། ཅུང་

ཟད་སྣུམ་པ་དང་འདྲེས་པ་མ་ཡིན་པ་སྟེ། ཟས་གནོད་པ་དང་འདྲེན་མར་མ་ཡིན་པ་བཟའ་བར་བྱའོ། །དེ་ཡང་ཅི་ཞིག་བྱེད་པའི་ཚེ་ཞེ་ན་ནང་པར་ཏེ། ཕྱེད་དེ་ཉིན་ན་འཐུང་བར་རྟོག་པའམ། ཡང་དེ་བཞིན་དུ་ཉིན་ཞག་དེ་ཉིད་ཀྱིས་འཐུང་བ་དང་། དེ་བཞིན་དུ་དང་པོར་གང་གིས་སྣུམ་འཐུངས་
པ་དེའི་ཚེ། ཁ་ཟས་འདི་ལྟར་བཟའ་བའོ། །ཁ་ལག་ཆུ་ཚན་གྱིས་བཀྲུ་ཞིང་། །བུད་མེད་མི་བསྟེན་མཚན་མོ་ཉལ། །ཤུགས་དགག་དྲག་ཤུལ་ལས་རྣམས་དང་། །ཁྲོ་དང་མྱ་ངན་ཉི་ཚན་གྲང་། །སེར་བུའི་ཁར་འདུག་རྟ་ཞོན་འགྲོ། །མང་སྨྲ་རབ་མཐོའི་སྟན་ལ་འདུག །སྔས་ནི་རབ་
མཐོ་རབ་དམའ་དང་། །ཉིན་ཉལ་དུད་རྡུལ་གནས་པ་སྤངས། །གང་གིས་ཉིན་མོ་འཐུངས་གྱུར་པ། །དེ་ལྟར་གཞན་ལ་སྤང་བར་བྱ། །ཞེས་བྱ་བ་ལ། སྣུམ་འཐུངས་པའི་སྐྱེས་བུས་ཁ་ལག་བཀྲུ་བ་ལ་སོགས་པ། ཆུའི་བྱ་བ་ཆུ་དྲོན་པོས་བྱ་བ་དང་། བུད་མེད་བསྟེན་ཅིང་ཉལ་པོ་
སྤང་བར་བྱ་བ་དང་། དེ་བཞིན་དུ་མཚན་མོ་ཉལ་ཞིང་བདེ་བར་གཉིད་ལོག་པར་བྱ་བ་དང་། དེ་བཞིན་དུ་བཤང་གཅི་ལ་སོགས་པ་ཤུགས་མི་དགག་པ་དང་། དེ་བཞིན་དུ་དྲག་ཤུལ་གྱི་ལས་རྣམས་དང་ཁྲོ་བ་ནས་དུད་པ་དང་རྡུལ་གྱི་ནང་དུ་འདུག་པའི་བར་དུ་སྤང་བར་བྱའོ། །དེ་ལ་དྲག་
ཤུལ་གྱི་ལས་ནི་དུས་ནུབ་པར་བྱེད་པའི་དུ་མའོ། །རབ་མཐོ་སྟན་གཅིག་མཐོན་པོ་ལ་གཅིག་པུ་ཡུན་རིང་དུ་མི་འདུག་པའོ། །མལ་དང་མགོ་བོའི་རྟེན་དུ་གྱུར་པ་ནི་སྔས་ཞེས་བྱ་བ་སྟེ། དེ་ཡང་རབ་ཏུ་མཐོ་བ་དང་རབ་ཏུ་དམའ་བ་སྤང་བར་བྱའོ། །ཉིན་པར་ཉལ་བ་ནི་ཉིན་མོ་གཉིད་
ལོག་པ་སྟེ། དེ་ཡང་སྤང་བར་བྱའོ། །དུད་པ་ནི་གྲགས་པར་ཟད་དོ། །རྡུལ་ནི་རྡུལ་ཁྲོད་དེ། དེར་གནས་པར་མི་བྱའོ། །དེ་བས་ན་སྣུམ་གྱི་ཆོ་ག་བྱེད་པ་ན། དེ་ཐམས་ཅད་སྤང་བར་བྱའོ། །དེ་ཡང་སང་གི་ཉིན་མོ་སྟེ། ཉིན་ཞག་གང་ལ་སྐྱེས་བུ་སྣུམ་འཐུངས་པར་གྱུར་པ་དེས། དེ་
སྲིད་ཀྱི་ཉིན་ཞག་གཞན་ལའང་གོང་དུ་སྨོས་པའི་ཐམས་ཅད་སྤང་བར་བྱའོ། །རིམ་འདི་ལས་རྣམས་ཐམས་ཅད་དང་། །ནད་ཟད་པ་ལ་སྤྱད་པར་བྱ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆུ་ཚན་བཏུང་བ་ལ་སོགས་པའི་ལས་ཀྱི་རིམ་པ་བཞིན་འདི་ནི་སྣུམ་གྱི་ཆོ་ག་དང་། དུགས་དང་སྣོད་

ལ་སོགས་པ་ནས་མེ་བཙའ་དང་། ཐལ་སྨན་རྣོན་པོ་གཏང་བའི་བར་དུ། དེ་བཞིན་དུ་ནད་ཀྱིས་ཉམ་ཆུང་བར་གྱུར་པ་ལ་ཡང་བྱ་སྟེ། སྣུམ་གྱི་ཆོ་ག་འབའ་ཞིག་ལ་འདི་བྱ་བར་མ་ཟད་དོ། །ཞི་བའི་སྣུམ་གྱི་ཉེར་སྤྱད་ནི། །བཀྲུ་སྨན་བཏང་བ་ལྟ་བུར་བྱ། །ཞེས་བྱ་
བ་ལ། ཞི་བར་བྱ་བའི་སྣུམ་བཏང་བའི་ཉེ་བར་སྤྱད་པ་ཟས་ལ་སོགས་པའི་རིམ་པ་ནི་བཀྲུ་སྨན་བཏང་བ་ལྟ་བུ་སྟེ། བཀྲུ་སྨན་བཏང་བ་ན་ཐུག་པ་ལ་སོགས་པ་བྱ་བ་གང་དག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱ་བའི་སྣུམ་བྱས་པའི་སྣུམ་དེ་ཞུ་བའི་སྐྱེས་བུ་ལ་ཡང་བྱའོ། །ལྟོ་སྙི་ཞུན་མར་
ཞག་གསུམ་བཏུང་། །ལྟོ་སྲ་བ་ཡིས་ཞག་བདུན་བཏུང་། །ཡང་ན་ཇི་སྲིད་སྣུམ་པར་བཏུང་། །དེ་ཕན་ཆད་ནི་གོམས་པར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་ལྟོ་སྙི་བས་ཞུན་མར་དངས་མ་ཞག་གསུམ་བཏུང་བར་བྱ་ལ། མི་ལྟོ་སྲ་བས་ནི་ཞག་བདུན་གྱིས་བཏུང་ངོ་། །ཡང་ན་གཉིས་པོ་
འདི་དག་ཁོ་ན་ངེས་པ་མེད་དེ། སྐྱེས་བུ་ཁོང་སྣུམ་པར་གྱུར་པ་ཉིད་འདིའི་ཚད་ངེས་པ་ཡིན་ནོ། །དེས་ན་དུས་ཇི་སྲིད་ཀྱིས་ལེགས་པར་ཁོང་སྣུམ་པའི་སྐྱེས་བུར་གྱུར་པ་དེ་སྲིད་པར་བཏུང་བར་བྱའོ། །ཞེས་བྱ་བའི་དོན་ནོ། །དེ་ལྟར་ལེགས་པར་སྣུམ་པའི་མཚན་ཉིད་དུ་གྱུར་ཕན་ཆད་སྣུམ་
དངས་མ་བཏུང་བ་ནི་གོམས་པར་འགྱུར་གྱི། སྦྱོར་བའི་བྱ་བ་མི་བྱེད་དོ་ཞེས་བྱ་བའི་དོན་ནོ། །རླུང་ནི་བདེར་རྒྱུ་མེ་དྲོད་འབར། །བཤང་བ་སྣུམ་ཞིང་མི་སྲི་ལ། །སྣུམ་མི་འདོད་ཅིང་སྙོམ་འགྱུར་ལ། །སྣུམ་ལེགས་ཡིན་ཏེ་རྩུབ་གོ་བཟློག །ཅེས་བྱ་བ་ལ། སྐྱེས་བུ་ལེགས་པར་སྣུམ་གྱིས་
ཞེན་པར་གྱུར་པ་ནི་རླུང་རྒྱུ་ཞིང་ལུགས་བཞིན་འབྱུང་བ་དང་། ཕོ་བའི་མེ་དྲོད་འབར་ཞིང་བདེ་བ་དང་། བཤང་བ་སྣུམ་པར་འགྱུར་གྱི་རྩུབ་པ་མ་ཡིན་པ་ལ། དེ་བཞིན་དུ་མི་སྲི་བ་སྟེ། ཕལ་ཆེར་སྙི་ཞིང་བརླན་པར་གྱུར་པ་དང་། དེ་བཞིན་དུ་སྣུམ་སྟེན་པར་བྱེད་པའི་སྐྱེས་བུ། སྣུམ་མི་
འདོད་ཅིང་སྣུམ་ལ་ཞེན་པར་མི་དགའ་བར་འགྱུར་བ་དང་། དེ་བཞིན་དུ་སྙི་ཞིང་སྙི་བག་ཏུ་གྱུར་པ་སྟེ། དེ་དག་ཐམས་ཅད་ནི་སྣུམ་གྱིས་ལེགས་པར་ཞེན་པའི་མཚན་ཉིད་ཡིན་ནོ། །སྐྱེས་བུ་སྣུམ་མེད་ཅིང་རྩུབ་བར་གྱུར་པ་ནི་དེ་ལས་གོ་བཟློག་པ་སྟེ། ཇི་སྐད་བཤད་པའི་མཚན་ཉིད་

ལས་བཟློག་པར་འགྱུར་རོ། །དེ་ཡང་རླུང་མི་བདེ་བར་རྒྱུ་བ་དང་། མེ་དྲོད་ཆུང་བ་དང་། བཤང་བ་རྩུབ་པ་དང་། བསྒོངས་པ་དང་། སྣུམ་ལ་འདོད་པ་སྐྱེ་བར་འགྱུར་ཞིང་། སྙོམ་པར་མི་འགྱུར་རོ། །སྣུམ་དྲགས་པ་ཡིས་སྐྱ་བ་དང་། །སྣ་དང་ཁ་རྐུབ་ལས་འཛག་འགྱུར། །
ཞེས་བྱ་བ་ལ། སྐྱེས་བུ་སྣུམ་ཧ་ཅང་དྲགས་པར་གྱུར་པ་ནི། སྐྱ་བོ་བསེང་བསེང་པོར་འགྱུར་བ་དང་། སྣ་ནས་འཛག་པ་དང་། རྐུབ་ནས་འཛག་པར་འགྱུར་རོ། །ཚད་དང་མི་ལྡན་དུས་མིན་གནོད། །ཟས་དང་སྤྱོད་ལམ་ལོག་པ་ཡིས། །སྣུམ་ཆོས་བྱེད་སྐྲང་གཞང་འབྲུམ་དང་། །
ཁོང་རྨྱ་རེངས་ཤིང་སེམས་མྱོས་དང་། །གཡན་པ་མཛེ་དང་རིམས་སྐྱུག་གཟེར། །ལྟོ་སྦོས་མགོ་འཁོར་ལ་སོགས་འགྱུར། །ཞེས་བྱ་བ་ལ། སྣུམ་ཐམས་ཅད་ཚད་དང་མི་ལྡན་པར་ཟོས་པ་དང་། དེ་བཞིན་དུ་དུས་མ་ཡིན་པར་ཟོས་པ་དང་། གནོད་པ་སྟེ་གང་ཞིག་ལ་གནོད་པར་འགྱུར་བ་
དེ་ཟོས་པ་དང་། དེ་བཞིན་དུ་ཟས་དང་སྤྱོད་ལམ་ལོག་པ་དང་ལྡན་པས་སྤྱད་ན་སྐྲང་བ་ལ་སོགས་པའི་ནད་སྐྱེ་བར་འགྱུར་རོ། །དེ་ཡང་ཚད་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ། གསུམ་པོ་དེ་དག་ནད་ལུས་ཟུངས་ལ་ལྟོས་ཏེ་གཏོང་བར་མི་བྱེད་པ་དེ་ནི་ཚད་དང་མི་ལྡན་པའོ། །དུས་མ་ཡིན་
པར་གཏོང་བ་དེ་ནི་དཔེར་ན་དགུན་གྱི་ཚེ་མར་གཏོང་བ་དང་། མཚན་མོ་གཏོང་བ་དང་། སོ་ག་ཏིལ་མར་གཏོང་བ་དང་། ཉིན་པར་གཏོང་བ་ལྟ་བུའོ། །གནོད་པ་ནི་དཔེར་ན་བད་ཀན་གྱི་ནད་ལ་མར་གཏོང་བ་དང་། མཁྲིས་པའི་ནད་ལ་ཏིལ་མར་གཏོང་བ་དང་། ཟས་ནི་ཁ་ཟས་ཚད་
དང་མི་ལྡན་པར་གང་བཤང་བ་དེ་ལོག་པར་འགྱུར་ཞིང་། ཕྱིན་ཅི་ལོག་གིས་ཚེ་སྤྱོད་པར་བྱེད་པ་དེའི་ཚེ་སྐྱོན་དུ་འགྱུར་རོ། །སྤྱོད་ལམ་ནི་ཆུའི་བྱ་བ་ཆུ་ཚན་གྱི་བྱ་བ་ལ་སོགས་པ་བཤད་པ་སྟེ། དེ་ལོག་པར་སྤྱོད་པ་དེ་དང་མི་མཐུན་པར་སྤྱོད་པ་སྟེ། དེ་དག་གིས་སྐྲང་པ་ལ་
སོགས་པའི་ནད་སྐྱེད་པར་འགྱུར་རོ། །དེ་ལ་བཀྲེས་སྐོམ་སྐྱུག་སྨན་དུགས། །ཟས་སྐོམ་སྨན་ནི་རྩུབ་པ་དང་། །དར་བ་ཆང་རྙིང་ཚོད་མ་དང་། །འབྲུ་རྒོད་ཅི་ཚེ་ཁྲེ་རྒོད་དང་། །སྦྲང་རྩི་འབྲས་གསུམ་པི་པི་ལིང་། །བ་གཅིན་གུ་གུལ་ཨ་རུ་ར། །ནད་དམིགས་སོ་སོ་ཇི་བཞིན་དུ། །

