Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
ི་ཟ་བར་ཁྱོད་ཀྱིས་གང་དུ་གནོད་པ་མེད་པ་དེ་ཉིད་རང་ལས་ཚད་མ་ཡིན་གྱི། གཞན་
ནི་མ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་ལ། གནོད་པ་མེད་པ་དེ་ཡང་འཁྲུལ་པའི་ཕྱིར་མི་དམིགས་པ་ཙམ་གྱིས་ངེས་པར་མི་ནུས་པས་ཤུགས་ཀྱི་མཚན་ཉིད་དུ་གྱུར་པ་མི་དམིགས་པས་ངེས་ཏེ་དེ་ཉིད་ལ་གནོད་པ་མེད་པས་ཁྱབ་པའི་ཕྱིར་རོ། །མི་དམིགས་པའི་མཚན་ཉིད་དུ་
གྱུར་པ་མི་དམིགས་པ་དེ་ཡང་སླུ་བའི་ཤེས་པ་ལས་གཞན་དུ་མི་དམིགས་པའི་ཕྱིར་ཚད་མ་གཞན་ཁོ་ན་ལས་ཚད་མ་ཉིད་དུ་ངེས་པར་ཁས་བླངས་པར་འགྱུར་རོ། །བུ་ལོན་སོགས་པ་ཐ་སྙད་ལའང་། །ཞེས་བྱ་བ་ལ་སོགས་པ་ལ། བུ་ལོན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཚད་མ་རྣམ་པར་གཞག་པ་དངོས་པོའི་རང་བཞིན་དང་འབྲེལ་པའི་གནས་སྐབས་ཡིན་པ་ན་འདོད་པ་ཙམ་གྱིས་སྦྱར་བའི་བར་དང་འབྲེལ་པའི་ཚིག་དོར་གྱི་བདག་ཉིད་ཀྱི་བུ་ལོན་ལ་སོགས་པའི་ཐ་སྙད་དཔེར་བརྗོད་པ་གང་ཡིན་པ་དེ་ནི་ཁྱེད་ཅག་གནས་སྐབས་མངོན་པར་མི་
ཤེས་པ་ཉིད་གསལ་བར་བྱ་བ་འབའ་ཞིག་ཏུ་ཟད་དོ། །དེ་ཉིད་ཕྱིར་ན་ལྷ་རྣམས་ལའང་། །བདེན་པ་གསུམ་དུ་བརྗོད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། ལྷ་རྣམས་ཀྱི་ནི་བདེན་གསུམ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོས་ཞེས་བྱ་བ་ནི་ཐོག་མའི་ཚིག་
ལས་ཏེ། ངེས་པ་མེད་ན་གཞན་ལ་སྟེ། དུས་ཕྱིས་འབྱུང་བའི་ཚིག་གཉིས་ལས་འདི་ངེས་པར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། གང་གིས་ཕྱི་མའི་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་མའི་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའོ། །ཡིད་མི་ཆེས་ཞེས་བྱ་བ་ནི་

མ་ངེས་ནའོ། །གཞན་ཉིད་དེ་ལས་ཞེས་བྱ་བ་ནི་དེ་ལས་གཞན་དུས་ཕྱིས་འབྱུང་བ་གཉིས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་ཞིག་ཚིག་གཅིག་དང་། གཉིས་ལས་ལོག་པ་ཉིད་སྨྲ་བ་ནི་གསུམ་པ་ཡང་ཅིའི་ཕྱིར་མི་སྨྲ་སྟེ། གང་གིས་གསུམ་པ་ལས་ཡིད་ཆེས་པ་
སྐྱེ་བར་འགྱུར་བ་དེའི་ཚེ་དེ་ལས་སུ་ཞིག་གེགས་བྱེད། དེས་ན་རང་ལས་ཚད་མ་མིན། །ཞེས་བྱ་བ་ལ་སོགས་པ་ལ། དེ་ཕྱིར་སྔར་བཤད་རིགས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པ་ཡི་རིགས་པ་ནི། །འདི་ལྟར་གནོད་པ་མེད་པའི་ཕྱིར། །ཁྱེད་ཀྱིས་
ཚད་མ་ཉིད་དུ་བརྗོད། །གནོད་བྱེད་ལ་ཡང་དངོས་མེད་པ། །ཞེས་བྱའི་ཚད་མ་གཞན་འདོད་ཀྱིས། །ཞེས་བྱ་བ་ལ་སོགས་པས་བསྟན་པའོ། །རྟག་པའམ་ཡིད་ཆེས་པ་བྱས་པས་ཞེས་བྱ་བ་ལ་སོགས་པ་ལ། ཁོ་བོ་ཅག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཏེ་ཐོས་པ་བརྟག་
པའམ། ཚིག་བརྟག་པར་རྒྱས་པར་བཀག་ཟིན་པའི་ཕྱིར། དེ་མ་གྲུབ་པས་གང་ལས་ཚད་མ་ཉིད་དུ་སེམས་པ་འཇུག་པར་འགྱུར། ཡིད་ཆེས་པ་ནི་རང་ཉིད་ཁས་མི་ལེན་པས་དེས་བྱས་པའི་ངག་ཀྱང་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་ལོག་པའི་རྒྱུ་འདོད་ཆགས་ལ་སོགས་པའི་སྐྱོན་མ་
ལུས་པ་སྤངས་པ་གང་ཡིན་པ་དེ་ཉིད་ཡིད་ཆེས་པར་རིགས་ཀྱི་གཞན་དུ་ནི་ལོག་པའི་རྒྱུ་འདོད་ཆགས་ལ་སོགས་པའི་སྐྱོན་དག་དང་ལྡན་པའི་སེམས་ཅན་ཇི་ལྟར་ཡིད་ཆེས་པ་ཉིད་གྲུབ་པར་འགྱུར། གང་གིས་ཁྱེད་ཅག་གི་ལྟར་ན་ཡིད་ཆེས་པའི་ཚིག་ཚད་མར་འགྱུར་བ་ཁྱེད་ཅག་གིས་
ཉོན་མོངས་པའི་དྲ་བ་མ་ལུས་པ་སྤངས་པའི་སྐྱེས་བུ་འགའ་ཞིག་ཁས་ལེན་པ་ནི་མ་ཡིན་ནོ། །གཞན་ཡང་ཡིད་ཆེས་པ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་དེའི་ཚིག་མ་གྲུབ་པ་ཁོ་ནའོ་ཞེས་སྟོན་པ་ནི། ཡིད་ཆེས་གྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ཆེས་པ་
ངེས་པར་མ་བཟུང་བར་ཚིག་འདིའི་ཡིན་ནོ་ཞེས་བྱ་བ་ལྟ་བུར་ངེས་པར་བཟུང་བར་མི་ནུས་ལ། ཡིད་ཆེས་པས་ངེས་པར་བཟུང་བ་ཡང་སྲིད་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་སྐྱོན་མ་ལུས་པ་ཟད་པ་དང་། དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཡིན་པ་དེ་གལ་ཏེ་ཡིད་ཆེས་

པར་ངེས་པར་འཛིན་པར་བྱེད་པ་དེ་ལྟ་ན་ཡང་དེའི་ཚིག་ནི་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ན་སྟེ། རང་ཉིད་དོན་ཐམས་ཅད་མངོན་སུམ་དུ་མཐོང་བ་ཉིད་ཀྱིས་དེའི་ཚིག་ལས་མི་འཇུག་པའི་ཕྱིར་རོ། །དེས་ན་དེའི་ངེས་པར་བཟུང་བའི་དོན་མེད་པ་ཡིན་ནོ། །གང་ཡང་གཞན་ཚུ་རོལ་མཐོང་བ་དེ་ནི་
ཡིད་ཆེས་པ་ངེས་པར་འཛིན་པར་མི་ནུས་པའི་ཕྱིར་འདི་དེའི་ཚིག་དེ་ལས་དོན་རྟོགས་པ་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །གང་དག་རིགས་པའི་བླ་མ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། རང་ལས་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པ་སྐྱེ་བའི་ཕྱིར་ཞེས་བྱ་
བ་ནི་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་རང་ལས་ངེས་པ་སྐྱེ་བར་མི་འགྱུར་ན། དེའི་ཚེ་རང་ལས་ཚད་མ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་ཏེ། དེའི་ཕྱིར་ཡོན་ཏན་བཀག་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། ངག་ནི་སུན་ཕྱུང་བ་མིན་ཏེ། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གལ་ཏེ་ཡོན་ཏན་གྱིས་ཉེས་པ་རྣམས་བསལ་བའི་ཕྱིར་ཡོན་ཏན་དང་ལྡན་པའི་ཚིག་ཉེས་པ་རྣམས་ཀྱིས་སུན་མ་ཕྱུང་བ་དེ་ལྟ་ན་ཡང་གཞན་གྱི་རྒྱུད་ལ་འཇུག་པའི་ཡོན་ཏན་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་དེ་མ་ངེས་པས་ཡོན་ཏན་དང་ལྡན་
པའི་ཚིག་ཀྱང་ངེས་པར་མི་ནུས་ལ་མ་ངེས་པ་ནི་རང་ལ་ཚད་ཉིད་དུ་ངེས་པ་ཡང་མ་ཡིན་ནོ། །ཡང་ན་བྱེད་པ་པོ་མེད་པ་ན་སྐྱོན་མེད་པ་དེ་དག་མི་འགྱུར་ཞེས་བྱ་བ་འདི་ལ། ཚིག་གིས་མ་བྱས་པ་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཐོས་པ་དང་
རྟག་པར་རོ། །དེ་ལས་སྐྱོན་མེད་ཡོན་ཏན་དག །ཅེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བསྟན་ཞེས་བྱ་བ་འདིས་ནི། འདིར་ཡང་བློ་བཟངས་རྣམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ། །ཉེས་པ་མེད་པས་
མཚོན་པའི་ཚིག་ནི་རང་ལས་ཚད་མ་ཡིན་ཞེས་གང་སྨྲས་པ་དེ་ཡང་མི་རིགས་ཏེ་ཡོན་ཏན་རྣམས་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་ཏེ་ཡོངས་སུ་མ་ཤེས་ན་ཡོན་ཏན་གྱི་ངོ་བོའི་བདག་ཉིད་ཀྱི་སྐྱོན་མེད་པ་མཚོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། སྐྱོན་མེད་

ཉེ་བར་མཚོན་པ་ཡིན། །ཞེས་བྱ་བ་ཏེ། འདིས་མཚོན་པར་བྱེད་པས་ན་མཚོན་པ་ཡིན་ལ། མི་མཚོན་པ་ནི་མཚོན་པ་མ་ཡིན་པ་སྟེ། མཚོན་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མི་ཤེས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ལ། མི་ཤེས་
པ་ཡང་མཚན་ཉིད་མ་ཡིན་ནོ་ཞེས་སྟོན་པ་ནི། གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་སྐྱོན་མེད་པ་མཚན་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རང་གི་ཚིག་དང་འགལ་བར་ཐལ་བར་འགྱུར་བའི་ཕྱིར་སྐྱོན་ཅན་འདི་ཡིན་ཏེ། འདི་ལྟར་གལ་ཏེ་སྐྱོན་མེད་པས་ཚད་
མ་ཉིད་དུ་མཚོན་ན་དེའི་ཚེ་གཞན་ལས་ཚད་མ་ཉིད་གསལ་རབ་ཏུ་བརྗོད་པར་འགྱུར་ལ། དེ་ལྟ་ན་ཡང་རང་ལས་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བའི་ཚིག་འདི་འགལ་བར་འགྱུར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། །དངོས་མེད་ཚད་མས་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་སྐྱོན་
མེད་དངོས་མེད་པ། །ཞེས་བྱ་བའི་ཚད་མ་གལ་ཏེ་ངེས་པར་འགྱུར་ན། དེའི་འདི་མཚན་ཉིད་དུ་མི་འགྱུར་ཏེ། མ་ངེས་པ་མཚན་ཉིད་དུ་མི་རུང་བའི་ཕྱིར་རོ། །དངོས་པོ་མེད་པར་ངེས་པར་བྱེད་པ་འདི་ཡང་ཚད་མ་མེད་པའི་ཕྱིར་རོ། །འདི་ལྟ་ཡིན་དང་གཞན་ལ་སྟེ། །དངོས་
པོ་མེད་པ་ཞེས་བྱ་བ་ལ་ཚད་མ་ཉིད་དུ་གསལ་རབ་ཏུ་བརྗོད་པར་འགྱུར་རོ། །དེ་དག་ཡོད་ན་སྐྱེས་བུའི་སྐྱོན། །ཡུལ་ཅན་ཤེས་པ་སྐྱེ་མི་འགྱུར། །ཞེས་གང་སྨྲས་པ་དེ་ལ། དེ་དག་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོན་ཏན་དག་ཡོད་པ་ན་སྐྱོན་གྱི་ཡུལ་ཅན་
གྱི་ཤེས་པ་མི་སྐྱེ་ན་གཞན་གྱི་རྒྱུད་ལ་འཇུག་པའི་ཡོན་ཏན་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་ཡོངས་སུ་མ་ཤེས་ན་སྐྱོན་མེད་པ་ངེས་པར་མི་འགྱུར་ཏེ། སྐྱོན་མེད་པ་ནི་ཡོན་ཏན་གྱི་དངོས་པོའི་བདག་ཉིད་ཡིན་པའི་ཕྱིར་རོ། །བུམ་པས་དབེན་པའི་ས་ཕྱོགས་ལ་
སོགས་པ་ཡོངས་སུ་མ་ཤེས་པར་ནི་བུམ་པ་མེད་པར་ཤེས་པར་མི་ནུས་སོ། །འདི་ཉིད་སྟོན་པ་ནི་ཞེ་སྡང་གཏི་མུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སྐྱོན་རྣམས་སོ། །གང་ཡང་གཞོན་ནུ་མ་ལེན་གྱིས། །ཡོན་ཏན་ཤེས་པ་ཉིད་ཀྱིས་འདིར། །དེ་ཚེ་

