Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
་ལ་ཕྱོགས་དང་པོ་ལ་གྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི་ཡང་ན་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་འགྲོ་བ་ཐམས་ཅད་གཅིག་ལ་གཅིག་མེད་པ་ལ་
སོགས་པའི་རང་བཞིན་ཡིན་པའི་ཕྱིར་དངོས་པོ་མེད་པའི་རང་བཞིན་ལ། སྒྲུབ་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་ཁོ་བོ་ཅག་གིས་འགྲོ་བ་ཐམས་ཅད་ལས་ཁྱབ་པའི་དངོས་པོ་དང་དངོས་པོ་མེད་པའི་ངོ་བོའི་རང་བཞིན་གྱི་སྤྱིའི་ཆོས་

གང་ཡིན་པ་འདི་བརྗོད་དེ་ངོ་བོ་དེ་འགྲོ་བ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར། གལ་ཏེ་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་དེ་ལྟ་ན་ཡང་འདོད་པ་ཁོ་ན་སྟེ། འདི་ཙམ་གྱིས་ནི་འགའ་ཞིག་ཆོས་ཤེས་པ་ཉིད་དུ་འགྲུབ་པ་མ་ཡིན་ནོ། །དེ་ལྟར་མདོར་
བསྡུས་ནས་ཞེས་བྱ་བ་ནི་འགྲོ་བའི་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་མདོར་བསྡུས་པ་སྟེ། འདིས་མདོར་སྡུད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཞལ་བྱ་ཉིད་ལ་སོགས་པའི་སྤྱིའི་ཆོས་ཀྱིས་ཤེས་ན་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཡང་གང་དག་གིས་
རང་རང་གི་བསྟན་བཅོས་སུ་དངོས་པོ་ཅི་སྟེ་སྐད་ཅིག་ཐམས་ཅད་དུ་ངེས་པར་བཟུང་ནས་བསྟན་པ། དཔེར་ན་སངས་རྒྱས་པ་རྣམས་ཀྱིས་ཕུང་པོ་ལྔ་དང་། བྱེ་བྲག་པ་རྣམས་ཀྱིས་ཚིག་གི་དོན་དྲུག་དང་། རིག་པ་ཅན་རྣམས་ཀྱིས་ཚད་མ་དང་གཞལ་བྱ་ལ་སོགས་པ་བཅུ་དྲུག་
དང་། གྲངས་ཅན་གྱིས་རང་བཞིན་དང་ཆེན་པོ་ལ་སོགས་པ་ཉི་ཤུ་རྩ་ལྔ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་རིག་པར་བྱེད་དོ་སྙམ་ན། དེ་ལྟ་ན་ཧ་ཅང་ཐལ་བར་འགྱུར་རོ། །གཞུང་དེའི་དོན་ཤེས་པ་དང་། འདོན་པར་བྱེད་པ་
གང་དང་གང་ཡིན་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པར་འགྱུར་རོ། །ཡང་ཅི་སྟེ་གང་ཞིག་མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་དང་། ཉེ་བར་འཇལ་བ་དང་། དོན་གྱིས་གོ་བ་དང་། དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་
བཞིན་དུ་འདི་དག་གིས་ཡུལ་དྲུག་རྣམ་པར་ཕྱེ་ནས་ཡོངས་སུ་ཤེས་པ་དེ་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེ་ན། འདི་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་མངོན་སུམ་ནི་གཟུགས་ལ་སོགས་པ་ལྔའི་ཡུལ་ཅན་དུ་ངེས་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པའི་ཡུལ་
ཅན་མ་ཡིན་ལ། རྗེས་སུ་དཔག་པ་ཡང་མངོན་སུམ་གྱིས་བཟུང་བའི་རྟགས་དང་འབྲེལ་པའི་རྟགས་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར། དེའི་ཡུལ་ཅན་ཡང་མ་ཡིན་ཏེ་ཆོས་ཅན་ལ་སོགས་པ་ནི་དབང་པོ་ལས་འདས་པ་ཉིད་ཀྱིས་སུས་ཀྱང་འབྲེལ་པ་གཟུང་བར་མི་ནུས་པའི་

ཕྱིར་རོ། །གལ་ཏེ་ཡང་སྒྲ་ལས་བྱུང་བ་ཐམས་ཅད་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པ་དེ་ལྟ་ན་ཡང་ཤེས་པ་དེས་དབང་པོ་ལས་འདས་པའི་དོན་མཐོང་བར་འོས་པ་མ་ཡིན་ཏེ། དེས་ཤེས་པ་དེ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་མངོན་སུམ་མ་ཡིན་པའི་ཕྱིར་རོ། །
མངོན་སུམ་མ་ཡིན་པའི་ཤེས་པ་དང་ལྡན་པའི་སྐྱེས་བུ་དངོས་སུ་མཐོང་བར་རིགས་པ་མ་ཡིན་ནོ། །ཉེ་བར་འཇལ་བ་ཡང་འདྲ་བ་དང་དེའི་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་ཡུལ་ཅན་མ་ཡིན་ཏེ། ཇི་སྐད་དུ། དེའི་ཕྱིར་འདྲ་བས་
ཁྱད་པར་དུ། །བྱས་པའི་དྲན་པ་གང་ཡིན་པའམ། །དེ་ལ་བརྟེན་པའི་འདྲ་བས་ཏེ། །ཉེ་བར་འཇལ་བའི་གཞལ་བྱ་ཡིན། །ཞེས་བཤད་པ་བཞིན་ནོ། །དོན་གྱིས་གོ་བ་ཡང་མཐོང་བ་དང་ཐོས་པའི་དོན་གཞན་དུ་མི་འཐད་པའི་བརྟགས་པའི་དོན་གཞན་གྱི་ཡུལ་ཅན་
ཡིན་ལ། འདི་ནི་ཆོས་ལ་སོགས་པའི་ཡུལ་ཅན་མ་ཡིན་ཏེ། གང་ཞིག་ཆོས་ལ་སོགས་པ་མེད་པར་མི་འཐད་པའི་མཐོང་བ་དང་ཐོས་པའི་དོན་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་དོན་གྱིས་གོ་བའི་ཆོས་ལ་སོགས་པའི་ཡུལ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་
དེའི་མངོན་སུམ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར། དེ་དང་ལྡན་པ་ནི་ཆོས་ལ་སོགས་པ་དངོས་སུ་མཐོང་བར་འགྲུབ་པ་མ་ཡིན་ནོ། །དངོས་པོ་མེད་པ་ནི་གཞལ་བྱ་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར། ཆོས་ལ་སོགས་པའི་ཡུལ་ཅན་དུ་རིགས་པ་མ་ཡིན་ནོ། །དེ་
ལྟར་རེ་ཞིག་མདོར་བསྡུས་པའི་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ད་ནི་སངས་རྒྱས་པ་འགྲོ་བ་མ་ལུས་པ་ཡོངས་སུ་ཤེས་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་དུ་སྒྲུབ་པར་བྱེད་ན་ཉེས་པ་འཆད་པ་ནི། གང་ཞིག་དོན་
ཀུན་ཞེས་བྱ་བ་ལ་སོགས་པ་སྟེ། དོན་མེད་ཅེས་བྱ་བ་ནི་འབྲས་བུ་མེད་པ་ཡིན་ཏེ། སྐྱེས་བུའི་དོན་འགྲུབ་པ་ལ་ཉེ་བར་མི་མཁོ་བའི་ཕྱིར་རོ། །ལོག་པ་ཡིན་ཞེས་བྱ་བ་ནི་མི་སྲིད་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དེ་བཞིན་མ་ཡིན་པའོ། །འདི་མི་སྲིད་པའི་ཡུལ་ཅན་དེ་

ཉིད་སྟོན་པ་ནི། ལུས་པོ་གཅིག་པོ་ཁོ་ན་ཡི། །ཞེས་བྱ་བ་ལ་སོགས་པ་སྟེ། ལུས་གཅིག་གི་ཁོངས་སུ་གཏོགས་པའི་རྡུལ་ཕྲ་རབ་མ་ལུས་པའི་རབ་ཏུ་དབྱེ་བ་ཡོངས་སུ་ཤེས་པ་ཉིད་ཀྱི་སྐྱེས་བུ་ཡང་རེ་ཞིག་མི་སྲིད་ན། འགྲོ་བ་མ་ལུས་པར་གཏོགས་པའི་ཕྲ་བ་ལ་
སོགས་པའི་ཁྱད་པར་ཡོངས་སུ་ཤེས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། རྟོགས་པར་བྱེད་པའི་དོན་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། ཡན་ལག་གསལ་བ་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ནི་ལག་པ་ལ་སོགས་པ་ཡིན་ལ་གསལ་བ་དེ་
ཡང་ད་བ་དང་། སིང་ལྡེང་དང་པ་ལ་ཤ་ལ་སོགས་པ་ཞེས་བྱ་བ་ནི་ཡན་ལག་དང་གསལ་བ་དག་སྟེ། དེ་དག་ནི་ཡན་ལག་དང་གསལ་བ་ཡང་ཡིན་ལ་མ་ལུས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་གི་རྡུལ་ཕྲ་རབ་དང་སྒྲ་དང་ད་བ་ལ་སོགས་པའི་མཚན་
ཉིད་རྒྱས་པར་ཤེས་པའི་ཕྱིར་དེ་སྐད་ཅེས་བྱ་བ་ལ། དེའི་སྒྲུབ་པར་བྱེད་པ་སྟོན་པ་ནི་མི་སྲིད་པ་ཉིད་ཀྱིས་དེ་ནི་དོན་མེད་པ་ཡིན་ཏེ། ཆོས་དང་ཆོས་མ་ཡིན་པའི་ཡུལ་ཅན་མ་ཡིན་པ་ཉིད་ཀྱིས་སྐྱེས་བུའི་དོན་ལ་ཉེ་བར་མི་མཁོ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་
ཉིད་དཔེའི་སྒོ་ནས་བསྟན་པའི་ཕྱིར། ཇི་ལྟར་མིག་གི་དངོས་རྣམས་ཀུན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཅི་རིགས་སུ་དམ་བཅའ་བ་གྲུབ་པ་ལ་སྒྲུབ་པ་དང་གྲགས་པས་གནོད་པ་བསྟན་པ་ཡིན་ནོ། །གང་དུ་རྩོད་པ་དང་སྒྲུབ་པར་བྱེད་པ་གང་ལ་སྐྱེས་བུའི་
དོན་ལ་ཉེ་བར་མཁོ་བ་སྟེ་སྟོན་པ་ནི། རང་ཆོས་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་རང་གི་ཡང་ཡིན་ལ་ཆོས་དང་ཆོས་མ་ཡིན་པ་ཤེས་པ་ཡང་ཡིན་པས་དེ་སྐད་ཅེས་བྱ་ལ། དེའི་སྒྲུབ་པ་དང་དགག་པ་ལ། །ཞེས་ཚིག་རྣམ་པར་སྦྱར་ཏེ་འདི་ཡང་བདུན་པ་ཡིན་ནོ། །དེས་
བྱས་པའི་ལུང་གཟུང་བར་བྱ་བ་དང་དོར་བར་བྱ་བ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་སྒྲུབ་པར་བྱེད་པ་སྨྲ་བས་རང་གི་སྟོན་པ་ཆོས་དང་ཆོས་མ་ཡིན་པ་ཤེས་པ་ཉིད་དུ་སྒྲུབ་པར་བྱེད་པ་དེའི་ཚེ་དེ་བསྒྲུབས་པ་ན།

དེས་བྱས་པའི་ལུང་གཟུང་བར་བྱ་བ་ཉིད་དུ་གྲུབ་ལ་སུན་འབྱིན་པ་སྨྲ་བས་ཀྱང་གཞན་གྱིས་ཁས་བླངས་པའི་རང་གི་ཆོས་དང་ཆོས་མ་ཡིན་པ་ཙམ་ཤེས་པ་འགེགས་པར་བྱེད་པའི་ཚེ་དེ་བཀག་པ་ན་ཆོས་དང་ཆོས་མ་ཡིན་པ་སུན་འབྱིན་པས་བྱས་པའི་ལུང་དོར་བྱ་ཉིད་དུ་གྲུབ་
པར་འགྱུར་རོ། །གང་ཡང་ཆོས་དང་ཆོས་མ་ཡིན་པའི་ཡུལ་ཅན་གྱི་བསམ་པ་བཏང་བས་ན་རང་དང་གཞན་ལས་གྲུབ་པའི་ཐམས་ཅད་མཁྱེན་པ་འགྲོ་བ་མཐའ་དག་ལ་ཡོད་པའི་ཕྲ་བ་ལ་སོགས་པའི་ཁྱད་པར་ཤེས་པ་དང་མི་ཤེས་པ་དང་སྒྲུབ་པར་བྱེད་པའི་ཕྱིར་གྲངས་
ཅན་དང་སངས་རྒྱས་པ་ལ་སོགས་པ་རྣམས་ཀྱི་གཞུང་དགོད་པ་དང་རྩོད་པ་དང་གང་ལ་བརྩོན་པར་བྱེད་པ་དེ་ནི་ཀུན་ནས་ཉོན་མོངས་པའི་འབྲས་བུ་ཅན་ཡིན་པ་འབའ་ཞིག་ཏུ་ཟད་ཏེ། འགྲོ་བ་མཐའ་དག་ལ་ཡོད་པའི་ཕྲ་བ་ལ་སོགས་པའི་ཁྱད་པར་ཤེས་པ་དང་མི་ཤེས་
པ་གྲུབ་པར་བྱེད་པ་ལ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པ་ཡིན་ལ། གཞུང་རྩོད་དག་ལ་ཞེས་བྱ་བ་འདིར་ནི་བརྩོན་པ་ལ་ལྟོས་ནས་གནས་བཞིའི་བདུན་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཆོས་ལ་སོགས་པ་ཡོངས་སུ་ཤེས་པའི་སྐྱེས་བུ་འགའ་ཡང་མེད་ན་དེའི་ཚེ་འཇིག་
རྟེན་ན་ཇི་ལྟར་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྟོགས་པར་འགྱུར་སྙམ་དུ་དོགས་པ་ལ། ཚད་མ་བྱེད་པ་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལང་ཉིད་འབའ་ཞིག་གིས་རྟོགས་འགྱུར། །ཞེས་བྱ་བ་ནི་ལུང་ཙམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །གལ་ཏེ་ཡང་ལུང་གི་སྒྲ་སྤྱིར་བརྗོད་པ་ནི་དེ་ལྟ་ན་ཡང་ཤུགས་ཀྱིས་སྐྱེས་བུས་བྱས་པའི་ལུང་གི་མཐར་ཐུག་པ་ཉིད་དུ་བལྟ་བར་བྱའོ། །འདི་ཙམ་གྱིས་ནི་ཞེས་བྱ་བ་ནི་ཆོས་ཤེས་པ་ཉིད་བཀག་པ་ཙམ་གྱིས་སོ། །སྐུལ་བར་བྱེད་པས་མཚོན་པའི་དོན་ཆོས་ཡིན་ནོ། །
ཞེས་བྱ་བའི་དཔྱོད་པ་པའི་ཕྱོགས་འདི་གྲུབ་ན་ཡང་ཁོ་བོ་ཅག་གིས་སླར་ཡང་ཆད་པར་འགྱུར་བའི་ཐམས་ཅད་མཁྱེན་པ་སེལ་བ་ལ་འབད་པ་བྱེད་པ་གང་ཡིན་པ་དག་མངོན་པར་འདོད་པའི་འབྲས་བུ་ཐོབ་ཟིན་པར་འགྱུར་བའི་ཕྱིར་འབྲས་བུ་ཐོབ་པ་ནི་རོ་ལ་གསོད་པ་བཞིན་དུ་