སྣུམ་ལས་ནད་གྱུར་བཅོས་ཐབས་ཡིན། །ཞེས་བྱ་བ་ལ། སྣུམ་གྱི་ཆོ་ག་ལས་གྱུར་ཅིང་། སྣུམ་གྱི་ཆོ་ག་ལས་ཉམས་པས་ནད་དུ་གྱུར་པ་དེ་ལ་དཔྱད་དུ་བྱ་བ་ནི་བཀྲེས་སྐོམ་ལ་སོགས་པས་གསོ་ཞིང་བཅོས་པར་བྱའོ། །དེ་ལ་བཀྲེས་པ་ནི་ལྟོགས་པར་བྱ་སྟེ། ཟས་
ཟ་བ་ལ་སོགས་པའོ། །སྐོམ་པ་ནི་སྐོམ་གྱིས་གདུངས་པ་སྟེ། ཚར་བཅད་པའོ། །སྐྱུག་སྨན་ནི་སློན་བཏང་བའོ། །དུགས་ནི་འོག་ནས་བཤད་པའོ། །དེ་བཞིན་དུ་ཁ་ཟས་རྩུབ་མོ་ཟ་བ་དང་། སྐོམ་རྩུབ་པ་བཏུང་བ་དང་། སྨན་རྩུབ་པ་བསྟེན་པ་དང་། དར་བ་རབ་ཏུ་སྐ་བ་དང་།
དར་བ་རྙིང་པ་དང་། ཆང་རྙིང་པ་དང་། ཚོད་མ་སྟེ། རྩ་བ་དང་འབྲས་བུ་ལས་བྱས་པའི་ཚོད་མའི་རྣམ་པ་དང་། འབྲུ་རྒོད་དང་། འབྲས་བུའི་བྱེ་བྲག་ཨུཏྤལ་ཞེས་བྱ་བ་དང་། ཅི་ཙེ་སྟེ། རྩ་འབྲུའི་བྱེ་བྲག་དང་། ཁྲེ་རྒོད་སྟེ་ག་ཏྲ་པ་ཞེས་བྱ་བ་དང་། དེ་བཞིན་དུ་སྦྲང་ལ་
སོགས་པའི་སྨན་རྣམས་ནད་དམིགས་སོ་སོ་ཇི་ལྟ་བ་བཞིན་ནད་གང་གི་སྨན་གང་ཡིན་པ་དེ་དེ་ལ་སྦྱིན་པར་བྱའོ། །རྩུབ་པ་དག་ནི་སྨྱུང་བྱས་དང་། །ཤིན་ཏུ་བྱས་དང་འདྲ་བ་ཡིན། །ཞེས་བྱ་བ་ལ། ལེགས་པར་རྩུབ་པར་གྱུར་པ་དང་། ལྷག་པར་རྩུབ་པར་གྱུར་པ་དག་ནི་སྨྱུང་བ་
དྲགས་པའི་མཚན་ཉིད་དང་འདྲ་བར་ཤེས་པར་བྱ་སྟེ། ཇི་ལྟར་ལེགས་པར་སྨྱུང་བར་བྱས་པའི་མཚན་ཉིད་གང་ཡིན་པ་དེ་ནི་ལེགས་པར་རྩུབ་ཆོས་བྱས་པའི་མཚན་ཉིད་དང་འདྲ་བར་ཤེས་པར་བྱ། དེ་བཞིན་དུ་ཤིན་ཏུ་སྨྱུང་བར་བྱས་པའི་མཚན་ཉིད་དང་འདྲ་བར་ཤེས་པར་བྱ་བ་སྟེ། སློན་དྲོ་
སྐོམ་ས་ལས་བྱུང་སྣུམ། །ཤ་ཁུ་བཏུང་ཞིང་དུགས་སྤྱད་བྱ། །ཁྲུས་བྱེད་པ་འམ་སྐྱུག་སྨན་གཏང་། །སྣུམ་བྱས་ཞག་གསུམ་གནས་པར་བྱ། །ཉིན་ཞག་གཞན་པ་གཅིག་ཅིག་ནི། །དེ་བསྐྱེད་པ་ཡིས་བད་ཀན་སྐྱེད། །ཅེས་བྱ་བ་ལ། སློན་ཞིང་དྲོ་བ་དང་སྐམས་ལས་བྱུང་བ་ཡང་
ཡིན། སྣུམ་པ་ཡང་ཡིན་པས། སློན་དྲོ་སྐམ་ས་ལས་བྱུང་སྣུམ། །ཞེས་བྱ་བ་སྟེ། སློན་ཞིང་དྲོ་བ་དང་། སྐམ་སའི་སྲོག་ཆགས་ཀྱི་ཤ་ལས་གཡོས་པའི་ཤ་ཁུ་བཏུང་བ་དང་། དུགས་ཀྱི་བྱ་བ་ཀུན་ཏུ་སྤྱད་ཅིང་གནས་པར་བྱེད་པ་དང་། སྣུམ་གྱི་ཆོ་ག་བྱས་པས་ཞག་གསུམ་གནས་

པར་བྱས་ནས། དེའི་འོག་ཏུ་ཉི་མ་བཞི་པ་ལ་ཁྲུས་བྱའོ། །སྐྱུག་སྨན་ཡང་ཉིན་རེ་བཞིན་དུ་བྱ་སྟེ། དང་པོར་སྣུམ་གྱི་ཆོ་ག་བྱས་ལ། དེའི་འོག་ཏུ་སྐམ་སའི་ཤ་རློན་ཞིང་དྲོ་བ་ལས་བྱུང་བའི་སྣུམ་གྱི་ཤ་ཁུ་འཐུངས་ནས། དུགས་བྱེད་ཅིང་ཞག་གཅིག་གནས་པར་བྱས་ལ། ཉིན་དེ་
ལས་གཞན་པ་ཉིན་ཞག་གཉིས་པ་ལས་བད་ཀན་སྐྱེད་ཅིང་འཕེལ་བར་བྱ་བའོ། །གང་གིས་ཤེ་ན། དེ་སྐྱེད་པ་ཡིས་ཞེས་བྱ་བ་སྟེ། བད་ཀན་དེ་སྐྱེད་པར་བྱེད་པའོ། །འོ་མ་དང་ཉ་ལ་སོགས་པས་བད་ཀན་བསྐྱེད་ལ། དེའི་འོག་ཏུ་སྐྱུག་སྨན་གཏང་ངོ་། །ཤ་ཆེ་ཚིལ་ཆེ་བད་ཀན་མང་། །
མེ་ཡི་འཇུ་དྲོད་མི་སྙོམས་དང་། །སྣུམ་ལ་གོམས་པའི་སྣུམ་བྱ་རྣམས། །དེ་ནི་སྔོན་དུ་རྩུབ་ཆོས་བྱ། །དེ་ནས་སྣུམ་བྱས་སྦྱངས་གྱུར་ན། །དེ་ལ་སྣུམ་ནད་མི་འབྱུང་ངོ་། །སྣུམ་ལ་གོམས་པར་གྱུར་པས་ན། །དྲི་མ་འཐོན་པར་ནུས་པ་ཡིན། །ཞེས་བྱ་བ་ལ། ཤ་ཆེ་བ་ནི་མི་ཤ་རྒྱས་ཤིང་སྦོམ་
པའོ། །ཚིལ་ཆེ་བ་ནི་ཚིལ་གྱིས་རྒྱས་ཤིང་ཚོ་བའོ། །བད་ཀན་ཆེ་བ་ནི་བད་ཀན་མང་བའོ། །མེའི་འཇུ་དྲོད་མི་སྙོམས་པ་ནི་ཕོ་བའི་མེ་དྲོད་ཀྱིས་འཇུ་བ་མི་སྙོམས་པའོ། །སྣུམ་ལ་སོགས་པ་ནི་རྟག་ཏུ་སྣུམ་ཟ་བ་སྟེ། དེ་ལྟ་བུའི་སྣུམ་ཆོས་གཏང་བར་བྱ་བ་གང་ཡིན་པ་དེ་ནི་སྔོན་དུ་སྟེ། ཐོག་མར་
རྩུབ་པ་ནི་ཟས་དང་སྨན་གྱིས་རྩུབ་ཆོས་བྱ་ལ། དེ་ནས་དེ་ལྟར་རྩུབ་ཆོས་བྱས་པའི་འོག་ཏུ། སྣུམ་ཆོས་བྱས་ལ་སྦྱངས་པར་གྱུར་ན། ཤ་ཆེ་བ་ལ་སོགས་པ་དེ་ལ་སྣུམ་མི་འབྱུང་ངོ་། །དེ་བཞིན་དུ་ཤ་ཆེ་བ་ལ་སོགས་པ་རྩུབ་ཆོས་བྱས་ལ། དེའི་འོག་ཏུ་སྣུམ་བཏང་ན། །སྣུམ་ལ་གོམས་པར་གྱུར་པས་ན། །དྲི་མ་འཐོན་
ཞིང་སྦྱོར་བར་ནུས་པ་ཡིན་ནོ། །བྱིས་པ་རྒན་པོ་ལ་སོགས་པ། །སྣུམ་སྤང་བར་ནི་མི་ནུས་ལ། །སྐྱོ་བར་མི་བྱེད་སྦྱོར་བ་འདིས། །འཕྲལ་དུ་སྣུམ་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། སྣུམ་ཆོས་བྱས་པའི་བྱིས་པ་དང་། རྒན་པོ་ལ་སོགས་པ་སྔར་སྣུམ་ཆོས་ཀྱི་ཆོགས་བརྟ་བར་བྱ་བར་བཤད་པ་
རྣམས་སྣུམ་ཆོས་སྤང་བར་མི་ནུས་པ་དེ་ལྟ་བུ་ལ་སྣུམ་གྱི་ཆོ་ག་བྱ་བའི་ཕྱིར། དེ་སྐྱེ་ཞིང་བསྣན་པར་མི་འགྱུར་བའི་སྦྱོར་བ་འདིས་འཕྲལ་དུ་དེ་ལ་སྣུམ་གྱི་ཆོ་ག་སྦྱར་བར་བྱའོ། །དེ་ཡང་གང་ཡིན་ཞེ་ན། དེ་ལ་མར་བརྔོས་ཤ་ཁུ་དང་། །མར་བརྔོས་པ་ཡི་ཐུག་པ་དང་། །ཏིལ་ཕྱེ་སྣུམ་