བྱ་བ་བྱེད་མ་ཡིན། །སྐྱོན་མེད་ན་ནི་ཡོད་པ་ཙམ། །ཕན་འདོགས་བྱེད་པར་ཤེས་པར་བྱ། །ཞེས་ཟེར་ཏེ། འདི་ནི་ཡོན་ཏན་ཤེས་པ་ཞེས་བྱ་བ་ལ་སོགས་པས་དོགས་པར་བྱེད་དེ། དེ་ལ་ཕན་འདོགས་བྱེད་ཅེས་བྱ་བ་ནི་སྐྱོན་མེད་པར་ངེས་པ་ལ་ཕན་འདོགས་པའོ། །དེ་ལྟ་ན་ནི་
ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་སྟེ། གལ་ཏེ་ཡོན་ཏན་རྣམས་ཡོད་པ་ཙམ་གྱིས་སྐྱོན་མེད་པར་ངེས་པར་བྱེད་པའི་ཕྱིར་འཇུག་པར་འགྱུར་ན། དེའི་ཚེ་ངེས་པས་དེ་དག་ལ་གནོད་པའི་ཕྱིར་ཡིད་ཆེས་པར་འདོད་པའི་ཕྱིར་སྐྱེས་བུ་འགའ་ཞིག་ལ་སྐྱོན་མེད་པ་ལ་
ཐེ་ཚོམ་དང་ཕྱིན་ཅི་ལོག་དག་ཏུ་མི་འགྱུར་ན་དེ་ལྟ་ཡང་མ་ཡིན་ནོ། །དེས་ན་ནི་དེའི་ཕྱིར་རོ། །ཇི་སྲིད་དུ་ཡོན་ཏན་དང་ལྡན་པ་ངེས་པ་མ་སྐྱེས་པ་དེ་སྲིད་དུ་སྐྱོན་མེད་པའི་ཡུལ་ཅན་གྱི་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་ཡོན་ཏན་རྣམས་ནི་ཡོད་པ་ཙམ་གྱིས་བྱ་བ་ལ་འཇུག་
པར་བྱེད་པ་མ་ཡིན་ནོ། །ཅི་སྟེ་ཡང་ཡོན་ཏན་རྣམས་ཀྱི་བྱ་བ་སྐྱོན་མེད་པར་ངེས་པར་བྱ་བའི་ཕྱིར་ཡིན་པར་མ་གྱུར་མོད། དེ་ལྟ་ན་ཡང་སྐྱོན་མེད་པར་མ་ངེས་པ་ཉིད་ལས་ཚད་མ་ཉིད་དུ་འགྱུར་རོ་སྙམ་ན་དེ་ཡང་རིགས་པ་མ་ཡིན་ཏེ། སྔ་མ་བཞིན་དུ་ཡིད་ཆེས་པར་འདོད་པའི་སྨྲ་བ་
པོ་དེ་ལ་མི་མཐུན་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཚིག་རང་ལས་ཚད་མ་ཉིད་དུ་ངེས་པ་ན་སྨྲ་བ་པོ་དེ་ལ་ཅི་འདི་བདེན་པར་སྨྲ་བ་ཡིན་ནམ་ཡང་ན་མ་ཡིན་པ་ཁོ་ན་ཞེས་མི་མཐུན་པར་རིགས་པ་མ་ཡིན་ནོ། །འདིར་ལོག་པའི་སྒྲས་ནི་ཐེ་ཚོམ་བསྡུ་སྟེ། ཐེ་ཚོམ་ཡང་
གཉི་གའི་ཆ་ལ་བརྟེན་པ་ཉིད་ཀྱིས་ཕྱིན་ཅི་ལོག་སྲིད་པའི་ཕྱིར་རོ། །གང་ཡང་ཀུ་མཱ་ར་རི་ལས། །དེ་ལྟ་བས་ན་ཡོན་ཏན་ལས། །སྐྱོན་རྣམས་མེད་པ་དེ་མེད་པས། །ཚད་མ་མིན་པར་གཉིས་མེད་དེ། །དེས་ན་སྤྱིར་བཏང་མི་སེལ་ཏོ། །ཞེས་བྱ་བ་ལ་སོགས་པ་གཞན་འདིར་སྨྲས་པ་དེ་
ཡང་སྐྱོན་མེད་པར་མ་ངེས་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་སྐྱོན་མེད་པར་མ་ཤེས་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཐེ་ཚོམ་དང་ཕྱིན་ཅི་ལོག་དམིགས་ཀྱིས་བསལ་བར་འགྱུར་བ་དག་དང་བྲལ་བའི་ཤེས་པ་འགྲུབ་པར་འགྱུར་ན་དེའི་ཚེ་ཚད་མ་ཉིད་དུ་འགྱུར་

གྱི། དམིགས་ཀྱིས་བསལ་བའི་ཡུལ་ལ་ཇི་ལྟར་སྤྱིར་བཏང་བར་འཇུག་པར་འགྱུར། ཐེ་ཚོམ་དང་ཕྱིན་ཅི་ལོག་དེ་དག་ཀྱང་ཉེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་པར་མ་ངེས་ན་དེ་དག་མེད་པ་ཡང་མི་འཐད་དོ། །ཅི་སྟེ། ཚད་མ་མིན་པར་གཉིས་མེད་པར། །
ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་མེད་པ་ཉིད་དུའོ། །མི་མཐུན་པ་དེ་ཉིད་སྟོན་པ་ནི། ཅི་འདིའི་ཚིག་འདི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྐྱོན་མེད་པ་ལ་སོགས་པ་ཡོད་པ་ཙམ་གྱིས་ཚད་མར་མ་ངེས་པར་ཐལ་བར་འགྱུར་བ་མི་རིགས་སོ་ཞེས་བསྟན་ཟིན་ཏོ། །ད་ནི་དེ་
དག་ཡོད་ན་ངེས་པ་ལ་ལྟོས་ནས་གཞན་ལས་ཚད་མ་ཉིད་དུ་ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་འདི་གཉིས་རྒྱས་པར་བསྟན་པའི་ཕྱིར། དེས་ན་སྐྱོན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོན་མེད་པ་དང་ཚད་མ་མིན་པ་མེད་པ་དེ། ཚད་མ་མ་ཡིན་པ་གཉིས་མེད་པ་དང་
ཡོན་ཏན་དག་ལས་གདོན་མི་ཟ་བར་རྟོགས་པ་དེ་ངེས་པ་ཞེས་བྱ་བ་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་གང་ཚད་མ་ཉིད་དུ་ངེས་པ་མི་རུང་བའི་ཕྱིར་རོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །གལ་ཏེ་ཁས་བླང་བར་བྱ་བ་ཡིན་མོད། །དེ་ལས་ཅིར་འགྱུར་ཞེ་ན། དེ་ཡང་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པ་གསུམ་པོ་དག་ལས་རྟོགས་པ་འདི་ཚད་མའི་ཡན་ལག་ཉིད་དུ་འདོད་པ་ནི་ཅི་ཚད་མ་མ་ཡིན་ནམ། འོན་ཏེ་ཚད་མ་ཞེས་བྱ་བ་རྣམ་པར་རྟོག་པ་གཉིས་སོ། །གལ་ཏེ་རྣམ་པར་རྟོག་པ་དང་པོ་ཡིན་པ་དེའི་ཚེ་ཚད་མ་ངེས་པའི་ཡན་ལག་ཏུ་འགྱུར་
བ་མ་ཡིན་ཏེ། རང་ཉིད་ཚད་མ་མ་ཡིན་པའི་ཕྱིར་རོ། །ཚད་མ་མ་ཡིན་པ་ཉིད་དུ་བཟུང་བ་ནི་དངོས་སུ་ཐ་སྙད་ངེས་པའི་ཡན་ལག་མ་ཡིན་ནོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་པ་ན་དེའི་ཚེ་བརྗོད་པར་འདོད་པའི་ཤེས་པ་དེ་དག་གཞན་ལས་ཚད་མ་ཉིད་དང་ཐུག་པ་མེད་པའི་སྐྱོན་དུ་
ཡང་ཐལ་བར་འགྱུར་རོ། །ཐུག་པ་མེད་པ་ཉིད་བསྟན་པར་འདོད་ནས། རྟོགས་པ་དེ་ཡི་ཚད་མའི་བདག། །ཅེས་བྱ་བ་ལ་སོགས་པ་དྲི་བར་བྱེད་དོ། །དེ་ཡང་ཞེས་བྱ་བ་ནི་གནོད་པར་བྱེད་པའི་ཤེས་པ་མེད་པའོ། །ཅི་སྟེ་ཉེས་པ་འདི་འདིར་ཡང་རྗེས་སུ་འཇུག་པ་ཡིན་ཞེ་ན། ཚད་མ་ཡིན་ཞེ་ན་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །འདིའི་ཡང་ཞེས་བྱ་བ་ནི་གནོད་པར་བྱེད་པའི་ཤེས་པ་མེད་པའོ། །གཞན་ཡང་། དེ་ལྟ་བས་ན་ཡོན་ཏན་ལས། །སྐྱོན་རྣམས་མེད་པ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་རིགས་པས་གལ་ཏེ་ཐམས་ཅད་དུ་ཚད་མ་ཉིད་དུ་ངེས་ན་དེའི་ཚེ་ཚད་
མ་ཐམས་ཅད་གཞན་ལས་ཡིན་པར་ཁས་བླངས་པ་དང་ཐུག་པ་མེད་པར་འགྱུར་རོ། །དེ་སྟོན་པ་ནི། དེ་ལྟ་བས་ན་ཡོན་ཏན་ལས། །ཞེས་བྱ་བ་ལ་སོགས་པ་སྟེ། སྔར་བསྟན་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོན་ཏན་རྣམས་ནི་ཚུ་རོལ་མཐོང་བ་རྣམས་ཀྱི་དབང་པོ་ལས་འདས་
པ་ཉིད་ཀྱི་ཕྱིར་དེ་མ་ངེས་ན་སྐྱོན་མེད་པར་ཡང་མི་ངེས་པའི་ཕྱིར་ཚད་མ་མ་ཡིན་པ་གཉིས་མེད་པ་ཡང་མི་ངེས་པས་ཡོན་ཏན་དག་ལས་ཚད་མ་ཉིད་འགྲུབ་པ་མ་ཡིན་ནོ། །ཅི་སྟེ་དེ་དག་ནི་ཡོད་པ་ཙམ་གྱིས་ཕན་འདོགས་པར་བྱེད་པ་ཡིན་ན། དེའི་བློ་མི་མཐུན་པར་འགྱུར་རོ་
ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྐྱོན་གྱི་ཚོགས་ཐམས་ཅད་དུ་ཐལ་བར་འགྱུར་རོ། །གཞན་ཡང་། དེ་ལྟ་བས་ན་ཡོན་ཏན་ལས། །སྐྱོན་རྣམས་མེད་པ་ཞེས་བྱ་བ་ལ་སོགས་པ་ཚད་མའི་ངེས་པའི་ཡན་ལག་ཉིད་དུ་བརྗོད་པ་ཚད་མ་མ་ཡིན་པ་གཉིས་མེད་པ་དང་། སྐྱོན་མེད་པ་ཞེས་བྱ་བ་
འདི་གཉིས་པོ་གང་ཡིན་པ་དེ་ཅི་མེད་པར་དགག་པ་ཙམ་དུ་འདོད་དམ། འོན་ཏེ་མ་ཡིན་པར་དགག་པའི་བདག་ཉིད་ཡིན་ཞེས་བྱ་བ་བརྟགས་པ་གཉིས་སོ། །ཕྱོགས་དང་པོ་ལ་ཉེས་པ་འཆད་པ་ནི། སྐྱོན་མེད་ཅེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་མེད་པར་དགག་པ་ཙམ་དུ་
འདོད་ན་དེའི་ཚེ་དེ་གྲུབ་པ་ཉིད་དུ་མི་འགྱུར་རོ། །འདི་ལྟར་དེ་རང་ལས་གྲུབ་བམ་འོན་ཏེ་གཞན་ལས་གྲུབ། རང་ལས་གྲུབ་པ་ཡིན་ན་ཡང་རང་ཉིད་གསལ་བའི་བདག་ཉིད་ཀྱིས་སམ། ངེས་པ་སྐྱེད་པར་བྱེད་པ་ལས་ཡིན། གཞན་ལས་ཡིན་ན་ཡང་རེས་འགའ་དམིགས་
པ་ལས་སམ། འོན་ཏེ་མ་དམིགས་པ་ལས་ཡིན་ཞེས་བྱ་བའི་ཕྱོགས་རྣམས་སོ། །རེ་ཞིག་རང་ལས་གསལ་བའི་བདག་ཉིད་ཀྱིས་གྲུབ་པ་ནི་རིགས་པ་མ་ཡིན་ཏེ། དེ་ནི་དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་དང་། གསལ་བའི་བདག་ཉིད་ཀྱང་དངོས་པོའི་

ཆོས་ཡིན་པའི་ཕྱིར་རོ། །ཤེས་པ་ཁོ་ན་གསལ་བའི་བདག་ཉིད་དུ་རང་རིག་པས་གྲུབ་ཀྱིས་དངོས་པོའི་རང་བཞིན་བཀག་པ་ཙམ་གྱིས་མཚན་ཉིད་ཀྱི་མེད་པ་ནི་མ་ཡིན་ནོ། །དེ་ནི་ངེས་པ་སྐྱེད་པར་བྱེད་པ་ལས་རང་ལས་གྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་མེད་པ་ནི་
ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་སྐྱེད་པར་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །སྐྱེད་པར་བྱེད་པ་ཉིད་ཡིན་ན་ཡང་དངོས་པོའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ནི་བོགས་དབྱུང་དུ་མེད་པ་ཉིད་ཀྱིས་ལྷན་ཅིག་བྱེད་པ་ལས་མི་ལྟོས་པའི་ཕྱིར་དེ་
ཡོད་པ་ཙམ་ན་འབྱུང་བའི་འབྲས་བུ་ལྡོག་པ་མེད་པར་ཐལ་བར་ཡང་འགྱུར་བའི་ཕྱིར་རོ། །གཞན་ལས་དེ་དམིགས་པ་ལས་དེ་གྲུབ་པར་འཐད་པ་མ་ཡིན་ནོ། །གང་ལས་ཤེ་ན། དངོས་པོ་མེད་པའི་ཕྱིར་ཏེ། དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ལ་དམིགས་པ་
ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །མི་དམིགས་པ་ལས་ཀྱང་དེ་མ་གྲུབ་པ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་མི་དམིགས་པ་ཡང་དངོས་པོ་མེད་པའི་བདག་ཉིད་ཡིན་པར་ཇི་ལྟར་གྲུབ་ཅེས་དེ་ལ་ཡང་རང་ངམ་གཞན་ལས་ཞེས་བྱ་བའི་
བསམ་པ་འདི་འཇུག་པ་ཉིད་དོ། །རེ་ཞིག་རང་ལས་ནི་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །གཞན་ལས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཐུག་པ་མེད་པ་དེ་ཉིད་སྟོན་པ་ནི། སྐྱོན་དང་ཚད་མིན་གཉིས་མེད་པ། །
ཞེས་བྱ་བ་ལ་སོགས་པ་སྟེ། སྐྱོན་དང་ཚད་མ་མ་ཡིན་པ་གཉིས་ཏེ་དེ་དག་མེད་པ་ཞེས་བསྡུའོ། །གཉིས་པ་མ་ཡིན་པ་དགག་པ་ལ་ཡང་སྐྱོན་འཆད་པ་ནི། དེ་ཡང་མ་ཡིན་དགག་བདག་ཉིད། །ཅེས་བྱ་བ་ལ་སོགས་པ་སྟེ། མ་ཡིན་པར་འཇུག་པས་སྐྱོན་མེད་པ་ནི་
ཡོན་ཏན་བདག་ཉིད་ཁོ་ནར་འགྱུར་ལ། དེ་ལྟ་བས་ན་ཡོངས་སུ་ཤེས་པ་ཡང་ཡོན་ཏན་ཤེས་པའི་བདག་ཉིད་དུ་འགྱུར་ན་དེ་ཡང་མི་འདོད་དོ། །ཡོན་ཏན་ཤེས་པ་ཉིད་ཀྱིས་འདིར། །དེ་ཚེ་བྱ་བ་བྱེད་མ་ཡིན། །ཞེས་སྨྲས་པའི་ཕྱིར་རོ། །ཚད་མ་མ་ཡིན་པ་གཉིས་མེད་པ་ཡང་