འབྲས་བུ་མེད་པ་ཉིད་དོ། །གང་ཡང་སངས་རྒྱས་པ་རྣམས་ཀྱིས་ཆོས་ཤེས་པ་དངོས་པོ་མེད་པའི་ཚད་མས་བཅོམ་པ་ན་ཐམས་ཅད་མཁྱེན་པར་བསྒྲུབ་པར་བྱ་བའི་ཕྱིར། འབད་པ་དེ་ཡང་འདོད་པའི་འབྲས་བུ་མེད་པའི་ཕྱིར་འབྲས་ཐུག་པོ་ཆེ་དོན་དུ་གཉེར་བ་
ཕུབ་མ་རྡུང་བ་བཞིན་དུ་ངལ་བ་ཙམ་འབྲས་བུ་ཉིད་ཡིན་པ་ཁོ་ནར་ཟད་དོ། །དཔེར་ན་ཤུན་ཕྲགས་ཀྱི་ནང་གི་འབྲས་ཡོངས་སུ་སྤངས་ནས་འབྲས་ཐུག་པོ་ཆེ་དོན་དུ་གཉེར་བ་ཕུབ་མ་རྡུང་བ་འབའ་ཞིག་བྱེད་པ་དེ་བཞིན་དུ་སངས་རྒྱས་ལ་སོགས་པ་རང་ལས་གཙོ་བོར་གྱུར་པའི་ཆོས་
དང་ཆོས་མ་ཡིན་པ་ཡོངས་སུ་སྤངས་ནས་ཉེ་བར་མི་མཁོ་བའི་འགྲོ་བ་མ་ལུས་པའི་ཕྲ་བ་ལ་སོགས་པའི་ཁྱད་པར་ཤེས་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་འདི་ནི་ཕུབ་མ་རྡུང་བ་དང་ཆོས་མཚུངས་སོ། །རྩ་བ་བཅད་པ་ཉིད་ཀྱི་ཕྱིར། །ཞེས་བྱ་བ་ལ་རྩ་བ་ནི་གཙོ་བོ་སྟེ། ཆོས་དང་
ཆོས་མ་ཡིན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་ཤེས་པ་རྣམ་པར་བཅད་པ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་ལ། དེའི་དངོས་པོ་ནི་དེ་ཉིད་དོ། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པའི་སངས་རྒྱས་པ་འདི་དག་གིས་མངོན་པར་འདོད་པའི་འབྲས་བུ་མ་གྲུབ་པ་འབའ་
ཞིག་ཏུ་མ་ཟད། འོན་ཀྱང་མི་འདོད་པ་ཐོབ་པར་འགྱུར་བ་ཡང་ཡིན་ནོ་ཞེས་སྟོན་པ་ནི། དངོས་སུ་མངོན་སུམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་བདེ་བར་གཤེགས་པ་ལ་སོགས་པ་ནི་དངོས་པོའི་ཚོགས་མཐའ་དག་གི་དེ་ཁོ་ན་ཉིད་སྟོན་པའི་ཕྱིར་ཐམས་
ཅད་མཁྱེན་པའི་དངོས་པོ་རྗེས་སུ་དཔག་པ་ཡིན་པས་དམ་བཅའ་བ་རྗེས་སུ་དཔག་པ་གནོད་པ་ཉིད་དང་། གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ནི་ངེས་བརྗོད་དང་མཆོད་སྦྱིན་དང་།
སྙན་ངག་གི་མིང་ཅན་རྣམས་སོ། །ཉེ་བའི་རིག་བྱེད་ནི་ཚེའི་རིག་བྱེད་དང་འཕོང་དཔྱད་ཀྱི་རིག་བྱེད་ལ་སོགས་པའོ། །ཡན་ལག་ནི་རིག་བྱེད་ཀྱི་ཡན་ལག་དྲུག་སྟེ། བསླབ་པ་དང་རྟོགས་པ་དང་། བྱཱ་ཀ་ར་ཎ་དང་། སྡེབ་སྦྱོར་དང་ངེས་ཚིག་དང་། སྐར་མ་ཤེས་པའོ། །

ཉིང་ལག་ནི་དེའི་ཡན་ལག་དང་། སྐད་ཀྱི་དབྱིངས་ལ་སོགས་པའོ། །སོགས་པའི་སྒྲས་དེའི་འཁོར་བཤད་པ་ལ་སོགས་པ་གཟུང་ངོ་། །འདི་དག་གི་དོན་ནི་བརྗོད་བྱ་ཡིན་ལ། དེ་སྟོན་པ་ནི་རྗོད་པར་བྱེད་པའི་ཚིག་གོ། །རིག་བྱེད་ལ་སོགས་པས་བསྟན་པའི་དོན་
སྟོན་པར་བྱེད་པ་གང་ཡིན་པ་དེ་ལྟ་བུར་གྱུར་པའི་ངག་དེ་སངས་རྒྱས་པ་ལ་སོགས་པ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་ཚོགས་རྣམས་མ་ལུས་པ་སྟོན་པར་བྱེད་པའི་བསྟན་བཅོས་བྱེད་པ་འབའ་ཞིག་ནི་མ་མཐོང་སྟེ། བསྟན་བཅོས་ཐམས་ཅད་བརྗོད་པར་
བྱ་བ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཡང་ཅི་སྟེ་དངོས་པོ་ཅུང་ཟད་གཅིག་སྟོན་པ་མཐོང་བའི་ཕྱིར་སངས་རྒྱས་པ་ལ་སོགས་པའི་གཞུང་དུ་མ་བསྟན་ཀྱང་དོན་གཞན་ཤེས་པ་ཉིད་དུ་རྗེས་སུ་དཔོག་པར་བྱེད་དེ། ཤེས་པའི་ནུས་པ་མཐོང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་སྐྱོན་
གྱི་གནས་སྐབས་སོ་ན་འདུག་པ་ཡིན་ནོ་སྙམ་ན། རང་གཞུང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་གི་གཞུང་དག་ཏུ་མ་བསྟན་ཀྱང་སྟེ་མ་བརྗོད་ཀྱང་དོན་གང་ཡིན་པ་དེ་དག་གིས་ཤེས་པ་ཞེས་དེ་ལྟར་རྗེས་སུ་དཔག་པའི་སྟོབས་ཀྱིས་འདོད་པ་དེའི་ཚེ་རང་གིས་
བརྟགས་པའི་གཏམ་རྒྱུད་བྱེད་པའི་སྙན་ངག་མཁན་རྣམས་ཀྱང་ཡོངས་སུ་ཤེས་པའི་ནུས་པ་མཐོང་བའི་ཕྱིར་ཐམས་ཅད་མཁྱེན་པར་བརྟག་པར་བྱ་བར་འགྱུར་ཏེ། ཁྱད་པར་མེད་པས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །འདི་སྙམ་དུ་སངས་རྒྱས་པ་ལ་སོགས་
པ་དབང་པོ་ལས་འདས་པའི་དོན་སྟོན་པར་མཐོང་གི་སྙན་ངག་མཁན་རྣམས་ནི་མ་ཡིན་ནོ། །དེས་ནི་དེ་དག་ཉིད་དབང་པོ་ལས་འདས་པའི་དོན་མཐོང་བར་རྗེས་སུ་དཔག་པར་བྱེད་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གང་ལས་དབང་པོ་ལས་འདས་པའི་དོན་
ལ་ལུས་པ་ཡོངས་སུ་ཤེས་པའི་ནུས་པ་མེད་པ་དེ་ལ་དབང་པོ་ལས་འདས་པའི་དོན་ཅུང་ཟད་ཤེས་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་དབང་པོ་ལས་འདས་པའི་དོན་ཤེས་པ་ནི་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་ཡིན་པའི་ཕྱིར་སྙན་ངག་

མཁན་རྣམས་ཀྱིས་འཁྲུལ་པ་མ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། འགལ་བ་ཉེ་བར་སྟོན་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མང་པོ་ནི་དེ་ལ་གུས་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་བརྟགས་པ་སྟེ། བསྒྲུབ་པར་བྱ་
བའི་བདེ་བར་གཤེགས་པ་དང་། སེར་སྐྱ་དང་། གཟེགས་ཟན་དང་། རྐང་མིག་ལ་སོགས་པ་དེ་དག་ལ་འདིར་སུ་ཞིག་གཅིག་ཉིད་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འཛིན་ཏེ་གཏན་ལ་འབེབས་པར་བྱེད་དེ། ཐམས་ཅད་ལ་ཐམས་ཅད་མཁྱེན་པར་བྱེད་
པའི་རྒྱུའི་དབང་པོ་ལས་འདས་པའི་དོན་སྟོན་པ་པོ་ཉིད་མཚུངས་པའི་ཕྱིར་རོ། །ཐམས་ཅད་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་ངེས་པར་འཛིན་པར་རིགས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཕན་ཚུན་འགལ་བའི་དོན་སྟོན་པ་པོ་ཡིན་པའི་ཕྱིར་རོ། །ཕན་ཚུན་འགལ་བའི་
དོན་སྟོན་པ་རྣམས་ནི་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་རིགས་པ་མ་ཡིན་ཏེ། དངོས་པོ་རྣམས་གཅིག་གི་ངོ་བོ་ཉིད་ཡིན་པས་ཕན་ཚུལ་འགལ་བ་དུ་མའི་རང་བཞིན་དང་འདྲི་བ་མེད་པའི་ཕྱིར་རོ། །བདེ་བར་གཤེགས་པ་གཅིག་ཏུ་ངེས་པར་གཟུང་བར་བྱ་བ་ཡིན་ནོ་ཞེ་ན།
གལ་ཏེ་བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་གཉི་ག་ཡང་ཐམས་ཅད་མཁྱེན་པ་ཉིད་ཡིན་མོད་ཅེ་ན། འོན་ཏེ་གཉི་ག་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཅི་སྟེ་གང་གི་ཚེ་ཚིག་རེས་འགའ་བདེན་པའི་དོན་ཅན་དམིགས་པ་དེ་ཉིད་དངོས་
པོ་མཐའ་དག་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པར་རྗེས་སུ་དཔག་པར་བྱའོ་སྙམ་ནས། རྒྱལ་བ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་དང་སངས་རྒྱས་ལ་སོགས་པའི་ཡུལ་ཅན་ཐམས་ཅད་ནི་རྩིས་ལ་སོགས་པའི་ཕྱོགས་གཅིག་ལ་ལ་
ལར་མི་སླུ་བའི་ཚིག་མཐོང་བ་ཁོ་ན་སྟེ། མང་དུ་སྨྲ་བ་ལ་བདེན་པའི་དོན་ཅན་འགའ་ཞིག་ཏུ་མི་འགྱུར་བ་ནི་མ་ཡིན་ཏེ། ཇི་སྐད་དུ། སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་དོན་ཅན་གཅིག་མེད་པ་མིན། །ཞེས་བཤད་པ་བཞིན་ནོ། །དེ་ལྟ་ཡིན་དང་རྒྱུ་མཚུངས་པ་ཉིད་

ཀྱིས་ཁྱད་པར་ངེས་པར་མ་བཟུང་བའི་ཕྱིར་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། ཕན་ཚུན་འགལ་བའི་དོན་སྟོན་པའི་ཕྱིར་ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །ཅི་སྟེ་ཡང་གང་གི་ཚིག་ཚད་མ་ཐམས་ཅད་ཀྱིས་རྣམ་པར་དཔྱད་པ་ན་
མནོས་པར་མི་ནུས་པ་དེ་ཉིད་ཐམས་ཅད་མཁྱེན་པར་འགྱུར་རོ་སྙམ་ན། རང་གི་ཕྱོགས་ལ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདེ་བར་གཤེགས་པ་ནི་དོན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དངོས་སུ་མཁྱེན་པ་ཅན་ཡིན་ཏེ། མ་ཐོས་པ་དང་རྗེས་སུ་མི་དཔོགས་པའི་
ཕྱིན་ཅི་མ་ལོག་པའི་དོན་སྟོན་པ་པོ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་མངོན་སུམ་གྱིས་རྟོགས་པ་སྟེ། དེ་སྟོན་པ་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་གང་ཞིག་བདེ་བར་གཤེགས་པའི་སྲས་རྣམས་ཀྱིས་བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་
པའི་ཕྱིར་ཉེ་བར་བླང་བ་འདི་ཉིད་ནམ་མཁའི་གོས་ཅན་རྣམས་ཀྱིས་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་ཉེ་བར་གནས་ཏེ། དེ་ལྟ་བས་ན་ཐེ་ཚོམ་ཟ་བ་སོ་ན་འདུག་པ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་
བའི་ཕྱིར་ནམ་མཁའི་གོས་ཅན་རྣམས་ཀྱིས་སྒྲུབ་པར་བྱེད་པ་བཀོད་པ་ལ། ཤཱཀྱའི་བུ་རྣམས་ཀྱིས་ཀྱང་འདི་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། དེ་ཉེ་བར་བསྟན་པའི་སྐད་ཅིག་མ་འཇིག་པ་ལ་སོགས་པ་རྣམས་མི་རུང་བའི་ཕྱིར་རོ་ཞེས་ཉེ་བར་ལེན་པར་བྱེད་པ་ཡིན་ནོ། །
དེ་ལྟ་ཡིན་དང་ཇི་ལྟར་གཟུགས་ཉེ་མ་ཐག་ཏུ་གཟུགས་བརྙན་འཆར་བ་དེ་ལྟར་འདི་དག་གི་སྒྲུབ་པ་དང་སུན་འབྱིན་པའི་དེ་མ་ཐག་ཏུ་ཕན་ཚུན་དགྲར་གྱུར་པའི་སྒྲུབ་པ་དང་སུན་འབྱིན་པ་རྣམས་ཉེ་བར་གནས་པའི་ཕྱིར་རོ། །དེ་ཇི་ལྟར་གཟུགས་བརྙན་འཆར་བ་ཉིད་ཀྱིས་ཟིན་པའི་
མི་གནས་པའི་སྒྲུབ་པ་དང་སུན་འབྱིན་པ་འདི་རྣམས་ཀྱིས་འགའ་ཞིག་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་བྱ་བ་ཡིན། འདི་སྙམ་དུ་གང་ཞིག་དོན་དམ་པར་སུས་ཀྱང་སུན་དབྱུང་བ་བྱ་བར་མི་ནུས་པ་ཁོ་ན་ཐམས་ཅད་མཁྱེན་པ་ཉིད་དུ་ཤེས་པར་བྱའོ་སྙམ་དུ་སེམས་ན། དེ་ལྟར་

ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཁྱད་པར་དུ་འཕགས་པར་བྱ་བའི་ཕྱིར། ཇི་ལྟར་ནེའུ་ལེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་རིགས་པ་འགའ་ཞིག་པོ་འདི་གང་ཡིན་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
ཤེས་བྱ་ཉིད་ལ་སོགས་པའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐུན་མོང་བ་ཉིད་དུ་ཤིན་ཏུ་གྲགས་པ་ཡིན་ཞིང་གནོད་བྱེད་དུ་འགྱུར་བ་དེ་ནི་གཏན་དུ་མི་སྲིད་པའི་ཕྱིར་རྟོག་པ་དང་ལྡན་པས་ཁས་བླང་བར་མི་བྱ་སྟེ། འདི་ལྟར་བདེ་བར་གཤེགས་
པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཤེས་བྱ་ཉིད་དང་། གཞལ་བྱ་ཉིད་དང་། དངོས་པོ་ཉིད་དང་། ཡོད་པ་ཉིད་དང་། སྨྲ་བ་ཉིད་དང་། སྐྱེས་བུ་ཉིད་ལ་སོགས་པའི་ཕྱིར་ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་འདི་ཡང་བརྗོད་པར་ནུས་པ་ཡིན་ནོ། །འདི་དག་མ་ངེས་
པ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟར་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པར་འདོད་དོ། །དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་དེ་ཡང་ནམ་ཞིག་དབང་པོའི་ཤེས་པས་སམ། ཡིད་ཀྱི་ཤེས་པས་ཡིན་གྲང་རེ་ཞིག་དབང་པོའི་ཤེས་
པས་ནི་མ་ཡིན་ཏེ། དེ་ནི་སོ་སོར་ངེས་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དོན་མ་ལུས་པའི་ཡུལ་ཅན་དུ་རིགས་པ་མ་ཡིན་པའི་ཕྱིར་ཏེ། འདི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་སོ་སོར་ངེས་པའི་ཡུལ་འཛིན་པའི་རང་བཞིན་རྣམས་ནི་ངེས་པར་བྱེད་པའི་རང་བཞིན་གྱི་
རྒྱུ་དབང་པོ་རྣམས་ཀྱིས་བསྐྱེད་པ་ཡིན་ཏེ། དེ་ལྟ་ཡིན་དང་འཇིག་རྟེན་རང་གི་ཡུལ་གྱི་མཚམས་ལས་མ་འདས་པ་ཉིད་དུ་ཤིན་ཏུ་གྲགས་པའི་ཕྱིར། འདི་དག་གིས་དོན་མ་ལུས་པ་འཛིན་པར་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དབང་པོ་དུ་མ་དོན་མེད་པར་ཐལ་བར་
འགྱུར་རོ། །དེ་ལྟ་ཡིན་དང་ཤེས་པ་གཅིག་གིས་ཐ་དད་པའི་དབང་པོ་གཟུང་བར་བྱ་བ་ཡིན་ན་ཡང་གཟུགས་དང་རོ་ལ་སོགས་པ་ཆོས་ཐམས་ཅད་ཤེས་སོ་ཞེས་དེ་ལྟར་སངས་རྒྱས་པ་དག་གིས་བརྟགས་པ་ཡིན་ཏེ། གཅིག་གིས་ཐམས་ཅད་ཤེས་པ་སྟེ། གཅིག་གིས་

ཐམས་ཅད་མཐོང་བ་ཡིན་ཞེས་བཤད་པའི་ཕྱིར་རོ། །སངས་རྒྱས་པ་སྨྲ་བ་པོ་དེ་ནི་མིག་གིས་ཏེ་བྱེད་པར་འགྱུར་བ་དེའི་སྒོ་ནས་འཇུག་པའི་ཤེས་པས་རོ་ལ་སོགས་པའི་ཆོས་ཐམས་ཅད་རྟོགས་སོ་ཞེས་བྱ་བར་འགྱུར་ལ་འདི་ལ་བརྗོད་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཤེས་
པ་གཅིག་གིས་ཅིག་ཅར་དོན་མ་ལུས་པ་འཛིན་པར་མ་གྱུར་མོད། །དུ་མས་ནི་འཛིན་པར་འགྱུར་རོ་ཞེ་ན། འདི་ལྟར་ཅིག་ཅར་རྣམ་པར་ཤེས་པ་དུ་མ་མི་སྲིད་པའི་ཕྱིར་རོ། །སྲིད་དུ་ཆུག་ན་ཡང་དངོས་པོ་ཐམས་ཅད་འཛིན་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱི་གཞན་གྱི་
སེམས་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་དང་། རིང་བ་དང་། ཕྲ་བ་དང་། ཆོད་པ་ལ་སོགས་པའི་ཡུལ་དུ་མ་གྱུར་པའི་དོན་ནི་དེས་གཟུང་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་ད་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་རིགས་མི་མཐུན་པའི་
དོན་འཛིན་པར་མ་མཐོང་བ་དེ་ལྟ་ན་ཡང་དུས་གཞན་དུ་རེས་འགའ་འགའ་ཞིག་རིགས་མི་མཐུན་པའི་དོན་བཟུང་བར་གྱུར་ཏོ་ཞེས་བྱ་བར་སྲིད་པ་ཡིན་ནོ་སྙམ་དུ་སེམས་ན། གང་གི་རིགས་ཅན་ཚད་མ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་རང་
བཞིན་སོ་སོར་ངེས་པ་ནི་རྒྱུ་དང་འབྲེལ་བའི་དོན་གྱིས་གློ་བུར་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་རྒྱུ་དང་འབྲེལ་པའི་བདག་ཉིད་ཐོབ་པའི་རྣམ་པ་དེ་ལྟ་བུ་ནི་ཇི་ལྟར་རྣམ་པ་གཞན་ཉིད་དུ་སྲིད།
དུ་བའི་རྒྱུ་དང་འབྲེལ་པའི་བདག་ཉིད་དུ་གནས་པའི་དུ་བ་ནི་གཞན་ལས་འབྱུང་བ་སྲིད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡིད་ཀྱི་ཤེས་པས་ཤེས་བྱའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར་གལ་ཏེ་ཡང་དེ་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པ་དེ་ལྟ་ན་ཡང་དེ་ལ་རང་
དབང་དུ་དོན་འཛིན་པའི་བྱ་བ་ཡོད་པ་མ་ཡིན་ཏེ། འོན་པ་དང་ལོང་བ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཡིན་ན་དབང་པོའི་ཤེས་པས་ཡོངས་སུ་བཟུང་བའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར། རིང་བ་དང་། ཕྲ་བ་དང་། ཆོད་པ་དང་།

གཞན་གྱི་སེམས་ལ་སོགས་པའོ། །དོན་དབང་པོའི་ཤེས་པའི་ཡུལ་དུ་མ་བྱས་པ་ཡང་དེས་ཡོངས་སུ་གཅོད་པར་འགྱུར་རོ། །འདི་སྙམ་དུ་གོམས་པ་ལས་ཤེས་རབ་ལ་སོགས་པ་སྐྱེས་བུ་རེ་རེ་ལ་གོང་ནས་གོང་དུ་ཐ་དད་པར་མཐོང་བའི་ཕྱིར་རོ། །ཤིན་
ཏུ་རབ་ཀྱི་མཐར་ཐུག་པར་ཡང་སྲིད་པ་ཡིན་ནོ་སྙམ་དུ་སེམས་ན། འདིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་གོམས་པ་ན་ཡང་དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་དུ་དམིགས་པ་མ་ཡིན་ནོ། །འདི་ལྟར་སྐྱེས་བུ་ཤིན་ཏུ་ཤེས་རབ་ཅན་ཡང་
ཞིབ་མོའི་བློས་རྟོགས་པར་བྱ་བ་ཡིན་པས་ཕྲ་བའི་དོན་དམིགས་པར་ནུས་ཀྱང་རང་གི་རིགས་ཏེ་མིའི་རིགས་སུ་འབྱུང་བ་ལྷའི་མིག་མ་ཡིན་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རང་བཞིན་ལས་མ་འདས་པར་འཇུག་པ་ན་གོམས་པ་ལས་སྐྱེས་བུ་ཕུལ་དུ་བྱུང་བར་མཐོང་གི །
ལྷའི་མིག་ལ་སོགས་པ་དང་ལྡན་པ་འགའ་ཞིག་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་དང་དེས་མི་ལས་རྣམ་པར་འདས་པའི་ལྷའི་མིག་ཤིན་ཏུ་རྣམ་པར་དག་པས་སེམས་ཅན་བདེ་འགྲོར་འགྲོ་བ་ཡང་མཐོང་ཞིང་ངན་འགྲོར་འགྲོ་བ་ཡང་མཐོང་ངོ་ཞེས་
སངས་རྒྱས་པ་རྣམས་ཀྱིས་སྨྲས་པར་གྲགས་པ་གང་ཡིན་པ་དེ་མི་མཐོང་ངོ་སྙམ་དུ་བསམ་པ་ཡིན་ནོ། །བློ་ཐམས་ཅད་གོམས་པ་ལ་སོགས་པ་རྣམས་ཀྱིས་ཁྱད་པར་དུ་འགྱུར་དུ་ཆུག་མོད། དེ་ལྟ་ན་ཡང་འདི་དག་རང་གི་ཡུལ་གྱི་མཚམས་ལས་མ་འདས་པ་ཡིན་
པ་ན་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་རྒྱས་པར་བསྟན་པའི་ཕྱིར། རྣ་བས་རྟོགས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིང་བ་དང་ཕྲ་བ་དག་ལ་དམིགས་པ་སྟེ། ཤེས་པ་དེ་དག་གིས་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱིས་གསུམ་པའོ། །ལ་ལམ་རིང་
དང་ཕྲ་ཚོགས་དམིགས་པའི་ཕྱིར། །ཞེས་འདོན་པ་དེར་ནི་གཏན་ཚིགས་ཀྱང་ལྔ་པར་བྱའོ། །མིག་གིས་ཀྱང་སྒྲ་ལ་སོགས་པ་མཐོང་བར་བྱེད་པ་མ་ཡིན་ནོ་ཞེས་སྦྱར་རོ། །དེ་ཙམ་གྱིས་དབང་པོའི་བློ་རྣམས་རང་གི་ཡུལ་གྱི་མཚམས་ལས་མི་འདའ་བར་བསྟན་ཏོ། །

ད་ནི་ཡིད་ཀྱི་ཤེས་པ་ཡང་ཤེས་པར་བྱ་བའི་ཡུལ་ལས་འདས་པ་ཉིད་ཀྱིས་ཁྱད་པར་དུ་འཕགས་པ་མཐོང་ངོ་ཞེས་སྟོན་པ་ནི། དེ་ལྟར་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་གསལ་བར་བྱ་བའི་ཕྱིར། བྱཱ་ཀ་ར་ཎའི་སྒྲ་ཤེས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
སྐར་མའི་བསྟན་བཅོས་ཤེས་པའི་ཕྱིར་རྒྱུ་སྐར་ཤེས་པའོ། །རིག་བྱེད་དང་སྔོན་འབྱུང་ལ་སོགས་པ་ཤེས་པ་ལ་སྟེ། དེ་དག་གི་ཁྱད་པར་དུ་འཕགས་པ་དེ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྔོན་མེད་པའི་སྒྲས་ཆོས་དང་ཆོས་མ་ཡིན་པ་བརྗོད་པའོ། །
གཞན་ཡང་རང་གི་ཡུལ་གྱི་མཚམས་ལས་མ་འདས་པར་ཡང་ཁྱད་པར་དུ་འཕགས་པར་འགྱུར་བ་ནི་ཤིན་ཏུ་རབ་ཀྱི་མཐར་ཐུག་པར་འགྲོ་བ་མ་ཡིན་གྱི་འོན་ཀྱང་ཅུང་ཟད་ཙམ་གྱི་ཡུལ་གྱི་མཚམས་སུ་སྣང་བ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། མཁའ་
ལ་ཁྲུ་བཅུ་ཞེས་བྱ་བ་ལ་སོགས་པ་འཆད་དེ་འདི་ལྟར་གལ་ཏེ་བད་ཀན་ཤས་ཆེ་བའི་ལུས་ཅན་ཁ་ཅིག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་མཆོང་བར་ནུས་པ་ཕྱིས་གོམས་པས་རིམ་གྱིས་ལུས་ཡང་བ་ཐོབ་པ་ཅན་ནམ་མཁའ་ཁྲུ་བཅུའི་བར་དུ་མཆོང་བར་འགྱུར་བ་དེ་ལྟ་ན་
ཡང་དེ་དག་དཔག་ཚད་གཅིག་ཏུ་ནི་འབད་པ་བྱས་ཀྱང་ནམ་མཁའ་ལ་མཆོང་བར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །ཡུལ་དུ་བྱུང་སྟེ་ཁྱད་པར་འཕགས་པའི་ཤེས་པ་སྟེ་རིང་ཏུ་སོང་བས་ཞེས་བྱ་བ་ནི་བྱེད་པའི་གསུམ་
པའོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། །ཁང་མིག་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ནི་འཇིག་རྟེན་གྱི་དབྱིབས་ཀྱི་ཁྱད་པར་དེ་ཇི་ལྟར་བྷ་ར་ཏའི་འཇིག་རྟེན་ལ་བྷ་ར་ཏའི་འཇིག་རྟེན་གྱི་དབྱིབས་ཞེས་བརྗོད་པ་བཞིན་ནོ། །འདི་ལ་གཞན་དག་
གིས་ཀྱང་ཁོ་བོ་ཅག་ལག་ནས་འདྲེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟ་དང་ཆོ་ལོའི་དོར་ཤེས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཞོན་པ་ཞེས་བྱ་བ་ནི་ཤིང་རྟའོ། །འདི་ལྟར་ཐོས་ཏེ། རྐང་ཞེས་བྱ་བ་ནི་རྒྱལ་པོ་བྱུང་བར་གྱུར་ཏོ། །དེས་ཆོ་ལོའི་དོར་