བཅས་བུ་རམ་ཆུར། །བཅས་དང་ཀྲི་ས་ར་དང་ནི། །འོ་ཐུག་མར་མང་དྲོ་བའམ། །བུ་རམ་ཞོ་དང་བཅས་པ་འམ། །ཐུག་པ་སྣུམ་ནི་བཞི་པ་ལ། །ལྔ་པ་འབྲས་དང་ལྡན་པར་བྱ། །བདུན་པ་དེ་དག་འཕྲལ་སྣུམ་བྱ། །ཞེས་བྱ་བ་ལ། བྱིས་པ་དང་རྒན་པོ་ལ་སོགས་
པ་རྣམས་ལ་མར་བརྔོས་པའི་ཤ་ཁུ་ལ་སོགས་པའི་སྦྱོར་བ་བདུན་པོ་འདི་དག་ནི་འཕྲལ་གྱི་སྣུམ་གྱི་ཆོ་གར་འགྱུར་རོ། །དེ་ལ་ཤ་མང་པོ་མར་དང་བརྔོས་པ་དེའི་ཁུ་བ་ནི་སྦྱོར་བག་ཡིན་ནོ། །ཡང་མར་མང་པོ་དང་བརྔོས་ཤིང་བཙོས་པའི་ཐུག་པ་བྱས་པ་ནི་སྦྱོར་བ་གཉིས་པ་ཡིན་ནོ། །དེ་བཞིན་དུ་
ཏིལ་གྱི་ཕྱེ་མ་སྣུམ་དང་བཅས་པ་དང་། བུ་རམ་ཆུ་དང་བཅས་པར་སྦྱར་བ་ནི་གསུམ་པ་ཡིན་ནོ། །འདིར་སྣུམ་ནི་མར་ལ་སོགས་པའོ། །བུ་རམ་ཆུང་ངུ་ནི་བུ་རམ་ཕྲ་མོའོ། །དེ་བཞིན་དུ་ཀྲི་ས་ར་ཞེས་བྱ་བ་ནི་ཏིལ་དང་འབྲས་ལ་སོགས་པ་ལས་བྱས་པའི་ཐུག་པ་གར་ཐུག་འདྲ་བ་ལ་སྣུམ་གྱི་བུ་
རམ་ཆུང་ངུ་བཏབ་པ་ནི་བཞི་པའོ། །ཡང་ན་འོ་མ་ནི་ཐུག་པ་སྟེ། འོ་མ་དང་བཙོས་པའི་ཐུག་པ་ཞུན་མར་མང་པོ་བཅུག་པ་དྲོ་བ་སྟེ་ལྔ་པའོ། །ཡང་བུ་རམ་ཞོ་དང་བཅས་པའི་རིན་ནི་དྲུག་པའོ། །ཡང་ན་ཐུག་སྣ་ལྔ་པ་ཞེས་བྱ་བ་སྣུམ་བཞི་པོ་ཞུན་མར་དང་ཏིལ་མར་དང་རྐང་དང་ཚིལ་
དང་། སྲང་གཉིས་དང་ལྡན་པ་ཡིན་པས་ན་དེའི་ཐུག་པ་ནི་བདུན་པའོ། །སྦྱོར་བ་འདི་དག་ནི་འཕྲལ་དུ་སྣུམ་གྱི་བྱ་བ་བྱེད་ཅིང་སྐྱོ་བ་དང་སུན་པར་མི་བྱེད་པ་ཡིན་ནོ། །སྣུམ་རྣམས་ལན་ཚྭ་ཆེར་བཏབ་པ། །དེ་ནི་བད་ཀན་སྐྱེད་རྩུབ་མིན། །ཕྲ་ཞིང་དྲོ་ལ་ལུས་ཁྱབ་བྱེད། །ཅེས་བྱ་བ་ལ།
དེ་བཞིན་དུ་སྣུམ་བཞི་པོ་ཞུན་མར་དང་ཏིལ་མར་དང་རྐང་དང་ཚིལ་ཞེས་བྱ་བ་ལན་ཚྭ་ཆེར་བཏབ་པ་ནི། འཕྲལ་དུ་སྣུམ་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལན་ཚྭ་བཏབ་པ་དེ་ནི་བད་ཀན་སྐྱེ་ཞིང་འཛག་པའི་རང་བཞིན་ཅན་ཡིན་པ་དང་། དེ་རྩུབ་པ་མ་ཡིན་ཞིང་སྣུམ་པ་དང་ཕྲ་བ་སྟེ།
ཕྲ་མོ་རྣམས་ལ་འཇུག་ཅིང་ཁྱབ་པར་བྱེད་པ་དང་། དྲོ་ཞིང་ཚ་བའི་ནུས་པ་དང་ལྡན་པ་དང་། ལུས་ཁྱབ་པར་བྱེད་པ་སྟེ། ལུས་མ་ལུས་པར་ཁྱབ་ནས་སྨིན་ཅིང་འཇུ་བའི་དོན་བྱེད་པ་ཡིན་པས། ལན་ཚྭ་ཆེར་བཏབ་པའི་སྣུམ་ནི་འཕྲལ་དུ་སྣུམ་ཆོས་སུ་འགྱུར་རོ། །མཛེ་དང་སྐྲན་

ནད་གཅིན་སྙི་ལ། །བུ་རམ་བཅས་བཟའ་འོ་མ་ཤ།། ཏིལ་དང་མ་ཤ་ཆང་དང་ཞོ། །སྣུམ་བྱའི་དོན་དུ་མི་བྱའོ། །ཞེས་བྱ་བ་ལ། མཛེ་ནད་ལ་སོགས་པ་ཡོད་པ་ལ་སྣུམ་གྱི་ཆོ་གར་བཟའ་བ་བུ་རམ་དང་བཅས་པ་འདི་དག་བཏང་ཞིང་སྦྱིན་པར་མི་བྱའོ། །དེ་ལྟར་སྣུམ་གྱི་ཆོགས་ཅི་ཞིག་བྱ་ཞེ་
ན། འབྲས་གསུམ་པི་པི་ལིང་གུ་གུལ། །ཨ་རུ་ར་ལ་སོགས་བསྐོལ་ལ། །དེ་དག་སྣུམ་ལ་ཇི་བཞིན་དུ། །གནོད་པ་མེད་པར་སྦྱར་བར་བྱ། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་མཛེ་ནད་ལ་སོགས་པ་དེ་དག་ལ་སྣུམ་འབྲས་བུ་གསུམ་དང་། པི་པི་ལིང་དང་། གུ་གུལ་དང་། ཨ་
རུ་ར་ལ་སོགས་པ་ནད་དང་ཇི་ལྟར་འཚམ་པ་བཞིན་དུ་གནོད་པ་མེད་ཅིང་མི་འཕྲོད་པ་མེད་པར་ལེགས་པར་སྦྱར་ཞིང་གཏང་བར་བྱའོ། །ནད་ཀྱིས་ཉམ་ཆུང་གྱུར་པ་ལ། །ལུས་དྲོད་སྟོབས་སྐྱེད་ནུས་པ་གཏང་། །ཞེས་བྱ་བ་ལ། ནད་ཀྱིས་ཉམ་ཆུང་ཞིང་སྦེག་པའི་མི་ལ། སྣུམ་གྱི་ཆོ་ག་ལུས་
ཀྱི་མེ་དྲོད་སྐྱེད་པར་ནུས་པའི་སྨན་གཏང་བར་བྱའོ། །དེ་ཡང་ལུས་མེ་དྲོད་ནི་ལུས་དྲོ་བ་སྟེ། དེ་གཉིས་སྐྱེད་པར་ནུས་པའི་སྣུམ་དེ་གཏང་བ་སྟེ། ལུས་ཀྱི་སྟོབས་སྐྱེད་པར་ནུས་པ་ནི་རྒྱས་ཤིང་འཕེལ་བར་འགྱུར་རོ། །དྲོད་ཀྱི་སྟོབས་སྐྱེད་པར་ནུས་པ་ནི་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའོ། །སྐྱེས་
བུ་སྣུམ་ལ་བརྟེན་པར་བྱེད་པ་རྣམས། །ནང་གི་དྲོད་འབར་ཁོང་པ་དག་པ་དང་། །ལུས་ཟུངས་འཕྲལ་བརྟ་སྟོབས་དང་མདོག་བཟང་ལྡན། །དབང་བརྟན་རྒས་སྲ་ལོ་བརྒྱ་ཐུབ་པར་འགྱུར། །ཞེས་བྱ་བ་ལ། ལུས་ཀྱི་སྟོབས་དང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པའི་སྣུམ་ལ་བརྟན་པའི་སྐྱེས་
བུ་དག་གི་ལུས་ལ་འབྱུང་བའི་ཡོན་ཏན་ནི། ནང་གི་མེ་དྲོད་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་འབར་བ་དང་། ཁོང་པའི་ནང་གི་ནད་སྐྱེད་པར་བྱེད་པའི་སྙིགས་མ་སོགས་དག་པར་འགྱུར་བ་དང་། ལུས་ཀྱི་ཟུངས་དང་སྟོབས་གསར་དུ་རྒྱས་ཤིང་འཕེལ་བར་འགྱུར་བ་དང་། ཁ་དོག་བཟང་
ཞིང་ཡིད་དུ་འོང་བར་འགྱུར་བ་དང་། དབང་པོ་བརྟན་པ་སྟེ། མིག་ལ་སོགས་པའི་དབང་པོ་རང་གི་བྱ་བ་བྱེད་པར་ནུས་ཤིང་། གསལ་བར་འགྱུར་བ་དང་། རྒས་སྲ་ཞིང་སྐྲ་དཀར་མེད་པར་འགྱུར་བ་དང་། ལོ་བརྒྱ་འཚོ་ཞིང་གནས་པས་ན། ལོ་བརྒྱ་ཐུབ་པ་སྟེ། སྣུམ་ལ་བརྟེན་པའི་སྐྱེས་བུ་ལ་

ཡོན་ཏན་འབྱུང་བར་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་པའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།
དེ་ནས་དུགས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། དུགས་ནི་ཕལ་ཆེར་དང་པོར་སྣུམ་ཆོས་བྱས་ནས་འདིར་བྱ་དགོས་པས་ན། དེའི་ཕྱིར་སྣུམ་གྱི་ཆོ་གའི་འོག་ཏུ་དུགས་ཀྱི་ཆོ་གའི་ལེའུ་བཤད་ཅིང་བསྟན་པ་ཡིན་ནོ། །དེ་ཡང་དྲང་སྲོང་ཙ་ར་ཀས། །དུགས་ཀྱིས་གསོ་བར་བྱ་
བའི་ནད། །རླུང་དང་བད་ཀན་བདག་ཉིད་ཅན། །སྣུམ་གྱི་དངོས་སུ་འགྲོ་བ་ཡི། །དུགས་ཀྱིས་རབ་ཏུ་ཞི་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དུགས་ཀྱི་ཆོ་ག་ནི་ལས་སུ་བྱ་བ་ཉིད་དེ། དེའི་ཚུལ་གྱི་ལེའུ་ཡིན་པས་ན་དུགས་ཀྱི་ལེའུའོ། །དེ་ལ་དུགས་ཀྱི་ཆོ་ག་ནི་དབྱེ་བའི་དབང་
དུ་བྱས་ནས་སྨྲས་པ་ནི། དུགས་བསྲོ་བཅིང་དང་ཐ་མལ་པ། །ཆུ་དུགས་དབྱེ་བས་རྣམ་པ་བཞི། །ཞེས་བྱ་བ་ཡིན་ཏེ། བསྲོ་བ་དང་། བཅིང་བ་དང་། ཐ་མལ་པ་སྟེ། ཆུ་དུགས་ཞེས་བྱ་བར་མཚམས་སྦྱར་བར་བྱའོ། །དེས་ན་དུགས་ནི་བསྲོ་བ་ལ་སོགས་པའི་དབྱེ་བས་མེའི་ལུམས་
རྣམ་པ་བཞིར་འགྱུར་རོ། །བསྲོ་བ་གོས་དང་ལྕགས་དང་ནི། །ལག་མཐིལ་ལ་སོགས་མེར་བསྲོས་བསྲོ། །ཞེས་བྱ་བ་ལ། བསྲོ་བའི་དུགས་ནི་གོས་ལ་སོགས་པ་མེ་ལ་བསྲོས་པས་བསྲོ་བར་བྱ་སྟེ། གོས་ནི་བགོ་བའི་གོས་བལ་ལ་སོགས་པ་ལ་བྱའོ། །ལྕགས་ནི་ལྕགས་ཀྱི་
སྤྱད་ཐོང་ལྕགས་ལྟ་བུ་ལ་སོགས་པའོ། །ལག་མཐིལ་ནི་ལག་པའི་མཐིལ་ལོ། །སོགས་པའི་སྒྲས་ནི་བུམ་པ་དང་། ཁར་བའི་སྣོད་ལ་སོགས་པ་བསྡུའོ། །བཅིང་བ་ཤུ་དག་སྦང་མ་དང་། །ཐང་ཤིང་ཤ་ཏ་པུཥྛ་དང་། །འབྲུ་ཀུན་དྲི་རྣམས་ར་སྣ་དང་། །ཨེ་རཎྜའི་རྩ་ཤ་
དག་དང་། །སྣུམ་བག་ཚ་དང་དར་བ་དང་། །འོ་མས་སྦྲུས་ཤིང་ཚ་ཆེར་བཏབ། །རླུང་ལས་བྱུང་བ་འབའ་ཞིག་སེལ། །བད་ཀན་འདྲེས་ལ་བྱེའུ་རུག་སོགས། །མཁྲིས་པ་འདྲེས་ལ་ཤུག་སོགས་ཀྱིས། །གླན་པ་ཞེས་བྱ་ཡང་དང་ཡང་། །དཀྲི་བ་སྣུམ་ཞིང་ནུས་པ་དྲོ། །སྤུ་