མ་ཡིན་པར་དགག་པའི་ཕྱོགས་ལ་ཚད་མའི་བདག་ཉིད་ཁོ་ན་གནས་ལ་དེ་ལྟ་ཡིན་དང་ཚད་མ་མ་ཡིན་པ་གཉིས་མེད་པ་ཤེས་ན་ཡང་བརྗོད་པར་འདོད་པའི་ཚད་མའི་རང་གི་ངོ་བོར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཚད་མ་མིན་པ་གཉིས་མེད་པ། །དེས་ན་སྤྱིར་བཏང་ནི་སེལ་ཏེ། །ཞེས་
བྱ་བ་མི་འཐད་དེ། འབྲེལ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ཉིད་ཚད་མ་ཉིད་དུ་ངེས་པའི་ཕྱིར་དེ་ཚད་མ་ཉིད་ངེས་པར་བྱེད་དོ་ཞེས་རྟགས་དང་རྟགས་ཅན་གྱི་ངོ་བོའི་ཚིག་གི་དོན་འབྲེལ་པ་མེད་པར་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །གཞན་ཡང་རྟགས་དང་རྟགས་ཅན་ཐ་མི་དད་
པའི་ཕྱིར་དེ་ལས་ཐ་དད་པ་ཡིན་ལ་ཚད་མ་མ་ཡིན་པ་གཉིས་མེད་པའི་ཤེས་པ་དང་ཚད་མ་མ་ཡིན་པ་གཉིས་མི་ཤེས་པ་ལས་ཐ་དད་པར་འགྱུར་ཏེ། མ་ཡིན་པར་དགག་པའི་བདག་ཉིད་ཡིན་ལ་དེ་ལས་ཐ་དད་པ་ལས་རིགས་པ་ཡོད་པ་མ་ཡིན་ཏེ། གོ་སྐབས་གཞན་མེད་པའི་
ཕྱིར་རོ། །ཡང་ན་ཚད་མིན་གཉིས་མེད་པ། །ཞེས་བྱ་བ་ལ་སོགས་པས་ཚད་མ་མ་ཡིན་པ་གཉིས་མེད་པར་གྲུབ་པར་ཁས་བླངས་ནས་གཞན་གྱི་ལུགས་ཉིད་ཀྱིས་གཞན་ལས་ཚད་མ་ཉིད་སྟོན་པ་ཡིན་ནོ། །གཞན་དུ་མི་འཐད་པས་ཤེས་ན། །ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱིན་
ཅི་ལོག་དག་ལས་གཞན་པའི་ཤེས་པ་ནི་རང་ལས་ཚད་མ་ཉིད་མ་གཏོགས་པར་གོ་སྐབས་གཞན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་ཡོན་ཏན་ལས། །ཞེས་བྱ་བ་ལ་སོགས་པས་བརྗོད་པའི་རིགས་པ་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། ཁྱེད་ལ་རིགས་པ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་དེའོ། །དེ་ཅི་ཞིག་བརྗོད་པར་ནུས་ཤེ་ན། དེས་ན་སྐྱོན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་བཞིན་ཞེས་བྱ་བ་ནི་བདུན་པའི་མཐའ་ཅན་གྱི་རང་བཞིན་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཚད་མ་མ་ཡིན་པའོ། །ལྷག་མ་ནི་གོ་བར་
ཟད་དོ། །ཉེས་པ་ཡོད་དམ་མེད་ཅེས་པ། །ཞེས་བྱ་བ་ལ་སོགས་པ་ལ། ཉེས་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོས་པ་བརྟག་པར་རིག་བྱེད་ཀྱི་བྱེད་པ་པོ་བསྒྲུབ་པའི་ཕྱིར་བྱེད་པ་མེད་ཕྱིར་ཞེས་བྱ་བ་མ་གྲུབ་པོ། །དེས་ན་རྟོག་པ་དང་ལྡན་པ་ཁོ་བོ་ཅག་ལ་རིག་

བྱེད་ལ་ཉེས་པའི་རྟོགས་པ་མེད་པ་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཁོ་ནའོ། །དེས་ན་ལྟོས་པ་མེད་པའི་ཕྱིར། །རིག་བྱེད་ཚད་མ་འགའ་བརྗོད་པ། །ཞེས་བྱ་བ་ལ་སོགས་པ་འདི་ལ། དེས་ན་ལྟོས་པ་མེད་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་བྱ་བ་
ནི་རིག་བྱེད་དོ། །རིག་བྱེད་དོན་ལ་ཚད་གཞན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཤེས་པ་མི་སླུ་བའམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་བྱེད་པ་ལ་མི་སླུ་བའི་ཤེས་པ་དང་། རྒྱུད་དག་པའི་ཤེས་པ་འདི་གཉིས་རིག་བྱེད་ལས་ཚད་མ་ཉིད་དུ་ངེས་པའི་
རྒྱུར་ཁས་མི་ལེན་ན་དེའི་ཚེ་ངེས་པའི་རྒྱུར་མ་ཚང་བའི་ཕྱིར་རིག་བྱེད་ཚད་མ་ཉིད་དུ་ངེས་པར་མི་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །གཞན་ལ་ཡང་ནི་འབྲེལ་པ་ཉིད། །ཅེས་བྱ་བ་འདི་ལ། གཞན་ལ་ཡང་དེ་ལྟར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་
ལྟར་གྱུར་པའི་ཞེས་བྱ་བ་ནི་མི་སླུ་བ་དང་། ཡོན་ཏན་ཡོངས་སུ་ཤེས་པ་ཉིད་དོ། །འདི་ཡང་ཐུག་པ་མེད་པའི་སྐྱོན་ནི་དང་པོ་ཉིད་དུ་བསལ་ཟིན་ཏོ། །དེས་ན་ནི་དེའི་ཕྱིར་རོ། །གང་ཞིག་ཚད་མ་ཡིན་པ་དེ་ནི་ཚད་མ་གཞན་དང་འབྲེལ་པ་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བ་འདི་མ་ངེས་
པ་ཡིན་ཏེ། ངེས་པར་བྱ་བའི་དོན་དུ་ཚད་མ་གཞན་ལ་ལྟོས་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། དེ་ཡི་ཚད་མ་ཉིད་གནས་ན། །ཞེས་བྱ་བ་ལ་སོགས་པ་སྟེ། འདིས་ནི། གང་ལ་ཚད་མ་ཕྱི་མས་ཀྱང་། །ཡོངས་སུ་གཅོད་འགྱུར་དེ་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་དེ་
ཡང་བསལ་བ་ཡིན་ཏེ། གཞན་ལས་ཚད་མ་ཉིད་དུ་ངེས་པ་ན་ཤེས་པ་སྔ་མའི་དོན་ཐོབ་པར་ནུས་པའི་མཚན་ཉིད་ཀྱིས་ཚད་མ་ཉིད་དུ་ཉེ་བར་འགྲོ་བ་མ་ཡིན་ནོ། །ལན་ཅིག་སྐྱེས་ནས་འཇིག་པ་ཡི། །དོན་ལ་ཚད་མ་ཉིད་མི་འགྱུར། །ཞེས་བྱ་བ་འདི་ལ། ལན་ཅིག་སྐྱེས་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་ཚད་མ་ཉིད་དོ། །བཤད་པའི་རིམ་པ་ཉིད་བསྟན་པའི་ཕྱིར། གལ་ཏེ་རྣམ་ཤེས་རྒྱུ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་དངོས་སུ་ཐོབ་པ་ཞེས་བྱ་བ་ནི་དེའི་ཚེ་དེ་ལས་ངེས་ཞེས་སྐབས་དང་འབྲེལ་པར་བྱའོ། །འོན་

ཏེ་དོན་བྱེད་པའི་ཤེས་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་ལས་ཤེས་པ་སྔ་མ་ཚད་མ་ཉིད་མི་རིགས་པ་མ་ཡིན་ནམ་འདི་ལྟར་ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར་ཆུའི་ཡུལ་ཅན་གྱི་རྟོག་པ་མེད་པའི་ཤེས་པ་ནི་གཟུགས་ཙམ་འཛིན་པ་ཡིན་ལ། ཁྲུས་ལ་སོགས་པའི་དོན་བྱེད་པའི་
ཤེས་པ་ནི་རིག་བྱ་ཙམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཇི་ལྟར་གཞན་ལ་དམིགས་པའི་ཤེས་པ་གཞན་གྱི་ཡུལ་ཅན་གྱི་ཤེས་པ་ཚད་མ་ཉིད་དུ་སྒྲུབ་པར་བྱེད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། སྐྱོན་འདི་ནི་མེད་དེ། འདུས་པ་ལ་ཡོད་པའི་ཡུལ་གཉིས་མེད་ན་མི་འབྱུང་བའི་
ཕྱིར་གཞན་ལ་དམིགས་པའི་ཤེས་པ་ཡང་གཞན་གྱི་ཡུལ་ཅན་གྱི་ཤེས་པ་ཚད་མ་ཉིད་དུ་སྒྲུབ་པར་འགྱུར་གྱི་གཟུགས་དང་རེག་པ་དེ་གཉིས་ཐ་དད་དུ་འཇུག་པ་ནི་མ་ཡིན་ཏེ། ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ། །དེ་ལ་སྔར་གྱི་གཟུགས་ཀྱི་ཤེས་པ་དེ་ནི་དོན་མེད་པ་ལ་
ཡང་དོན་གྱི་ངོ་བོས་འཇུག་པར་མཐོང་བའི་ཕྱིར་དུས་ཕྱིས་འབྱུང་བ་དེའི་ཡུལ་མེད་ན་མི་འབྱུང་བའི་རེག་པ་འཛིན་པའི་ཤེས་པ་ལས་དེའི་ངེས་པ་སྐྱེ་བ་ལྟོས་པ་ཡིན་ནོ། །འོན་ཏེ་དེ་ལྟ་ན་ཡང་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་ཤེས་པ་སྔ་མས་གཟུང་བའི་
གཟུགས་མེད་ན་མི་འབྱུང་བའི་རེག་པ་ཕྱིས་ཀྱི་ཤེས་པ་འཇུག་པས་ཡུལ་དུ་མ་བྱས་པའི་ཕྱིར་ཇི་ལྟར་དེ་ལས་ངེས་པ་ཡིན་ཞེ་ན། སྐྱོན་འདི་ནི་མེད་དེ། གཟུགས་ལ་སོགས་པའི་སྐད་ཅིག་ཕྱི་མ་རྣམས་ཤེས་པ་སྔ་མས་གཟུང་བའི་གཟུགས་ལ་སོགས་པའི་སྐད་ཅིག་
དང་དོན་བྱེད་པར་ཁྱད་པར་མེད་པར་འདོད་པ་ན་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་གཅིག་ཉིད་དུ་ཐ་སྙད་དུ་བྱེད་ཀྱི། ཚུ་རོལ་མཐོང་བ་རྣམས་སྐད་ཅིག་མས་ཐ་སྙད་དུ་བྱེད་པ་ནི་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཤེས་པ་སྔ་མས་ཡོངས་སུ་གཅད་པའི་གཟུགས་ལ་
སོགས་པའི་དོན་མེད་ན། མི་འབྱུང་བའི་ཕྱིར་ཤེས་པ་ཕྱི་མའི་ཡུལ་ཅན་ཡིན་པ་ཉིད་ཐ་དད་པའི་ཐ་སྙད་ཡོད་ན་ཡང་དེ་ལས་ངེས་པ་མི་འགལ་ལོ། །མིག་ལ་སོགས་དང་འབྲེལ་མེད་པའི། །རྣ་བློ་འང་ཚད་མར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ།

རྣ་བའི་བློ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པའི་བློ་གཞན་དག་ཀྱང་འབྲེལ་པ་མི་འགྲུབ་པ་ཉིད་དེ། འདི་ལྟར་པི་ཝང་ལ་སོགས་པའི་སྒྲ་དང་དེ་དང་འབྲེལ་པའི་གཟུགས་ལ་སོགས་པ་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་དུ་བས་
བུད་ཤིང་འགྱུར་བ་དག་བཞིན་དུ་ཕན་ཚུན་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཉིད་ཡིན་ནོ། །རྒྱུན་གྱི་འཇུག་པ་ལ་ལྟོས་ཀྱང་སྔ་མ་སྔ་མའི་ཚོགས་པ་ཕྱི་མ་ཕྱི་མ་གཞན་གྱི་རྒྱུ་ཡིན་པའི་ཕྱིར་དངོས་སུ་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡོད་པ་ཉིད་ཡིན་ནོ། །དེ་ལྟ་
ཡིན་དང་དེ་འཛིན་པའི་ཤེས་པ་ཡང་དེའི་སྒོ་ནས་བརྒྱུད་ནས་འབྲེལ་པ་ཡང་ཡོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟ་བས་ན་རྣ་བའི་བློ་ཚད་མར་གྱུར་པ་ཉིད་ཡིན་ཏེ། དེ་ལས་གཞན་པའི་མིག་ལ་སོགས་པའི་བློ་རྣམས་དང་ཇི་སྐད་དུ་བཤད་པའི་འབྲེལ་པ་ཡོད་པའི་ཕྱིར་རོ། །འདི་ལྟར་
ཐག་རིང་པོར་པི་ཝང་ལ་སོགས་པའི་སྒྲ་ཐོས་པ་ལས་གླིང་བུ་ལ་སོགས་པའི་སྒྲ་དང་ཆོས་མཐུན་པའི་ཕྱིར་དེ་དོན་དུ་གཉེར་བའི་སྐྱེས་བུ་ཐེ་ཚོམ་སྐྱེས་ཏེ་འཇུག་པ་ན་པི་ཝང་གི་གཟུགས་མཐོང་བ་ལས་ཅི་འདི་པི་ཝང་གི་སྒྲ་ཡིན་ནམ། འོན་ཏེ་གླིང་བུ་དང་གླུ་ལ་སོགས་པའི་སྒྲ་
ཡིན་ཞེས་སྔར་ཐེ་ཚོམ་སྐྱེས་པ་གང་ཡིན་པ་དེ་ལྡོག་པ་ཡིན་ནོ། །ཡུལ་གང་དུ་རྫ་རྔ་ལ་སོགས་པའི་སྒྲ་སྙན་པ་ཐོས་པ་ལས་འཇུག་པ་དོན་དེ་རྟོགས་པར་མི་འགྱུར་བ་དེར་ནི་སླུ་བའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དུ་རྟོགས་པ་ཡིན་ནོ། །སྒྲུབ་བྱེད་གཞན་གྱིས་བསྐྱེད་པའི་བློ། །
གཉི་ག་ལ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། འདིར་ནི་སྒྲུབ་པར་བྱེད་གཞན་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་པི་ཝང་ལ་སོགས་པའི་གཟུགས་འཛིན་པའོ། །ཇི་ལྟར་དབང་པོ་གཅིག་རག་ལས། །ཤེས་པ་གཞན་དང་
འབྲེལ་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དབང་པོ་དུ་མ་ལས། །ཞེས་བྱ་བ་ལ་སོགས་པ་སྟེ། མི་སྣང་ངོ་ཞེས་བྱ་བ་ནི་དབང་པོ་གཞན་ལ་རག་ལས་པའི་ཤེས་པ་གཞན་དང་འབྲེལ་པའོ། །འདི་ཇི་ལྟར་མངོན་སུམ་ལ་རྒྱུར་བཏགས་པ་ཡིན་ཞེ་ན། འདི་ལྟར་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལས་བྱུང་ཞེས་བྱ་བ་ནི་གཟུགས་ཀྱི་ཡུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །གཞན་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཚིག་ནི་གཅིག་པུ་ཁོ་ན་ཡིས། །ཞེས་བྱ་བ་སྨོས་ཏེ།
འདི་ནི་དོན་ལ་མི་སླུ་བ་མ་གྲུབ་པ་ཉིད་དུ་བསྟན་ཏེ། འདི་ལྟར་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱའོ་ཞེས་བྱ་བའི་ངག་འདི་ལས་རྟོག་པ་དང་ལྡན་པའི་ངེས་པའི་རྒྱུ་མེད་པའི་ཕྱིར་ངེས་པ་མི་སྐྱེ་བས་ཡུལ་དང་དུས་ལ་སོགས་པ་ལ་མི་སླུ་བ་གྲུབ་པ་མ་ཡིན་ནོ། །ཐམས་ཅད་དུ་སྐྱེས་བུ་
གཞན་ལ་མི་སླུ་བ་རྙེད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐོ་རིས་སོགས་ལ་བྲམ་ཟེ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ངེས་ཚིག་བྱེད་པ་རྣམས་ཀྱིས་མི་ལས་ཕུལ་དུ་བྱུང་བའི་སྐྱེས་བུའི་ཁྱད་པར་གནས་པའི་རི་རབ་རིའི་རྩེ་མོ་ལ་སོགས་པའི་ཡུལ་གྱི་ཁྱད་
པར་མི་ལས་ཕུལ་དུ་བྱུང་བའི་བདེ་བའི་རྟེན་ཕུན་སུམ་ཚོགས་པ་དུ་མས་ཕྱུག་པ་ནི་མཐོ་རིས་ཡིན་ནོ་ཞེས་རྗོད་པར་བྱེད་ལ། དཔྱོད་པ་པ་རྣམས་ན་རེ་མི་རྣམས་ཀྱི་དགའ་བའི་ཁྱད་པར་ཉིད་མཐོ་རིས་ཡིན་ནོ་ཞེས་བྱའོ། །མཆོད་སྦྱིན་ལ་ཡང་བློ་མི་མཐུན་པ་སྣང་སྟེ། སྔོན་གྱི་སྐལ་བ་ལ་
མཆོད་སྦྱིན་པ་གང་གིས་མཆོད་སྦྱིན་བྱེད་པ་ན་བག་ཟན་ལས་བྱས་པའི་ཕྱུགས་ཀྱིས་སོ་ཞེས་ཐོས་ལ། བརྩེ་བ་མེད་པ་ངན་པའི་བདག་ཉིད་ཅན་གཞན་དག་གིས་ནི་སྲོག་ཆགས་ཀྱི་ཁྱད་པར་ཉིད་ཕྱུགས་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །དེ་ཕྱིར་བརྟེན་པར་སྐྱེས་པའོ། །ཞེས་བྱ་བ་ལ་
སོགས་པ་ལ། བསྐུལ་བས་བསྐྱེད་པའི་ཤེས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་ཐོས་པ་བརྟགས་པར་རོ། །གཞན་དང་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་མེའི་སྦྱིན་སྲེག་ལས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བ་ནི། སྐྱེས་བུས་བྱས་པའི་ཚིག་ལས་བྱུང་
བའི་རྟོགས་པ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཁྱེད་ཅག་གིས་ཇི་ལྟར་སྐུལ་བར་བྱེད་པ་ལས་བྱུང་བའི་བློ་ཡུལ་ལ་སོགས་པ་ལ་སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཚིག་ཙམ་ཡིན་ནོ་ཞེས་སྟོན་པ་ནི། སྐུལ་བར་བྱེད་པ་ལས་བྱུང་བློ། །ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །སྒྲ་རྣམས་ཀྱི་ནི་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། མངོན་སུམ་གྱི་ཡང་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་འདོད་པའི་ཐོག་ཏུ་གཏོང་བ་ནི་ཐལ་བར་འགྱུར་བར་བརྗོད་ལ། གང་གིས་ཐལ་བར་འགྱུར་བ་བྱ་བར་འགྱུར་
བ་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཚད་མ་ཉིད་དུ་གྲུབ་པར་མི་འདོད་པ་ཡང་མ་ཡིན་ནོ། །ཇི་ལྟར་འདིར་རྗེས་སུ་དཔག་པས་མངོན་སུམ་ཚད་མ་ཉིད་དུ་བསྒྲུབ་པར་བྱ་བ་དེ་ལྟར་སྔར་བཤད་ཟིན་ལ། དེ་ཉིད་དྲན་པར་བྱེད་པ་ནི། དག་པའི་རྒྱུ་ཡིས་བསྐྱེད་ཕྱིར་ཞེས་པ་སྟེ།
དེ་ལས་གཞན་བཞིན་ཞེས་བྱ་བ་ནི་ཡུལ་ཉེ་བར་འཛིན་པའི་མངོན་སུམ་བཞིན་ནོ། །ཚད་མ་རྣམས་ཀྱིས་ཚད་མ་བཞིན། །གཞན་དག་གང་ཞིག་བསྒྲུབ་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དོན་བྱེད་པའི་
ཤེས་པ་ལ་འཁྲུལ་པ་མེད་པ་དེ་ལྟར་ནི་སྔར་སྨྲས་པ་དངོས་པོ་ལ་མི་སླུ་བ་ཚད་མ་ཉིད་དུ་བརྗོད་པ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་ཏོ། །དེས་ན་དོན་བྱེད་པ་ལ་མི་སླུ་བའི་ཤེས་པ་ཚད་མ་ཉིད་དུ་གྲུབ་པ་ཡིན་ན་ཐུག་པ་མེད་པར་མི་འགྱུར་རོ། །རྗེས་སུ་དཔག་པས་ཀྱང་སྒྲུབ་
པ་ན་ཐུག་པ་མེད་པར་མི་འགྱུར་རོ་ཞེས་བྱ་བར་བདག་དང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་སྟེ་རང་བཞིན་དང་འབྲས་བུ་ཡིན་པས་དེ་སྐད་ཅེས་བྱའོ། །མིང་དེ་རྟགས་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །འཁྲུལ་པ་མེད་པར་ངེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ་འདི་སྐད་དུ་བསྟན་པ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འབྲེལ་པའི་རང་བཞིན་དང་འབྲས་བུ་ཞེས་བྱ་བའི་རྟགས་ངེས་པའི་སྟོབས་ཀྱིས་སྐྱེ་བའི་རྗེས་སུ་དཔག་པ་ནི་འཁྲུལ་པའི་རྒྱུ་མེད་པའི་ཕྱིར་རང་ཉིད་ལས་ཚད་མ་མ་ཡིན་པས་ཐུག་པ་མེད་པ་མ་ཡིན་ནོ། །
ཅི་སྟེ་སྒྲུབ་བྱེད་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། ལ་ལར་ཞེས་བྱ་བ་ལ་སོགས་པ་ལ་སྨོས་སོ། །གོམས་པ་ལ་སོགས་པའི་ངེས་པའི་རྒྱུ་མེད་པའི་ཕྱིར་ལ་ལར་དེ་ཕྱོགས་དང་པོ་ལ་འཁྲུལ་པ་སྐྱེ་བའི་ཕྱིར་དེའི་རང་ལས་ཚད་མ་ཉིད་དུ་གྲུབ་པ་མ་ཡིན་ནོ། །ཚད་མ་འཛིན་