ཐབས་མི་ཤེས་པས་རྒྱལ་སྲིད་མཐའ་དག་ཆོ་ལོའི་སྐུགས་ལ་ཤོར་བར་གྱུར་ལ། དེའི་བཙུན་མོ་འདུལ་བྱེད་མ་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེ་རྒྱལ་སྲིད་མ་ལུས་པ་ཤོར་བས་འདུལ་བྱེད་མ་འབའ་ཞིག་དང་ལྷན་ཅིག་ནགས་སུ་སོང་ངོ་། །དེར་སོང་ནས་
ཀྱང་དེའི་གནམ་བསྐོས་ཀྱི་དབང་གིས་བཙུན་མོ་དེ་དང་བྲལ་བར་གྱུར་ཏེ། དེས་སྡུག་པ་དང་བྲལ་བའི་མྱ་ངན་ཤིན་ཏུ་ཆེ་བ་སྐྱེས་ནས་མཆི་མའི་སྤྲིན་འཐིབས་པའི་གདོང་གིས་བསམས་པའི་རྒྱ་མཚོར་ཞུགས་པ་ན་ལུས་ཤིན་ཏུ་རིད་པར་གྱུར་ཏེ། དེ་དེར་འཁྱམས་པ་ལས་རེ་ཞིག་ན་རྒྱལ་
པོ་དུས་འདབ་ཀྱི་གཡོག་ཏུ་གནས་ཏེ་ངོ་མི་ཤེས་པར་གནས་པར་གྱུར་ཏོ། །བཙུན་མོ་དེ་ཡང་རེ་ཞིག་ན་སྟེས་ཏེ་ཕའི་ཁྱིམ་དུ་ཕྱིན་ཏེ། དེའི་ཕ་ཡང་དེའི་ཁྱོ་དེར་འོང་བར་བྱ་བའི་ཕྱིར་འདུལ་བྱེད་མས་ཁྱིམ་ཐབ་འདམ་པར་བྱེད་དོ་ཞེས་གྲགས་སོ། །ཇི་ལྟར་འདུལ་བྱེད་མ་ཁྱིམ་
འདམ་མོ་ཞེས་བྱ་བ་རྒྱལ་པོ་དུས་འདབ་ཀྱིས་ཐོས་ལ། དེ་ཐོས་ནས་ཁ་ལོ་སྒྱུར་བ་རྐང་དང་དེར་འགྲོ་བ་བརྩམས་སོ། །དུས་འདབ་ཀྱིས་ནི་ཆོ་ལོའི་དོན་ཤེས་ཀྱི་བརྡ་བརྟག་པ་ནི་མི་ཤེས་སོ། །རྐང་གིས་ནི་བརྡ་བརྟག་པ་ཤེས་ཀྱི་ཆོ་ལོའི་དོན་ནི་མི་ཤེས་སོ། །དུས་འདབ་
ཀྱིས་འདི་ཇི་ལྟར་བརྡ་བརྟགས་པ་ཡིན་ནོ་སྙམ་དུ་ཤེས་ཏེ་དེ་ཤེས་ན་དེས་རྐང་ལ་བརྡ་བརྟག་པ་སློབས་ཤིག་ཅེས་སྨྲས་སོ། །རྐང་གིས་ཀྱང་གལ་ཏེ་ཁོ་བོ་ལ་ཆོ་ལོའི་དོར་ཐབས་སློབ་པ་དེ་ལྟ་ན་བསླབ་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་དུས་འདབ་ཀྱིས། ཀུན་གྱིས་ཐམས་
ཅད་མི་ཤེས་ལ། །ཞེས་བྱ་བ་ལ་སོགས་པ་འདི་སྨྲས་སོ། །དེ་ནས་རྒྱལ་པོ་རྐང་གིས་ཆོ་ལོའི་དོར་ཐབས་དུས་འདབ་ལ་བསླབས་ནས་སླར་ཡང་རྒྱལ་སྲིད་དེ་ལས་རྒྱལ་ཏེ་སླར་ཁུགས་སོ་ཞེས་གཏམ་དུ་གྲགས་སོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཡིན་ན་གདོན་མི་ཟ་བར་
འདས་པ་དང་། མ་འོངས་པའི་དངོས་པོ་ཤེས་པར་བྱ་དགོས་སོ། །དེ་ལྟར་མ་ཡིན་ཏེ་ད་ལྟར་བྱུང་བ་ཙམ་ཞིག་ཤེས་ན་ཕྱོགས་གཅིག་ཤེས་པར་འགྱུར་གྱི་ཐམས་ཅད་ཤེས་པ་ནི་མ་ཡིན་ནོ། །མ་འོངས་པ་ལ་སོགས་པ་ཡོངས་སུ་ཤེས་པ་སྲིད་པ་ཡང་མ་ཡིན་ནོ་ཞེས་

བསྟན་པའི་ཕྱིར། མ་འོངས་པ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མངོན་སུམ་ནི་དབང་པོའི་ནུས་པའི་སྟོབས་ཀྱིས་འབྱུང་བའི་ཕྱིར་དང་། མ་འོངས་པ་ཡང་དངོས་པོ་མེད་པ་ཡིན་པའི་ཕྱིར་དེ་ལ་མངོན་སུམ་གྱི་བྱ་བ་ཡོད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་རྟགས་
མེད་པའི་ཕྱིར་རོ། །འགའ་ཞིག་ཏུ་མ་འོངས་པའི་དངོས་པོ་དང་འབྲེལ་པའི་རྟགས་ཡོད་པ་ནི་མ་ཡིན་ཏེ། མ་འོངས་པ་ནི་མེད་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དཔེ་གཟུང་ངོ་། །མ་འོངས་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ་འདས་པ་ཡང་སྨོས་པར་བལྟ་བར་བྱའོ། །གང་
གི་ཕྱིར་དེ་ལ་ཡང་དངོས་པོ་མེད་པ་ཉིད་ཀྱིས་མངོན་སུམ་གྱི་བྱེད་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་གཞལ་བྱ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱི་ཚོགས་ཀྱིས་ཁྱབ་པར་བསྒྲུབ་བོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཡིན་པའི་ཕྱིར་
ཞེས་བྱ་བས་སྔར་བཤད་པའི་གཏན་ཚིགས་འདིའི་ཁྱབ་པ་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་རྣམས་ཀྱི་ཁྱབ་པ་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེ་ཕྱིར་དབང་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་ཚིག་བརྟགས་པས་ཐམས་
ཅད་མཐོང་བ་ཡིན་ཏེ། འདི་ལྟར་གསེར་ཐུབ་དང་འོད་སྲུངས་ལ་སོགས་པས་བྱས་པའི་ཚིག་ལས་ཤཱཀྱ་ཐུབ་པས་མཐོང་བ་དེ་ལས་ཀྱང་གཞན་གྱིས་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་གང་ཞིག་འདི་མི་བཟོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ནི་བརྟགས་
པ་ཉིད་ཀྱིས་ནི། །གང་གིས་མཐོང་བ་དེས་མཐོང་ངོ་། །ཞེས་དེ་མ་ཐག་ཏུ་སྨྲས་པ་འདི་མི་བཟོད་པ་ནི་འདི་སྙམ་དུ་སེམས་ཏེ་སངས་རྒྱས་པ་ལ་སོགས་པ་བརྟགས་པའི་ཚིག་གིས་ཐམས་ཅད་མཐོང་བ་ནི་མ་ཡིན་གྱི་འོན་ཀྱང་སྐྱེས་བུ་གཞན་གྱིས་བྱས་པ་སྟེ། འདི་ལྟ་སྟེ་
དཔེར་ན་གསེར་ཐུབ་དང་འོད་སྲུངས་ལ་སོགས་པས་བྱས་པའི་ལུང་གིས་ཤཱཀྱ་ཐུབ་པས་སོ་སྙམ་མོ། །དེ་སྐད་དུ་སྨྲ་བ་འདི་ནི་དེའི་ཚིག་ཚད་མ་མ་ཡིན་པར་བརྗོད་པར་བྱ་སྟེ། དེའི་སྟེ་སྐྱེས་བུ་གཞན་དེའི་ཚིག་ནི་དེའི་ཚིག་སྟེ་མཐོང་བར་མངོན་པར་འདོད་པའི་སྐྱེས་བུའི་ཚིག་དེ་

དང་མཚུངས་པའི་རྒྱུའི་ཕྱིར་རོ། །ལུང་བྱེད་པའི་སྐྱེས་བུ་ཡང་ཚད་མ་མ་ཡིན་པ་ཉིད་དུ་བརྗོད་པར་བྱའོ་ཞེས་སྐབས་དང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། སྔར་བཤད་པ་སྟེ་ཤེས་བྱ་ཉིད་དང་གཞལ་བྱ་ཉིད་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་སོ། །
འོན་ཏེ་སངས་རྒྱས་ཀྱི་རྒྱུད་པ་ཐོག་མ་མེད་ལ། དེས་བྱས་པའི་གྲུབ་མཐའ་ཡང་ཐོག་མ་མེད་པ་མ་ཡིན་ནམ། དེ་ལྟ་ཡིན་དང་རིག་བྱེད་དང་ལྡན་པའི་སྐྱེས་བུའི་རྒྱུད་པ་དང་རིག་བྱེད་བཞིན་དུ་འདི་དག་ཐོག་མ་མེད་པའི་ཕྱིར་སྐྱོན་མེད་པ་ཁོ་ནའོ་ཞེ་ན། བྱེད་པ་པོ་དང་བྱས་པའི་
ཚིག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། གཞན་ལ་ལྟོས་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཟས་གཙང་གི་སྲས་དང་དེས་བྱས་པའི་ཚིག་ཚད་མ་མ་ཡིན་པ་དེ་བཞིན་དུ་གསེར་ཐུབ་དང་འོད་སྲུངས་ལ་སོགས་པ་གཞན་དག་
དང་དེས་བྱས་པའི་ཚིག་ཀྱང་ངོ་ཞེས་བྱའོ། །དེ་ལྟ་ཡིན་དང་འདྲ་བའི་གང་ཟག་རྣམས་དང་དེའི་ཚིག་རྣམས་ཐོག་མ་མེད་པ་ཉིད་དུ་བརྟགས་ན་ཡང་ཚད་མ་མ་ཡིན་པ་དེ་ལས་ཁྱད་པར་དུ་འཕགས་པ་སྟེ་རིང་བར་གྱུར་པ་མ་ཡིན་ཏེ། ཚད་མ་མ་ཡིན་པའི་གོ་འཕང་ཉིད་ལ་
གནས་པའི་ཕྱིར་རོ། །དེ་ལ་གལ་ཏེ་ཐོག་མ་མེད་པ་ཙམ་གྱིས་སངས་རྒྱས་ལ་སོགས་པ་རིག་བྱེད་འདོན་པ་དང་འདྲ་བར་བརྗོད་པ་དེ་ལྟ་ན་ཡང་ཐོག་མ་མེད་པ་ཉིད་ལས་ཚད་མ་མེད་པ་ཉིད་དུ་གྲུབ་པར་མི་འགྱུར་ཏེ། ཚད་མ་དང་ཚད་མ་མ་ཡིན་པ་གཉི་ག་ཐོག་མ་མེད་པ་ཉིད་དུ་
མི་འགལ་བའི་ཕྱིར་རོ། །རིག་བྱེད་འདོན་པ་དང་སངས་རྒྱས་པ་ལ་སོགས་པ་རྣམས་གོ་རིམས་བཞིན་དུ་ཚད་མ་དང་ཚད་མ་མ་ཡིན་པ་ཉིད་དུ་ཐོག་མ་མེད་པ་ཉིད་དུ་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི། གཉི་ག་ཐོག་མ་མེད་པའི་ཕྱིར་ཚད་མ་ཉིད་དུ་འགྲུབ་པར་འགྱུར་བ་མ་ཡིན་ནོ་
ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། གང་དག་ཚད་མ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་དང་དེར་སྣང་བ་དག་གི་ཡོན་ཏན་དང་སྐྱོན་ཞེས་ཚིག་རྣམ་པར་སྦྱར་རོ། །ད་ནི་དངོས་པོའི་ཚད་མས་ཡུལ་དུ་བྱས་པའི་

ངོ་བོ་མ་གྲུབ་པ་ཉིད་སྤང་བའི་སྒོ་ནས་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ན་རིག་བྱེད་དེ་ལས་ཁྱད་པར་དུ་སྟོན་པ་ནི། གང་དག་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚུངས་པར་བརྗོད་པ་ཞེས་བྱ་བ་ནི་ཡང་དག་པར་རྟོག་པའི་རྒྱུ་ཉིད་དུ་གཉི་ག་ཡང་མཚུངས་པའི་
ཕྱིར་རིག་བྱེད་རྟག་པའི་སྒོ་ནས་སམ་ཐམས་ཅད་མཁྱེན་པའི་ཚིག་གི་སྒོ་ནས་ཀྱང་རུང་སྟེ་དབང་པོ་ལས་འདས་པའི་དོན་རྟོགས་པའི་ཕྱིར་འགལ་བ་མེད་དོ་ཞེས་གང་དག་དེ་ལྟར་བརྗོད་པ་ལ། དེ་སྐད་གྲུབ་པ་དེ་དག་ལ་རིག་བྱེད་ཀྱི་ཁྱད་པར་སྨྲ་བ་ཡིན་ཏེ། འདི་ལྟར་མཐོང་བ་ནི་
མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་དང་། ཉེ་བར་འཇལ་བ་དང་། དོན་གྱིས་གོ་བ་དག་གི་ནང་ནས་ཚད་མ་གཅིག་གིས་ཀྱང་འགྲུབ་པ་མ་ཡིན་ཏེ། དེ་ཇི་ལྟར་དངོས་པོ་མེད་པའི་ཚད་མས་ཟིན་པའི་ཡུལ་ཅན་གྱི་མེད་པ་དེ་ཡང་ཚད་མར་གྱུར་པའི་རིག་བྱེད་གནག་
རྫིའི་ཆུང་མའི་བར་ལ་སོགས་པ་ལ་གྲགས་པ་མཚུངས་པར་འགྱུར་སྙམ་དུ་བསམས་ན། ད་ནི་རེ་ཞིག་མིག་ལ་སོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདི་མངོན་སུམ་ལ་སོགས་པའི་ཚད་མ་ལྔས་གྲུབ་པ་སེལ་བར་བྱེད་དོ། །རེ་ཞིག་ཁོ་བོ་ཅག་ལ་སོགས་པ་ཚུ་རོལ་མཐོང་བ་རྣམས་
ཀྱིས་མངོན་སུམ་གྱི་ཐམས་ཅད་མཁྱེན་པ་མཐོང་བ་མ་ཡིན་ཏེ། འདི་ལྟར་ཚུ་རོལ་མཐོང་བའི་མངོན་སུམ་ནི་རྣམ་པ་གསུམ་སྟེ་དབང་པོ་དང་། ཡིད་དང་། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པའོ། །གསུམ་པོ་འདི་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་
མཁྱེན་པ་རྟོགས་པར་ནུས་པ་མ་ཡིན་ཏེ། དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །དབང་པོའི་ཤེས་པའི་ཡུལ་ནི་སོ་སོར་ངེས་པའི་གཟུགས་ལ་སོགས་པ་ལྔ་པ་ཡིན་ཏེ། དེ་ལྟར་ན་དེས་གཞན་གྱི་རྒྱུད་ལ་འདུ་བའི་བློའི་ཆོས་ཡུལ་དུ་བྱེད་པ་མ་ཡིན་ནོ། །ཡིད་ཀྱིས་ཀྱང་མ་
མ་ཡིན་ཏེ། དེའི་ནི་དབང་པོའི་ཤེས་པའི་ས་ཡོངས་སུ་གཟུང་བའི་ཡུལ་གྱི་དེ་མ་ཐག་པའི་ཡུལ་འཛིན་པ་ཉིད་ཀྱིས་དབང་པོའི་ཤེས་པ་བཞིན་དུ་སོ་སོར་ངེས་པའི་གཟུགས་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རང་རིགས་པས་ཀྱང་མ་ཡིན་ཏེ། དེའི་ཡུལ་ནི་རང་གི་