འཇམ་ལྤགས་རུལ་མིན་པས་དཀྲི། །མ་རྙེད་རླུང་འཇོམས་ལོ་མ་དང་། །དར་དང་སྣམ་བུ་རས་ཀྱིས་དཀྲི།། མཚན་མོ་དཀྲིས་པ་ཉིན་མོ་འགྲོལ། །ཉིན་པར་དཀྲིས་པ་མཚན་མོ་འགྲོལ། །ཞེས་བྱ་བ་ལ། བཅིང་བའི་དུགས་ནི་ཤུ་དག་དང་། སྦང་མ་ལ་སོགས་པ་སྣུམ་ལ་སོགས་པ་དང་སྦྲུས་
ཤིང་བསྲེས་པ་དང་། དེ་བཞིན་དུ་ལན་ཚྭ་ཆེར་བཏབ་ཅིང་ལན་ཚྭ་ལྷག་པར་མང་དུ་བཏབ་པ་དག་རླུང་ལས་བྱུང་བའི་ནད་འབའ་ཞིག་སྟེ། ནད་གཞན་དང་མ་འདྲེས་པའི་རླུང་ནད་སེལ་ལོ། །བད་ཀན་དང་འདྲེས་པའི་རླུང་ལ་ནི་བྱེའུ་རུག་པ་ལ་སོགས་པ་ཕུ་རས་རྣམ་གཉིས་དང་། ཀུ་ཐེ་
ར་ལ་སོགས་པའི་སྡེ་ཚན་དུ་བཤད་པ་དག་གིས་བྱའོ། །དེ་བཞིན་དུ་མཁྲིས་པ་དང་འདྲེས་པའི་རླུང་ནི་ཤུག་ལ་སོགས་ཀྱིས་ཞེས་བྱ་བ་ལ། པདྨ་དང་ཕྲ་ཕྲན་ཀ་ལ་སོགས་པའི་སྡེ་ཚན་དུ་བཤད་པས་སོ། །སྣུམ་བག་ཚ་དང་དར་བ་དང་། །འོ་མས་སྦྲུས་ཤིང་ཚ་ཆེས་བཏབ། །
ཅེས་བྱ་བ་ནི། གསུམ་ཆར་དང་སྦྱར་བར་བྱ་སྟེ། དཀྲི་བ་གསུམ་པོ་དེ་དག་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དེ་ནི་གླན་པ་ཞེས་ཀྱང་བྱ་སྟེ། དེས་ཡང་དང་ཡང་དུ་དུགས་བྱའོ། །གཞན་དག་ལས་ཀྱང་། ཉམས་རེ་བ་སོགས་རླུང་འཇོམས་བཅས། །སྒྱུར་དང་གཤེར་བའི་རྫས་
ཀུན་ལྡན། །རླན་ཅན་ཤ་དང་ལེགས་པར་བཙོས། །སྣུམ་ཀུན་དང་ནི་ཡང་དག་ལྡན། །དྲོ་འཇམ་ལན་ཚྭ་ཤས་ཆེར་དྲོ། །གླན་པ་ཞེས་ནི་བཤད་པ་ཡིན། །ཞེས་བྱ་བ་འབྱུང་བ་ཡིན་ནོ། །དཀྲི་བ་དང་ནི་དཀྲིས་ཤིང་བཅིངས་པ་ན་དཀྲིས་པ་ཞེས་བྱ་སྟེ། བཅིངས་པ་ལ་
ཞེས་བྱ་བའི་དོན་ཏོ། །དེ་བས་ན་མང་དུ་བྱུགས་ལ་སྣུམ་པ་དང་ནུས་པ་དྲོ་བ་དང་། སྤུ་འཇམ་པའི་པགས་པ་རུལ་པ་མ་ཡིན་པས་དཀྲི་བར་བྱའོ། །དེ་མ་རྙེད་ཅིང་མེད་པར་གྱུར་ན། རླུང་འཇོམས་ཤིང་ནུས་པ་དང་ལྡན་པའི་རྩྭ་ཤིང་གསོ་མ་ལ་སོགས་པའི་ལོ་མས་བཅིངས་
ཤིང་ཡན་ལག་དཀྲི་བ་སྟེ། མཚན་མོ་དཀྲིས་ན་ཉིན་པར་འགྲོལ་བར་བྱ་སྟེ། དེ་ནི་ཚ་བ་མེད་པའི་ཕྱིར་བྱའོ། །ཉིན་མོ་དཀྲི་ཞིང་བཅིང་བྱས་པ་ནི་མཚན་མོ་འགྲོལ་བར་བྱའོ། །ལ་ལར་ནི་ཡུལ་དང་ནད་ཀྱི་དབང་གིས་ཡན་ལག་ཆག་པ་ལ་སོགས་པ་ཉིན་ཞག་གཉིས་

སམ། གསུམ་གཞག་པར་བྱ་བ་ཡང་ཡོད་དེ། སྦང་མ་ནི་ཆང་གི་སྙིགས་མའོ། །འབྲུ་ཀུན་ནི་གྲ་མ་དང་། གང་བུ་ཅན་གྱི་སྡེ་ཚན་ལས་བཤད་པའོ། །དྲི་རྣམས་ནི་སྤང་སྤོས་དང་། རུ་རྟ་དང་ཨ་རུ་ར་ལ་སོགས་པའོ། །ཨེ་རཎྜ་ནི་རྩ་བའོ། །ཤ་ནི་རླན་གྱི་
ཤ་ལས་ཚོ་ཁུ་ཞིབ་མོར་བརྡུངས་པའོ། །སྣུམ་བག་ནི་ཏིལ་མར་ལ་སོགས་པའོ། །གཞན་དག་ནི་གོ་བར་ཟད་དོ། །ཐ་མལ་པ་ནི་ཁུར་བ་དང་། །བོང་བ་གྱོ་མོ་རྡོ་ས་ཕྱེ། །གསོ་མའི་ལོ་མ་འབྲུ་རྣམས་དང་། །ལྕི་རིལ་ཕྱེ་མ་ཕུབ་མ་རྣམས། །ཐབས་རྣམས་དུ་མས་ལེགས་བསྲོས་
པ། །ཡུལ་དང་དུས་ལས་དཔགས་ཏེ་སྦྱར། །ཞེས་བྱ་བ་ལ། ཐ་མལ་པ་ཞེས་བྱ་བའི་དུགས་ནི། བལ་དང་ཁུར་བ་ལ་སོགས་པས་བྱ་སྟེ། དེ་ཡང་ནས་དང་མོན་སྲན་གྲེའུ་དང་། ཏིལ་ལ་སོགས་པ་བཏབ་ནས་སྦྲུས་ཏེ་བཙོས་ནས་ཁུར་བ་ལྟ་བུར་བྱས་ནས། དུགས་སུ་བྱ་བའི་
ཐབས་ལ་སྦྱར་བ་གང་ཡིན་པ་དེ་ནི་ཁུར་བའི་དུགས་ཞེས་བྱའོ། །བོང་བ་དང་གྱོ་མོ་དང་། རྡོབ་མེར་བསྲེགས་པ་ལ་མེའི་མདོག་ཅན་དུ་བྱས་ལ། ཆུའམ་ཤམ་པོའི་ནང་དུ་ནུབ་པར་བྱས་ལ་རློན་པ་དེ་གོས་རིམ་གཅིག་གིས་དཀྲིས་པས་དུགས་བྱའོ། །གསོ་མའི་ལོ་མ་དང་འབྲུ་རྣམས་པ་
ལང་ལ་སོགས་པའི་ལྕི་བ་དང་། རིལ་མ་དང་ཕྱེ་མ་དང་། ཕུབ་མ་རྣམས་ཆུ་སྐྱོར་མོ་དང་བསྐོལ་ལ། གོས་ཀྱི་ནང་དུ་བཅུག་པས་དུགས་བྱའོ། །ཐབས་རྣམས་དུ་མས་ལེགས་བསྲོས་པ། །ཞེས་བྱ་བ་ནི། རྫ་མ་དང་སྦུ་གུ་དང་རྫ་སྐྱོགས་དང་། སླ་ང་ལ་སོགས་པའི་ཐབས་
ཀྱིས་ལེགས་པར་བསྲོས་པའི་ཁུ་བ་ལ་སོགས་པའི་དུགས་རྣམས་ཡུལ་དང་དུས་ལས་དཔགས་ནས་སྦྱར་བར་བྱ་སྟེ། ཡུལ་ནི་སའི་ཡུལ་ཕྱོགས་དང་། ལུས་ཀྱི་ཡན་ལག་གི་ཚོགས་སོ། །དུས་ནི་སྐད་ཅིག་ལ་སོགས་པའི་མཚན་ཉིད་དང་། ནད་པའི་གནས་སྐབས་ཀྱི་མཚན་ཉིད་དོ། །
དེ་ལས་དཔགས་པ་ནི་དེའི་དབང་དུ་བྱས་ཏེ། དུགས་ཀྱི་སྦྱོར་བ་འདི་བྱའོ། །དེ་ཡང་ལུས་ཀྱི་ཡུལ་ནི་དཔེར་ན། རླུང་ནི་མ་ཞུའི་གནས་ཞུགས་དང་། །ཞེས་བྱ་བ་ལ་སོགས་པའོ། །སའི་ཡུལ་ལས་དཔགས་པ་ནི། ཡུལ་རླན་ཅན་དུ་དུགས་བྱ་དགོས་པ་དེ་ལྟར་སྐམ་སར་ཡིན་ནོ། །