པ་ལས་སྔ་རོལ། རང་གི་ངོ་བོས་རབ་ཏུ་གནས། །ཞེས་བྱ་བ་ལ་སོགས་པ་ལ། མི་གསལ་གསལ་བ་ཉིད་ཡིན་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ལ་མི་གསལ་བ་གསལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གདོན་མི་ཟ་བར་ཤེས་པ་ཤེས་པར་བྱ་དགོས་
ཏེ། དེ་མ་ཤེས་ན་ཐམས་ཅད་མི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་དོན་གསལ་བ་ཁོ་ན་ཤེས་པ་ཞེས་བྱའི་གཞན་ནི་མ་ཡིན་ཏེ། གསལ་བ་དེ་ཡང་ལྐོག་ཏུ་གྱུར་པ་ཡིན་ནོ། །དོན་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་ཐལ་བར་འགྱུར་ཏེ། མི་གསལ་བ་གསལ་བ་ཉིད་
ཀྱི་ཕྱིར། དཔེར་ན་གཞན་གྱི་རྒྱུད་ལ་ཡོད་པའི་མངོན་སུམ་གྱི་ཡུལ་གྱི་དོན་བཞིན་ནོ། །སྦྱོར་བ་ནི་དངོས་པོ་གང་ཞིག་གང་མི་གསལ་བ་གསལ་བ་དེ་ནི་དེའི་མངོན་སུམ་མ་ཡིན་ཏེ། དཔེར་ན་རྒྱུད་གཞན་ལ་ཡོད་པའི་མངོན་སུམ་གྱི་ཡུལ་དུ་བྱས་པའི་གཞན་བཞིན་ནོ། །རྩོད་
པའི་གཞིར་གྱུར་པའི་འགའ་ཞིག་གི་ཤེས་པ་ཡང་མི་གསལ་བ་གསལ་བ་ཡིན་ནོ་ཞེས་བྱ་བ་ན་ཁྱབ་བྱེད་འགལ་བ་དམིགས་པའོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། དེ་དངོས་པོ་དེ་གསལ་བར་སྐྱེ་བ་ཙམ་གྱིས་མངོན་སུམ་ཉིད་ཡིན་ན་ཐམས་ཅད་མངོན་སུམ་ཉིད་
དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་བས་ན་བཟློག་པ་ཡིན་ནོ། །ཇི་ལྟར་རིགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་བེམས་པོའི་ངོ་བོའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་སོགས་པ་རྣམས་ནི་ཡུལ་བཞིན་
དུ་བེམས་པོའི་ངོ་བོ་ཡིན་པའི་ཕྱིར་དངོས་སུ་ཡུལ་འཛིན་པ་མ་ཡིན་གྱི། རྣམ་པར་ཤེས་པ་ལ་རྒྱུའི་ངོ་བོར་འགྱུར་བ་ཙམ་གྱིས་དེ་དག་ཡུལ་འཛིན་པར་བརྟགས་པ་འབའ་ཞིག་ཏུ་ཟད་པས་མི་ཤེས་པ་དེ་དག་ཉིད་ཀྱིས་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པས་ཡུལ་འཛིན་པ་ཞེས་
བྱ་བར་འགྱུར་རོ། །དེ་ལྟར་གང་གིས་མི་ཤེས་ཀྱང་མིག་ལ་སོགས་པ་བཞིན་དུ་ཡུལ་འཛིན་པ་ཞེས་བྱ་བར་འགྱུར་བ་རྣམ་པར་ཤེས་པ་ཡུལ་ལ་ཅུང་ཞིག་བྱེད་པ་ནི་མ་ཡིན་ནོ། །མངོན་པར་གསལ་བར་བྱེད་དོ་ཞེ་ན་མ་ཡིན་ཏེ། ཤེས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །

མངོན་པར་གསལ་བ་དང་། དམིགས་པ་དང་། ཡོངས་སུ་གཅོད་པ་དང་། ཡང་དག་པར་རིག་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རྣམ་གྲངས་ཀྱིས་བརྗོད་ཀྱི་དོན་གཞན་ནི་མ་ཡིན་ནོ། །རང་གི་བདག་ཉིད་ལ་བྱེད་པར་རིགས་པ་ཡང་མ་ཡིན་ཏེ། རང་གི་
བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་། སྐྱེས་པ་དང་མ་སྐྱེས་པའི་གནས་སྐབས་དག་ནི་ཡོད་པ་དང་མེད་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཤེས་པ་སྐྱེས་པའི་བདག་ཉིད་བྱེད་དམ། མ་སྐྱེས་པ་བྱེད་གྲང་། རེ་ཞིག་སྐྱེས་པ་ནི་མ་ཡིན་ཏེ། དེའི་བདག་ཉིད་ཡིན་ན་ཡང་གྲུབ་པ་
དང་བདེ་བ་གཅིག་པའི་ཕྱིར་ཏེ། གང་ཞིག་གང་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་མ་ཡིན་པ་དེ་ནི་དེའི་རང་བཞིན་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱེས་པའི་རང་བཞིན་ཡང་བྱེད་པར་མི་རིགས་ཏེ། ཁྱད་པར་དུ་བྱར་མེད་པའི་
ཕྱིར་དང་རྒྱུན་མི་འཆད་པར་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མ་སྐྱེས་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། མེད་པའི་ཕྱིར་རོ། །མེད་པ་ལ་བྱ་བ་རིགས་པ་མ་ཡིན་ཏེ། དེ་ནི་ནུས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བྱ་བ་
མི་བྱེད་པ་ནི་བྱེད་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་ཡོད་པའི་མཚན་ཉིད་ཡིན་ཏེ། དོན་བྱ་བ་བྱེད་པ་ཉིད་གང་ཡིན་པའོ། །དེ་ལྟ་བས་ན་དཔེ་དོན་དང་མཚུངས་པ་མ་ཡིན་ནོ། །དེ་ཕྱིར་འདི་ནི་ཚད་མ་ལ། །ཞེས་བྱ་བ་ལ་སོགས་པ་ལ། དེས་ན་འདིར་ནི་
ཚད་མ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་རང་རིག་པས་རང་ཉིད་ལས་གྲུབ་པ་ན། འོ་ན་ཤེས་པ་རང་ཉིད་ལས་ཚད་མར་གྲུབ་པ་མ་ཡིན་ནམ་ཞེས་པ་དོགས་པ་བསུ་ནས། འདིར་ནི་འདི་ཙམ་དུ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམས་
སུ་མྱོང་བ་ཞེས་བྱ་བ་ཙམ་གྱིས་བདག་ཉིད་ཐམས་ཅད་ཀྱིས་ངེས་པ་སྐྱེ་བ་མ་ཡིན་ཏེ། ངེས་པ་སྐྱེ་བ་ནི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་མང་དུ་བསྟན་ཟིན་ཏོ། །དེས་ན་ཞེས་པའི་དོན་ཐོབ་པར་འདོད་པ་རང་རིག་པས་བཟུང་ན་ཡང་འཁྲུལ་པའི་རྒྱུ་ཚད་མ་མ་ཡིན་པ་དང་འདྲ་བའི་

གོམས་པ་མེད་པ་ལ་སོགས་པ་སྲིད་པའི་ཕྱིར་ངེས་པ་མ་སྐྱེས་པས་མ་ངེས་པ་ཡིན་ནོ། །བརྗོད་དེ། ངེས་པ་དང་མ་ངེས་པ་དག་ཐ་དད་པའི་ཕྱིར་རོ། །སྒྲོ་འདོགས་པ་རྣམ་པར་གཅོད་པའི་སྒོ་ནས་གཞན་ལས་ཚད་མ་ཉིད་དུ་འདོད་དོ་ཞེས་བྱ་བ་ལ་སོགས་པ་འགལ་བ་མེད་དོ། །ཇི་སྐད་
དུ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་བཤད་པ་བཞིན་ནོ། །དེ་བཞིན་དོན་དུ་ཞེས་བྱ་བ་ནི་ཚད་མ་ཉིད་དུའོ། །ཚད་མ་མིན་པའང་རང་དོན་ལ། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཤེས་པ་གོམས་པ་ལས། །ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གོམས་པ་ལ་ཡོད་པ་ནི་གོམས་པ་སྟེ། ཇི་ལྟར་གོམས་པའི་སྟོབས་ཀྱིས་ཚད་མ་ཉིད་ཐམས་ཅད་དུ་རང་ཉིད་ངེས་པས་སོ་ཞེས་བརྗོད་པ་དེ་བཞིན་དུ་ལོག་པ་ཉིད་ཀྱང་འགའ་ཞིག་ཏུ་རང་ཉིད་ལས་ངེས་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་རབ་རིབ་ཅན་ལ་སོགས་པས་
འགའ་ཞིག་གོམས་པའི་སྟོབས་ཀྱིས་སྐྲ་ཤད་འཛིངས་པ་ལ་སོགས་པའི་ཤེས་པ་སྐྱེད་པའི་དེ་མ་ཐག་ཁོ་ནར་ལོག་པ་ཉིད་ངེས་པར་བྱེད་པ་མཐོང་བ་ཁོ་ནའོ། །དེར་ཡང་དོན་གཞན་དངོས་ལ་བློ། །ཡང་ན་རྒྱུ་ནི་སྐྱོན་ཅན་ལ། །ཞེས་བྱ་བ་ལ་སོགས་པ་ལ། གནོད་དང་ཞེས་བྱ་
བ་ལ་སོགས་པ་སྟེ། བཤད་པ་ཡིན་ཞེས་བྱ་བ་འདི་འདི་ལྟར་གནོད་པ་མེད་པའི་ཕྱིར་རོ། །ཁྱེད་ཀྱིས་ཚད་མ་ཉིད་དུ་བརྗོད། །གནོད་མེད་ལ་ཡང་དངོས་མེད་པ། །ཞེས་བྱའི་ཚད་མ་གཞན་འདོད་ཀྱིས། །ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །དེས་ན་ཞེས་བྱ་བ་ནི་དེའི་
ཕྱིར་རོ། །སྐྱེ་བའི་གནས་སྐབས་ཉིད་ན་འདི། །ཚད་མ་ཉིད་ཅེས་བྱ་བར་ངེས། །ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་གནས་སྐབས་ཉིད་ན་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་གནས་སྐབས་འདི་ན་ཅི་བདག་ཉིད་ཀྱིས་ཚད་མ་ཞེས་ངེས་སམ། འོན་ཏེ་ལྷན་
ཅིག་ཏུ་འབྱུང་བའི་ཤེས་པ་གཞན་གྱིས་སམ། ཡང་ན་དུས་ཕྱིས་འབྱུང་བ་ཡིན། །ཞེས་བྱ་བའི་ཕྱོགས་གསུམ་མོ། །དེ་ལ་རེ་ཞིག་བདག་ཉིད་ཀྱིས་ནི་མ་ཡིན་ཏེ། ཤེས་པ་ཐམས་ཅད་ནི་བདག་ཉིད་ལ་རྟོག་པ་མེད་པ་ཡིན་པའི་ཕྱིར་ཚད་མའོ་སྙམ་དུ་འཛིན་པ་མི་འཐད་དོ། །