རྒྱུད་ལ་ཡོད་པའི། ད་ལྟ་བའི་སེམས་དང་སེམས་ལས་བྱུང་བས་ཡིན་པས་དེ་གཞན་གྱི་རྒྱུད་ལ་ཡོད་པ་དང་། རང་གི་རྒྱུད་ལ་ཡོད་པ་ཡང་མ་འོངས་པ་ལ་སོགས་པའི་སེམས་ཀྱི་ཆོས་རིག་པར་བྱེད་མི་ནུས་སོ། །རྣལ་འབྱོར་པའི་ཤེས་པ་ཉིད་ནི་བསྒྲུབ་
པར་བྱ་བ་ཡིན་པའི་ཕྱིར་དེས་འཛིན་པ་དང་མི་འཛིན་པའི་བསམ་པ་མི་འཇུག་གོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་རྟགས་རྣམ་པ་གསུམ་ལ་བརྟེན་པར་འདོད་དེ། དེ་ལ་འདིར་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་དབང་དུ་བྱས་པའི་
ཕྱིར་རེ་ཞིག་མི་དམིགས་པ་ཉིད་ཀྱི་དབང་དུ་བྱས་པ་མ་ཡིན་ནོ། །འབྲས་བུ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རང་བཞིན་གྱིས་ནི་བསྐལ་པའི་ཐམས་ཅད་མཁྱེན་པ་དང་ལྷན་ཅིག་ཏུ་རྒྱུ་དང་འབྲས་བུ་
དངོས་པོ་མི་འགྲུབ་པའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱང་ཐམས་ཅད་མཐོང་བ་ཡོད་པར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་མངོན་སུམ་མ་ཡིན་པ་ཉིད་ནི་དེ་དང་ཐ་མི་དད་པའི་རང་བཞིན་གཟུང་བར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན་མཐོང་བ་དང་གྲགས་པའི་
རྟགས་སུ་གྱུར་པ་གང་ཞིག་ཐམས་ཅད་མཁྱེན་པའི་རྗེས་སུ་དཔོག་པར་བྱེད་པའི་ཕྱོགས་གཅིག་གི་ཕྱོགས་ཀྱི་ཆོས་དེ་ནི་ངེས་པར་དཔྱད་ན་ཡོད་པ་མ་ཡིན་ནོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཡོད་པར་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་གསུམ་
ལས་མི་འདའ་སྟེ། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་ཉིད་དོ། །འདི་ལྟར་གཏན་ཚིགས་སུ་སྟོན་པ་ནི་དངོས་པོའི་ཆོས་ཞེས་བརྗོད་དམ་དངོས་པོ་མེད་པའི་ཆོས་སམ། འོན་ཏེ་གཉི་གའི་ཆོས་ཞེས་བྱ་བ་རྣམ་པ་གསུམ་མོ། །དེ་ལ་ཆོས་ཅན་ཐམས་ཅད་མཁྱེན་པ་
ལ་དངོས་པོའི་ཆོས་ཕྱིར་རྒོལ་བ་ལ་གྲུབ་པ་སྲིད་པ་མ་ཡིན་ཏེ། ཆོས་ཅན་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རམ་གྲུབ་ན་ཡང་རྩོད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་དེ་ལ་དངོས་པོའི་ཆོས་འདོད་པའི་རྒོལ་བ་དེ་ཇི་ལྟར་དངོས་པོ་ཉིད་དུ་མི་

འདོད་དོ། རྟེན་མེད་པའི་ཆོས་ཙམ་བཟུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་མེད་པའི་ཆོས་ཀྱང་ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་སུ་རིགས་པ་མ་ཡིན་ཏེ། དེ་ནི་དངོས་པོ་ལས་བཟློག་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་འགལ་བའི་ཕྱིར་རོ། །གཉི་
གའི་ཆོས་ཀྱང་མ་ཡིན་ཏེ། དེ་ནི་མ་ངེས་པ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་དངོས་པོ་དང་དངོས་པོ་མེད་པའི་ཆོས་ནི་དངོས་པོའི་ཆོས་བསྒྲུབ་པར་བྱ་བའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བའི་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པས་ཐོབ་པར་བྱ་བ་དངོས་པོ་ལ་མ་འཁྲུལ་པའི་མཚན་ཉིད་
ཀྱི་གཏན་ཚིགས་ཉིད་དུ་ཇི་ལྟར་ཉམས་སུ་མྱོང་བར་འགྱུར། དེ་ལྟ་བས་ན་རྗེས་སུ་དཔོག་པར་བྱེད་པ་རྟགས་སུ་གྱུར་པ་ཕྱོགས་རྣམ་པ་གསུམ་ཆར་མེད་པ་ཡང་མེད་པའི་ཕྱིར་རྗེས་སུ་དཔག་པ་ལས་ཐམས་ཅད་མཁྱེན་པ་གྲུབ་པ་མ་ཡིན་ནོ། །སྒྲ་ལས་བྱུང་བས་ཀྱང་ཐམས་
ཅད་མཁྱེན་པ་ངེས་པ་ཡོད་པ་མ་ཡིན་ན་ཞེས་སྟོན་པ་ནི། ཀུན་མཁྱེན་སྒྲུབ་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། སྒྲ་ལས་བསྐལ་པའི་དོན་ལ་ཤེས་པ་སྐྱེས་པ་གང་ཡིན་པ་ནི་སྒྲ་ལས་བྱུང་བའོ། །དེ་ཡང་རྣམ་པ་གཉིས་ཏེ། རྟག་པའི་སྒྲ་ལས་བྱུང་བ་དང་། སྐྱེས་བུས་བྱས་པའི་
སྒྲའི་རྒྱུ་ཅན་ནོ། །དེ་ལ་ཐམས་ཅད་མཁྱེན་པ་སྟོན་པར་བྱེད་པའི་རྣམ་པ་དེ་ལྟ་བུའི་ལུང་རྟག་པ་མེད་པའི་ཕྱིར་རེ་ཞིག་དང་པོ་ནི་སྲིད་པ་མ་ཡིན་ནོ། །གང་ཡང་གསང་བ་ལ་སོགས་པར་བདེན་པའི་ངག་ཅན་བདེན་པའི་ཀུན་དུ་རྟོག་པ་ཅན་བདེན་པའི་འདོད་པ་ཅན་གང་ཡིན་པ་དེ་
བཙལ་བར་བྱ་ཞིང་དེ་ཤེས་པར་འདོད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདོན་པ་དེ་ཡང་དྲང་པའི་དོན་དུ་བལྟ་བར་བྱའོ། །གང་ཡང་སྐྱེས་བུས་བྱས་པའི་ཚིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་ཞེས་
མཐོང་བ་དེ་ཡང་ཚད་མ་མ་ཡིན་པའི་ཕྱིར་ཇི་ལྟར་མི་བདེན་པ་དེས་དེ་ཡིད་ཆེས་པར་འགྱུར། འདི་སྙམ་དུ་གང་ཅི་ཡང་རུང་བའི་ཚིག་ལས་ཁོ་བོ་ཅག་གིས་ཐམས་ཅད་མཁྱེན་པ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ང་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་སྟེ།

དེ་བཞིན་གཤེགས་པས་མི་མཁྱེན་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་དེ་ཉིད་ཀྱིས་གསུངས་པའི་ཚིག་གིས་ཏེ། དེ་བས་ན་དེའི་ཚིག་ཉིད་ཀྱིས་རྟོགས་པ་ཡིན་ནོ་སྙམ་དུ་སེམས་ན། ཅི་སྟེ་དེ་ཡི་ཚིག་ཉིད་ཀྱིས། །ཞེས་བྱ་བ་ལ་
སོགས་པ་སྟེ། དེ་ལྟ་ཡིན་ན་ཕན་ཚུན་བསྟེན་པའི་སྐྱོན་དུ་འགྱུར་རོ། །ཇི་ལྟར་ཞེ་ན། ཐམས་ཅད་མཁྱེན་པས་བསྟན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་འདི་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་ནོ་ཞེས་དེ་ལྟར་མ་རྟོགས་པ་དེ་སྲིད་དུ་དེའི་ཚིག་
ཚད་མ་ཉིད་དུ་ངེས་པར་མི་འགྱུར་ལ། དེ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པ་ཡང་ཚིག་དེ་ཉིད་ལས་ཡིན་པའི་ཕྱིར་ཕན་ཚུན་བསྟེན་པ་ཉིད་དུ་གསལ་ལོ། །རྩ་བ་གཞན་གྲུབ་མ་རྟོགས་པར། །ཞེས་བྱ་བ་ནི་ངེས་པར་བྱེད་པའི་རྒྱུ་གཞན་མེད་པར་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་
དེ་ཉིད་ཉན་ཐོས་ཤཱ་རིའི་བུ་ལ་སོགས་པའི་ཚིག་ལས་ཐམས་ཅད་མཁྱེན་པ་ངེས་པར་བྱེད་དེ། གང་གི་ཕྱིར་དེས་ཤཱཀྱའི་རིགས་ཀྱི་རྒྱལ་པོ་འདི་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་སྨོས་པ་ཡིན་ནོ་སྙམ་ན། འདིར་སྨྲས་པ། ཀུན་མཁྱེན་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་
སྟེ། གང་གིས་སངས་རྒྱས་པ་རྣམས་རང་གི་ཚིག་ཁོ་ནས་ཐམས་ཅད་མཁྱེན་པ་སྟོན་པར་བྱེད་ཀྱི། གཞན་གྱི་ཚིག་ལས་སྟོན་པར་བྱེད་པ་ཚད་མའི་དངོས་པོར་མ་གྲུབ་པའི་གཞན་གྱི་ཚིག་ནི་རང་གི་ཚིག་ལས་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རྨོངས་པ་ལས་མ་
རྟོགས་པའི་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ་། །ཅི་སྟེ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བྱུང་ཞིང་འབྱུང་བར་ཡང་འགྱུར་ཏེ། དེ་ལྟ་ཡིན་དང་གཅིག་དེ་ལས་གཞན་པའི་ཚིག་ལས་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་བྱེད་ལ་གཞན་ལས་གཞན་གྱི་ཚིག་ལས་སོ་ཞེས་བྱ་བར་འདོད་ན།
འདིར་སྨྲས་པ་ནི། ཐམས་ཅད་མཁྱེན་པ་གཅིག་བསྒྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་གཅིག་བསྒྲུབ་པའི་ཕྱིར་ཐམས་ཅད་མཁྱེན་པ་རྒྱུད་པའི་རྗེས་སུ་འབྲང་བ་ན་སྐྱེས་བུའི་ཚེ་མཐའ་དག་ཟད་ན་ཡང་ཚུ་རོལ་མཐོང་བ་ལ་ཐམས་ཅད་མཁྱེན་པའི་ངེས་པ་

སྐྱེ་བ་མི་སྲིད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་བརྟག་པར་བྱ་བར་ཐལ་བར་འགྱུར་རོ། །གཞན་ཡང་གང་དག་ལ་ཐམས་ཅད་མཁྱེན་པ་མི་ཉེ་བ་ནི་རྟོགས་པར་མི་ནུས་སོ་ཞེས་བྱ་བ་རེ་ཞིག་ལྟ་ཞོག །འོན་ཀྱང་ཐམས་ཅད་མཁྱེན་པ་རིགས་པ་མ་ཡིན་པས་དེའི་དུས་ན་ཉེ་བ་
དེ་ཡང་ཤེས་པར་མི་ནུས་པ་ཁོ་ནའོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། འདི་ནི་ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེ་ཐམས་ཅད་མཁྱེན་པའི་ཤེས་པ་ནི་དེའི་ཤེས་པའོ། །དེ་ཉིད་ཀྱི་ཤེས་བྱ་སྟེ་ཡུལ་ཡོངས་སུ་གཅད་པར་བྱ་བ་ཤེས་པ་གང་ལ་ཡོད་པ་དེ་ནི་
དེ་ལྟ་བུ་ཡིན་ལ། དེ་ནི་དེ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །དེས་སྟོང་པ་ནི་བྲལ་བའོ། །ཡང་ན་ཤེས་པ་དེའི་ཤེས་བྱ་གང་ཡིན་པ་དེ་དེའི་ཤེས་པ་སྟེ་དེས་སྟོང་པ་ནི་ཐམས་ཅད་མཁྱེན་པ་ཡིན་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ལུས་ཙམ་མཐོང་བ་ལས་
ཐམས་ཅད་མཁྱེན་པའི་ཞེས་བྱ་བ་དེ་ལྟར་ནི་ངེས་པར་མི་ནུས་ཏེ། ངེས་པ་འདི་ནི་ཁྱད་པར་ཅན་གྱི་ཤེས་པ་དང་འབྲེལ་པ་འཛིན་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཁྱད་པར་ཅན་གྱི་ཤེས་པ་དེ་ཡང་དངོས་པོ་མཐའ་དག་གི་ཡུལ་ཅན་ཡིན་ལ། དངོས་པོ་མཐའ་དག་གི་ཡུལ་ཅན་
དེ་ཡང་དེའི་ངེས་པ་གཟུང་བར་བྱ་བའི་ཡུལ་འཛིན་པ་མེད་པ་ངེས་པར་མི་ནུས་ཏེ། གང་གི་ཕྱིར་དབྱིག་པ་མ་བཟུང་བར་དབྱིག་པ་ཅན་གྱི་བློར་འགྱུར་བ་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་འཛིན་པའི་ཁྱད་པར་མ་འཛིན་ན་འཛིན་པར་མི་འགྱུར་ཏེ། དཔེར་ན་དབྱིག་པ་
འཛིན་པའི་ཁྱད་པར་ཅན་དབྱིག་པ་ཅན་འཛིན་པ་ནི་དབྱིག་པའི་དངོས་པོ་མ་བཟུང་ན་མི་འགྱུར་བ་བཞིན་ནོ། །ཚུ་རོལ་མཐོང་བ་རྣམས་ལ་ཡང་ཐམས་ཅད་མཁྱེན་པའི་ཤེས་པའི་ཞེས་བྱ་ཁྱད་པར་ཅན་ཤེས་བྱའི་དངོས་པོས་ཁྱད་པར་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་
བྱེད་པ་མི་དམིགས་པ་སྟེ། ཁྱད་པར་འཛིན་པས་ཁྱད་པར་ཅན་ཡིན་པ་ལ་ཁྱབ་པའི་ཕྱིར་དེ་ཡང་འདི་ལ་མེད་དོ། །དེ་ལྟ་ཡིན་དང་ད་ལྟ་ཉེ་བའི་ཐམས་ཅད་རིག་པ་མ་ཡིན་པ་གང་གིས་ཐམས་ཅད་མཁྱེན་པ་མ་ངེས་པ་དེ་ལ་ཐམས་ཅད་མཁྱེན་པའི་ཚིག་ཐམས་ཅད་ཡོད་ན་

ཡང་མ་ངེས་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པ་ངེས་པར་བྱེད་པའི་རྩ་བའི་རྒྱུ་ཚད་མ་མེད་པའི་ཕྱིར་རོ། །དེ་ལས་གཞན་གྱི་ཚིག་བཞིན་ཞེས་བྱ་བ་ནི་ལམ་པོ་ཆེའི་སྐྱེས་བུའི་ཚིག་བཞིན་ནོ། །ཅི་སྟེ་སློབ་མའི་སྐྱེ་བོའི་ཚོགས་
མཐའ་དག་གི་སེམས་ཀྱི་སྤྱོད་པ་ལ་སོགས་པ་རྣམ་པ་དུ་མ་ཡོངས་སུ་ཤེས་པའི་ཕྱིར་ཀུན་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་སྐྱེ་བོའི་ཡི་རངས་པར་བྱེད་པ་ན་འདི་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་འབད་པ་མེད་པར་དེ་དག་གིས་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་
བར་འདོད་ན། འདིར་སྨྲས་པ་ནི་སློབ་མ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་འདིའི་དུས་ན་ཉེ་བའི་སྐྱེ་བོ་ཅུང་ཟད་ཙམ་གྱིས་ཡོངས་སུ་ཤེས་པའི་དོན་རྣམས་མཁྱེན་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། དེའི་དུས་སུ་ཉེ་བར་མི་གནས་པའི་འཇིག་རྟེན་
པ་གཞན་གྱིས་ཡོངས་སུ་ཤེས་པའི་དོན་མི་མཁྱེན་པའི་ཕྱིར་རོ། །གང་གི་ཕྱིར་ཕྱོགས་གཅིག་ཡོངས་སུ་ཤེས་པའི་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་དུས་ན་གནས་པའི་སྐྱེ་བོ་མ་ལུས་པའི་དོན་ཡོངས་སུ་ཤེས་པ་དང་ལྡན་
པའི་དོན་ལ་མི་སླུ་བ་ཡང་སྲིད་པ་མ་ཡིན་ཏེ། ཐག་རིང་བར་གནས་པ་དང་དོན་དུ་མི་གཉེར་བ་རྣམས་ལ་མི་སླུ་བ་མེད་པའི་ཕྱིར་རོ། །འདི་སྙམ་དུ་གང་གི་ཚེ་སྐྱེ་བོ་ཐམས་ཅད་དེ་བཞིན་གཤེགས་པའི་དྲུང་དུ་ཅིག་ཅར་ཕྱིན་ཏེ། གང་དང་གང་དྲིས་པ་དེའི་ཚེ་བཅོམ་ལྡན་འདས་དེ་དང་
དེ་ཁོ་ན་ལུང་སྟོན་པས་དེས་ན་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་པའི་ཤེས་བྱ་ལ་མི་སླུ་བ་ཡོད་པ་ཉིད་དོ་སྙམ་དུ་སེམས་ན། འདིར་སྨྲས་པ་ནི། དུས་གསུམ་འཇིག་རྟེན་གསུམ་གནས་པའི། །ཞེས་བྱ་བ་ལ་སོགས་པ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་
ཡོད་པའི་མི་རྣམས་དང་འགའ་ཞིག་ཏུ་ཕྲད་པ་སྲིད་པ་མ་ཡིན་ལ། མཐོ་རིས་དང་ས་འོག་དང་ས་སྟེངས་ཀྱི་བདག་ཉིད་ཀྱི་འཇིག་རྟེན་གསུམ་ན་གནས་པ་རྣམས་དང་ཡང་མ་ཡིན་ནོ། །ཡང་ན་འཇིག་རྟེན་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་