དུས་ལས་ནི་དཔེར་ན་དགུན་གྱི་དུགས་གཞན་དག་བྱ་དགོས་ལ། སོ་གར་གཞན་དག་བྱའོ། །ནད་པ་ལས་ནི་དཔེར་ན་དུགས་ལ་ལ་ནི་མཁྲིས་པ་དང་འདྲེས་པའི་རླུང་ལ་སོགས་པའོ། །ལ་ལ་ནི་བད་ཀན་དང་འདྲེས་པའི་རླུང་ལ་དགོས་ལ། ལ་ལ་ནི་རླུང་འབའ་ཞིག་ལ་དགོས་
པའོ། །འབྲུ་རྣམས་ནི་འབྲུའི་རིགས་ལོ་མ་དཀྲུགས་ཤིང་བཅོམ་པའོ། །ཆུ་དུགས་ཤི་ཀྲུ་བ་ར་ན། །ཨེ་རཎྜ་དང་ཀ་རཉྫ། །བྱེའུ་རུག་པ་དང་ཨརྫ་ཀ །ཤི་རི་ཤ་དང་བ་ཤ་ཀ །འོད་མ་ཨརྒ་མ་ལ་ཏི། །ཡ་བ་ཤ་ཀའི་ལོ་མ་བཀྲུ །ཤུ་དག་ལ་སོགས་སྨན་རྣམས་དང་། །གཤེར་ས་ཆུར་གནས་ཤ་རྣམས་དང་། །
རྩ་བཅུ་ནད་དམིགས་ཇི་བཞིན་དུ། །སོ་སོ་འམ་ལྷན་ཅིག་སྦྱར་ན་ནི། །སྣུམ་ལྡན་ཆང་དང་ཚྭ་དང་ནི། །འོ་མ་ཆུ་སོགས་ཀྱིས་བཙོས་ལ། །བུམ་པའམ་སྦུ་གུ་རིང་པོ་ནི། །བཀང་ལ་ནད་ཀྱིས་ཉམ་ཐག་པའི། །ལུས་ནི་གོས་ཀྱིས་དཀྲིས་ནས་སུ། །ཅི་བདེ་བར་ནི་སྣུམ་ཆུ་
བླུགས། །ལུས་ལ་རླུང་ནད་ཞུགས་གྱུར་པ། །དེ་ཉིད་ཀྱིས་འདིར་བཀང་སྣོད་དུ། །ནད་པ་ཞུགས་ཏེ་གནས་ན་ནི། །གཅིན་སྲི་གཞང་འབྲུམ་སོགས་ནད་སེལ། །ཞེས་བྱ་བ་ལ། ཤི་ཀྲུ་ནས་བརྩམས་ཏེ། ཡ་བ་ཤ་ཀའི་བར་གྱི་སྡེ་ཚན་དེ་རྣམས་ལས། ལོ་མ་རྣམས་བཀྲུ་
ཞིང་མཉེས་ལ། དེ་རྣམས་དང་དེ་བཞིན་དུ་ཤུ་དག་ལ་སོགས་པའི་སྨན་སྔར་བཤད་པ་རྣམས་དང་། དེ་བཞིན་དུ་གཤེར་ས་དང་ཆུ་ན་གནས་པའི་རོ་ཧི་ཏ་པ་ཐི་ན་ལ་སོགས་པའི་ཉ་དང་། དེ་བཞིན་དུ་རྩ་བ་བཅུ་པ་ཞེས་ནད་ཀྱི་དམིགས་ཇི་ལྟ་བ་བཞིན་དུ་སོ་སོའམ་ལྷན་ཅིག་བཏང་
བ་སྟེ། སོ་སོ་རེ་རེ་ནས་གཏང་བའམ། མ་ལུས་པ་ལྷན་ཅིག་སྦྱར་ཞིང་བསྲེས་ནས་ནད་དམིགས་ཇི་ལྟ་བ་བཞིན་དུ། དེ་དང་རྗེས་སུ་མཐུན་པར་སྦྱར་བར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྣུམ་དང་ལྡན་པ་སྟེ་སྣུམ་ཡོད་པའོ། །འདི་ཡང་ནད་ལས་དཔགས་པ་དང་
སྦྱར་བར་བྱ་སྟེ། མར་ལ་སོགས་པ་ནད་གང་དང་གང་ལ་ཕན་པའི་སྣུམ་དེ་དང་དེ་དག་དང་ལྡན་པར་བྱ་བ་དང་། དེ་བཞིན་དུ་དེ་དང་མཉམ་པའི་ཆང་ལ་སོགས་པ་དང་བཙོས་པ་ནད་དམིགས་ཇི་ལྟ་བུ་ལས་དཔགས་ཏེ། བླུགས་པའི་ཆུ་དེ་བུམ་པ་མཆུ་ཕྲ་མོ་བཏོད་པའི་མཆུས་བླུགས་

པར་བྱ་སྟེ། སྦུ་གུ་ནི་རིང་པོ་ཁ་གྱེན་དུ་བལྟས་པའི་ནང་དུ་བཅུག་སྟེ། བཀང་ལ་ནད་ཀྱིས་ཉམ་ཐག་པ་སྟེ། གཟེར་ལ་སོགས་པས་ཉོན་མོངས་པར་གྱུར་པའི་ལུས་གོས་ཀྱིས་དཀྲིས་ལ། སྣུམ་ཞིང་རླུང་འཇོམས་པའི་སྨན་བསྐོལ་བ་བླུགས་པར་བྱ་སྟེ། དེ་ཡང་བདེ་བ་སྟེ། ཅི་བདེ་བ་
ལ་རེག་པར་གྱུར་པའི་ཚུལ་དུ་བྱ་སྟེ། འདིར་ལན་འགའ་ཅུང་ཟད་དྲོ་བས་བྱའོ། །ལན་འགའ་ནི་ཤིན་ཏུ་དྲོ་བས་བྱའོ། །དེ་བླུགས་པ་ནི་ཆུའི་རྒྱུན་གྱི་ཁྱད་པར་གང་ཞིག་གིས་རྒྱུན་མི་འཆད་པར་བླུགས་ཤིང་ཆུ་ལ་སོགས་པའི་གཤེར་རྫས་འཛག་པར་འགྱུར་བས་ན་བླུགས་པ་ཞེས་བྱའོ། །ཆུའི་
དུགས་ནི་རྣམ་པ་གཉིས་ཏེ། རྒྱུན་བླུགས་པ་དང་ཆུ་ལ་བཅིང་བའོ། །དེ་ལྟར་བླུགས་པ་བཤད་ཟིན་ནས། ད་ནི་ཆུ་ལ་བཅིང་བ་བཤད་པའི་ཕྱིར། ལུས་ལ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ཏེ། ནད་པ་ལུས་ཀྱི་ཡན་ལག་ཐམས་ཅད་ལ་རླུང་ནད་ཞུགས་ཤིང་རླུང་གི་བདག །
དེ་ཉིད་ཀྱིས་ཞེས་བྱ་བ་སྔར་བཤད་པའི་སྨན་ཚོ་སྣོད་ཆེན་པོ་བཀང་ལ། བཀང་བའི་སྣོད་དེར་ནད་པ་བཅུག་སྟེ། སྙིང་ག་ལ་སོགས་པ་བསྲུང་བཞིན་གནས་པར་བྱའོ། །སྣོད་ཅེས་སྨོས་པ་ནི་སྤྱི་མིང་ཙམ་དུ་ཉེ་བར་མཚོན་པ་ཙམ་སྟེ། ཟངས་ཆེན་པོའམ། གཞོང་པ་རིང་པོ་ཆེན་པོ་སྨན་ཆུས་
བཀང་བའི་ནང་དུ་འཇུག་ཅིང་བཅིངས་ཏེ་གནས་པར་བྱའོ། །དེ་བཞིན་དུ་གཞང་འབྲུམ་དང་། གཅིན་སྲི་བ་ལ་སོགས་པ་ལུས་ཀྱི་ཕྱོགས་གཅིག་ན་བར་གྱུར་པ་ལ་ནི་ནད་ལ་སོགས་ཚུལ་ལས་དཔགས་ཏེ་སྦྱར་བར་བྱའོ། །རླུང་མེད་ཕྱི་ནང་སྣུམ་བཅས་ཤིང་། །ཟས་འཇུའི་དུས་སུ་དུགས་
དཔྱད་བྱ། །ནད་དང་ནད་པ་ཡུལ་དུས་ཀྱི། །དབང་ལས་ཆུང་འབྲིང་ཆེན་པོར་བྱ། །ཞེས་བྱ་བ་ལ། རླུང་མེད་པའི་ས་ཕྱོགས་སུ་སྐྱེས་བུའི་ལུས་ཕྱི་ནང་སྣུམ་དང་བཅས་པར་བྱས་ལ། ཁ་ཟས་སྨན་དང་ཞུ་ཟིན་པར་གྱུར་པའི་དུས་སུ་དུགས་དཔྱད་པར་བྱ་ལ། དུགས་དེ་ཡང་ནད་ལ་
སོགས་པའི་དབང་གིས་ཆུང་ངུ་ལ་སོགས་པའི་ཚད་གསུམ་དུ་འགྱུར་རོ། །དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་འགྱུར་ལ། དེ་བཞིན་དུ་ནད་པ་ཡང་སྟོབས་ལ་སོགས་པ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡོད་དེ། ཡུལ་རླན་ཅན་དང་། སྐམ་ས་འདྲེན་མ་གསུམ་ཡོད་དོ། །

ལུས་ཀྱི་གནས་མགོ་དང་ཕྲག་པ་དང་། ལྟོ་བ་དང་། བྱིན་པ་ལ་སོགས་པའི་དབྱེ་བས་ཕྱེ་བ་ཡིན་ནོ། །དུས་ནི་དྲོ་བ་དང་། གྲང་བ་དང་། འདྲེས་མའི་དབྱེ་བས་ཕྱེ་བ་ཡིན་ནོ། །དབང་ལས་ཞེས་བྱ་བ་ནི་དེ་དག་གཙོ་བོར་བྱས་པ་ཡིན་ནོ། །བད་ཀན་གྱིས་ཉེན་རྩུབ་དུགས་བྱ། །བད་
ཀན་རླུང་ལ་རྩུབ་སྣུམ་བྱ། །ཞེས་བྱ་བ་ལ། བད་ཀན་གྱིས་ཉེན་ཅིང་བད་ཀན་ཤས་ཆེ་བའི་སྐྱེས་བུས་དུགས་རྩུབ་མོ་བྱའོ། །དེ་བཞིན་དུ་སྐྱེས་བུ་རླུང་ལས་གྱུར་ཅིང་བད་ཀན་ཡང་ཡོད་པ་དག་གིས་དུགས་གཞན་ལྟར་དང་པོར་སྣུམ་ཆོས་བྱ་ཞིང་། བད་ཀན་དང་རླུང་ཡོད་པས་རྩུབ་པ་
དང་། སྣུམ་པ་འདྲེན་མའི་དུགས་སྦྱར་བར་བྱའོ། །རླུང་ནི་མ་ཞུའི་གནས་ཞུགས་དང་། །བད་ཀན་ཞུ་བའི་གནས་བརྟེན་ལ། །གནས་ཀྱི་དབང་གིས་རྩུབ་དུགས་དང་། །དེ་བཞིན་སྣུམ་སྔར་འགྲོ་དུགས་བྱ། །ཞེས་བྱ་བ་ལ། རླུང་མ་ཞུའི་གནས་སུ་ཞུགས་ལ་གནས་པའི་ནད་ལ་ནི་
རྩུབ་པ་སྔོན་དུ་འགྲོ་བའི་དུགས་སྤྱད་པར་བྱའོ། །དེ་བཞིན་དུ་བད་ཀན་ཞུ་བའི་གནས་ལ་གནས་ཤིང་བརྟེན་པ་ལ་ནི་སྣུམ་སྔོན་དུ་འགྲོ་བའི་དུགས་བྱ་སྟེ། དེ་དག་ནི་གནས་ཀྱི་དབང་གིས་ཚུལ་དེ་ལྟར་བྱ་དགོས་པ་ཡིན་ནོ། །སྟ་ཟུར་དག་དང་མིག་དང་སྙིང་། །རླིག་པར་ཉུང་ངུའམ་བྱ་
བ་མིན། །ཞེས་བྱ་བ་ལ། སྟ་ཟུར་ཞེས་བྱ་བ་ལུས་ཀྱི་ཕྱོགས་གཅིག་བརླ་དང་། དཔྱི་ལ་བརྟེན་པའི་ནད་ལ་དུགས་ཉུང་ངུ་བྱའོ། །དེ་བཞིན་དུ་མིག་དང་སྙིང་ག་དང་རླིག་པར་ནི་ཤིན་ཏུ་ཆུང་བའི་དུགས་བྱའོ། །ཡང་ན་བྱ་བ་མིན་ཞེས་བྱ་བ་སྟེ། གནས་དེ་དག་ཏུ་ཡེ་མི་བྱའོ། །དུགས་
ཀྱིས་གྲང་དང་ཟུག་གཟེར་བྲལ། །ཡན་ལག་མཉེན་པར་གྱུར་པ་དང་། །དལ་གྱིས་མཉེས་ལ་ཁྲུས་བྱས་ལ། །དེ་ནས་སྣུམ་གྱི་ཆོ་ག་བསྟེན། །ཞེས་བྱ་བ་ལ། དུགས་ཀྱིས་སྐྱེས་བུའི་གྲང་བ་དང་། ཟུག་གཟེར་བྲལ་བས་སྐྱེས་བུའི་ལུས་ལེགས་པར་བརླན་ཞིང་མཉེན་པར་
འགྱུར་བ་དང་། དེ་བཞིན་དུ་ཡན་ལག་མཉེན་ཞིང་འཇམ་པར་འགྱུར་བ་དང་། དལ་གྱིས་དང་པོར་མཉེས་ལ་དེའི་འོག་ཏུ་ཁྲུས་བྱ་བ་དེ་དང་པོ་ལག་པས་ཡན་ལག་མཉེས་ལ་ཆུ་དྲོན་པོས་ཁྲུས་བྱས་ནས། དེའི་འོག་ཏུ་སྣུམ་ཆོས་ཀྱི་སྐབས་ནས་བཤད་པའི་ཆོ་ག་བསྟེན་ཅིང་སྤྱད་པར་བྱ་བ་དང་།