གཞན་གྱི་ཤེས་པས་རིག་པར་འདོད་པ་ཡང་མ་ཡིན་ཏེ། བློ་རྟག་ཏུ་ལྐོག་ཏུ་གྱུར་པར་ཁས་ལེན་པའི་ཕྱིར་རོ། །དུས་མཚུངས་པར་འབྱུང་བའི་ཤེས་པ་གཞན་གྱིས་ཀྱང་མ་ཡིན་ཏེ། རྣམ་པར་ཤེས་པ་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །དུས་
ཕྱིས་འབྱུང་བས་ཀྱང་མ་ཡིན་ཏེ། ཤེས་པ་གཞན་ཡང་མ་གྲུབ་པ་ནི་དེས་གཟུང་བར་བྱ་བའི་ཤེས་པ་ཡང་མི་གསལ་བ་གསལ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ཡང་ཤེས་པ་གཞན་གྱིས་བསྒྲུབ་པར་འདོད་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་གང་
དུའང་ལོག་པ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། རིག་བྱེད་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་རྣམས་ཀྱི་ནི་ཆོས་མཐུན་པ་ཙམ་རིག་བྱེད་ལ་གནོད་པར་བྱེད་པའི་ཚད་མར་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་བཤད་པའི་བདག་དང་
སྤྱིའི་ཚིག་གི་དོན་ལ་ཚད་མས་གནོད་པའི་ཕྱིར་ཏེ། དེ་ཡང་བདག་བརྟག་པ་ལ་སོགས་པར་བསྟན་ཟིན་ཏོ། །གཞན་ཡང་ཐོས་པ་བརྟག་པར་རིག་བྱེད་སྐྱེས་བུས་བྱས་པ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་དང་། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་ཡང་ནགས་ཀྱི་མེ་ལ་སོགས་པ་
བཞིན་དུ་ལོག་པ་ཉིད་ཀྱི་རྒྱུ་སྲིད་པའི་ཕྱིར། འདིར་ཚད་མ་མ་ཡིན་པ་ཉིད་དུ་སྲིད་པ་ཡིན་ནོ་ཞེས་དེ་ལྟར་བརྗོད་ཀྱི་ཆོས་མཐུན་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་སྲིད་པ་དེ་ལྟ་ན་ཡང་སྲིད་པ་ཙམ་གྱིས་འདི་ཇི་ལྟར་ཚད་མ་མ་ཡིན་པ་ཉིད་དུ་གྲུབ་པར་འགྱུར་སྙམ་དུ་
སེམས་ན། སྐྱོན་མཐོང་བ་ལས་སྐྱོན་འདོགས་པ། །བྱེ་བྲག་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། ངག་གང་ལ་སྐྱོན་འདོགས་པ་དེ་ནི་དེ་ལྟ་བུ་ཡིན་པ་ལ། བྱེ་བྲག་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་གཉི་ག་ཡང་ཚད་མ་ཉིད་ཡོད་པའི་ཐ་སྙད་དགག་པར་རུང་བ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡི་རིག་བྱེད་ལ་ཡང་
ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །བྱས་དང་བཤད་པ་ཉིད་འདོད་ཀྱི། །ཞེས་བྱ་བ་ལ། འདི་ནི་བྱས་པ་ཡང་ཡིན་ལ་བཤད་པ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། བཤད་པ་ནི་འཆད་པ་པའོ། །སྐྱོན་མེད་པའི་སྐྱེས་བུ་དག་གིས་བྱས་པ་དང་འཆད་པ་ཞེས་གསུམ་

པའི་བསྡུ་བ་ཡིན་ཏེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ནི་ངེས་པ་ཡང་ཡིན་ལ་སྐྱོན་མེད་པར་བྱས་པ་དང་འཆད་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་འདོད་པར་གྱིས་ཤིག་སྟེ། རིག་བྱེད་ཚད་མ་ཉིད་དུ་གྲུབ་པའི་ཕྱིར་ཞེས་སྦྱར་རོ། །དེ་ལྟ་ཡིན་དང་དེ་ལྟར་འདོད་པ་ན་གཞན་
ལས་ཚད་མ་ཉིད་དུ་འགྱུར་ལ་མི་འདོད་ན་ནི་ཚད་མ་མ་ཡིན་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེས་ན་སྐྱོན་མེད་པར་བྱས་དང་། །བཤད་པ་ཉིད་དུ་ངེས་འདོད་ཀྱིས། །ཞེས་བྱ་བ་འདི་ལ་གཞོན་ནུ་མ་ལེན་གྱི་ལན་དོགས་པར་བྱེད་པ་ནི་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་
སོགས་པ་སྟེ་འཆད་པ་པོ་ནི་སུ་ཞིག་ཡིན། སུ་ཞིག་དྲན་པ་དང་། ཡིད་གཞུངས་པ་ཉམ་ཆུང་བ་ཡིན། །གང་ཞིག་གང་གི་ཐང་ནས་ལགས། །སུ་ཞིག་དབྱངས་ཀྱི་སྟེང་དུ་གནོད་པ་ལ་སོགས་པ་ཆུང་བའམ་གཞན་དུ་བྱེད་པ་ཡིན། སུ་ཞིག་ཚིག་མ་ཡིན་པ་ཚིག་ཉིད་དུ་
བཅད་ནས་འདོད་པར་བྱེད་ཅེས་བྱ་བ་དེ་ལྟར་བརྩོན་འགྲུས་བརྩམས་པའི་རིག་བྱེད་འདོན་པར་བྱེད་པའི་གླགས་ཚོལ་བར་བྱེད་པ་ཡོད་པ་ན། རིག་བྱེད་འདོན་པར་བྱེད་པ་ཉོན་མོངས་དེ་ཇི་ལྟར་རིག་བྱེད་གུས་པར་མི་འདོན། དེ་ལྟ་ཡིན་དང་རིག་བྱེད་འདི་ལ་ཚད་མ་ཡིན་པ་ཉིད་
ཀྱིས་དོགས་མེད་པའི་ཕྱིར། དེ་ན་སྐྱོན་མེད་པས་བྱས་དང་། །བཤད་པ་ཉིད་དུ་ངེས་འདོད་ཀྱིས། །ཅིའི་ཕྱིར་བརྗོད་སྙམ་དུ་བསམས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་རིག་བྱེད་འདོན་པ་དག་པའི་བློ་ཅན་རྣམས་ཀྱང་གཞན་གྱི་རིག་བྱེད་བཤིག་པ་ན་སྙོམ་ལས་ཏེ་ལེ་ལོ་ལས་
མི་སྨྲ་བ་དེའི་ཚེ་ཆ་བྱད་ཙམ་དུ་འགྱུར་བའི་ཕྱིར་རིག་བྱེད་འདི་གཞན་ཉིད་དུ་སྲིད་པ་ཡིན་ནོ། །གང་གི་ཕྱིར། འདོད་ཆགས་ལ་སོགས་པའི་སེམས་དང་ལྡན་པའི་རིག་བྱེད་འཇིག་པའི་སྐྱེས་བུ་རྣམས་ཉམས་པར་བྱེད་པ་སྟེ་ལྡོག་པར་བྱེད་པའི་བློ་རྣམ་པར་དག་པ་རྣམས་ཀྱིས་
རིག་བྱེད་འདི་རྟག་ཏུ་སྲུང་བར་བྱེད་པའི་ཕྱིར་དེ་ཇི་ལྟར་བདག་ཉིད་ཀྱི་རང་བཞིན་སྤོང་བར་བྱེད། འདི་སྙམ་དུ་གལ་ཏེ་ཡང་དེ་དག་གིས་རིག་བྱེད་རྟག་ཏུ་བསྲུངས་པ་དེ་ལྟ་ན་ཡང་འཇིགས་པ་ཆེན་པོར་འདི་འཆད་པ་ན་ཕྱིས་རྣམ་པ་གཞན་དུ་ཡང་སྲིད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་

ནས། འགྲོ་བ་ཐམས་ཅད་ནམ་དུ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་དེ་ལྟ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལྟ་ན་འདོན་པ་ཙམ་འབའ་ཞིག་མཚུངས་པ་ཉིད་དུ་བསྟན་པ་ཡིན་གྱི་དོན་རྟོགས་པའི་
ཐབས་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་དེའི་དོན་དུ་གདོན་མི་ཟ་བར་འདི་སྐྱོན་མེད་པས་བྱས་པ་དང་བཤད་པ་ཉིད་དུ་འདོད་པར་བྱ་བ་ཉིད་དོ། །འདོད་པ་ཙམ་གྱིས་ཉམ་ཆུང་བ་མ་མཐོང་བ་ཙམ་གྱིས་ཐམས་ཅད་མཁྱེན་པ་མ་ཡིན་པས། ཡུལ་ལ་སོགས་པ་ཐམས་ཅད་དུ་ངེས་པར་ནུས་
པ་མ་ཡིན་ནོ་ཞེས་བསྟན་པ་ནི། གང་གིས་མངོན་སུམ་མཁྱེན་པ་ལ། །ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ལ་འཐད་པར་འཆད་པ་ནི། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདོན་པ་མཚུངས་པ་དེ་ཉིད་དུ་འགྱུར་ན་དེའི་ཚེ་ཡུལ་ལ་སོགས་པ་འགའ་ཞིག་ཏུ་
འདོན་པ་ལ་སྐྱེས་བུ་རྣམས་ཀྱི་བློ་མི་མཐུན་པ་སྟེ། ཐེ་ཚོམ་ཟ་བར་མི་འགྱུར་རོ། །འགྲོ་བ་ཐམས་ཅད་ནམ་དུ་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་འགྲོ་བ་འདི་འདྲ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་ནི་ཐམས་ཅད་ཀྱི་ཚེ་འགྲོ་བ་འདི་འདྲ་བ་ཁོ་ནའོ་ཞེས་བྱ་
བ་འདི་ལ་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཡང་སངས་རྒྱས་པ་རྣམས་ཀྱིས། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ན་གནོད་ཟད་པ། །ཞེས་འཇིག་པའི་བསྐལ་པ་བརྗོད་པ་དང་། གང་དྲན་པར་བྱེད་པ་རྣམས་ཀྱིས། །འདི་ནི་ཀུན་ནས་
མུན་པར་གྱུར། །ངེས་པ་མ་ཡིན་མཚོན་པ་མིན། །བརྟག་བྱ་མ་ཡིན་ཤེས་བྱ་མིན། །གཉིད་སྟུག་ལྟ་བུར་གྱུར་པ་ཡིན། །ཞེས་བརྗོད་པའི་འཇིག་པ་འདི་གཉི་ག་ལ་ཡང་། གནོད་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་གང་གིས་ཐམས་ཅད་ཀྱི་ཚེ། འགྲོ་བ་
འདི་འདྲ་བ་ཉིད་དུ་གྲུབ་པར་གྱུར་པ་ཡིན། མ་མཐོང་ཙམ་གྱིས་དངོས་པོ་རྣམས་མེད་པ་ཉིད་དུ་གྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་ཡོད་པ་ཉིད་ན་ཡང་ལ་ལར་མི་མཐོང་བའི་ཕྱིར་དངོས་པོ་མེད་པས་མ་མཐོང་བ་ཙམ་ལ་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་རྟག་ཏུ་རང་གི་དོན་

དང་རང་བཞིན་གྱི་ཡུལ་ཅན་གྱི་ངེས་པ་སྐྱེ་བ་ཡིན་ཏེ། རིག་བྱེད་རང་ལས་ཚད་མ་ཉིད་ཡིན་པའི་སྒོ་ནས་རྨོངས་པ་མེད་པའི་ཕྱིར་དང་། རྟག་པའི་ཕྱིར་དང་རང་བཞིན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ཁྱེད་ཅག་གི་ལུགས་ཀྱིས་རྣམ་པ་གཉི་ག་ལྟར་ཡང་འཇིག་པ་མི་སྲིད་པས་དེའི་ཕྱིར་
རིག་བྱེད་འདོན་པར་བྱེད་པ་རྣམས་ཀྱིས་འདི་སྲུང་བར་བྱེད་པ་འབྲས་བུ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པ་ནི། རང་ལས་ཚད་མ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སྐྱེས་ཕྲུ་གུ་ནི་བྲམ་ཟེའི་བྱིས་པའོ། །དེ་ལྟར་རེ་ཞིག་རང་ལས་ཚད་མ་མ་ཡིན་པའི་ཕྱིར་འདིའི་འཇིག་
པ་མི་སྲིད་དོ་ཞེས་བསྟན་ཟིན་ཏོ། །ད་ནི་རྟག་པའི་ཕྱིར་མི་སྲིད་དོ་ཞེས་བྱ་བ་འདི་བསྟན་པར་འདོད་ནས་འདྲི་བ་ནི། རྡོ་རྗེ་བས་ལྷག་ཅེས་བྱ་བ་ལ་སོགས་པའོ། །མངོན་གསལ་གཞན་ཉིད་ཡིན་ཞེ་ན། །ཞེས་བྱ་བ་ནི་འཇིག་པ་ནི་ཞེས་བྱ་བ་དང་སྦྱར་རོ། །དེ་ནི་ཞེས་བྱ་བ་ནི་
མངོན་པར་གསལ་བའོ། །འདི་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱིའོ། །དེའི་ཕྱིར་དབང་འདས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །ནང་གི་མུན་པ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །དེའི་ཚོགས་ནི་འདུས་པ་སྟེ། དེ་གང་གིས་རྣམ་
པར་གསལ་བ་དེ་ལ་དེ་སྐད་ཅེས་བྱའོ། །དམ་བཅའ་བའི་དོན་ཐམས་ཅད་རྣམ་དབྱེ་ཤེས་པ་ནི་འཆད་པ། བྱེད་པ་པོ་ཞེས་བྱ་བ་ནི་རིག་བྱེད་ཀྱིས་ཞེས་བྱ་བ་ལྷག་མའོ། །དེ་ལྟ་བས་ན་དེ་ལྟར་དམ་བཅའ་བའི་དོན་ཐམས་ཅད་དུ་ཚད་མས་གནོད་པ་ཉིད་དང་དེ་ཡོད་ན་ཡོད་པ་ཉིད་
ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཡང་མ་ངེས་པ་ཉིད་དུ་བསྒྲུབས་ཟིན་ཏོ། །རང་གི་ཕྱོགས་གྲུབ་པར་བྱ་བའི་ཕྱིར་ཚད་མ་ཉིད་ནི་གང་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་དུ་བྱས་པ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གང་ཡང་
ཕྱོགས་བཞི་བཀོད་ནས་ཕྱོགས་གསུམ་པ་ལ་སྐྱོན་བརྗོད་པར་བྱས་པ་དེ་ལ་ཡང་སངས་རྒྱས་པ་ལ་ཉམས་པ་ཅུང་ཟད་ཀྱང་མེད་དེ། གང་གི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་བཞི་པོ་འདི་དག་ལས་གང་རུང་བ་གཅིག་འདོད་པ་མ་ཡིན་ཏེ། ངེས་པ་མེད་པའི་ཕྱོགས་འདོད་པ་ཉིད་ཀྱི་