གྱི་བདག་ཉིད་དུ་རྟོགས་པར་བྱའོ། །གལ་ཏེ་འདི་སྙམ་དུ་དེའི་འཇིག་རྟེན་མཐའ་དག་གིས་ཡོངས་སུ་ཤེས་པའི་དོན་ཤེས་པའི་ནུས་པ་མེད་པར་གྱུར་ན། དེའི་ཚེ་སྐྱེ་བོ་ཅུང་ཟད་ཙམ་གྱིས་ཡོངས་སུ་ཤེས་པའི་དོན་ལ་མི་སླུ་བ་ཡང་ཇི་ལྟར་འགྱུར། འགྱུར་བ་ཡང་མ་ཡིན་ཏེ། དེས་ན་དེའི་
དངོས་པོ་མཐའ་དག་ཡོངས་སུ་ཤེས་པའི་ནུས་པ་ཡོད་པ་ཉིད་དོ་སྙམ་དུ་ཁོ་བོ་ཅག་སེམས་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་སྨྲས་པ། འདི་ལྟར་ཅུང་ཟད་ཤེས་པས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལས་འདས་པའི་དོན་ཅུང་ཟད་ཡོངས་སུ་ཤེས་པ་
ཙམ་གྱིས་དེ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཡོངས་སུ་ཤེས་པར་འགྲུབ་པ་མ་ཡིན་ཏེ། གཞན་སླུ་བ་ཤེས་པ་ལ་སོགས་པ་དང་སྒྱུ་མ་དང་མིག་འཕྲུལ་ལ་སོགས་པ་ལ་མཁས་པ་རྣམས་ཀྱིས་མ་ངེས་པ་ཡིན་ཏེ། འདི་ལྟར་སྔགས་དང་སྨན་ལ་སོགས་པའི་སྦྱོར་བས་ཇི་
ལྟར་ཟོས་པ་སྟེ། བཟའ་བ་དང་ཚོད་མ་ལ་སོགས་པ་དང་། ཇི་ལྟར་བསམ་པ་སྟེ་ཡིད་ཀྱི་དངོས་པོ་དང་། ཆད་པ་ན་གནས་པའི་རྫས་ལ་མི་སླུ་བར་བྱེད་པ་བཞིན་ཏེ། དེ་ཙམ་གྱིས་ནི་ཆོས་ལ་སོགས་པ་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་མིག་འཕྲུལ་ལ་མཁས་པ་ལ་ལ་
དག་ངོ་མཚར་བའི་སྐྱེད་མོས་ཚལ་དང་། གཞལ་ཡས་ཁང་དང་། ལྷའི་ཚོགས་དང་། ལྷའི་བུ་ལ་སོགས་པ་ནམ་མཁའ་ལ་སྟོན་པར་བྱེད་དེ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །འོན་ཏེ་དེ་ལྟ་བུ་བྱེད་ནའང་གནའ་རབས་ལ་སོགས་པ་ལས་ཚངས་པ་ལ་སོགས་པ་ཐམས་
ཅད་མཁྱེན་པ་ཉིད་དུ་བསྟན་པ་མ་ཡིན་ནམ། འདི་ལྟར་དེར་ཚངས་པའི་ཤེས་པ་ནི་ཐོགས་པ་མེད་པ་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་འདོད་དོ། །དེས་ནི་ཇི་ལྟར་ལུང་ལས་ཐམས་ཅད་མཁྱེན་པ་མི་འགྲུབ་ཅེ་ན། འདི་ལ་སྨྲས་པ་ནི། འདི་ལྟར་བྱུང་བ་བརྗོད་ཅེས་བྱ་བ་
ལ་སོགས་པ་སྟེ། ཇི་ལྟར་སྔགས་དག་ལ་དྲང་དོན་དུ་བསྟན་པ་དེ་བཞིན་དུ་དེ་ལྟ་བུ་བྱུང་བ་ལ་སོགས་པ་ལ་ཡང་ཚངས་པ་ལ་སོགས་པའི་ཐམས་ཅད་མཁྱེན་པ་ཉིད་དྲང་དོན་དུ་རྟོགས་པར་བྱའོ། །དོན་གཞན་གྱི་སྒྲ་དོན་གཞན་བརྗོད་པས་ན་དྲང་དོན་ཞེས་བྱའོ། །རྣམ་པ་

གཅིག་ཏུ་ནི་ཆོས་དང་དོན། འདོད་པ་དང་ཐར་པ་སྟེ། སྐབས་སུ་བབ་པ་དག་ལ་ཤེས་པ་ཐོགས་པ་མེད་པའི་ཕྱིར། ཚངས་པ་ལ་སོགས་པ་དེ་ཤེས་པ་ཐོགས་པ་མེད་པ་ཉིད་དུ་བསྟན་གྱི། དོན་ཐམས་ཅད་ལ་ཐོགས་པ་མེད་པས་ནི་མ་ཡིན་ནོ། །གལ་
ཏེ་ཆོས་ལ་སོགས་པ་ལ་དངོས་པོ་གཞན་ལ་ཤེས་པ་ཐོགས་པ་མེད་པར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། གང་ཕྱིར་ཐོགས་པ་མེད་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ན་གལ་ཏེ་རང་གི་དོན་ལ་ཐོགས་
པ་མེད་པའི་ཕྱིར་ཐོགས་པ་མེད་པ་ཞེས་བརྗོད་པ་དེའི་ཚེ་སྐྱེས་བུ་ཐམས་ཅད་ཀྱི་ཤེས་པ་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་གང་གི་དེ་ཉིད་ལ་ཤེས་པ་ཐོགས་པ་མེད་པ་ཞེས་བརྗོད་ཀྱི། གཞན་དག་ལ་ནི་མ་ཡིན་པ་ཚངས་པ་ལ་སོགས་པ་ལས་ཏེ་ཁྱད་པར་ཅི་ཞིག་ཡོད་
ཅེ་ན། འདི་ལ་གནས་པ་ནི་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ཆོས་ལ་སོགས་པ་ལ་ཚངས་པའི་ཤེས་པ་དེ་ཉིད་ཐོགས་པ་མེད་པར་འཇུག་གི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་འདི་བཤད་པའི་དོན་དུ་འདི་བསྟན་ཏེ།
ཚངས་པ་ལ་སོགས་པ་ལ་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་ཐོགས་པ་མེད་པའི་ཤེས་པ་ཞེས་བརྗོད་ཀྱི་གཞན་དག་ནི་མ་ཡིན་ནོ། །ཇི་སྙེད་ཐབས་ལས་བྱུང་བའི་ཤེས། །ཞེས་བྱ་བ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ཆོས་ལ་སོགས་པའི་ཐབས་ལས་བྱུང་བའི་ཤེས་
པ་ཐབས་ལས་བྱུང་བའོ། །ཇི་སྙེད་ཅེས་བྱ་བ་ནི་མ་ལུས་པ་སྟེ། འདི་ཡང་ཐབས་ལས་བྱུང་བའི་ཤེས་པའི་ཁྱད་པར་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་འཆད་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་སྐྱེས་བུ་ལའོ། །དེ་ཉིད་ཅེས་བྱ་བ་ནི་བདག་གི་ཡུལ་ཅན་གྱི་
ཤེས་པའོ། །འོན་ཏེ་དབང་ཕྱུག་གི་ཡོན་ཏན་ཡེ་ཤེས་ལ་སོགས་པ་མི་ཟད་པ་བཅུ་འདོན་པ་མ་ཡིན་ནམ། དེ་ཇི་ལྟར་འདི་མི་ཟད་པའི་ཤེས་པ་དང་ལྡན་པའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་ཞེ་ན། གང་ཡང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་

ནི་དེ་ཁོ་ན་ཉིད་རྟོགས་པའོ། །ཆགས་བྲལ་ནི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དབང་ཕྱུག་ནི་རྣམ་པ་བརྒྱད་དེ། ཕྲ་བ་དང་། ཡང་བ་དང་། མཆོད་པར་བྱ་བ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། བདག་པོར་གྱུར་པ་དང་། དབང་དུ་གྱུར་པ་དང་།
དགའ་མགུར་གནས་པའོ། །ཡེ་ཤེས་ལ་སོགས་པ་བཅུ་པོ་འདི་དག་མི་ཟད་པ་སྟེ། མི་འཇིག་པ་གང་ལ་ཡོད་པ་དེ་ནི་མི་ཟད་པ་བཅུ་ཅན་ནོ། །དེ་ལ་ཕྲ་བ་ནི་རྡུལ་ཕྲ་རབ་ཏུ་གྱུར་ནས་འབྱུང་པོ་ཐམས་ཅད་ཀྱིས་མི་མཐོང་བ་ན་འཇིག་རྟེན་ཐམས་ཅད་དུ་སྤྱོད་པ་གང་ཡིན་པའོ། །
ཡང་བ་ནི་ཡང་བའི་ཕྱིར་རླུང་བཞིན་དུ་སྤྱོད་པ་གང་ཡིན་པའོ། །མཆོད་པར་བྱ་བ་ནི་འཇིག་རྟེན་ཐམས་ཅད་དུ་མཆོད་ཅིང་ཕྱག་འཚལ་ཞེས་བརྗོད་དོ། །ཆེན་པོ་པས་ཀྱང་ཆེས་ཆེན་པོར་གྱུར་པ་གང་ཡིན་པའོ། །གར་ཡང་ཕྱིན་པ་སྟེ་གང་དུ་ཡིད་ཀྱིས་བསམས་པ་དེ་དང་དེར་
ཕྱིན་པའོ། །འདོད་དགུར་ལྡན་པ་ནི་འདོད་པ་མང་པོར་གྱུར་པ་གང་ཡིན་པ་སྟེ། ཡུལ་ལོངས་སྤྱོད་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །བདག་པོར་གྱུར་པ་ནི་འཇིག་རྟེན་གསུམ་གྱི་མངའ་བདག་གང་ཡིན་པའོ། །དབང་དུ་གྱུར་པ་ནི་རྒྱུ་བ་དང་མི་རྒྱུ་བའི་འབྱུང་པོ་དབང་
དུ་བྱེད་པ་དང་། དབང་པོ་དབང་དུ་བྱེད་པ་གང་ཡིན་པའོ། །དགའ་མགུར་གནས་པ་ནི་ཚངས་པ་དང་། སྐྱེ་དགུའི་བདག་པོ་དང་། ལྷ་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་རྣམས་དང་། མི་རྣམས་དང་དུད་འགྲོའི་སྐྱེ་གནས་པ་རྣམས་དང་། གནས་
གཞན་རྣམས་སུ་གང་དང་གང་དུ་དགའ་བ་དེ་དང་དེར་གནས་པ་གང་ཡིན་པའོ། །བདག་བསམ་པ་ཞེས་བྱ་བ་ནི་བདག་གི་རིག་པ་སྟེ། ཤེས་པ་དང་ལྡན་པ་ཡིན་གྱི། དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པ་དང་ལྡན་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་
ཕྱིར་ཕྱོགས་གཅིག་ཏུ་ཤེས་ན་ཡང་བདེ་བྱེད་དེ་ཉིད་ཤེས་པ་དང་ལྡན་པར་བརྗོད་ཀྱི། གཞན་ནི་མ་ཡིན་ཞེ་ན། བདག་ཉིད་རྣམ་པར་དག་མཐོང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདག་ཉིད་ཡིན་ལ་དག་པ་ཡང་ཡིན་པས་དེ་སྐད་ཅེས་བྱ་ལ། དེའི་མཐོང་བ་

ཞེས་བསྡུའོ། །དེའི་རྒྱུ་མཚན་ཞེས་བྱ་བ་ནི་དེའི་སྟེ་བདག་རྣམ་པར་དག་པ་མཐོང་བའོ། །རྒྱུ་མཚན་ནི་དེའི་རྒྱུ་མཚན་ནོ། །དེ་ཡང་ཅི་ཞེ་ན། དེའི་བདག་ཉིད་དོ། །དེའི་རྒྱུ་མཚན་གྱི་བདག་དེ་མ་དག་ན་དེའི་མཚན་ཉིད་མཐོང་བ་དེ་མ་དག་པར་འཇུག་པ་
དེ་ནི་མི་ཤེས་པ་ཞེས་བརྗོད་དེ་སྨད་པར་བྱ་བའི་ཕྱིར་རོ། །གལ་ཏེ་བསམ་གཏན་གོམས་པ་ལས་ཚངས་པ་ལ་སོགས་པའི་རྣམ་པར་དག་པའི་ཤེས་པ་སྲིད་པ་ཁས་ལེན་པ་དེའི་ཚེ་གང་གིས་དེ་དག་ཀྱང་ཐོགས་པ་མེད་པ་དང་དག་པའི་ཤེས་པ་འདོད་པས་སངས་རྒྱས་ལ་སོགས་
པ་ལ་ཅི་ཞིག་སྟེ་ཞེས་དོགས་པ་བསུ་ནས། ཕྱོགས་གཞན་པ་འདོད་པའི་སྒོ་ནས་ཚངས་པ་ལ་སོགས་པ་ཁྱད་པར་དུ་བསྟན་པའི་ཕྱིར་ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རིག་བྱེད་ཀྱི་བདག་ཉིད་དུ་གྱུར་པའི་ཕྱིར་རིག་བྱེད་ཀྱི་ལུས་ཅན་ཞེས་བྱའོ། །དངོས་པོ་ཐམས་ཅད་
ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རིག་བྱེད་ནི་ཀུན་ཤེས་པ་ཀུན་གྱི་རང་བཞིན་ཡིན་ནོ། འདི་སྐད་དུ་བསྟན་པ་ཡིན་ཏེ། ཚངས་པ་ལ་སོགས་པ་རང་དབང་གི་ཆོས་ལ་སོགས་པ་ལ་ཤེས་པ་ཐོགས་པ་མེད་པར་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིག་བྱེད་ཀྱི་སྒོ་ནས་སོ། །
དེ་ལྟར་ཁྱེད་ཅག་གིས་སངས་རྒྱས་པ་ལ་སོགས་པ་འདོད་པ་ནི་མ་ཡིན་ཏེ། དེ་དག་གི་ཤེས་པ་ནི་རང་བྱུང་ཡིན་པའི་ཕྱིར་རོ། །གཞན་ཡང་ཚངས་པ་ལ་སོགས་པ་ནི་བསམ་གཏན་གོམས་པ་ལས་ཤེས་པ་རྣམ་པར་དག་པར་རིག་པ་ཉིད་ཡིན་ཏེ། དེ་དག་ནི་ལྷ་ཉིད་ཡིན་
པས་སྐྱེ་བོ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་དང་རིག་བྱེད་ཀྱིས་མི་གནོད་པའི་ཕྱིར་རོ། །མི་རྣམས་ལ་ནི་ནམ་ཡང་འདི་འདྲ་བའི་ནུས་པ་སྲིད་པ་མ་ཡིན་ཏེ། དེ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མི་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་
ནི་རྨོངས་པ་སྟེ། འདི་ནི་རྨོངས་པའི་ལྟ་བ་ཅན་ཁྱེད་ཅག་གི་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཚངས་པ་ལ་སོགས་པའི་རིག་བྱེད་དུ་འདོད་ན་དེའི་ཚེ་ཇི་ལྟར་མི་རྟག་པའི་བརྗོད་པར་བྱ་བ་དང་འབྲེལ་པའི་ཕྱིར་རིག་བྱེད་ཀྱང་མི་རྟག་པ་ཉིད་དུ་ཐལ་བར་མི་འགྱུར་རམ། ཡང་རིག་བྱེད་