སྤང་བར་བྱ་བ་རྣམས་དོར་བར་བྱའོ། །དེ་དག་ཀྱང་སྣུམ་གྱི་ཆོ་གའི་སྐབས་སུ་ཟས་དང་སྤྱོད་ལམ་བསྟན་པ་བཞིན་དུ་བྱ་བ་དང་། ཐལ་སྨན་རྣོན་པོ་དང་། མེ་བཙའ་བཏང་བ་དང་། མེས་ཚིག་པ་ལ་ཚ་བ་ཞི་བར་བྱ་བ་དང་། ཚད་པས་འཁྲུ་བ་དང་། སློན་པ་ལ་དེ་
བཅད་པ་དང་། མི་དྲན་ཅིང་མྱོས་པ་ལ་སླར་དྲན་པར་བྱ་བའི་ཆོ་ག་བྱའོ། །དེ་བཞིན་དུ་ཆུ་ཚན་གྱི་ཉེ་བར་སྤྱོད་པ་ལ་སོགས་པ་སྤང་བར་བྱའོ། །དུགས་དྲགས་པ་ཡིས་ཁྲག་མཁྲིས་འཁྲུགས། །བརྒྱལ་སྐོམ་སྐད་འགགས་ཡན་ལག་འཇུམས། །མགོ་འཁོར་ཚིགས་ན་རིམས་
འདེབས་ཤིང་། །ཚི་གུ་དམར་པོ་ཏལ་ཏིལ་སྣང་། །ལུམས་ཀྱིས་སྐྱུག་བྲོ་བར་འགྱུར་ཏེ། །ཞེས་བྱ་བ་ལ། དུགས་དྲགས་ཤིང་ཤས་ཆེར་བསྟེན་པས་ཁྲག་མཁྲིས་འཁྲུགས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །བརྒྱལ་བ་ནི་དྲན་པའོ། །སྐད་དང་ཡན་ལག་འཇུམས་
པ་ནི། སྐད་གདངས་དམའ་ཞིང་རྨྱ་བའོ། །མགོ་འཁོར་བ་ནི་ལམ་མི་གནས་པའོ། །ལྷུ་ཚིགས་ན་བ་ནི་ལྷུ་ཚིགས་ན་བའོ། །ཚི་གུ་དམར་པོ་ཏལ་ཏིལ་སྣང་བར་གྱུར་པ་ནི། དེ་ལྟ་བུ་འབྱུང་བར་འགྱུར་བ་སྟེ། དེར་ནི་ཞི་བའི་སྨན་གྱིས་གསོ། །དུགས་དང་ཐལ་སྨན་མེ་
བཙའ་དང་། །ཚད་འཁྲུ་སྐྱུག་བྲོ་བརྒྱལ་ནད་གསོ། །ཞེས་བྱ་བ་ལ། དུགས་དྲགས་པ་ལས་བྱུང་བའི་ནད་ཁྲག་དང་མཁྲིས་པ་འཁྲུགས་པ་ལ་སོགས་པ་ཞི་བར་བྱ་ཞིང་རྩེ་གཞིལ་བའི་སྨན་བྱ་བ་དང་བཅོས་སྦྱར་བར་བྱའོ། །དུགས་ཞེས་བྱ་བ་ལ་སོགས་པ་འདིའི་སྐབས་
སུ་ཞར་ལ་བཤད་པ་ཡིན་ཏེ། དེ་དག་ཀྱང་ཚུལ་འདི་ཉིད་ལ་བརྟེན་ནས་དུགས་གཞིལ་བ་ལ་སོགས་པའི་སྨན་བྱ་སྟེ། དུགས་གཞིལ་བའི་སྨན་བྱ་བ་དང་། ཐལ་སྨན་རྣོན་པོ་བཏབ་པ་ལ་དེའི་ཚ་བ་ཞི་བར་བྱ་བའི་ཕྱིར་སྨན་གཏང་བ་དང་། མེ་བཙའ་ལ་དེའི་ཚ་བ་ཞི་བར་བྱ་བའི་ཕྱིར་
སྨན་གཏང་བ་དང་། ཚད་པས་འཁྲུ་བ་ལ་ཚད་པས་འཁྲུ་བ་གཅོད་ཅིང་སྨིན་པའི་སྨན་གཏང་བ་དང་། སྐྱུག་བྲོ་བ་ལ་དེ་ཞི་བའི་སྨན་དང་། བརྒྱལ་བ་ལ་འདུ་ཤེས་རྙེད་བར་བྱ་བའི་ཐབས་ཀྱིས་གསོའོ། །དུགས་ནི་ཕལ་ཆེར་ལྕི་དྲོ་རྣོ། །དེ་ལས་གཞན་པའི་ཞི་བྱེད་ཡིན། །གཤེར་

ཞིང་བརྟན་འཁྲུ་སྣུམ་པ་དང་། །རྩུབ་ཅིང་སྲ་བ་དུགས་སྨན་ཡིན། །འཇམ་དང་རྩུབ་དང་ཞི་འབྱར་བག །གཤེར་བག་དེ་ནི་སེལ་བྱེད་ཡིན། །མདོར་ན་ཕལ་ཆེར་ཁ་བ་དང་། །བསྐ་དང་མངར་བ་དེ་སྨན་ཡིན། །ཞེས་བྱ་བ་ལ། འདིས་དུགས་དེ་ཞི་བར་བྱ་བའི་ཆོ་ག་སྤྱིར་བཤད་
པ་ཡིན་ཏེ། སྨན་གང་ལྕི་བ་དྲོ་བ་དང་རྣོ་བ་དེ་ཐམས་ཅད་ནི་དུགས་ཀྱི་སྨན་ཡིན་ལ། ཕལ་ཆེར་ཞེས་སྨོས་པ་ནི། ལ་ལ་རྣམ་པར་འགྱུར་བ་དག་ཀྱང་ཡོད་པར་བསྟན་པ་ཡིན་ནོ། །དེ་ལས་གཞན་པ་གོ་བཟློག་པ་དང་། ཡང་བ་དང་། བསིལ་བ་དང་། རྟུལ་བ་ནི་ཞི་ཞིང་རྩེ་
འཇིལ་བར་བྱེད་པའི་སྨན་ཡིན་ནོ། །དེ་བཞིན་དུ་གཤེར་བ་ལ་སོགས་པ་དང་ལྡན་པའི་སྨན་རྣམས་ནི་དུགས་ཀྱི་སྨན་ཡིན་ལ་འཇམ་པ་ལ་སོགས་པ་དང་ལྡན་པའི་སྨན་ནི་ཞི་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མདོར་བསྡུ་ན་སྨན་གང་ཅུང་ཟད་ཁ་བ་དང་བསྐ་བ་དང་། མངར་བ་རྣམས་ནི་དེ་རྩེ་
གཞིལ་བར་བྱེད་ཅིང་ཞི་བར་བྱེད་པའི་སྨན་ཡིན་ནོ། །འདི་གཉིས་ཀྱི་མཚན་ཉིད་དྲང་སྲོང་ཙ་ར་ཀས་བཤད་པ་དེ་ནི། ཞི་བྱེད་ལྕི་ཞིང་དྲོ་བ་འཇོམས། །ལུམས་ཕྱེད་རྔུལ་ནི་འབྱིན་བྱེད་ཅིང་། །གསོ་བའི་རྫས་དག་གང་ཡིན་པ། །རྩེ་འཇིལ་ཞི་བར་བྱེད་པ་ཡིན། །ཞེས་འབྱུང་
བ་ཡིན་ནོ། །ཞི་ཞིང་རྩེ་བཅིལ་སྟོབས་ཐོབ་གྱུར། །ཇི་སྐད་བཤད་པའི་ནད་རྣམས་ཟད། །ཅེས་བྱ་བ་སྟེ། སྐྱེས་བུ་ནད་ཞི་ཞིང་རྩེ་བཅིལ་བས། སྟོབས་ཐོབ་པར་གྱུར་ན། ནད་དེ་རྩེ་ཞིལ་ཞིང་དུགས་དྲགས་པའི་སྐྱོན་མེད་པར་འགྱུར་བ་ཡིན་ལ། དེ་བཞིན་དུ་དུགས་དྲགས་
པ་ལས་བྱུང་བའི་ནད་ཁྲག་དང་མཁྲིས་པ་འཁྲུགས་པ་ལ་སོགས་པ་ཇི་སྐད་བཤད་པའི་ནད་རྣམས་ཟད་ན། ནད་ཞི་བ་བཅོས་པ་ལེགས་པ་ཡིན་པར་ཤེས་པར་བྱའོ། །བཅིལ་དྲགས་པགས་པ་རྩ་འཁུམས་ཤིང་། །འདར་སྙིང་ཁ་འགྲམ་ནད་དུ་འགྱུར། །རྐང་མཆུ་ལག་པ་
པགས་ནག་འགྱུར། །བཅིལ་དྲགས་པ་ཡིན་ནད་དུ་བཤད། །ཅེས་བྱ་བ་ཡིན་ཏེ། དུགས་པའི་ནད་ཧ་ཅང་བཅོས་དྲགས་ཏེ་ཐལ་ཆེས་པ་ལས་ནད་དུ་འགྱུར་བ་ནི་པགས་པ་དང་རྩ་འཁུམས་པ་ལ་སོགས་པ་ཡིན་པར་བཤད་དོ། །དེ་ཡང་བཅིང་ཞིང་བཅོས་དྲགས་པ་པགས་པ་དང་

རྩ་འཁུམས་ཤིང་ལུས་པོ་ཉིད་འདར་ཞིང་གཡོ་བ་དང་། སྙིང་ག་དང་། ཁ་དང་འགྲམ་པ་རྣམས་འགགས་ཤིང་རེངས་པའི་ནད་དུ་འགྱུར་ཏེ། ཚིག་མི་ཐོན་པ་དང་། རྐང་པ་དང་། མཆུ་དང་། ལག་པ་དང་། པགས་པའི་མདོག་ནག་པོར་འགྱུར་
བ་སྟེ། དེ་ལྟ་བུ་ནི་ཤིན་ཏུ་རྩེ་བཅིལ་ཞིང་དྲགས་པའི་ནད་ཡིན་པར་ཤེས་པར་བྱའོ། །ཤིན་ཏུ་སྦོམ་དང་རྩུབ་པ་དང་། །ཉམ་ཆུང་བརྒྱལ་བར་གྱུར་པ་དང་། །དུགས་དྲགས་བཅོས་དགོས་གློ་རྡོལ་དང་། །སྐེམ་དང་ཆང་ནད་ཀྱིས་བཏབ་དང་། །རབ་རིབ་དམུ་རྫིང་ཤུ་བ་
མཆེད། །མཛེ་ནད་འོར་ནད་རླུང་མཁྲིས་དང་། །འོ་མ་ཞོ་དང་མར་སྦྲང་རྩི། །འཐུངས་དང་བཀྲུ་སྨན་བཏང་བ་དང་། །ལུས་ནད་ཚིགས་དང་གཞང་ནད་ཡོད། །ཁྲོ་དང་མྱ་ངན་འཇིགས་པས་ཉེན། །བཀྲེས་སྐོམ་མིག་སེར་སྐྱ་རྦབ་དང་། །གཅིན་ནད་མཁྲིས་ནད་ཟླ་མཚན་འཛག །
སྦྲུམ་དང་བུ་སྐྱེས་དུགས་མི་བྱ། །ནད་ཚབས་ཆེ་ན་འཇམ་པོར་བྱ། །ཞེས་བྱ་བ་ལ། ཤིན་ཏུ་སྦོམ་པ་དང་། རྩུབ་པ་དང་། བུ་བཙས་པའི་བར་དུ་དུགས་བྱ་བར་མི་རུང་ངོ་། །དེ་ལ་ཉམ་ཆུང་བ་ནི་སྟོབས་ཆུང་བའོ། །དུགས་དྲགས་ཏེ་བཅོས་དགོས་པ་ནི་རྩེ་བཅིལ་བར་འོས་
པའོ། །ཆང་ནད་ཀྱིས་བཏབ་པ་ནི་ཆང་དྲགས་པའི་ནད་ན་བའོ། །རླུང་མཁྲིས་ནི་རླུང་དང་མཁྲིས་པའི་ལྡན་པ་སྟེ། དེ་དག་ལ་དུགས་མི་བྱའོ། །དེ་བཞིན་དུ་འོ་མ་ལ་སོགས་པ་འཐུངས་པ་ལ་ཡང་དུགས་མི་བྱའོ། །དེ་བཞིན་དུ་བཀྲུ་སྨན་འཐུངས་པ་ལ་ཡང་དུགས་མི་
བྱའོ། །གཞང་ནད་ཡོད་པ་ནི་གཞང་ནད་ལ་སོགས་པ་ལ་ཡང་མི་བྱའོ། །དེ་བཞིན་དུ་ཁྲོ་བས་ཉེན་པ་དང་། མྱ་ངན་གྱིས་ཉེན་པ་དང་། འཇིགས་པས་ཉེན་པ་དེ་དག་ལ་ཡང་དུགས་བྱར་མི་རུང་ངོ་། །དེ་བཞིན་དུ་གཅིན་ནད་དང་མཁྲིས་པའི་ནད་དང་། ཟླ་མཚན་འཛག་
བ་དང་། སྦྲུམ་མ་དང་། བུ་སྐྱེས་པ་ལ་སོགས་པ་ལ་ཡང་དུགས་བྱར་མི་རུང་ངོ་། །གལ་ཏེ་དེ་དག་ལ་གསུང་པ་ལ་སོགས་པའི་ནད་ཚབས་ཆེ་བ་བྱུང་སྟེ། མི་བྱར་མི་རུང་ན། འཇམ་པོར་སྦྱར་བའི་དུགས་དང་ལུམས་མི་དྲག་པ་འཇམ་པོ་བྱའོ། །ལུད་པ་ཆམ་པ་དབུགས་