ཕྱིར་རོ། །འདི་ལྟར་ཅུང་ཟད་ཅིག་ནི་རང་ལས་ཡིན་ལ་ཅུང་ཟད་ཅིག་ནི་གཞན་ལས་ཡིན་ནོ་ཞེས་བྱ་བ་འདི་གཉི་ག་ཡང་སྔར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་བཞི་ཉེ་བར་བཀོད་པ་ཡང་རིགས་པ་མ་ཡིན་ཏེ། ཕྱོགས་ལྔ་པ་ངེས་པ་མེད་པ་
ཡང་ཡོད་པའི་ཕྱིར་རོ། །གཞན་དག་གིས་དམ་བཅའ་བའི་དོན་རྣམས་གཞན་དུ་ཡང་རྗོད་པར་བྱེད་དེ། །རྟོག་པའི་བྱེད་པའི་བདག་ཉིད་ཅེས་བྱ་བ་ནི་ཚད་མ་ཡིན་ལ། དེ་ཡང་ཤེས་པ་རྣམས་ཀྱི་རང་བཞིན་ཁོ་ན་ཡིན་གྱི་ཡོན་ཏན་གྱིས་ཁྱབ་པ་ནི་མ་ཡིན་ནོ། །ཡོན་ཏན་མེད་ན་ཡང་
ཕྱིན་ཅི་ལོག་གི་ཤེས་པ་ལ་རྟོགས་པའི་བདག་ཉིད་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རང་ལས་ཚད་མ་ཉིད། །ཅེས་བྱ་བ་ལ། ཡོན་ཏན་རྣམས་ཀྱིས་ནི་སྐྱོན་སེལ་བ་ཁོ་ན་བྱས་པས་དེས་དེ་སྤང་བར་བྱ་བའི་ཕྱིར་ཚད་མ་ཉིད་ནི་ཡོན་ཏན་ལ་ལྟོས་ཀྱི་བདག་ཉིད་ཐོབ་པར་བྱ་བའི་ཕྱིར་
ནི་མ་ཡིན་ནོ་ཞེས་དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་རྟོགས་པའི་བདག་ཉིད་ཁོ་ན་ཚད་མ་ཉིད་དུ་རིགས་པ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །རྟོགས་པའི་ཁྱད་པར་ཚད་མ་ཉིད་ཡིན་ནོ་ཞེ་ན། འོ་ན་དེ་ཡང་ཤེས་པ་རྣམས་ཀྱི་རང་བཞིན་
ཁོ་ན་ཡིན་གྱི་ཡོན་ཏན་གྱིས་བྱས་པ་ནི་མ་ཡིན་ཏེ་ཡོན་ཏན་མེད་པ་ཡང་ཕྱིན་ཅི་ལོག་གི་ཤེས་པ་ལ་ཡོད་པའི་ཕྱིར་རོ་ཞེས་བརྗོད་པར་མི་བྱའོ། །འདི་ལྟར་གལ་ཏེ་རྟོགས་པའི་ཁྱད་པར་ཚད་མ་ཉིད་དུ་འདོད་པར་གྱུར་ན་དེའི་ཚེ་དེ་ཉིད་ཡོན་ཏན་གྱིས་བྱས་པ་ཉིད་ཡིན་ན་འཁྲུལ་པར་བསྟན་
པར་རིགས་ཀྱི་གཞན་ནི་མ་ཡིན་ནོ། །བཟློག་པའི་ཤེས་པ་ལ་ཡང་བཟློག་པའི་ཕྱིར་ཞེས་བྱ་བ་འདིས་རྟོགས་པའི་ཁྱད་པར་ཡོན་ཏན་གྱིས་བྱས་པ་ཉིད་ཡིན་ན་འཁྲུལ་པར་བསྟན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟོགས་པའི་སྤྱིའོ། །གཞན་གྱིས་རྟོགས་པའི་སྤྱི་ནི་ཡོན་
ཏན་གྱིས་བྱས་པར་འདོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟོགས་པའི་ཁྱད་པར་རོ། །ཡོན་ཏན་གྱིས་བྱས་པ་ཉིད་ཡིན་ན་འཁྲུལ་པར་བསྟན་པར་ནུས་པ་ཡང་མ་ཡིན་ལ་གང་གིས་དེ་བཀག་པས་ཁྱེད་ཅག་གི་རང་ལས་ཡིན་པ་རྣམ་པར་གཞག་པ་ཁོ་བོ་ཅག་གི་ཡོན་

ཏན་གྱིས་བྱས་པ་ཉིད་ཀྱིས་གཞན་ལས་ཚད་མ་ཉིད་དུ་འདོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལ་ལར་རྟོགས་པའི་ཁྱད་པར་འདི་ཉམས་སུ་མྱོང་ཡང་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་ངེས་པ་སྐྱེད་པར་མི་བྱེད་པས་གཞན་ལས་དེ་ངེས་
པར་བྱེད་པའི་ཕྱིར་གཞན་ལས་ཤེས་པ་རྣམ་པར་བཞག་གོ། །གཞན་ཡང་རྟོག་པའི་བདག་ཉིད་ཅེས་བྱ་བ་ཚད་མ་ཉིད་ཡིན་པ་ལ་ཡང་བརྟག་པར་ནུས་པ་ཁོ་ན་ཡིན་ལ། དེ་ཡང་ཤེས་པ་རྣམས་ཀྱི་རང་བཞིན་གྱི་སྐྱོན་གྱིས་བྱས་པ་ནི་མ་ཡིན་ཏེ། སྐྱོན་མེད་ནའང་ཡང་དག་པའི་ཤེས་
པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ། རང་ལས་ཚད་མ་མ་ཡིན་ཉིད། །ཅེས་བྱ་ལ། སྐྱོན་རྣམས་ཀྱིས་ནི་ཡོན་ཏན་སེལ་བ་ཉིད་བྱེད་དེ། དེས་ན་གསལ་བའི་ཕྱིར་ཚད་མ་མ་ཡིན་པ་ཉིད་ནི་སྐྱོན་ལ་ལྟོས་ཀྱི། བདག་ཉིད་ཐོབ་པར་བྱ་བའི་ཕྱིར་ནི་མ་ཡིན་པ་དེ་ལྟ་བས་འདི་ནི་གྱི་ནའོ། །
ཨུ་མ་པེ་ཀ་ན་རེ་རྟོགས་པའི་བདག་ཉིད་ཅེས་བྱ་བ་ཤེས་པ་རྣམས་ཀྱི་ཚད་མ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་ལ་མི་སླུ་བ་ཉིད་དེ་འདི་ལྟར་རྟོགས་པའི་བདག་ཉིད་ཡོད་ན་ཡང་གང་ལ་དོན་ལ་མི་སླུ་བ་ཉིད་མེད་པ་དེ་ནི་ཚད་མ་ཉིད་མ་ཡིན་ཏེ། དཔེར་ན་ཉ་ཕྱིས་ལ་དངུལ་གྱི་
ཤེས་པ་བཞིན་ནོ། །གང་ལ་རྟོགས་པའི་བདག་ཉིད་མེད་ན་ཡང་དོན་ལ་མི་སླུ་བ་ཉིད་ཡོད་པ་དེ་ནི་ཚད་མ་ཉིད་ཡིན་ཏེ། དཔེར་ན་མེ་ལ་དུ་བ་བཞིན་ནོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མི་སླུ་བ་ཉིད་ཚད་མ་ཉིད་དུ་གྲུབ་པོ། །དེ་ཡང་ཤེས་པ་རྣམས་ཀྱི་
བདག་ཉིད་ཀྱི་རྒྱུ་ལས་ཉེ་བར་སྐྱེ་བའི་ཚོགས་པ་གཞན་ལས་ནི་མ་ཡིན་པ་དེས་ན་དེའི་ཕྱིར་ཚད་མ་རྣམས་རང་ལས་ཚད་མ་ཉིད་དུ་བརྗོད་དོ། །རང་གི་སྒྲ་ནི་བདག་གིས་བརྗོད་པའི་ཕྱིར་དེ་བདག་ཉིད་ཀྱི་རྒྱུ་ལས་ཞེས་བྱ་བའི་དོན་ཏོ། །རང་ཉིད་བྱེད་པར་ནུས་པ་ནི། །གཞན་
གྱིས་བྱ་བར་ནུས་མ་ཡིན། །ཞེས་བྱ་བ་ཕྱེད་ཕྱི་མས་ཚོགས་པ་གཞན་ལས་བྱུང་བ་བཀག་པ་བསྟན་པ་ཡིན་ནོ། །རང་ལས་བྱ་བར་མི་ནུས་ན་རྣམ་པར་ཤེས་པའི་ཚོགས་པ་གཞན་མི་རྟོགས་པ་གཞན་གྱིས་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་རྣམ་པར་

ཤེས་པའི་རྒྱུ་གཞན་རྣམས་ནི་ཚད་མ་དང་ཚད་མ་མ་ཡིན་པའི་ཐུན་མོང་བ་ཡིན་ཏེ། དེ་ཇི་ལྟར་རྒྱུ་ཙམ་དུ་གནས་པ་ན་ཚད་མ་ཉིད་དུ་འགྱུར། དེ་ལྟ་བས་ན་ཚད་མ་ཉིད་ནི་ཚོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཡིན་གྱི་ཤེས་པ་ཙམ་གྱིས་བསྐྱེད་པར་བྱ་བ་ནི་མ་
ཡིན་ནོ། །ཚོགས་པར་གཞན་དེ་ཡང་ཡོན་ཏན་དང་ལྡན་པ་གཅིག་པ་ཉིད་ཀྱིས་དབང་པོ་ལ་སོགས་པ་ཡིན་ཏེ། ཇི་སྐད་དུ། དབང་པོ་ལ་སོགས་ཡོན་ཏན་དག །འདིའི་རྒྱུ་ཡིན་ཞེས་བཤད་པ་བཞིན་ནོ། །སྒྲ་ལས་ཡང་ཡིད་ཆེས་པར་བྱས་པ་ཉིད་རྒྱུའི་ཡོན་ཏན་གྱི་ཐ་སྙད་ངེས་
པ་ཡིན་ལ། རིག་བྱེད་ལ་ཡང་དེ་མེད་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་སྙམ་དུ་སེམས་ན། སྐྱོན་འདི་ནི་མེད་དེ་ཚོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཡང་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ཡོན་ཏན་རྣམས་སྒྲུབ་པའི་སྒོ་ནས་ཚད་མ་ཞེས་བྱ་བའི་འབྲས་བུ་
བསྐྱེད་པ་ལ་བྱ་བ་རྟོགས་པ་སྲིད་པ་མ་ཡིན་ཏེ། དབང་པོ་ལ་སོགས་པའི་ངོ་བོ་ཁོ་ན་གཞན་ལ་ལྟོས་པ་མེད་པར་དོན་ལ་མི་སླུ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ལ། མིག་སྨན་ལ་སོགས་པ་རྣམས་ནི་སྐྱོན་དང་བྲལ་བར་བྱེད་པ་ལ་བྱ་བ་དང་ལྡན་པ་ཡིན་གྱི་ཡོན་ཏན་བྱེད་པ་ནི་མ་
ཡིན་ནོ། །ཅི་སྟེ་ཡང་དབང་པོ་ལ་སོགས་པའི་རང་གི་ངོ་བོ་ལས་ཚད་མ་མ་ཡིན་པའང་ཡོད་པས་ཐམས་ཅད་ལ་ཚད་མ་སྐྱེད་པར་ཐལ་བར་འགྱུར་ཏེ། རྒྱུ་མ་ཚང་བའི་ཕྱིར་རོ་སྙམ་ན། དེ་ནི་ཡོད་པ་མ་ཡིན་ནོ། །སྐྱོན་ཡོད་ན་ཡང་ཚོགས་པ་གཞན་ལས་མི་མཐུན་པའི་
འབྲས་བུ་སྐྱེ་བར་འགྱུར་རོ། །འདི་སྙམ་དུ་ཅིའི་ཕྱིར་བཟློག་པ་ཤེས་པར་མི་བྱེད། དབང་པོ་ལ་སོགས་པའི་རང་གི་ངོ་བོ་ཉིད་གཞན་ལ་ལྟོས་པ་མེད་པར་འཁྲུལ་པའི་ཤེས་པ་སྐྱེད་པར་བྱེད་ལ། ཡོན་ཏན་ཡིན་ན་ཡང་ཚོགས་པ་གཞན་གྱི་དོན་ལ་མི་སླུ་བའི་ཤེས་པ་སྐྱེད་
པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ནི་བདེན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཚུལ་གསུམ་པའི་རྗེས་སུ་དཔག་པ་ལ་སོགས་ལ་ཚད་མ་ཉིད་དུ་སྐྱེད་པར་བྱེད་པར་མཐོང་བས་མངོན་སུམ་ལ་ཡང་འདྲ་བའི་ཕྱིར་དེ་ཉིད་སྐྱེད་པར་བྱེད་

པར་བརྟག་པ་ཡིན་ནོ། །ཕྱིན་ཅི་ལོག་གི་ཤེས་པའི་ངོ་བོ་འབྲས་བུ་ནི་དབང་པོ་ལ་སོགས་པའི་རང་གི་ངོ་བོ་ལས་མི་སྐྱེ་བ་ནི་ཚོགས་པ་གཞན་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ཏེ། འདི་ལྟར་རེ་
ཞིག་ཤེས་པའི་ཚད་མ་ཉིད་ནི་དོན་ལ་མི་སླུ་བ་ཉིད་ཡིན་ལ་དེའི་དེ་ཡང་བདག་ཉིད་ཀྱི་རྒྱུ་ལ་ཉེ་བར་སྐྱེའོ་ཞེས་གང་སྨྲས་པ་འདི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། གང་གི་ཕྱིར། ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བཤད་པའི་ཕྱིར་ཁོ་བོ་ཅག་གི་དོན་ལ་མི་སླུ་བ་ཉིད་ཅེས་བྱ་
བ་ཤེས་པའི་ཚད་མ་ཉིད་དུ་འདོད་པ་ཁོ་ན་ཡིན་ལ། འོན་ཀྱང་ཤེས་པ་ཞེས་ཁྱད་པར་ཉེ་བར་གཟུང་བའི་ཕྱིར་ཤེས་པའི་རང་བཞིན་མ་ཡིན་པའི་དུ་བ་ལ་སོགས་པ་དངོས་སུ་ཚད་མ་ཉིད་དུ་མི་འདོད་པའི་ཕྱིར་དེ་ལ་མི་སླུ་བ་ཉིད་ཙམ་ཚད་མ་ཉིད་དུ་གྲུབ་སྟེ། བླང་བར་བྱ་བ་དང་དོར་
བར་བྱ་བའི་ཕྱིར་དངོས་པོ་འཇུག་པ་ལ་ཤེས་པ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །འདི་ལྟར་དུ་བ་ལ་སོགས་པ་མེད་ན་མི་འབྱུང་བ་ཡིན་ནའང་ཇི་སྲིད་དུ་རྣམ་པར་ཤེས་པ་མི་སྐྱེད་པ་དེ་སྲིད་དུ་སྐྱེས་བུ་དོན་ལ་འཇུག་པར་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཤེས་པ་ནི་འཇུག་པ་ལ་
བར་མ་ཆོད་པའི་བྱེད་པ་པོ་ཡིན་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ཏེ། བློ་ནི་ཚད་མ་ཉིད། བླང་དང་དོར་བྱའི་དངོས་པོ་ལ། །འཇུག་པ་དེ་གཙོ་ཉིད་ཕྱིར་རོ། །ཞེས་གང་བཤད་པ་ཡིན་ནོ། །མི་སླུ་བ་ཉིད་ཀྱི་ཤེས་པ་དེ་ཡང་དོན་ཐོབ་པར་ནུས་པའི་མཚན་ཉིད་ཡིན་གྱི། དོན་ཐོབ་པ་
ཉིད་ནི་མ་ཡིན་ཏེ། གེགས་ལ་སོགས་པ་སྲིད་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་ནུས་པ་ནི་བདག་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་གང་གིས་དེ་འགེགས་པར་འགྱུར་བ་དེ་དོན་གཞན་ལས་སྐྱེ་བར་འདོད་པའི་སུ་ཞིག་ཡིན་ཏེ་གྲུབ་པ་ན་མ་གྲུབ་པའི་ཆོས་ནི་དེའི་རང་བཞིན་དུ་རིགས་
པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཚད་མའི་བདག་ཉིད་དུ་གྱུར་པ་ཡིན་ན་ཡང་འཁྲུལ་པའི་རྒྱུ་ཡོད་པའི་ཕྱིར་དེའི་འབྲས་བུས་མ་རྟོགས་པས་ངེས་པར་མི་ནུས་པའི་ཕྱིར་དོན་བྱེད་པའི་ཤེས་པར་བརྗོད་པའི་འབྲས་བུ་གཞན་ལས་ངེས་པར་བྱེད་དོ། །