རྣམས་རྟག་པ་ཉིད་དུ་འདོད་ན་ཚངས་པ་ལ་སོགས་པ་རིག་བྱེད་རྟག་པ་བརྗོད་པར་བྱ་བ་འགལ་ཏེ་དེ་དག་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་འདི་མི་འགལ་ན་དེའི་ཚེ་སངས་རྒྱས་པ་ལ་སོགས་པ་དེའི་བརྗོད་བྱ་ཉིད་དུ་མི་འགལ་ལོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། རིག་བྱེད་ལུང་
ནི་རྟག་པར་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྟག་ཉིད་ཕྱིར་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་དེ་དག་ནི་རྟག་པའི་ཕྱིར་རོ། །དེ་དག་རྟག་པའི་ཞེས་བྱ་བ་ལ་སོགས་པས་འདི་ཉིད་གསལ་བར་བྱེད་པ་ཡིན་ནོ། །རྟག་པ་ནི་ལུང་གིས་རྟོགས་པར་བྱ་བ་མ་ཡིན་ཏེ།
སྒྲ་དང་དོན་གྱི་འབྲེལ་པ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། རྟག་པའི་ལུང་ཡང་གཞན་གྱིས་ཁས་མ་བླངས་པའི་ཕྱིར་རོ། །ཁས་ལེན་ན་ཡང་ཐམས་ཅད་མཁྱེན་པ་རྟོགས་པར་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། ཐམས་ཅད་
མཁྱེན་པ་ཤེས་བྱེད་པས། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཤེས་པར་བྱེད་པ་ལས་རྟག་པའི་ལུང་གི་དོན་རྟོགས་པ་མཆོག་ཉིད་དུ་འདོད་དོ། །ཇི་ལྟར་དེ་མཆོག་ཡིན་ཞེ་ན། རིག་བྱེད་ཀྱིས་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ལ་བརྟེན་པས་ཆོས་ཤེས་པ་འབྱུང་
བ་ན་མ་བསྒྲིབས་པར་འགྱུར་ཏེ། འཇིག་རྟེན་གནས་ཀྱི་བར་དུ་ཁྱད་པར་མེད་པ་ཐམས་ཅད་ལ་སྲིད་པའི་ཕྱིར་རོ། །རིག་བྱེད་ཀྱིས་རྟོགས་པའི་ཆོས་ཐམས་ཅད་མཁྱེན་པས་རྟོགས་པར་བྱ་བའི་ཆོས་ནི་བསྒྲིབས་པ་ཡིན་ཏེ། དེའི་མྱ་ངན་ལས་འདས་པ་ནི་དེ་མི་གསལ་བའི་ཕྱིར་
རོ། །མྱ་ངན་ལས་མ་འདས་པའི་གནས་སྐབས་ན་ཡང་མ་ངེས་པས་ཉེ་བར་བསྟན་པ་མེད་པའི་ཕྱིར་ལ། ཉེ་བར་སྟོན་པ་ན་ཡང་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་ཐམས་ཅད་ཀྱིས་ཐོས་པ་མེད་པའི་ཕྱིར་རོ། །ཉེ་བར་འཇལ་བའི་ཚད་མས་ཀྱང་ཐམས་ཅད་མཁྱེན་པ་རྟོགས་པར་
བྱེད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཀུན་མཁྱེན་དང་འདྲ་འགའ། །ཞེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་འཇལ་བ་ནི་འདྲ་བ་དང་དེའི་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་འདྲ་བའི་དངོས་པོ་འབྱུང་བ་མེད་ན་མི་འབྱུང་ཞིང་མི་ཉ་བའི་དོན་གྱི་སྤྱོད་ཡུལ་ཅན་

ཡིན་ཏེ། དཔེར་ན་བ་མེན་འཛིན་པའི་སྒོ་ནས་བ་ལང་དྲན་པ་བཞིན་ནོ། །ཐམས་ཅད་མཁྱེན་པ་དང་འདྲ་བ་འགའ་ཞིག་རྟོགས་པ་སྲིད་པ་ཡང་མ་ཡིན་པས་དེས་ན་འདྲ་བའི་དངོས་པོ་འཛིན་པ་མེད་པའི་ཕྱིར་མི་འཇུག་གོ། །སྦྱོར་བ་ནི་གང་ལ་འདྲ་བ་འཛིན་པ་མེད་པ་དེ་ནི་ཉེ་
བར་འཇལ་བས་གོ་བར་བྱ་བ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །ཐམས་ཅད་མཁྱེན་པའི་འདྲ་བ་འཛིན་པ་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཞན་ཡང་ཉེ་བར་འཇལ་བ་ལས་ཐམས་ཅད་མཁྱེན་པ་གོ་བར་མི་བྱེད་པ་འབའ་ཞིག་ཏུ་མ་ཟད།
འོན་ཀྱང་སླར་ལ་སྐྱེས་བུ་ཐམས་ཅད་ཉེ་བར་འཇལ་བ་ལས་ཐམས་ཅད་མཁྱེན་པ་མ་ཡིན་པ་ཁོ་ནར་རིགས་སོ་ཞེས་སྟོན་པ་ནི། དེ་ལྟར་ཡོད་པའི་མི་རྣམས་ཞེས་བྱ་བ་ལ་སོགས་པའོ། །དོན་གྱིས་གོ་བས་ཀྱང་ཐམས་ཅད་མཁྱེན་པ་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་
འདོད་ནས་རེ་ཞིག་གཞན་གྱི་འདོད་པར་བྱེད་པ་ནི། ཆོས་དང་ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཆོས་ལ་སོགས་པ་དེས་དངོས་སུ་རིག་པར་མ་གྱུར་ན་སངས་རྒྱས་པ་ལ་སོགས་པ་ཉེ་བར་སྟོན་པ་གང་ཡིན་པ་དེ་བཞིན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གལ་ཏེ་ཡང་
ཐམས་ཅད་མཁྱེན་པ་རྟོགས་པར་བྱེད་པའི་མངོན་སུམ་ལ་སོགས་པ་མེད་པ་དེ་ལྟ་ན་ཡང་དོན་གྱིས་གོ་བ་ནི་ཐམས་ཅད་རིག་པའི་སྐྱེས་བུ་གྲུབ་པོ་ཞེས་དེ་ལྟར་སྟོན་པར་བྱེད་པ་གང་ཡིན་པ་དེ་མི་རིགས་པར་བསྟན་པར་བྱ་སྟེ། འཆད་པར་འགྱུར་བའི་རིགས་པ་ལས་སོ་སྙམ་དུ་
བསམས་པ་ཡིན་ནོ། །ཡང་ན་འདི་ནི་རྗེས་སུ་དཔག་པ་ཁོ་ན་ཡིན་གྱི་དོན་གྱིས་གོ་བ་ནི་མ་ཡིན་ཏེ། ཚུལ་གསུམ་སྲིད་པའི་ཕྱིར་རོ་ཞེས་སྟོན་པ་ནི། ཡང་ན་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་མ་མཐོང་བ་ཞེས་བྱ་བ་འདིས་ནི་བྱེ་བྲག་ཏུ་མཐོང་བ་མི་སྲིད་པར་བསྟན་
ཏོ། །རྟགས་དང་རྟགས་ཅན་གང་ཁོ་ན་མངོན་སུམ་གྱིས་འབྲེལ་པ་མཐོང་བའི་རྟགས་ཅན་དེ་ཁོ་ན་རྟགས་དེ་ཉིད་ཀྱིས་དུས་གཞན་དུ་ཐེ་ཚོམ་གཅད་པར་བྱ་བའི་ཕྱིར་རྗེས་སུ་དཔག་པ་གང་ཡིན་པ་དེའི་ཚེ་ཁྱད་པར་དུ་མཐོང་བའི་རྗེས་སུ་དཔག་པ་ཞེས་བྱའོ། །ཐམས་ཅད་

མཁྱེན་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་ལ་སོགས་པ་ཉེ་བར་སྟོན་པ་འགས་ཀྱང་འབྲེལ་པ་མ་བཟུང་བ་དེས་ན་འདིར་ནི་སྤྱིར་མཐོང་བ་ཁོ་ནའོ། །འདི་ལྟར་སྤྱིར་ཉེ་བར་བསྟན་པ་ནི་གཞན་དུ་སྟེ། རང་གི་རྒྱུད་ལ་ཤེས་པ་སྔོན་དུ་འགྲོ་བ་ཅན་དུ་མཐོང་སྟེ། དེའི་ཕྱིར་ཇི་ལྟར་ལྷ་
སྦྱིན་སྔོན་དུ་འགྲོ་བ་ཅན་ཡུལ་གཞན་དུ་ཕྱིན་པར་དམིགས་པ་ལས་ཉི་མ་ཡུལ་གཞན་དུ་ཕྱིན་པས་འགྲོ་བ་རྗེས་སུ་དཔག་པར་བྱེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཆོས་ལ་སོགས་པ་ཉེ་བར་སྟོན་པ་ལས་དེའི་ཤེས་པ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །སྦྱོར་
བ་ནི་གང་ལ་ལ་ཉེ་བར་སྟོན་པ་གང་ཡིན་པ་དེ་ནི་སྨྲ་བ་པོའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་ཨ་རུ་ར་ལ་སོགས་པའི་ནུས་པ་ཉེ་བར་བསྟན་པ་བཞིན་ནོ། །སངས་རྒྱས་ལ་སོགས་པའི་ཆོས་ལ་སོགས་པ་ཉེ་བར་བསྟན་པ་འདི་ཡང་ཉེ་བར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་
རང་བཞིན་གྱི་གཏན་ཚིགས་སོ། །འདིར་ལན་སྨྲ་བ་ནི། གཞན་དུ་ཡང་ནི་སྲིད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དུ་ཡང་སྟེ་རྨོངས་པས་ཉེ་བར་བསྟན་པ་ཡང་སྲིད་པའི་ཕྱིར་རྗེས་སུ་དཔག་པ་དང་དོན་གྱིས་གོ་བ་གཉི་ག་ཡང་མ་ངེས་པ་ཉིད་ཡིན་ནོ། །ཇི་ལྟར་
གཞན་དུ་ཡང་སྲིད་ཅེ་ན། རྨི་ལམ་ལ་སོགས་མཐོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རི་ཁྲོད་པའི་བཤད་པ་ལས། ཉེ་བར་བསྟན་པ་ནི་རྨོངས་པ་ལས་ཀྱང་འགྱུར་ལ། རྨོངས་པ་མེད་པ་ནི་རིག་བྱེད་ལས་ཀྱང་འགྱུར་རོ། །དེ་ལ་རྨོངས་པ་ལས་འགྱུར་བ་མཐོང་སྟེ།
དཔེར་ན་རྨི་ལམ་དུ་དམིགས་པའི་དོན་བཞིན་ནོ། །རིག་བྱེད་ལས་མཐོང་བ་ནི་དཔེར་ན་ཤེད་ལ་སོགས་པ་བཞིན་ནོ། །གང་དག་བདེ་བར་གཤེགས་པར་རིག་བྱེད་མངོན་པར་མི་ཤེས་པ་དེ་དག་ནི་རྨོངས་པ་ལས་སམ། གཞན་བསྲུང་བར་བྱ་བའི་ཕྱིར་ཉེ་བར་སྟོན་པ་ཡིན་ནོ་ཞེས་
བཤད་དོ། །དེ་ཉིད་སྟོན་པ་ནི་གང་དག་རིག་བྱེད་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མི་བརྟེན་ཞེས་བྱ་བ་ནི་རིག་བྱེད་ལ་མི་བརྟེན་པའོ། །ཉེ་བར་བསྟན་པ་འདི་རིག་བྱེད་ལ་མི་རྟོན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། གལ་ཏེ་རིག་བྱེད་ཅེས་བྱ་བ་ལ་