མི་བདེ། །སྐྱིགས་བུ་ལྟོ་སྦོས་བཤང་འགགས་དང་། །སྐད་འགགས་རླུང་གི་ནད་རྣམས་དང་། །བད་ཀན་བེ་སྣབས་འཁྱིལ་ཞིང་ལྕི། །ལུས་རེངས་རྐེད་པ་རྩིབ་ལོགས་དང་། །སྒུར་དང་ལྟོ་ནད་འགྲམས་ནད་དང་། །རླིག་ནད་སྐྲངས་དང་ད་རྒན་དང་། །རྩོལ་དང་རླུང་
ནད་ཀྱིས་ཟུག་དང་། །གཅིན་འགགས་ཐོར་བུ་རྨེན་བུ་དང་། །ཁུ་བ་བཀག་དང་རླུང་འཁྱིམས་ལ། །དེ་ཡི་སྨན་གྱི་དབྱེ་བ་ཡིས། །དུགས་ནི་སོ་སོ་ཇི་བཞིན་བྱ། །ཞེས་བྱ་བ་ལ། ལུད་པ་དང་ཆམ་པ་དང་རླུང་འཁྱིམས་བའི་བར་ལ། དེའི་སྨན་ཇི་ལྟ་བས་ལེགས་པར་དུགས་བྱ་
སྟེ། ལ་ལར་ནི་སྤྲོ་བས་སོ། །ལ་ལར་ནི་བཅིངས་པས་སོ། །ལ་ལར་ནི་ཐ་མལ་པ་ཞེས་བྱ་བས་སོ། །ལ་ལར་ནི་ཆུའི་དུགས་བྱ་བ་དང་། དེ་བཞིན་དུ་དེ་ལ་ཕན་པའི་རང་གི་སྨན་གྱི་དབྱེ་བའི་ཆ་སོ་སོ་གང་ལ་ཕན་པའི་དབྱེ་བ་འོག་ནས་རང་རང་གི་ནད་ཀྱི་གནས་སྐབས་སུ་
བཤད་པའི་སྨན་གྱི་དུགས་སོ་སོར་བྱའོ། །དེའི་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་ལུད་པ་ལ་དུགས་བྱ་དགོས་པ་དེའི་ཚེ། ལུད་པའི་སྨན་དུ་བཤད་པས་དུགས་བྱའོ། །དེ་བཞིན་དུ་ཆམ་པ་དང་། དབུགས་མི་བདེ་བ་ལ་སོགས་པ་ལ་ཡང་རང་རང་གི་སྨན་གྱིས་
དུགས་བྱའོ། །ཞེས་བྱ་བར་སྦྱར་རོ། །ད་རྒན་དང་། རྩོལ་བ་དང་། རླུང་ནད་ཀྱིས་ཟུག་པ་ནི་འོག་ནས་བཤད་པའི་རླུང་ནད་ཀྱི་ནད་གཞི་ལས་མཚན་ཉིད་སྟོན་ཏོ། །ཁུ་བ་འགགས་པ་ནི་ཁུ་ཆུ་བཀག་པའོ། །རླུང་འཁྱིམས་པ་ནི་ཚིལ་གྱིས་བར་བཀག་པའོ། །དུགས་ཕན་མེ་
ཡིས་བསྲོ་མིན་པ། །རླུང་ནད་ཚིལ་དང་བད་ཀན་ཅན། །རླུང་མེད་ཁང་པར་རྩོལ་བ་དང་། །གོས་ལྕི་བ་དང་འཇིགས་པ་དང་། །དཀྲི་དང་སྟོབས་འགྱེད་ཁྲོ་བ་དང་། །ཆང་མང་བཀྲེས་དང་ཉི་ཚན་གཞག །ཅེས་བྱ་བ་ལ། ཚིལ་དང་བད་ཀན་གྱིས་གཡོགས་པའི་རླུང་
ལ་ནི་མེས་མི་བསྲོ་བར་བྱ་བ་ཕན་པ་ཡིན་ཏེ། དེའི་ཐབས་ནི་རླུང་མེད་པའི་ཁང་པར་འདུག་ལ། རྩོལ་བ་དེ་ལུས་དུབ་པར་བྱ་བ་དང་། གོས་ལྕི་བ་ཁུར་དུ་ལོངས་པ་བགོ་བ་དང་། དེ་བཞིན་དུ་འཇིགས་པ་དང་། དེ་བཞིན་དུ་སྔར་བཤད་པའི་དཀྲི་བ་དང་། སྟོབས་འགྱེད་

པ་སྟེ་ལག་པར་སྟོབས་འགྱེད་པ་ལ་སོགས་པ་དང་། ཁྲོས་འཁྲུགས་པ་དང་། ཆང་མང་པོ་བཏུང་བ་དང་། བཀྲེས་ཤིང་ལྟོགས་པས་ཉེན་པ་དང་། དེ་བཞིན་དུ་ཉི་མ་ཚ་བ་ལ་གཞག་པ་སྟེ། འདི་དག་བྱའོ། །ནད་གང་ནང་ཁྲོལ་གནས་དང་ལུས་
ཟུངས་དང་། །རྩར་སོང་རྐང་ལག་རུས་པའི་ནང་སོང་བའི། །ནད་དེ་དུགས་ཀྱིས་བསྲུང་བར་བྱས་ནས་ནི། །ཁོང་དུ་བསྡུས་ལ་སྦྱང་བས་དཔྱིས་དབྱུང་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་ཁོང་པར་གནས་ཤིང་ནང་ཁྲོལ་ན་འདུག་པའམ། ཁྲག་ལ་སོགས་པ་ལུས་
ཟུངས་ལ་གནས་པ་རྣམས་དང་དེ་བཞིན་གང་རྩ་རྣམས་སུ་ཁྱབ་ཅིང་ཞེན་པ་དང་། དེ་བཞིན་དུ་རྐང་ལག་གི་ནང་དུ་སོང་བ་སྟེ། ལག་པ་ལ་སོགས་པའི་རུས་པ་ལ་ཞེན་པའི་ནད་དེ་དག་ཐམས་ཅད་གནས་དེ་དག་ལས་བཤད་མ་ཐག་པའི་སྣུམ་དང་དུགས་ཀྱིས་བསྲུང་བར་བྱས་ཤིང་།
འཛག་ཏུ་རུང་བ་ལྟ་བུ་བྱས་ལ། དེ་ནས་ཇི་སྐད་བཤད་པའི་དུགས་བཞི་པོས་ཇི་ལྟ་ཇི་ལྟ་བ་བཞིན་དུ་བསྲུང་ཞིང་བཞུ་ནས། རྐང་ལག་ལ་སོགས་པ་ནས་ཁོང་པའི་ནང་དུ་བསྡུས་ལ། དེའི་འོག་ཏུ་འོག་ནས་བཤད་པའི་བཀྲུ་སྨན་གྱིས་དཔྱིས་དབྱུང་ཞིང་བཏོན་ནས། གདོན་
པས་ཕྱིར་དབྱུང་བར་བྱའོ། །རྐང་ལག་གི་ནང་དུ་སོང་ཞེས་བྱ་བ་ནི་དེ་གནས་པའི་ནད་ནི་ཤིན་ཏུ་དུགས་བྱ་བར་འོས་པ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཡང་ན་ལུས་ཟུངས་སུ་གཏོགས་པའི་ནད་གང་འཕེལ་ནས། ཁོང་པ་ནས་ལུས་ཟུངས་སུ་སོང་བ་དང་རྐང་ལག་ལ་
གནས་ན་ལྡང་བར་གྱུར་པ་ཡིན་པས་ན། འདིར་རྐང་ལག་དང་རུས་པར་གནས་པ་ནི་གཙོ་བོར་བཟུང་བའི་དོན་སྨོས་པ་ཡིན་ནོ། །དེ་བས་ན་དུགས་ཀྱིས་ནད་རྣམས་བསྲུང་བ་བྱས་ལ། ཁོང་པའི་ནང་དུ་བསྡུ་དགོས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་
པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྐྱུག་སྨན་དང་བཀྲུ་སྨན་གཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། དུགས་ཀྱི་ཆོ་གའི་

འོག་ཏུ་སྐྱུག་སྨན་དང་བཀྲུ་སྨན་གྱི་ཆོ་གའི་ལེའུ་བརྩམས་པ་ནི་གང་གི་ཕྱིར། ནད་དེ་དུགས་ཀྱིས་བསྲུང་བ་བྱས་ནས་ནི། །ཁོང་དུ་བསྡུས་ལ་སྦྱར་བས་དཔྱིས་དབྱུང་བྱ། །ཞེས་འདས་མ་ཐག་པར་བཤད་པ་གང་ཡིན་པ་དེ། སྤྱད་པའི་རང་བཞིན་ཇི་ལྟ་བུ་ཡིན་པས་བསྟན་པར་
བྱ་བའི་ཕྱིར་བཤད་པ་ཡིན་ཏེ། སྐྱུག་སྨན་ནི་སྟོད་ཀྱི་ནད་བསལ་བའི་ཐབས་ཡིན་ལ། བཀྲུ་སྨན་ནི་སྨད་ཀྱི་ནད་བསལ་བ་ཡིན་ཏེ། དེ་གཉིས་ཀྱི་ཆོ་ག་ནི་དེ་དག་གི་ནད་ལས་སུ་རུང་བར་བྱ་བ་ཡིན་ཏེ། དེ་ཚངས་པ་ལ་སོགས་པས་གང་དུ་དྲན་པའི་ཆོ་ག་ནི། སྐྱུག་སྨན་
དང་བཀྲུ་སྨན་ལ་སོགས་པའི་ཆོ་ག་ཞེས་བྱ་སྟེ། དེ་དག་བཤད་ཅིང་བསྟན་པར་བྱ་བའོ་ཞེས་པའོ། །བད་ཀན་ནད་དམ་འདྲེས་པ་ཡི། །བད་ཀན་རྒྱས་ལ་སྐྱུག་སྨན་གཏང་། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། །ཞེས་བྱ་བ་ལ། བད་ཀན་འབའ་ཞིག་གི་ནད་ལ་སྐྱུག་
སྨན་གཏང་བར་བྱའོ། །ཡང་ན་ལྡན་པ་སྟེ། འདྲེས་པར་གྱུར་པའི་བད་ཀན་ལ་རྒྱས་པར་ཞེས་བྱ་བ་བད་ཀན་གྱི་ཤས་ཆེ་བའི་ནད་དང་མཁྲིས་པ་འདྲེས་པའི་ནད་ལྡན་པའམ། བད་ཀན་དང་རླུང་འདྲེས་པའི་ལྡན་པ་བད་ཀན་ཤས་ཆེ་བ་ལ་སྐྱུག་སྨན་གཏང་བར་བྱའོ། །དེ་
བཞིན་མཁྲིས་པ་སྐྱུག་སྨན་གཏང་། །ཞེས་བྱ་བ་ལ། དེ་དང་འདྲ་བས་ན་དེ་བཞིན་ཏེ། བད་ཀན་དེ་དག་ཚུལ་མཐུན་པར་བྱའོ། །དེ་ཡང་ཇི་ལྟར་བད་ཀན་འབའ་ཞིག་ལ་སྐྱུག་སྨན་བྱ་བ་ཡིན་པའམ། བད་ཀན་ཤས་ཆེ་བའི་ལྡན་པའི་ནད་ལ་སྐྱུག་སྨན་བྱ་བ་དེ་བཞིན་དུ་
མཁྲིས་པ་འབའ་ཞིག་ལ་བཀྲུ་སྨན་གཏང་བའམ། འདྲེས་པའི་ནད་མཁྲིས་པ་ཤས་ཆེ་བ། མཁྲིས་པ་དང་བད་ཀན་འདྲེས་པའི་ནད་དམ། མཁྲིས་པ་དང་རླུང་འདྲེས་པའི་ནད་ལ་བཀྲུ་སྨན་བྱའོ། །རྒྱས་པ་ཞེས་སྨོས་པས་ནི་དེ་འབའ་ཞིག་བོད་པའམ། རང་གི་གནས་སམ་
གནས་གཞན་དུ་ཞུགས་པའི་བད་ཀན་ནི་སྐྱུག་སྨན་བྱ་ལ། མཁྲིས་པ་ལ་ནི་བཀྲུ་སྨན་བྱའོ། །རིམས་སར་ཚད་འཁྲུ་ཐུར་དུ་ནི། །མཁྲིས་པ་ཁྲག་འཁྲུ་གློ་གཅོང་དང་། །མཛེ་དང་གཅིན་ནད་འབྲུམ་ཐོར་བུ། །རྐང་བམ་མི་དྲན་ལུད་པ་ཅན། །དབུགས་མི་བདེ་སྙིང་འཕར་འབྲས་