དེས་ན་ངེས་པ་ལ་ལྟོས་ནས་གཞན་ལས་ཚད་མ་ཞེས་བྱའོ། །སྐྱེད་པར་བྱེད་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། དེས་ན་རྒྱུ་གཞན་ལས་སྐྱེ་བ་འགེགས་པ་དོན་མེད་དེ། རྩོད་པ་མེད་པའི་ཕྱིར་རོ། །ཁྱེད་ཅག་གིས་ཀྱང་ནུས་པ་ངེས་པ་ནི་གཞན་ལས་ཡིན་པར་
འདོད་པ་ཁོ་ན་སྟེ། ཇི་སྐད་དུ། དངོས་པོ་ཀུན་གྱི་ནུས་པ་རྣམས། །འབྲས་བུའི་དོན་གྱིས་གྲུབ་པར་བྱེད། །ཅེས་བཤད་པ་བཞིན་ནོ། །གང་ཡང་། རང་ལ་མེད་པའི་ནུས་པ་ནི། །གཞན་གྱིས་བྱ་བར་ནུས་མ་ཡིན། །ཞེས་བྱ་བ་འདི་ཚོགས་པ་གཞན་ལས་བྱུང་བ་དགག་
པར་བྱ་བའི་ཕྱིར། གཏན་ཚིགས་བརྗོད་པ་དེ་ནི་ཚད་མ་མ་ཡིན་པ་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་ཡང་རང་ཉིད་ལས་ཚད་མར་ཐལ་བར་འགྱུར་ལ། ཡང་ན་དེ་གཏན་ཚིགས་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །གང་ཡང་ཡོན་ཏན་རྣམས་དང་གྲུབ་པའི་སྒོ་ནས་ཚད་
མའི་འབྲས་བུ་བསྐྱེད་པ་ལ་བྱ་བ་རྟོགས་པ་སྲིད་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ཡང་མི་གསལ་བའི་དོན་ཅན་ལོང་བའི་ཚིག་ཡིན་ཏེ། བསྒྲུབ་པའི་སྒོ་ནས་བྱ་བ་རྟོགས་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་པ་མི་ཤེས་ཏེ་གལ་ཏེ་རེ་ཞིག་རིག་བྱེད་ཀྱི་ངག་འདི་བྱའོ་ཞེས་བྱ་བའི་འབྲས་བུ་
བསྐྱེད་པར་བྱ་བའི་ཕྱིར་བློ་སྔོན་དུ་གཏོང་བའི་འཇུག་པ་དེ་ནི་དབང་པོ་ལ་སོགས་པ་ལ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ནི་སྐད་ཅིག་མ་ཉིད་ཀྱིས་གཡོ་བ་དང་བྱ་བ་དག་མི་སྲིད་པའི་ཕྱིར་དངོས་པོ་རྣམས་ལ་རྟོག་པ་སྔོན་དུ་གཏོང་བ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟ་
ཡིན་དང་དབང་པོ་ལ་སོགས་པ་ལ་ཡང་སྒྲུབ་པའི་སྒོ་ནས་བྱ་བ་མི་སྲིད་པའི་ཕྱིར་རྒྱུ་ཉིད་དུ་འགྱུར་རོ། །ཅི་སྟེ་སྐྱེད་པར་བྱེད་པའི་བྱ་བ་དང་ལྡན་པ་མེད་ན་ཡང་དབང་པོ་ལ་སོགས་པ་ཡོད་པ་ཙམ་གྱིས་འབྲས་བུ་སྐྱེད་པ་ལ་འཇུག་པ་ཡིན་པས་རྒྱུ་ཉིད་དུ་འདོད་ལ། འདི་ནི་ཡོན་ཏན་
དག་ལ་ཡང་མཚུངས་ཏེ། རྒྱུ་རྣམས་ཀྱིས་འབྲས་བུ་སྐྱེད་པ་ལ་ངེས་པར་ཡོད་པ་ཉེ་བ་ལས་མ་གཏོགས་པར་བྱ་བ་གཞན་རྟོགས་པ་སྲིད་པ་ནི་མ་ཡིན་ནོ། །ཅི་སྟེ་ཡོན་ཏན་ཡོད་ན་སྐྱོན་ལྡོག་པ་ན་ཚད་མ་ཉིད་སྐྱེའོ་ཞེས་བྱ་བ་འདི་ལ་སྐྱོན་རྣམས་བསྒྲུབ་པའི་སྒོ་ནས་ཚད་མ་མ་ཡིན་པར་

འཇུག་པ་ལ་བྱ་བ་བྱེད་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་ཚད་མ་མ་ཡིན་པ་ཡང་རང་ལས་ཡིན་པར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྐྱོན་རྣམས་ཡོན་ཏན་མ་བསལ་བར་དངོས་སུ་ཚད་མ་མ་ཡིན་པ་ལ་འཇུག་པ་ནི་མཚོན་པ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་
ཡོད་ན་ཡོད་པའི་རྗེས་སུ་བྱེད་པ་ལས་མ་གཏོགས་པ་གཞན་རྒྱུ་དང་འབྲས་བུའི་དངོས་པོ་སྲིད་པ་མ་ཡིན་པའི་ཕྱིར་སྐྱོན་བཞིན་དུ་ཡོན་ཏན་རྣམས་ལ་ཡང་རྒྱུ་ཉིད་མཚུངས་པ་ཡིན་ནོ། །གང་ཡང་དབང་པོ་ལ་སོགས་པའི་ངོ་བོ་ཁོ་ན་གཞན་ལ་ལྟོས་པ་མེད་པར་དོན་ལ་མི་སླུ་
བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་མ་ཚང་བ་མེད་པ་ཉིད་ཀྱི་རྟོགས་པའི་ངོ་བོ་བཞིན་དུ་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཤེས་པ་རྣམས་ཀྱི་རྟོགས་པའི་ངོ་བོ་ནི་མཚུངས་པ་དེ་མ་ཐག་
པའི་རྐྱེན་དང་འབྲེལ་པ་ན་སྐྱོན་ལ་སོགས་པ་ཡོད་ན་ཡང་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་ཤེས་པ་ཐམས་ཅད་ལས་འགྱུར་བ་བཞིན་དུ་དོན་ལ་མི་སླུ་བ་ཉིད་ཀྱང་འགྱུར་རོ། །འདི་སྙམ་དུ་སྐྱོན་རྣམས་ཀྱིས་ཚད་མ་མ་ཡིན་པ་ཉིད་སྐྱེད་པ་ན་རྒྱུ་མ་ཚང་བ་མེད་པའི་ཚད་མ་ཡང་ཉེ་བར་
སྐྱེ་བ་མ་ཡིན་ཏེ། ཤེས་པ་གཅིག་ལ་ཚད་མ་དང་ཅིག་ཤོས་འགལ་བ་དག་མི་རུང་བའི་ཕྱིར་རོ། །འགལ་བ་མེད་པའི་རྟོགས་པའི་ངོ་བོ་ནི་ཐམས་ཅད་ལ་ཡོད་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ན་དབང་པོའི་ངོ་བོ་ཉིད་གཞན་ལ་མ་ལྟོས་པའི་རྒྱུར་གྲུབ་པ་མ་ཡིན་ཏེ།
དེ་མ་ཚང་བ་མེད་པ་ཡིན་ཡང་ཚད་མར་བརྗོད་པའི་འབྲས་བུ་མི་སྐྱེ་བའི་ཕྱིར་རོ། །གཞན་ལ་ལྟོས་པ་མེད་པ་ནི་རིགས་འགའ་སྐྱེད་པར་བྱེད་པ་ཉིད་རིགས་པ་མ་ཡིན་ལ། གང་ཞིག་གང་ཡོད་ན་ཡང་མི་འབྱུང་བ་དེ་ཙམ་གྱི་རྒྱུ་ཅན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རེ་ཞིག་ཁྱེད་ཅག་གིས་གལ་ཏེ་ཚད་མ་ཉིད་དུ་རྒྱུ་མ་ཚང་བ་མེད་པ་ཡིན་ན་ཅིའི་ཕྱིར་སྐྱོན་ཡོད་ན་ཡང་སྐྱེད་པར་མི་བྱེད་པས་བྱ་བ་འདི་བརྗོད་པར་རིགས་སོ། །རང་དང་འགལ་བའི་སྐྱོན་ཉེ་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། ཚད་མ་མ་ཡིན་

པ་ཡིན་པ་ལ་ཡང་མཚུངས་ཏེ། དེ་ཡང་དེའི་ཚེ་རང་དང་འགལ་བའི་རྒྱུ་དབང་པོ་ལ་སོགས་པ་ལ་ཉེ་བའི་ཕྱིར་སྐྱེ་བར་མི་འགྱུར་རོ། །གཞན་ཡང་གལ་ཏེ་འགལ་བའི་རྒྱུའི་སྐྱོན་གཞན་ལས་ཚད་མ་ཉིད་མི་སྐྱེ་བར་འདོད་པར་འགྱུར་ན་རང་གི་རྒྱུ་ཉིད་ནུས་པ་མ་ཉམས་པ་
ཡིན་ན་དེའི་ཚེ་ཅིའི་ཕྱིར་བཏང་སྙོམས་སུ་བྱེད། གལ་ཏེ་རང་གི་འབྲས་བུ་སྐྱེད་པར་མི་འདོད་ཀྱང་བཙན་ཐབས་སུ་སྐྱེད་པར་བྱེད་པ་དེ་ལྟ་ན་ནི་དེས་ན་བདག་ཉིད་ཀྱི་ནུས་པ་ཉམས་པ་མེད་པ་གསལ་བར་འགྱུར་རོ། །སྐྱོན་གྱི་ནུས་པ་ཉམས་པར་བྱས་པའི་ཕྱིར་བཏང་སྙོམས་སུ་
བྱེད་པ་ཡིན་ཞེ་ན། མ་ཡིན་ཏེ། ཚད་མ་མ་ཡིན་པའི་རྒྱུ་ཡང་དབང་པོ་དག་གིས་ནུས་པ་ཉམས་པར་བྱས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཁྱད་པར་མེད་པའི་ཕྱིར་དང་། ཤེས་པ་ཡང་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཇི་ལྟར་སྐྱོན་གྱི་ནུས་པ་ཉམས་
པ་ཉིད་ཀྱི་ཕྱིར་དབང་པོས་ཚད་མ་ཉིད་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་སྐྱེད་པར་མི་བྱེད་དེ། ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཚད་མ་ཉིད་རྣམ་པར་ཤེས་པའི་རྒྱུ་ཙམ་གྱིས་བསྐྱེད་པར་བྱ་བར་འགྲུབ་པར་མི་འགྱུར་ཏེ། དེ་སྐྱེ་ན་ཡང་མི་
སྐྱེ་བའི་ཕྱིར་རོ། །གང་ཞིག་གང་སྐྱེ་བ་ན་ཡང་ངེས་པར་མི་སྐྱེ་བ་དེ་ནི་དེ་དང་ལྷན་ཅིག་རྒྱུ་གཅིག་པ་མ་ཡིན་ཏེ། དཔེར་ན་ཀོ་ཏྲ་བའི་མྱུ་གུ་སྐྱེ་བ་ན་སཱ་ལུའི་མྱུ་གུ་མི་སྐྱེ་བ་བཞིན་ནོ། །རྣམ་པར་ཤེས་པ་སྐྱེས་ན་ཡང་ཚད་མ་ཉིད་ངེས་པར་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་
བྱེད་པ་མི་དམིགས་པའོ། །འགའ་ཞིག་གི་དེའི་རང་བཞིན་མ་ཉམས་ན་བདག་ཉིད་དུ་གྱུར་པ་ཉམས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་ཡིན་དང་། རང་ལས་དམིགས་པ་ཐམས་ཅད་ཀྱི། །ཚད་མ་ཉིད་ཅེས་བཟུང་བར་གྱིས། །རང་ལས་ཡོད་པའི་ནུས་པ་ནི། །
གཞན་གྱིས་གཞོམ་པར་ནུས་མ་ཡིན། །ཞེས་བྱ་བ་དེ་ལྟ་བུའང་འདོན་པར་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་དབང་པོ་ལ་སོགས་པ་ཙམ་ཚད་མ་ཉིད་ཀྱི་རྒྱུར་མི་འདོད་དེ། འོ་ན་ཅི་ཞེ་ན། ཁྱད་པར་ཉིད་དེ་སྐྱོན་དང་བྲལ་བ་གང་ཡིན་པའོ། །དེས་ན་ཇི་སྐད་དུ་བཤད་

པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་སྙམ་དུ་སེམས་ན། གལ་ཏེ་ད་ལྟ་ན་ཡོན་ཏན་དང་ལྡན་པའི་དབང་པོ་ལ་སོགས་པའི་ཚོགས་པ་གཞན་ཁོ་ན་ཚད་མ་ཉིད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། ཡོན་ཏན་དང་ལྷན་ཅིག་པ་ཉིད་ལ་སྐྱོན་དང་བྲལ་བ་ཉིད་ཡོད་པའི་ཕྱིར་རོ། །དེ་ལྟ་
ཡིན་དང་ཚོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཉིད་དུ་མ་གྲུབ་པོ་ཞེས་བརྗོད་པར་མི་བྱའོ། །ཡོན་ཏན་གྱི་བྱ་བ་ནི་སྐྱོན་དང་བྲལ་བ་ཉིད་ལ་ཡིན་གྱི་ཚད་མ་སྐྱེད་པ་ལ་ནི་མ་ཡིན་ནོ་ཞེ་ན། བྲལ་བ་ནི་མེད་པ་ཉིད་ཀྱི་ཕྱིར་དེ་ལ་འགའ་ཞིག་རིགས་པ་མ་ཡིན་ཏེ། མ་སྐྱེས་པའི་
རང་བཞིན་རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་ལ་བྱ་བ་འགའ་ཞིག་སྲིད་པ་ནི་མ་ཡིན་ནོ། །གང་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྣམ་པར་ཤེས་པ་སྐྱེད་པ་ཁོ་ན་ཚུལ་གསུམ་པའི་རྗེས་སུ་དཔག་པ་ལ་སོགས་པ་ལ་ཚད་མ་ཉིད་སྐྱེད་པར་བྱེད་པ་མཐོང་ངོ་ཞེས་བྱ་
བ་འདི་ཡང་མ་གྲུབ་ཏེ། ཚུལ་གསུམ་པ་ཉིད་འབའ་ཞིག་རྗེས་སུ་དཔག་པའི་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རྟོགས་པ་པོ་ལ་ཡོད་པའི་མི་རྨོངས་པར་དྲན་པའི་འདུ་བྱེད་ལ་སོགས་པའི་ཡོན་ཏན་ཡང་ཡིན་ཏེ། ཇི་ལྟར་ཚུལ་གསུམ་ཡོད་ན་ཡང་འབྲེལ་པ་དྲན་
པའི་འདུ་བྱེད་ཉམས་པ་དང་འབྲེལ་པ་མ་རྟོགས་པའི་སྒྲུབ་པ་པོ་ལ་རྗེས་སུ་དཔག་པ་མི་སྐྱེ་བས་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་རྣམ་པར་ཤེས་པ་སྐྱེད་པ་ཁོ་ན་ཚད་མ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་མ་གྲུབ་ཏེ། དེས་ན་བཟློག་པ་བཟློག་པར་
དཀའ་བ་ཉིད་དུ་དེ་རྣམ་པར་གནས་སོ། །གང་ཡང་ཕྱིན་ཅི་ལོག་གི་ཤེས་པའི་འབྲས་བུ་ནི་དབང་པོ་ལ་སོགས་པའི་རང་བཞིན་ལས་སྐྱེ་བ་མ་ཡིན་ནོ་ཞེས་སྨྲ་བ་དེ་ཡང་ཆེས་གཟུ་ལུམས་ཡིན་ཏེ། ཕྱིན་ཅི་ལོག་གི་ཤེས་པ་ནི་དབང་པོ་ལ་མ་ལྟོས་པར་ཡང་སྐྱེད་པར་ཐལ་བར་
འགྱུར་བའི་ཕྱིར་ཏེ། རང་བཞིན་གང་ཞིག་གང་ལས་མི་སྐྱེ་བ་དེ་ནི་དེ་ལ་ལྟོས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རབ་རིབ་ཅན་ལ་སོགས་པའི་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ནི་དབང་པོ་ལ་མ་ལྟོས་པར་སྐྱེ་བ་ཡང་མ་ཡིན་ནོ། །གཞན་