སོགས་པ་སྨོས་ཏེ། གལ་ཏེ་སངས་རྒྱས་ལ་སོགས་པའི་ཆོས་ལ་སོགས་པ་བསྟན་པ་རིག་བྱེད་ཀྱི་རྩ་བ་ཅན་དུ་གྱུར་ན་དེའི་ཚེ་ཤེད་ལ་སོགས་པ་བཞིན་དུ་རིག་བྱེད་ཤེས་པའི་བྲམ་ཟེ་རྣམས་ཁོ་ན་ལས་སྟོན་པར་འགྱུར་བ་ཞིག་ན། འདི་དག་ནི་བྲམ་ཟེ་རྣམས་
ཁོ་ན་ལ་ཉེ་བར་བསྟན་པ་ཡང་མ་ཡིན་གྱི་འོན་ཀྱང་དམངས་རིགས་རྨོངས་པ་རྣམས་ལ་ཡིན་ནོ། །དེའི་ཕྱིར་ཉེ་བར་བསྟན་པ་ཀུན་རྫོབ་པ་ལྷར་བརྫུན་ཡིན་པར་གོ་སྟེ། དཔེར་ན་སླུ་བའི་ཚིག་ལ་སོགས་པ་དང་། དོང་ཙེ་སེ་ན་ལ་སོགས་པའི་ལས་བཞིན་ནོ། །གང་ཡང་ཤེད་
ལ་སོགས་པ་དེ་དག་ནི་རིག་བྱེད་ཤེས་པའི་ཕྱིར་ཆོས་ལ་སོགས་པ་ཉེ་བར་བསྟན་པ་རིག་བྱེད་ཀྱི་རྩ་བ་ཅན་ཁོ་ན་ཡིན་གྱི་རང་དབང་ཅན་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་གང་དག་གཙོ་བོས་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་བརྗོད་དང་། མཆོད་སྦྱིན་དང་སྙན་ངག་ཅེས་བྱ་བ་གསུམ་ནི་རིག་
བྱེད་གསུམ་དུ་བརྗོད་དོ། །དེ་དག་རིག་པས་ན་གསུམ་རིག་པ་སྟེ་བྲམ་ཟེ་རྣམས་ལ་བརྗོད་དོ། །གསུམ་རིག་པ་རྣམས་ཀྱིས་བསྟན་པའི་ཆོས་བསྟན་བཅོས་ལ་སོགས་པ་གཞུང་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་གཞུང་ལ་བརྟེན་པ་ལ་རྒྱུ་བསྟན་པ་ནི། རིག་བྱེད་སྟོབས་ཀྱིས་སྨྲས་པ་
ཡིན། །ཞེས་བྱ་བ་སྟེ། རིག་བྱེད་ཀྱི་སྟོབས་ཀྱིས་སྨྲས་པ་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཡང་ཇི་ལྟར་ངེས་ཤེ་ན། རིག་བྱེད་ཚིག་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོན་པ་ནི་རྟོགས་པའོ། །དེ་ལྟར་ཚད་མ་རྣམ་པ་ལྔས་ཀྱང་ཐམས་ཅད་མཁྱེན་པ་
གྲུབ་པ་མ་ཡིན་པའི་ཕྱིར། ལྷག་མར་གྱུར་པས་དངོས་པོ་མེད་པ་ཉིད་ཀྱིས་གོ་བར་བྱ་བ་ཡིན་པས་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་གྲུབ་པ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏེ་མེད་
པའི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་ཁོ་བོ་ཅག་གིས་རྭ་ནས་བཟུང་ནས་ཐམས་ཅད་མཁྱེན་པ་བསྒྲུབས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྤྱིར་སྲིད་པ་ཙམ་བསྒྲུབ་པར་བྱ་བ་སྟེ། ཐམས་ཅད་མཁྱེན་པ་འགའ་ཞིག་ཡོད་

པའམ་འགའ་ཞིག་ཏུ་ཐམས་ཅད་མཁྱེན་པ་ཡོད་པ་ཡིན་ཏེ། ཤེས་རབ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པར་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། སྐྱེས་བུ་ཀུན་མཁྱེན་འགའ་ཞིག་ཡོད། །ཅེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། རེ་ཞིག་གཏན་ཚིགས་ནི་སྔར་མ་ངེས་པ་ཉིད་
དུ་བསྟན་ཟིན་པས་དེས་ན་ཕྱོགས་ཀྱི་སྐྱོན་ཉིད་སྟོན་པར་བྱེད་དོ། །གལ་ཏེ་གཞན་བསྒྲུབ་པར་འདོད་པ་ན་གཞན་དམ་འཆའ་བར་བྱེད་པ་ནི་དམ་བཅའ་བ་མ་ཚང་བའི་ཕྱོགས་ཀྱི་སྐྱོན་ཡིན་ལ། འདིར་ཡང་རང་གི་སྟོན་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བར་འདོད་ཀྱི་སྤྱིར་ནི་
མ་ཡིན་ནོ། །འདི་ལྟར་རྟོགས་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཚོལ་བ་ཞེན་པའི་དབང་གིས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་ཚེ་གང་ལས་ཆོས་དང་ཆོས་མ་ཡིན་པ་དག་ཤེས་ནས་འཇུག་པར་བྱ་བའམ་ལྡོག་པར་བྱ་བའི་ཕྱིར་འཇུག་པ་དང་ལྡོག་པའི་འདོད་པ་ཡིན་ནོ། །སྤྱིར་
གྲུབ་ན་ཡང་དེས་སྐྱེས་བུའི་འཇུག་པ་ལ་ཉེ་བར་མཁོ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཁྱད་པར་ཡོངས་སུ་ཤེས་པ་མེད་པར་དེའི་ཚིག་ཏུ་མ་ངེས་པའི་ཕྱིར་རོ། །དེ་ལྟ་བས་ན་འཇུག་པར་འདོད་པས་ཁྱད་པར་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྤྱིར་དམ་བཅའ་བ་ནི་དམ་བཅའ་
བ་མ་ཚང་བ་ཉིད་ཡིན་ནོ། །བསྒྲུབ་པར་བྱ་བའི་འདོད་པའི་དོན་ཞེས་བྱ་བ་ནི་བསྒྲུབ་པར་འདོད་པའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ཁྱད་པར་རང་གི་སྟོན་པའོ། །འདི་ཡིས་ཞེས་བྱ་བ་ནི་དམ་བཅའ་བའོ། །གང་བརྗོད་པ་ཞེས་བྱ་བ་ནི་ཁྱད་པར་ལ་མ་རེག་པར་སྐྱེས་བུ་ཐམས་ཅད་
མཁྱེན་པ་འགའ་ཞིག་ཡོད་པའམ་ལ་ལར་ཐམས་ཅད་མཁྱེན་པ་ཡོད་དོ་ཞེས་གྲུབ་པ་དས་ཀྱང་དོགས་པ་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ཞེ་ན། གང་གིས་ལུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་གང་གིས་ལུང་བདེན་པ་ཉིད་དུ་གྲུབ་པའོ། །ཅིའི་ཕྱིར་མི་
རྙེད་ཅེ་ན་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་སངས་རྒྱས་ཐམས་ཅད་མཁྱེན་པར་མ་གྲུབ་པ་དེ་སྲིད་དུ་དེའི་ཚིག་ཀྱང་བདེན་པར་ངེས་པ་ཡོད་པ་མ་ཡིན་ལ། སྤྱིར་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པ་ན་སངས་རྒྱས་ཀྱི་ཚིག་བདེན་པར་གྲུབ་པར་འགྱུར་བ་ཡང་

མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འདི་སྟོན་པ་ནི། གཞན་དུ་ཀུན་མཁྱེན་ཡོད་པ་ནི། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་དེ་དག་འབྲེལ་པར་འགྱུར་ཞེ་ན། དེ་དག་གཞི་མཐུན་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞི་མཐུན་
པ་ནི་སྐྱེས་བུ་གཅིག་ལ་བརྟེན་པ་ཉིད་དོ། །དེ་དག་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་ཚིག་དག་གོ། །ཡན་ལག་དང་ཡན་ལག་ཅན་ཉིད་རྒྱུ་དང་འབྲས་བུ་དག་གོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གཅིག་ལ་བརྟེན་པ་ཉིད་ཡིན་ན་ཐམས་ཅད་མཁྱེན་པའི་ཚིག་བདེན་པའི་
རྒྱུར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏོ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གཞན་དག་གིས་ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་བཀོད་པ་དེ་ཡང་འདི་ཉིད་ཀྱིས་གསལ་བ་ཡིན་ནོ་ཞེས་བསྟན་པའི་དོན་དུ། གང་ཞིག་འཇིག་རྟེན་ལ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། གང་གཞལ་བྱ་ཉིད་དང་དངོས་པོ་ཉིད་དང་ལྡན་པ་དེ་ནི་འགའ་ཞིག་གི་མངོན་སུམ་མ་ཡིན་ཏེ། དཔེར་ན་ཞོའི་གཟུགས་དང་རོ་ལ་སོགས་པ་བཞིན་ནོ། །དངོས་པོའི་ངོ་བོ་ཐམས་ཅད་ཀྱང་གཞལ་བྱ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་
བཞིན་གྱི་གཏན་ཚིགས་སོ། །འདི་ལ་སྔ་མ་བཞིན་དུ་དམ་བཅའ་བ་མ་ཚང་བ་ཉིད་དང་གཏན་ཚིགས་ཀྱང་མ་ངེས་པ་ཉིད་དུ་བརྗོད་པར་བྱའོ། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་གྲུབ་པ་ནི་ཁྱད་པར་གྱི་སྒོ་ནས་སྲིད་པ་མ་ཡིན་ལ། སྤྱིའི་སྒོ་ནས་ཀྱང་མ་ཡིན་པས་དེས་ན་དེ་མེད་
དོ་ཞེས་བྱ་བར་གྲུབ་པོ། །དེ་མེད་པའི་ཕྱིར་དེའི་ཚིག་ཀྱང་མེད་པས་དེའི་ཚིག་ལས་སུ་ཡང་འཇུག་པ་སྲིད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྐྱེས་བུ་ཐམས་ཅད་མཁྱེན་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་གང་ལས་ཁྱེད་ཅག་འཇུག་པར་འགྱུར་བ་ཐམས་ཅད་མཁྱེན་པས་བྱས་པའི་
ཚིག་མི་སྲིད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། ས་བཅུ་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ས་བཅུ་ལ་རབ་ཏུ་གནས་པ་འདོད་ཆགས་ལ་སོགས་པའི་དྲི་མའི་རྟོགས་པ་མ་ལུས་པ་དང་བྲལ་བའི་ཕྱིར་ཤེལ་དག་པ་དང་མཚུངས་པའི་ཡེ་ཤེས་ཀྱིས་ཤེས་བྱ་མཐའ་དག་རྟོགས་

སོ་ཞེས་བྱ་བ་དེ་ལྟར་ཁྱེད་ཅག་གིས་བརྗོད་པར་གྲགས་ཏེ། དེ་ལྟ་ཡིན་དང་གནས་སྐབས་འདི་འཛིན་པ་སྟེ། སེམས་རྩེ་གཅིག་པ་དང་ལྡན་པ་འདི་དོན་རྟོགས་པ་ཁོ་ན་ལ་སྟོན་པའི་ཕྱིར་ཆོས་ཉེ་བར་སྟོན་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་གིས་བྱ་བ་འདི་ཙམ་
ཞིག་བྱེད་པར་ནུས་པ་ནི་མ་ཡིན་ནོ། །གལ་ཏེ་བསམ་གཏན་ལས་ལངས་ནས་སྟོན་པ་ཡིན་ནོ་ཞེ་ན། གང་གི་ཚེ་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་རིག་པ་མེད་པར་ཚིག་འཇུག་པ་ཡོད་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཀྱི་གནས་སྐབས་ན་
འདིའི་ཆོས་སྟོན་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གནས་སྐབས་འདིར་བྱིས་པ་དང་མཁས་པ་དག་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་དེས་བཤད་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་བཤད་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་རྟོག་པ་མེད་པའི་ཏིང་ངེ་
འཛིན་ལ་གནས་པའི་ཕྱིར་འདི་ཅུང་ཟད་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་དབང་གིས་ཆོས་སྟོན་པ་སྣ་ཚོགས་པར་སྣང་བའི་རྣམ་པར་རིག་པ་སྐལ་བ་དང་ལྡན་པ་རྣམས་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་
རྫོགས་པར་སངས་རྒྱས་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་འདིར་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་ཤིང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་ནོ། །འོན་ཀྱང་
ཡི་གེ་དང་བརྗོད་པ་དང་བསྟན་པ་རྣམས་ཀྱིས་འདུལ་བར་འགྱུར་བ་གང་ཡིན་པ་དེ་དག་གིས་གང་དེ་བཞིན་གཤེགས་པའི་ཞལ་དང་། དབུའི་གཙུག་ཏོར་དང་མཛོད་སྤུ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཐོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ།
དེ་ཡི་བསམ་གཏན་ལ་བཞུགས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་བཞིན་རིན་ཆེན་ནི་ཡིད་བཞིན་ནོར་བུའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་དག་དད་པ་དང་ལྡན་པ་དེ་དག་ལ་ཚད་མ་མེད་པ་འདི་བརྗོད་པ་ནི་མཛེས་པར་འགྱུར་གྱི། གང་ཡང་ཁོ་བོ་ཅག་

ལྟ་བུས་ཚད་མས་འཐད་པའི་དོན་འཛིན་པ་ཉིད་ཀྱིས་རིགས་པ་ཁོ་ན་དོན་དུ་གཉེར་བ་དེ་དག་ནི་དེ་དག་ཇི་ལྟར་ཚད་མ་མེད་པ་ཅན་འདི་བརྗོད་པ་ནི་འཛིན་པར་འགྱུར་གཞན་ཡང་རྟོག་པ་དེ་ལྟ་བུ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རྩིག་པ་ལ་སོགས་པ་ནས་འབྱུང་བ་
བསྟན་པ་དག་ལ་ཐམས་ཅད་མཁྱེན་པའི་དབང་གིས་འབྱུང་བ་ཉིད་དུ་ཐེ་ཚོམ་ཟ་བའི་ཕྱིར་དེ་ལ་རྟོག་པ་དང་ལྡན་པ་རྣམས་ཚད་མ་ཉིད་དུ་ཡིད་ཆེས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། རྩིག་པ་སོགས་ནས་འབྱུང་བའི་ཚོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་གོ་བར་
ཟད་དོ། །འདི་ཙམ་གྱི་བར་དུ་ཀུ་མཱ་ར་རི་ལས་སྨྲས་པ་ཕྱོགས་སྔ་མར་བྱས་པ་ཡིན་ལ། ད་ནི་ལ་བ་ཅན་དང་མཆོད་སྦྱིན་ཅན་དག་གི་ལུགས་ཀྱིས་སླར་ཐམས་ཅད་མཁྱེན་པ་སུན་འབྱིན་པ་སྨྲས་པ་ནི། སླར་ཡང་འདི་ལྟར་དཔྱད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ཅིག་ཅར་
མ་ལུས་པ་རྣམ་པར་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་ནམ། འོན་ཏེ་རིམ་གྱིས་ཏེ་གོ་རིམས་སུ་ཡིན། ཡང་ན་འགྲོ་བ་ཐམས་ཅད་མི་རྟག་པ་ལ་སོགས་པ་གཅིག་གི་ངོ་བོར་ཤེས་པ་ལས་ཡིན་ནམ་རྣམ་པ་གཅིག་ཏུ་ནི་གཙོ་བོ་ཇི་ལྟ་བ་བཞིན་དུ་སྟེ། སྐྱེས་བུའི་དོན་ལ་ཉེ་བར་
མཁོ་བའི་ལས་དང་འབྲས་བུ་ལ་སོགས་པ་གང་ཡིན་པ་དེ་ཁོ་ན་ཤེས་པ་ལས་སམ་ཡང་ན་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པའི་ཕྱིར་དཔེར་ན་མེས་ཐམས་ཅད་རིམ་གྱིས་དང་ཅིག་ཅར་དག་གིས་མི་ཟན་ཡང་ཐམས་ཅད་ཟ་ཞེས་བྱ་བ་ལྟ་བུར་ཐམས་ཅད་
མཁྱེན་པར་བརྗོད་གྲང་། དེ་ལ་ཕྱོགས་དང་པོ་ལ་རྣམ་པར་རྟོག་པ་གཉིས་ཏེ། བློ་གཅིག་གིས་ཅིག་ཅར་མ་ལུས་པ་ཤེས་སམ་དུ་མས་ཡིན། རེ་ཞིག་གཅིག་གིས་ནི་མ་ཡིན་ཏེ། དག་པ་དང་མ་དག་པ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་རྣམས་ཅིག་ཅར་ཤེས་པ་
གཅིག་གིས་མ་མཐོང་བའི་ཕྱིར་རོ། །འདི་སྙམ་དུ་དེའི་འགལ་བའི་དངོས་པོ་དུ་མའི་ཡུལ་ཅན་གྱི་བློ་མང་པོ་ཅིག་ཅར་འཇུག་པ་ཡིན་ནོ་སྙམ་དུ་སེམས་ན