མཆེད། །ནུ་མའི་ནད་དང་རོ་སྟོད་ནད། །ཁྱད་པར་དུ་ནི་སྐྱུག་སྨན་བྱ། །ཞེས་བྱ་བ་ལ། རིམས་སར་པ་དང་ཚད་པས་འཁྲུ་བ་ལ་སོགས་པ་ནས་རོ་སྟོད་ཀྱི་ནད་ཀྱི་བར་དག་ལ་ཁྱད་པར་རམ་མཆོག་ཏུ་སྐྱུག་སྨན་གཏང་བར་བྱ་སྟེ། དེས་ནད་འདི་རྣམས་
ཆུ་དང་བྲལ་བའི་འབྲས་ལྟར་མཆོག་ཏུ་ཟད་ཅིང་དེངས་པར་འགྱུར་རོ། །དེ་ལ་རིམས་སར་པ་ནི་དང་པོར་བྱུང་བའི་རིམས་སོ། །ཐུར་དུ་ཁྲག་དང་མཁྲིས་པ་འཁྲུ་བ་ནི་ཁྲག་མཁྲིས་ཀྱི་འབྱུང་བའོ། །ཐོར་བུ་ནི་འབྲས་ཀྱི་ཕྲེང་བའོ། །རྐང་བམ་ནི་རྐང་པའི་ནད་དོ། །སྐྱུག་སྨན་མི་གཏང་
སྦྲུམ་ཁོང་རྩུབ། །བཀྲེས་དང་རྟག་ཏུ་སྡུག་བསྔལ་བ། །བྱིས་པ་རྒན་སྐེམ་སྦོམ་སྙིང་ན། །གློ་སྐམ་སྨྲས་དང་ཉམ་ཆུང་དང་། །རྟག་ཏུ་སློན་དང་མཆེར་པ་ན། །རབ་རིབ་ལྟོ་ན་སྲིན་བུ་ཡོད། །རླུང་ཁྲག་འདྲེས་མར་གྱེན་དུ་འབྱུང་། །སོ་ན་མས་གཏོང་སྐད་འཛེར་དང་། །གཅིན་
སྲི་དམུ་རྫིང་སྐྲན་ཅན་དང་། །སློན་དཀའ་དྲོད་ཆེ་གཞང་འབྲུམ་ཅན། །རྟུག་སྐམ་མགོ་འཁོར་རྩིབ་ལོགས་སྲ། །རྩིབ་ལོགས་ཟུག་དང་རླུང་ཅན་ནོ། །ཞེས་བྱ་བ་ལ། སྦྲུམ་མ་ལ་སོགས་པ་ནས་རླུང་ནད་ཅན་གྱི་བར་དག་ལ་སྐྱུག་སྨན་མི་གཏང་ངོ་། །དེ་ལ་ཁོང་རྩུབ་པ་ལ་
སྐྱུག་སྨན་བཏང་ན། རླུང་གིས་ཡན་ལག་ལ་གནོད་པར་འགྱུར་ཏེ། ཕལ་ཆེར་ཁ་ཟས་ལ་སོགས་པ་རྩུབ་མོ་བསྟེན་པས་རླུང་ནད་སྐྱེད་པའི་ཕྱིར་སྟོབས་ཟད་པར་འགྱུར་རོ། །དེ་བཞིན་དུ་བཀྲེས་པ་དག་ལ་སྐྱུག་སྨན་བཏང་ན་མེའི་སྟོབས་ཀྱིས་སྟོབས་ཟད་པར་འགྱུར་རོ། །རྟག་ཏུ་སྡུག་
བསྔལ་བ་ནི། ཁུར་དང་རྟག་ཏུ་སྡུག་བྱེད་པའི་དུབ་པས་སྟོབས་ཟད་པར་འགྱུར་རོ། །དེ་བཞིན་དུ་བཞོན་པས་དུབ་ཅིང་ཉམ་ཆུང་བ་དག་ལ་ཡང་སྟོབས་ཕྲིན་ཤིན་ཏུ་ཁྲག་སྐྱེ་བར་འགྱུར་རོ། །བྱིས་པ་ལ་སོགས་པས་ནི་སྨན་གྱི་སྟོབས་མི་བཟོད་པའི་ཕྱིར། ལུས་ཀྱི་སྟོབས་
ཟད་པས་ནང་གི་ཁོང་པ་སྐེམ་ཞིང་གཅོང་དུ་འགྱུར་བའི་སྐྱོན་ཡོད་པ་ཡིན་ནོ། །ན་བ་ནི་སྙིང་ནད་ཀྱིས་ཉེན་པ་ལ་བྱས་ན་སྙིང་ནད་ལ་གནོད་པར་འགྱུར་རོ། །རྟག་ཏུ་སློན་པ་ནི་སྟོད་དུ་རྒྱུ་བའི་རླུང་གིས་གྱེན་དུ་བཏེག་པས་དེ་དྲགས་ན་སྲོག་ཟད་པར་འགྱུར་རོ། །ལྟོ་ན་སྲིན་བུ་ཡོད་པ་ནི་

སྔར་བཀྲུ་བ་མ་བྱས་ན། སྲིན་བུ་ཤིན་ཏུ་མང་བའི་ཕྱིར་མ་ལུས་པ་འབྱུང་བས། སྙིང་ཤིན་ཏུ་གཙེས་པས་སློན་པ་དྲགས་པར་འབྱུང་བར་འགྱུར་རོ། །རླུང་ལ་སོགས་པ་གྱེན་དུ་འབྱུང་བ་ནི་འོག་ཏུ་གསལ་བར་གྱུར་པས་གྱེན་དུ་དྲངས་པས་སྐྱོན་དུ་འགྱུར་རོ། །སློན་དཀའ་བ་
ནི་ཁོང་པ་འགགས་ཤིང་སློན་དཀའ་བ་ལས་ཤས་ཆེར་དྲངས་ན་ཁོང་པའི་ནད་ཐམས་ཅད་སློངས་ཤིང་དཀྲུགས་པས། མེ་དབལ་དང་རྨོངས་བག་དང་། མི་དྲན་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །རྟུག་སྐམ་ལ་སོགས་པས་ཉེན་པ་རྣམས་དང་། རྩིབ་
ལོགས་ཟུག་པ་ལ་སོགས་པ་ནི་རང་རང་གི་ནད་འཕེལ་བ་དང་། འཆི་བ་དག་ཏུའང་འགྱུར་རོ། །ཅི་རྣམ་པ་ཐམས་ཅད་དུ་སྦྲུམ་མ་ལ་སོགས་པ་ལ་སྐྱུག་སྨན་གཏང་བར་མི་བྱའམ། འོན་ཏེ་གནས་སྐབས་ལ་ལར་སྐྱུག་སྨན་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་དག་དུག་
འཐུངས་མ་ཞུ་དང་། །མི་འཕྲོད་ཟས་ཟོས་མ་གཏོགས་སོ། །ཞེས་བྱ་བ་ཡིན་ཏེ། སྦྲུམ་མ་ལ་སོགས་པ་དེ་དག་གིས་གལ་ཏེ་དུག་དང་སྦྱར་བའི་དུག་འཐུངས་སམ། ཟས་མ་ཞུ་བ་སྟེ་གསུད་དམ། མི་འཕྲོད་པའི་ཟས་ཟོས་བར་གྱུར་ན་ནི་མ་གཏོགས་ཏེ། འདི་
དག་ནི་མྱུར་དུ་གསོད་པར་བྱེད་པ་ཡིན་པས་ན། དུག་འཐུངས་པ་ལ་སོགས་པའི་གནས་སྐབས་འདི་ལྟ་བུ་མ་གཏོགས་པ་གནས་སྐབས་གཞན་དུ་སྐྱུག་སྨན་མི་གཏང་གི། རྐྱེན་འདི་དག་བྱུང་ན་དེར་སྐྱུག་སྨན་འཇམ་པོ་གཏང་བར་བྱའོ། །རྟག་ཏུ་སློན་པ་ཡན་ཆད་དང་།
ཕལ་ཆེར་མ་ཞུའི་རིམས་དག་ཀྱང་། །མ་ཞུ་བ་ནི་ཐམས་ཅད་ལ། །དུད་པས་བདུག་པའི་ལས་ཀུན་སྤངས། །ཞེས་བྱ་བ་ལ། འདིར་རྟག་ཏུ་སློན་ཞིང་རྒྱུན་དུ་སྐྱུགས་པའི་སྐྱེས་བུ་དང་། གང་སྔར་སྐྱུག་སྨན་གཏང་དུ་མི་རུང་བར་བསྟན་པ་སྦྲུམ་མ་ནས། ཉམ་ཆུང་
བའི་བར་དེ་ཐམས་ཅད་སྤང་ཞིང་དོར་བར་བྱའོ། །འདི་དག་དུད་པས་བདུག་པའི་བར་གྱི་྅ལས་ཀུན་སྤང་བར་བྱ་བར་མ་ཟད་ཀྱི། མ་ཞུ་བའི་རིམས་ཀྱི་བར་དག་ལའང་སྤང་བར་བྱ་སྟེ། རིམས་སར་པ་ལ་ནི་ནད་འཁྱིམས་པར་འགྱུར་བའི་ཉེས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་མ་ཞུ་བའི་

ནད་ཐམས་ཅད་ལ་ཡང་སྒྱུག་སྨན་གྱི་རྗེས་ལ་ལས་ཀུན་ཏེ། བཀྲུ་སྨན་དང་། མས་གཏོང་བ་དང་། སྣ་ནས་གཏང་བ་དང་། དུད་པས་བདུགས་པ་དང་། མཁུར་བ་བཀང་ཞིང་དབོ་བ་དང་། མིག་སྨན་དང་། སྨིན་པར་བྱ་བའི་བར་གྱི་ལས་སྤང་
བར་བྱ་སྟེ། མ་ཞུ་བའི་བེའུ་སྣབས་ཀྱི་འཇིགས་པ་ཉིད་ཀྱིས་སོ། །བཀྲུ་སྨན་གྱིས་གསོ་སྐྲན་གཞང་འབྲུམ། །འབྲུམ་བུ་མིག་སེར་གཞོགས་ཕྱེད་ལྕི། །རིམས་རྙིང་དམུ་རྫིང་དབྱིག་དུག་དང་། །སྐྱུག་དང་མཆེར་ནད་སྐྱ་རྦབ་དང་། །ལོང་ནད་རབ་རིབ་སྔོན་པོར་གྱུར། །མཆི་
འཛག་ཞུ་བའི་གནས་ན་ཟུག །མངལ་དང་ཁུ་བའི་གནས་ཀྱི་ནད། །ཁོང་ནད་གཏོགས་དང་སྲིན་ནད་རྨ། །དྲེག་ནད་ནམ་ཚོང་ཡན་ཆད་ནད། །གཅིན་སྲི་བཤང་བ་འགགས་པ་དང་། །སློན་བྱ་མཛེ་གཅིན་ནད་སོགས་ཡིན། །ཞེས་བྱ་བ་ལ། སྐྲན་ལ་སོགས་པ་
ནས་རྟུག་པ་འགགས་པའི་བར་གྱི་ནད་རྣམས་དང་། དེ་བཞིན་དུ་སློན་པར་བྱ་བའི་ནད་ལས། མཛེ་ནད་དང་གཅིན་ནད་ནས་རོ་སྟོད་ཀྱི་ནད་རྣམས་ཀྱི་བར་བཀྲུ་སྨན་གྱིས་གསོ་ཞིང་སྦྱང་བར་བྱ་བ་ཡིན་ཏེ། འདི་དག་ལ་བཀྲུ་སྨན་བྱས་པས་མཆོག་ཏུ་འབྱང་ཞིང་འཇིག་པར་འགྱུར་རོ། །
ཁྲུས་མི་བྱ་བ་རིམས་སར་དང་། །དྲོད་ཆ