ཡང་གལ་ཏེ་དོན་ལ་མི་སླུ་བ་ཉིད་དུ་བརྗོད་པ་དེའི་ཚེ་གང་གིས་དེ་ལ་ཁྱེད་ཅག་ཚུ་རོལ་མཐོང་བ་རྣམས་ཀྱིས་ཐ་སྙད་དུ་འགྱུར་བ་བསྒྲུབས་པ་ལས་བྱུང་བའི་བློ་ཇི་ལྟར་དོན་ལ་མི་སླུ་བ་ཉིད་དུ་རྟོགས་པར་འགྱུར། དེའི་འབྲས་བུ་མ་རྟོགས་པ་དག་གིས་ནི་དེའི་ནུས་པ་
ངེས་པར་གཟུང་བར་ནུས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུ་ཡིན་དང་རིག་བྱེད་གང་ཁོ་ནའི་ཚད་མ་ཉིད་བསྟན་པར་བྱེད་པར་འདོད་པས་ཚིག་གི་དྲི་བ་འདི་ཐམས་ཅད་ཉེ་བར་འགོད་པར་བྱེད་པས་དེ་ཉིད་ཀྱི་དེ་མ་གྲུབ་པའི་ཕྱིར་འདི་ནི་འབྲས་ཐུག་པོ་ཆེ་དོན་
དུ་གཉེར་བ་ཕུབ་མ་རྡུང་བར་བྱེད་པ་འབའ་ཞིག་ཏུ་ཟད་པ་ཡིན་པས་ཧ་ཅང་ཐལ་བར་འགྱུར་བས་ཆོག་གོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་ཚད་མ་ཉེ་བར་བརྟག་པ་སྟེ། སུམ་ཅུ་པའོ།། །།འགྲོ་ཕན་མཛད་པར་བཞེད་པ་ཡིས། །བསྐལ་པ་གྲངས་མེད་མི་ཉུང་
བར། །ཐུགས་རྗེ་ཆེན་པོའི་བདག་འགྱུར་བ། །རྟེན་ཅིང་འབྲེལ་འབྱུང་གསང་བ་ཡི། །ཐམས་ཅད་མཁྱེན་པ་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ནས། །དེ་ཁོ་ན་ཉིད་བསྡུས་པ་བྱ། །ཞེས་བྱ་བ་འདིས་ཐམས་ཅད་མཁྱེན་པ་སྟོན་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་
འབྱུང་བའི་ཁྱད་པར་བསྟན་པ་གང་ཡིན་པ་དེ་བསྒྲུབ་པར་བྱ་བའི་དོན་དུ་སྐབས་དགོད་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་དེ་མ་ཐག་ཏུ་བཤད་པའི་རིགས་པ་གང་གི་ཚེ། ཚད་མ་ཐམས་ཅད་རང་ཉིད་ལས་ཚད་མ་མ་ཡིན་ནོ་ཞེས་གནས་ཏེ།
དེས་ན་འབད་པ་མེད་པ་ཉིད་དུ་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་གྲུབ་པར་བྱེད་པའི་ཕྱིར་དེ་གྲུབ་པར་བྱ་བའི་དོན་དུ་ལོགས་ཤིག་ཏུ་འབད་པ་གཞན་མི་བྱའོ། །འདི་སྙམ་དུ་ཇི་ལྟར་འབད་པ་མེད་པར་གྲུབ་པར་འགྱུར་སྙམ་དུ་སེམས་ན། རིག་བྱེད་ཀྱི་ཡང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་སྐྱེས་བུའོ། །ལས་ཞེས་བྱ་བ་ནི་བྱེད་པ་པོ་སྐྱེས་བུ་ལས་སོ། །དེ་ལས་ཞེས་བྱ་བ་ནི་རིག་བྱེད་ལས་ཏེ། ཚད་མ་ཉིད་ཅེས་བྱ་བ་འདི་ལ་ལྟོས་ནས། གནས་བཞིའི་བདུན་པ་ཡིན་ནོ། །ཚད་མ་ཉིད་ཅེས་བྱ་བ་

ནི་ཕྱིན་ཅི་མ་ལོག་པའི་དབང་པོ་ལས་འདས་པའི་དོན་སྟོན་པར་བྱེད་པ་ཉིད་དོ། །འདི་ཡང་གཞན་གྱི་ལུགས་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །འདི་སྐད་བསྟན་པ་ཡིན་ཏེ། གལ་ཏེ་གང་ཁྱེད་ཅག་གིས་གདོན་མི་ཟ་བར་རིག་བྱེད་ཚད་མ་ཉིད་དུ་ཁས་ལེན་པར་བྱེད་ན། དེའི་
ཚེ་འདི་བྱེད་པ་པོའི་སྐྱེས་བུ་ཉིད་ལས་ཚད་མ་ཉིད་དུ་རིགས་ཀྱི་རང་ལས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་སྔར་བསྟན་ཟིན་ཏེ། རིག་བྱེད་ཀྱི་བྱེད་པ་པོ་དེ་ཡང་གལ་ཏེ་དབང་པོ་ལས་འདས་པའི་དོན་མཐོང་བ་དེའི་ཚེ་བྱེད་པ་པོ་དེ་ལས་ཀྱང་འདི་ཚད་མ་ཉིད་དུ་རིགས་ཀྱི་གཞན་དུ་ནི་མ་
ཡིན་ནོ། །དེ་ལྟ་མ་ཡིན་ན་བྱེད་པ་པོ་ཕྱིན་ཅི་ལོག་པ་དང་ཐེ་ཚོམ་ལ་སོགས་པ་དང་ལྡན་ན་སྨྱོན་པ་ལ་སོགས་པའི་ཚིག་བཞིན་དུ་རིག་བྱེད་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེས་ན་ནི་དེའི་ཕྱིར་རོ། །རིག་བྱེད་ཀྱི་བྱེད་པ་པོ་འདི་སྔར་ཐོས་པ་རྟག་པར་བསྒྲུབས་ཟིན་པའི་
དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཡིན་པ་དེ་ནི་ཤུགས་ཀྱིས་གཞན་དཔྱོད་པ་པ་རྣམས་ཀྱིས་ཀྱང་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར་དེ་སྤང་བར་མི་བྱའོ། །འདི་ལྟར་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པ་སྐྱོན་གྱི་རབ་རིབ་ཀྱིས་བློའི་མིག་ཉམས་པ་ཡིན་གྱི་
དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་རྟོགས་ནས་དེས་བྱས་པའི་ལུང་རྣམས་ལ་ཚད་མ་ཉིད་ཀྱི་རེ་བ་མི་གནས་པས་ཆོས་དང་ཆོས་མ་ཡིན་པ་དོན་དུ་གཉེར་བའི་སྐྱེས་བུ་ནི་མཐའ་མ་མཐོང་བའི་བྱ་བཞིན་དུ་རིག་བྱེད་ཉིད་ཚད་མར་འདོད་པར་བྱེད་དོ་སྙམ་དུ་
བསམས་ནས་སམ། ཡང་ན་རང་གི་ཡོན་ཏན་གྱིས་ཕོངས་པས་མོས་པ་བཅོམ་པ་ཉིད་ཀྱིས་རྒྱལ་དཔོག་པ་རྣམས་ཀྱི་དབང་པོ་ལས་འདས་པའི་དོན་མཐོང་བ་སྤོང་བར་བྱེད་པ་ཡིན་ནོ། །འདི་ལྟར་སྐྱེས་བུ་ཐམས་ཅད་འདོད་ཆགས་ལ་སོགས་པ་དང་མ་རིག་པས་དེ་ཁས་
ལེན་པའི་ཐབས་དང་བྲལ་བའི་ཕྱིར་བསླད་པ་ཡིན་ཏེ། དེ་ལྟ་བས་ན་དབང་པོ་ལས་འདས་པའི་དོན་མཐོང་བ་འགའ་ཡང་ཡོད་པ་མ་ཡིན་པས་དེའི་ཕྱིར་བསྐུལ་བས་མཚོན་པ་ཉིད་ཀྱི་དོན་ཆོས་ཡིན་གྱི་དབང་པོ་ལ་སོགས་པས་མཚོན་པ་ནི་མ་ཡིན་ནོ། །སྐུལ་བར་བྱེད་པ་ནི་

བྱུང་བ་དང་འབྱུང་དང་འགྱུར་བ་དང་། ཕྲ་བ་དང་། ཆོད་པ་དང་། བསྐལ་པ་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་གྱི་དོན་རྟོགས་པར་ནུས་ཀྱི་གཞན་དབང་པོ་ལ་སོགས་པས་ནི་ནམ་ཡང་མ་ཡིན་ནོ། །འདིར་ཚད་མ་བྱེད་པ་ནི་གང་ཞིག་ཚད་མ་ལྔ་དང་བྲལ་
བའི་རང་བཞིན་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་རང་བཞིན་དེ་ནི་མཁས་པ་རྣམས་ཀྱིས་མེད་པའི་སྤྱོད་ཡུལ་དུ་འཇུག་པ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨ་ལྟ་བུའོ། །ཐམས་ཅད་མཐོང་བའི་སྐྱེས་བུ་ཡང་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱེད་པའི་རང་
བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། ཐ་སྙད་དུ་བྱར་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མེད་པ་ནི་དངོས་པོ་མེད་པ་ཉིད་ཀྱི་ཚད་མས་གྲུབ་པ་ཡིན་ནོ། །འོན་ཏེ་གཞལ་བྱའི་དངོས་པོ་ཐམས་ཅད་ནི་འདི་ཙམ་ཉིད་ཡིན་ཏེ། འདི་ལྟ་སྟེ་
གཟུགས་ལ་སོགས་པ་ཡུལ་ལྔ་པོ་རྣམས་སོ། །དེ་དག་ཀྱང་སྐྱེས་བུ་རྣམས་ཀྱིས་ཤེས་པར་འཇིག་རྟེན་ན་ཤིན་ཏུ་གྲགས་པ་ཉིད་ཀྱི་ཕྱིར་དེས་ན་དམ་བཅའ་བ་ལ་གྲགས་པས་གནོད་པ་མ་ཡིན་ནམ་ཞེས་དོགས་པ་ལ། འདི་ལ་ཆོས་ཉིད་དགག་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་
ལྟ་སྟེ་རིག་བྱེད་ཚད་མ་ཉིད་དུ་གྲུབ་པ་ལས་ཆོས་དང་ཆོས་མ་ཡིན་པའི་བདག་ཉིད་སྣ་ཚོགས་ཡོངས་སུ་ཤེས་པ་པོ་དགག་པ་ཙམ་བརྗོད་པར་འདོད་ཀྱི་སྒྲ་བརྗོད་པར་འདོད་པ་ཙམ་ཡོངས་སུ་ཤེས་པ་པོ་ཉིད་དགག་པ་ནི་མ་ཡིན་ནོ། །དེས་ན་ཆོས་དང་ཆོས་མ་ཡིན་པ་ལས་མ་
གཏོགས་པའི་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པ་ལ་ལྟོས་ནས་སྐྱེས་བུ་འགའ་ཞིག་ལ་འཇིག་རྟེན་གྱི་ཐམས་ཅད་མཁྱེན་པའི་ཐ་སྙད་གང་ཡིན་པ་སྲིད་པ་ཉིད་ཀྱི་ཕྱིར་ཁོ་བོ་ཅག་གིས་འགེགས་པར་བྱེད་པ་ནི་མ་ཡིན་ཏེ། དེས་ན་གྲགས་པས་གནོད་པ་སྲིད་པ་མ་ཡིན་ནོ་
སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཁྱེད་ཅག་སངས་རྒྱས་པ་རྣམས་ཀྱི་ཆོས་དང་ཆོས་མ་ཡིན་པ་ཤེས་པ་ལས་མ་གཏོགས་པའི་སྐྱེས་བུ་གཞན་ལ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐམས་ཅད་དུ་

ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐབས་ཀྱི་ཐམས་ཅད་ཅེས་བརྗོད་པ་དེ་ཡང་ཅི་ཞིག་ཡིན་ཞེ་ན། །ཞེས་སྟོན་པ་ནི་དོན་ལའང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་བྱཱ་ཀ་ར་ཎ་ལས་མེ་ནི་རྟག་གོ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་སྐྱོན་དང་རབ་ཏུ་བྱུང་བ་ལ་སོགས་པ་
བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་དོན་ལ་མི་སྲིད་པའི་ཕྱིར་ཤུགས་ཀྱིས་དོན་དེ་སྒྲུབ་པར་བྱེད་པའི་སྒྲ་ལས་རྟོགས་པ་ཡིན་ནོ་ཞེས་བརྡ་སྤྲོད་པ་པ་རྣམས་ཀྱིས་བརྗོད་པ་དེ་བཞིན་དུ་ཁྱེད་ཅག་གིས་ཀྱང་དོན་ཐམས་ཅད་སུས་ཀྱང་མི་ཤེས་པར་མི་ནུས་པའི་ཕྱིར་རང་གི་གྲུབ་པའི་མཐའ་
ལ་འདོན་པའི་ཐམས་ཅད་མཁྱེན་པའི་སྒྲའི་ཐམས་ཅད་ཀྱི་ཚིག་གང་ཡིན་པ་དེ་རང་གི་ངོ་བོ་གཙོ་བོ་ཉིད་ལ་བརྟེན་ནས་གང་སྒྲ་ཐམས་ཅད་མཁྱེན་པ་ན་ཞེས་དེ་ལྟར་བརྗོད་པ་དེའི་ཚེ་མིང་ལ་སྟེ་ཐ་སྙད་ལས་ཡིན་ལ་རག་སྟེ་ཡིན་དུ་ཆུག་མོད། དེ་གང་གི་ཕྱིར་དེ་ལྟར་འདོད་
པར་མི་བྱེད་པ་ན་འགའ་ཞིག་ན་འགའ་ཞིག་འགེགས་པ་ནི་མ་ཡིན་ཏེ། མིང་ནི་ཡང་རང་དབང་གི་འདོད་པ་ཙམ་གྱིས་འབྱུང་བ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་ཡང་ཆོས་དང་ཆོས་མ་ཡིན་པ་དག་ལས་གཞན་པ་ཏིལ་དང་ཆུ་དང་། མར་ལ་སོགས་
པ་ཐམས་ཅད་ཉིད་དུ་བརྗོད་པར་འདོད་པ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཡུལ་དུ་བྱས་པའི་ཡོད་པ་དེས་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་པ་དེ་ལྟ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གཞན་ཡང་སྤྱིའི་རྣམ་པས་འགྲོ་བ་མཐའ་དག་མདོར་བསྡུས་ནས་ཡོངས་སུ་ཤེས་པ་ལས་
ཐམས་ཅད་མཁྱེན་པར་འདོད་དམ། འོན་ཏེ་ཁྱད་པར་གྱི་རྣམ་པས་སངས་རྒྱས་པར་ཡོངས་སུ་ཤེས་པ་ལ་ཡིན་གྲང་། དེ