Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 192
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
མཐོང་ནས་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བ་ལང་མཐོང་ནས་ཕྱིས་འབྲོག་ན་ཡོད་པའི་བ་མེན་མཐོང་སྟེ། ཁྱད་པར་ཅི་ལྟ་བུ་ཞེ་ན། ཡན་ལག་ཕལ་ཆེར་མཚུངས་པ་སྟོན་པའི་ཕྱིར། །ཡན་ལག་ཕལ་ཆེར་མཚུངས་པ་སྟོན་པ་སྟེ། །མགྲིན་པ་ལྡུམ་པ་ནི། ལྐོག་ཤལ་ལ་སོགས་པ་དང་བྲལ་བའོ། ། དེའི་ཚེ་དང་པོ་བ་མེན་གྱི་རང་གི་ངོ་བོ་ཙམ་གྱིས་རྣམ་པར་རྟོག་པ་མེད་པའི་ལྟ་བའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་རེ་ཞིག་མངོན་སུམ་ཡིན་ལ། གང་ཡང་ཕྱུགས་འདི་ནི་བ་ལང་དང་འདྲ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པའི་ཁྱད་པར་གྱིས་རྣམ་པར་རྟོག་པར་བྱེད་པ་དེ་ཡང་མངོན་སུམ་ཉིད་ཡིན་ཏེ། དབང་པོའི་བྱེད་པས་སམ་སྐྱེད་པའི་ཕྱིར་རོ། །འདི་སྙམ་དུ་དྲན་པའི་སྟོབས་ཀྱིས་འདྲ་བ་མེད་པར་རྟོག་པར་བྱེད་ཀྱི། དབང་པོའི་བྱེད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་ནས། དེ་ལ་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གལ་ཏེ་ཡང་དེ་དག་གི་འདྲ་བ་འཛིན་པའི་ཤེས་པ་ དྲན་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེ་ལྟ་ན་ཡང་བ་མེན་ལ་གནས་པ་ཉིད་ཀྱི་ཉེ་བའི་ཕྱིར་འདྲ་བ་དབང་པོའི་སྤྱོད་ཡུལ་ཡིན་ཏེ། ཉེ་བ་ནི་ཉེ་བ་ཉིད་ཀྱི་ཕྱིར་རོ། །བ་མེན་གནས་པས་ཞེས་བྱ་བ་ནི་ཉེ་བ་ཉིད་ལ་གཏན་ཚིགས་ཡིན་ཏེ། གང་གི་ཕྱིར་འདྲ་བ་བ་མེན་ལ་གནས་པ་ཡིན་པ་དེའི་ཕྱིར་འདི་ཉེ་ བ་ཉིད་ཡིན་ནོ། །འོན་ཏེ་འདྲ་བ་ཉིད་ནི་གཉིས་ལ་གནས་པའི་ཕྱིར་ཇི་ལྟར་བ་མེན་གཅིག་ལ་འདི་འཛིན་པར་རིགས་པ་ཡིན་ཞེ་ན། འདྲ་བ་ཡི་ནི་སྤྱི་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དང་མཚུངས་པར་འཇུག་པའི་ཕྱིར་སྤྱི་བཞིན་ནོ། །གལ་ཏེ་ཡང་འདྲ་བ་གཉིས་ལས་གནས་ པ་དེ་ལྟ་ན་ཡང་སྤྱི་བཞིན་དུ་རེ་རེ་ལ་ཡོངས་སུ་རྫོགས་པའི་ཕྱིར་འགྲན་ཟླའི་བ་ལང་ལ་སོགས་པ་མ་མཐོང་ན་ཡང་ཉེ་བ་ཉིད་ཀྱི་ཕྱིར་གཅིག་ལ་ཡང་དམིགས་པ་ཉིད་ཡིན་ནོ། །འདི་སྙམ་དུ་གལ་ཏེ་འདྲ་བ་དངོས་པོ་ཉིད་དུ་འགྱུར་ན་དེའི་ཚེ་དམིགས་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དངོས་པོ་ཉིད་དེ་ཉིད་ མི་འགྲུབ་པོ་སྙམ་དུ་སེམས་ན། འདྲ་བ་དངོས་པོ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ལ་སོགས་པའི་རྭ་ལ་སོགས་པའི་ཡན་ལག་ཕལ་ཆེར་མཚུངས་པའི་བ་མེན་ལ་སོགས་པའི་རིགས་གཞན་གྱིས་གསལ་བ་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་ནི་འདྲ་བ་ཡིན་ནོ། ། འབྲེལ་པ་ཡང་འབྲེལ་པ་ཅན་དག་ལས་ཤིན་ཏུ་ཐ་དད་པ་མ་ཡིན་ཏེ། འབྲེལ་པ་ལ་སོགས་པ་མི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་མཐུན་པའི་ཡན་ལག་ཐམས་ཅད་མཚུངས་པ་ཡིན་པའི་ཕྱིར་འདྲ་བ་མེད་དོ་ཞེས་ཤེས་པར་བྱ་བའི་དོན་དུ་རིགས་གཞན་སྨོས་པ་ཡིན་ནོ། །ད་ནི་ཉེ་ བར་འཇལ་བའི་རང་གི་ངོ་བོ་བསྟན་པའི་ཕྱིར། གནས་སྐབས་དེ་ན་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཕྱུགས་འདི་དང་འདྲ་བ་ནི་བ་ལང་ངོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའི་ཚད་མ་ཡིན་ནོ། །འདིའི་གཞལ་བྱ་ བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཉེ་བར་འཇལ་བ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་དེའི་ཕྱིར་གང་ཞིག་བ་མེན་ལ་སོགས་པ་འདྲ་བའི་ཁྱད་པར་ཅན་བ་ལང་ལ་སོགས་པ་དྲན་པ་དེ་ནི་ཉེ་བར་འཇལ་བའི་གཞལ་བྱ་ཡིན་པའམ། ཡང་ན་བ་ ལང་ལ་སོགས་པ་ལ་བརྟེན་པའི་འདྲ་བ་ཙམ་ཡིན་ནོ། །འོན་ཏེ་མངོན་སུམ་འདྲ་བ་དམིགས་ཤིང་བ་ལང་ཡང་དྲན་པས་ཡུལ་དུ་བྱས་པ་ཉིད་མ་ཡིན་ནམ། དེའི་ཕྱིར་གང་ཞིག་རྟོག་པས་ཉེ་བར་འཇལ་བ་ཚད་མ་ཉིད་དུ་འགྱུར་བ་གཞལ་བར་བྱ་བ་ལྷག་མ་གཞན་ཅི་ཡོད་ཅེ་ ན། འདྲ་བ་མངོན་སུམ་ཉིད་ཀྱིས་ཡིན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་འདྲ་བ་ཡང་མངོན་སུམ་གྱིས་བཟུང་ཞིང་བ་ལང་ཡང་དྲན་པས་ཡུལ་དུ་བྱས་པ་དེ་ལྟ་ན་ཡང་འདྲ་བའི་ཁྱད་པར་ཅན་གྱི་བ་ལང་གི་གོང་བུ་གཞན་ལས་ཏེ། མངོན་སུམ་དང་དྲན་པ་ལས་མི་འགྲུབ་པའི་ཕྱིར་དེ་རྟོག་ པ་ལ་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་ནོ། །འདི་ཉིད་ལ་དཔེར་བཤད་པ་ནི་དཔེར་ན་ཞེས་བྱ་བ་སྟེ། དཔེར་ན་ས་ཕྱོགས་ཆོས་ཅན་མངོན་སུམ་ཡིན་ཞིང་དྲན་པས་ཀྱང་མེ་བཟུང་བ་ན་ཡང་མེའི་ཁྱད་པར་ཅན་གྱི་ས་ཕྱོགས་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་མ་ཡིན་པ་མ་ ཡིན་གྱི། འོན་ཀྱང་ཚད་མ་ཉིད་ཡིན་པ་དེ་བཞིན་དུ་ཉེ་བར་འཇལ་བ་ཡང་ཡིན་ནོ། །ཅི་སྟེ་ཡང་ཉེ་བར་འཇལ་བ་ཚད་མ་ཉིད་ཡིན་དུ་ཆུག་མོད། དེ་ཡང་ཇི་ལྟར་མངོན་སུམ་ལ་སོགས་པ་ལས་ཚད་མ་ལོགས་ཤིག་པ་ཡིན་ཞེ་ན། རྣམ་ཤེས་དེ་ནི་ཞེས་བྱ་བ་སྨོས་ཏེ། རེ་ཞིག་མངོན་སུམ་ ཉིད་དུ་རིགས་པ་མ་ཡིན་ཏེ། དབང་པོ་དང་དོན་འབྲེལ་པ་ལས་མ་སྐྱེས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཚུལ་གསུམ་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་འདི་འདྲ་བ་ཕྱོགས་ཆོས་སུ་རྟོགས་པའམ། མཐོང་བཞིན་པའི་བ་ལང་ལ་སོགས་པ་ཡིན་གྲང་འདྲ་བ་དེ་ ཡང་རྟགས་ཉིད་དུ་རྟོགས་པ་ལ་བ་ལང་དུ་གཏོགས་པ་རྟོག་པའམ། བ་མེན་དུ་གཏོགས་པ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་བ་ལང་ལ་སོགས་པའི་གཞལ་བྱར་གནས་པའི་འདྲ་བ་རྟགས་ཉིད་མ་ཡིན་ཏེ། དེ་ནི་བ་མེན་མཐོང་བ་ལས་སྔར་མ་བཟུང་ བའི་ཕྱིར་རོ། །མ་བཟུང་བ་ཡང་རྟགས་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་བ་མེན་ལ་གནས་པའི་འདྲ་བ་རྟགས་ཉིད་དུ་འགྱུར་ཏེ། དེ་དེ་ལས་གཟུང་བའི་ཕྱིར་རོ་ཞེ་ན། བ་མེན་བཟུང་བ་ན་ཡང་བ་ལང་རྗེས་སུ་དཔག་པར་བྱེད་པ་མ་ཡིན་ཏེ། གཞི་ཐ་དད་པའི་ཕྱིར་བྱ་རོག་གི་ནག་པོ་ལ་སོགས་པ་བཞིན་ནོ། །འོ་ན་བ་མེན་མཐོང་བ་ལས་ཕྱིས་བ་ལང་འཛིན་པའི་ཕྱིར་དེ་ལ་གནས་པ་རྟགས་སུ་འགྱུར་རོ་ཞེ་ན། དམ་བཅའ་བའི་དོན་གྱིས་ཞེས་བྱ་བ་སྨོས་ཏེ། འདྲ་བ་གཞལ་བྱ་ཡིན་པའི་ཕྱིར། །དེ་ཉིད་རྟགས་སུ་མི་རིགས་སོ། །འོ་ན་བ་ མེན་རྟགས་སུ་འགྱུར་རོ་ཞེ་ན། འབྲེལ་པ་མེད་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལ་ཡང་གང་གཞི་ཐ་དད་པའི་ཕྱིར་བ་མེན་ལ་ཡང་རྟགས་ཉིད་མ་ཡིན་ནོ། །འོ་ན་ཉེ་བར་འཇལ་བ་ཚད་མ་ཉིད་མ་གྱུར་མོད་ཅེ་ན། མ་རྟོགས་དོན་གྱི་ཞེས་བྱ་བ་སྨོས་ཏེ། སྔར་བ་ལང་གི་བ་མེན་དང་འདྲ་བའི་ཁྱད་ པར་མ་བཟུང་བའི་ཕྱིར་འདྲ་བའི་ཁྱད་པར་མི་ཤེས་པའི་བ་ལང་གསལ་བར་བྱེད་པ་ཡོད་པ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་རིགས་སོ། །གཞལ་བྱའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གཞལ་བྱ་མེད་པའི་ཕྱིར་ཚད་མ་དྲུག་ལས་མ་གཏོགས་པའི་ཚད་མ་བཞིན་དུ་ཉེ་བར་ འཇལ་བ་ཚད་མ་ཡིན་ནོ། །ཡན་ལག་ཕལ་ཆེར་འདྲ་བ་དང་ལྡན་པའི་བདག་ཉིད་ཀྱིས་འདྲ་བའི་གཞལ་བྱ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་བརྟག་པར་སྤྱི་རྣམས་བཀག་ཟིན་པའི་ཕྱིར། ཕལ་ཆེར་དེ་དག་ཀྱང་མ་ཡིན་ལ། དེ་དག་དང་ལྡན་ པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །འདི་སྙམ་དུ་སྤྱི་རྟོགས་པར་བྱེད་པའི་ཚད་མ་ཡོད་པ་ཉིད་ཡིན་ཏེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེ་ལ་ཚད་མ་ནི་འདི་ཡིན་ཏེ་སྤྱི་དངོས་པོ་ཉིད་དང་། དེ་ཡང་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་ ནོ་ཞེས་བྱ་བ་དམ་བཅའ་བ་གཉིས་སོ། །མེད་པའི་གཞལ་བྱ་ལས་གཞན་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཏེ། དངོས་པོ་མེད་པའི་གཞལ་བྱ་ལས་གཞལ་བྱ་གཞན་གང་ཡིན་པ་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་མིན་པའི་དངོས་པོ་བཞིན། །ཞེས་བྱ་བ་ ནི་དཔེ་སྟེ། ཐུན་མོང་མ་ཡིན་པའི་དངོས་པོ་ནི་རང་གི་མཚན་ཉིད་དོ། །སྤྱི་དོན་ཞེས་བྱ་བ་ལ་སོགས་པས་ནི་སྐྱོན་འཆད་དེ། སྤྱིའི་དོན་ཞེས་བྱ་བའི་དོན་གྱི་སྒྲ་ནི་གཞལ་བྱའི་ཚིག་གོ། །དམ་བཅའ་བ་གཉིས་ཀ་ལ་ཡང་སྤྱི་རང་བཞིན་མེད་པར་སྨྲ་བའི་སངས་རྒྱས་པ་རྣམས་ལ་སྤྱིའི་དངོས་པོ་མེད་ པ་ལས་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་ལ། དངོས་པོའི་མཚན་ཉིད་ཀྱི་བསྒྲུབ་བྱ་དང་པོ་ལ་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། འདི་ལྟར་དངོས་པོ་མེད་པ་ལས་གཞན་དངོས་པོ་ཡིན་ཏེ། དངོས་པོ་ནི་དངོས་པོ་མེད་པ་རྣམ་པར་ གཅོད་པའི་མཚན་ཉིད་ཡིན་པའི་ཕྱིར་དེ་ནི་སྒྲ་གཞན་གྱིས་གཏན་ཚིགས་ཉིད་ཉེ་བར་བླངས་ཤིང་དེ་ཉིད་ཀྱང་བསྒྲུབ་བྱ་ཡིན་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ནོ། །གཞན་ཡང་དྲན་པའི་རང་བཞིན་ཡིན་པའི་ཕྱིར་ཉེ་བར་འཇལ་བ་ཚད་མ་མ་ཡིན་པའམ། ཡང་ན་ དྲན་པ་གཞན་ཡིན་ནོ། །དེ་ལ་དྲན་པའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར། དེ་ལ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་ཞེས་བྱ་བའི་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ན་ཡང་བ་མེན་གྱི་ཡན་ལག་ཁ་ཅིག་བ་ལང་དུ་གཏོགས་པའི་ཡན་ལག་དང་ལྷན་ཅིག་མཚུངས་པར་རྟོགས་ པའི་རྒྱུ་དག་ཡིན་ཏེ། མཚུངས་པར་རྟོགས་པའི་རྒྱུ་ཡན་ལག་དག་ལས་མ་གཏོགས་པ་འདྲ་བ་ཞེས་བྱ་བའི་དོན་གཞན་དུ་གྱུར་པ་ཡོད་པ་ནི་མ་ཡིན་ཏེ། དེ་དག་ལས་དོན་གཞན་དུ་གྱུར་པ་བློ་ལ་མི་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་བ་མེན་མཐོང་བ་ལ་བ་ལང་དུ་གཏོགས་པའི་ཡན་ལག་དག་ལ་ ཕལ་ཆེར་མཐོང་བའི་སྟོབས་ཀྱིས་དྲན་པའི་ངོ་བོའི་ཤེས་པ་དེ་སྐྱེ་བ་ཡིན་གྱི། འདྲ་བར་བརྗོད་པའི་དངོས་པོ་འཛིན་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྟ་ལ་སོགས་པ་ལ་ཡང་ཡན་ལག་ཕལ་ཆེར་འདྲ་བ་དང་ལྡན་པ་ཡང་ཡོད་པའི་ཕྱིར་དེ་ལ་ཡང་བ་མེན་མཐོང་བ་ལས་བ་ལང་གི་བློ་བཞིན་ཅིའི་ཕྱིར་ མི་འཇུག་འདི་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་འདྲ་བ་ཡོད་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་ལན་ཅིག་མ་ཡིན་པར་མཐོང་བར་འགྱུར་ན་དྲན་པ་ཉིད་ལ་ནི་སྐྱོན་འདི་མེད་དོ། །སྔར་ལན་ཅིག་མ་ཡིན་པར་མཐོང་བ་གང་ཡིན་པ་དེ་ཁོ་ན་ལ་དྲན་པར་འགྱུར་ བ་ཡིན་ཏེ། དྲན་པ་སད་པའི་རྒྱུ་རྣམས་ནི་ནུས་པ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་དྲན་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་དྲན་པ་ཉིད་ཚད་མ་མ་ཡིན་ཞེ་ན། དེའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་དྲན་པའོ། །འདྲ་བ་དངོས་པོ་ཉིད་ དུ་ཁས་བླངས་ནས་གཞན་གྱི་ཡུལ་ཉིད་ཀྱིས་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་པར་བསྟན་པ་ནི། འདྲ་བ་དངོས་པོ་ཡིན་ལ་རག །ཅེས་བྱ་བ་ལ་སོགས་པ་སྟེ། འདྲ་བ་དངོས་པོ་ཡིན་པ་དང་། བ་ལང་ལ་ཡང་ཅི་སྤྱི་བཞིན་དུ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཡིན་ལ་རག་མོད། དེ་ ལྟ་ན་ཡང་བ་མེན་མཐོང་བ་ལས་སྔར་བ་ལང་མདུན་ན་གནས་པར་འཛིན་པ་ན་དེ་ལ་ཐ་མི་དད་པའི་ཕྱིར་མདུན་ན་གནས་པའི་འདྲ་བ་དེ་ཡང་བཟུང་བ་ཉིད་ཡིན་ཏེ། བ་ལང་གི་རང་གི་ངོ་བོ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཐ་མི་དད་པར་མི་འགྲུབ་སྟེ། དེ་ལྟ་ཡིན་དང་བཟུང་ཟིན་པ་འཛིན་པས་དྲན་པའི་ངོ་བོ་ ཉིད་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །ཅི་སྟེ་ཡང་དང་པོར་འདྲ་བ་ཡོད་པ་ཙམ་གྱིས་བཟུང་བ་ཉིད་ཡིན་ཏེ། བ་ལང་འདི་བ་མེན་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཚུལ་འདིས་བཟུང་བ་ནི་མ་ཡིན་ལ་ཉེ་བར་འཇལ་བ་ནི་རྣམ་པ་འདིས་ངེས་པ་ཡིན་ཏེ། དེའི་ཕྱིར་དྲན་པའི་ངོ་བོ་ཉིད་མ་གྲུབ་པ་ཡིན་ནོ་ སྙམ་ན་གལ་ཏེ་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བ་མེན་དང་འདྲ་བ་ཞེས་བྱ་བའི་མིང་འདིས་ཁྱད་པར་ཅན་གྱི་བ་ལང་གི་རྫས་བ་མེན་མཐོང་བ་ལས་སྔར་མ་བཟུང་ལ། རང་གི་ངོ་བོས་ནི་འཛིན་པ་ཉིད་ཡིན་ཏེ། དེའི་རང་བཞིན་གང་ཡིན་པ་དེ་ནི་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། ། རང་བཞིན་དེ་ཡང་གང་ཡིན་ཞེ་ན། འདིའི་བདག་གང་བཟུང་བ་ཉིད་དུ་བརྗོད་པ་ཡིན་ཞེས་བྱ་བ་སྨོས་ཏེ། བ་ལང་གི་གོང་བུའི་རང་བཞིན་གང་ཡིན་པ་དེ་ནི་བདག་ཉིད་བརྗོད་དོ། །རང་གི་ངོ་བོས་ཏེ་རང་བཞིན་གྱི་མཚན་ཉིད་དེས་དེ་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཟུང་བ་ ཡིན་ན་དེ་ལས་ཅིར་འགྱུར་ཞེ་ན། ཡོངས་སུ་ཤེས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དངོས་པོ་བཟུང་ཡང་སྔར་མིང་དེ་མི་འཛིན་པ་ན་མི་འཛིན་པར་འགྱུར་བ་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ལ་མིང་ཡོད་པ་ནི་མ་ཡིན་ལ། ཁྱད་པར་དུ་མངོན་སུམ་ངེས་པའི་བདག་ཉིད་དུ་སྨྲ་བ་ རྣམས་ལ་མ་བཟུང་ངོ་ཞེས་བྱ་བ་དེ་ལྟ་བུ་བརྗོད་པར་མི་རིགས་སོ། །གཞན་ཡང་འདི་དང་མཚུངས་སོ་ཞེས་ཤེས་པའི་ཕྱིར་འདི་ཙམ་གྱི་ཚད་མ་གཞན་རྟོགས་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལྟར། མངོན་སུམ་རྗེས་དཔག་སྒྲ་ལས་བྱུང་། །ཉེ་པར་འཇལ་བ་དང་ལྷན་ཅིག །དོན་གྱིས་ གོ་དང་དངོས་མེད་དག །འདི་དག་བསྒྲུབ་བྱ་སྒྲུབ་བྱེད་ཡིན། །ཞེས་བྱ་བས་ཚད་མ་རྣམ་གྲངས་ཡོངས་སུ་ཆད་པར་མི་འགྱུར་རོ། །ཧ་ཅང་ཐལ་བར་འགྱུར་བ་དེ་ཉིད་བསྟན་པའི་ཕྱིར། ཤིང་གི་ཕྲེང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ གྲོག་མ་ལ་སོགས་པའི་ཕྲེང་བ་བཟུང་ངོ་། །ཤིང་གི་ཕྲེང་བ་ལ་སོགས་པའི་མཐོང་བའི་དུས་སུ་ཤིང་དང་པོ་འཛིན་པ་ལས་འདི་ནི་ཤིང་དང་པོའོ་སྙམ་པའི་ངེས་པ་མི་སྐྱེ་ལ། ཤིང་གཉིས་པ་དམིགས་པ་ན་ནི་ཡལ་ག་ཅན་དང་པོ་ལ། འདི་ནི་ཡལ་ག་ཅན་དང་པོའི་སྙམ་དུ་ངེས་པ་འདི་སྐྱེ་བ་གང་ཡིན་ པ་དེ་ཚད་མ་གཞན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདྲ་བ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །འདྲ་བ་ལ་མི་ལྟོས་པའི་ཕྱིར་ཉེ་བར་འཇལ་བ་མ་ཡིན་ལ། དབང་པོའི་བྱད་པ་ལ་མི་ལྟོས་པའི་ཕྱིར་མངོན་སུམ་མ་ཡིན་ཞེ་ན། རྟགས་ལ་ལྟོས་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ ཡིན་པ་སྒྲ་ལ་མི་ལྟོས་པའི་ཕྱིར་སྒྲ་ལས་བྱུང་བ་མ་ཡིན་ཞིང་། མཐོང་དང་ཐོས་པའི་དོན་གཞན་དུ་མི་འཐད་པ་ལ་མི་ལྟོས་པའི་ཕྱིར་དོན་གྱིས་གོ་བ་མ་ཡིན་ལ། ཚད་མ་དང་གཞལ་བྱ་ལོག་པ་ལ་མི་ལྟོས་པའི་ཕྱིར་དངོས་པོ་མེད་པ་མ་ཡིན་ནོ། །དེ་བཞིན་དུ། འདི་ལས་འདི་སྔ་འདི་པྱི་ཞིང་། ། འདི་ཚེ་རིང་དང་ཐུང་བ་ཞེས། །དེ་ལྟ་བུ་སོགས་ཤེས་པ་ལ། །ཚད་མ་ཐུག་པ་མེད་པར་འགྱུར། །ཞེས་བརྗོད་པར་བྱའོ། །དྲན་པ་ཡིན་པས་བཟུང་ཟིན་པ་འཛིན་པའི་ཕྱིར་འདི་ཚད་མ་གཞན་མ་ཡིན་ནོ་ཞེ་ན། བཟུང་ཟིན་པ་འཛིན་པ་ཉིད་ནི་ཉེ་བར་འཇལ་བ་རྣམས་ལ་ཡང་མཚུངས་སོ། །ཉེ་བར་འཇལ་ བ་རྣམས་ཞེས་བྱ་བ་ནི། གསལ་བ་ཐ་དད་པས་མང་པོའི་ཚིག་གོ། །གཞན་ཡང་ཇི་ལྟར་བ་མེན་མཐོང་བ་ལས་བ་ལང་ལ་ཆོས་མཐུན་པ་ཉིད་ཀྱི་ཤེས་པ་ཚད་མ་གཞན་དུ་རྣམ་པར་འཇོག་པ་དེ་བཞིན་དུ་བ་མེན་མཐོང་བ་ལས་རྟ་ལ་སོགས་པ་མི་འདྲ་བའི་ཤེས་པ་ལ་ཡང་ཅིའི་ཕྱིར་ཚད་མ་གཞན་དུ་རྣམ་ པར་མི་འཇོག །དངོས་པོ་མེད་པའི་ཚད་མའི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་གཞན་མ་ཡིན་ནོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་དམིགས་པའི་ཕྱིར་ཏེ། དངོས་པོ་མེད་པའི་ཡུལ་ནི་མེད་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་མི་འདྲ་བ་ནི་འདྲ་བ་མེད་པ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་མེད་པའི་ཁོངས་སུ་འདུས་པ་ཡིན་ནོ་སྙམ་དུ་སེམས་ན། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་མེད་པ་ཉིད་ཡིན་ཏེ། གལ་ཏེ་མེད་པའི་ངོ་བོ་གཞལ་བྱ་རྣམ་པར་འཇོག་པ་དེའི་ཚེ་འདྲ་བའི་བློ་དག་ལ་སྟེ། ཉེ་བར་འཇལ་བར་འདོད་པ་དེ་དག་ལས་འདི་འདྲ་བའི་ གཞལ་བྱ་དེ་མཚུངས་ཏེ་འདྲ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་ལྟར་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མི་འདྲ་བའི་ཤེས་པ་དེ་ལ་འདྲ་བ་དང་བྲལ་བར་རྟོགས་པ་དེ་བཞིན་དུ་འདྲ་བའི་ཤེས་པ་ལ་ཡང་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པར་རྟོགས་པའི་ཕྱིར་མི་འདྲ་བའི་ ཤེས་པ་བཞིན་དུ་དངོས་པོ་མེད་པའི་ཁོངས་སུ་རྟོགས་པར་འགྱུར་རོ། །འདི་ཉིད་ལ་འཐད་པ་བཤད་པ་ནི་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྟེ། གང་གིས་ཏེ་གང་གི་ཕྱིར་འདྲ་བའི་ཤེས་པ་ལ་ཡང་ཡན་ལག་ཕལ་ཆེར་མཚུངས་པ་དང་ལྡན་པར་རྟོགས་ ཀྱི་ཡན་ལག་ཐམས་ཅད་དང་མཚུངས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ཡང་ཕན་ཚུན་མེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པར་གྱུར་ན། དེའི་ཚེ་བ་མེན་དེ་ཉིད་དུ་སྟེ་བ་ལང་ཉིད་དུ་ཐལ་བར་འགྱུར་རོ། །ཁ་ཅིག་ཅེས་བྱ་བ་ནི་ རིགས་པ་ཅན་རྣམས་སོ། །དེ་དག་ནི་ཉེ་བར་འཇལ་བའི་མཚན་ཉིད་ཇི་སྐད་དུ། རབ་ཏུ་གྲུབ་པའི་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བ་ཞེས་ཟེར་ཏེ། གྲུབ་པའི་ཆོས་མཐུན་པའམ། གྲུབ་པས་ཆོས་མཐུན་པའི་གྲུབ་པ་གང་ལ་ཡོད་པའི་ཆོས་མཐུན་པ་ནི་བ་མེན་ ནོ། །དེའི་ཕྱིར་དེ་ལ་བརྟེན་ནས་བསྒྲུབ་བྱའི་མིང་དང་མིང་ཅན་འབྲེལ་པ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བ་ཡིན་ནོ། །དེ་བཞིན་དུ་ལུང་གིས་བསྒོས་པའི་འདུ་བྱེད་ཀྱི་དྲན་པ་ལ་ལྟོས་པའི་ཤེས་པས་བརྗོད་པ་དང་། འབྲེལ་པ་རྟོག་པ་ནི་ཉེ་བར་འཇལ་བའོ་ཞེའོ། །དོན་འདི་ཉིད་གཞན་གྱིས་གཞན་ དུ་འཆད་དེ། བ་མེན་ནི་བ་ལང་དང་འདྲའོ་ཞེས་བྱ་བའི་བསྒྲེ་བའི་ངག་ནི་ལུས་ཡིན་ལ་དེས་བསྒོས་པའི་འདུ་བྱེད་ཅེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་ཏེ། དེས་ན་འབྲོག་ཏུ་བ་མེན་མཐོང་བ་ལས། བསྒྲེ་བའི་ངག་ལས་དྲན་པ་གང་ཡིན་པ་ན་སྐྱེ་བ་ཡིན་ནོ། །དེ་ལ་ལྟོས་ནས་ཆོས་མཐུན་པའི་ཤེས་པ་ གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བརྗོད་པ་ནི་མིང་སྟེ་སྒྲ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ལྷན་ཅིག་པའི་དོན་འབྲེལ་པ་རྟོག་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའོ་ཞེས་བྱ་བ་དོན་མཚུངས་པ་ཉིད་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་ འཆད་དེ། དེ་ལ་སྟེ་བསྒྲེ་བའི་ངག་ཐོས་པའི་དུས་ན་མིང་དང་མིང་ཅན་འབྲེལ་པ་རྟོགས་པ་ལས་སྔར་སྐྱེས་པའི་ཕྱིར་ཕྱིས་སྐྱེ་བཞིན་པ་ན་བཟུང་ཟིན་པ་འཛིན་པའི་ཕྱིར་དྲན་པ་བཞིན་དུ་ཚད་མ་མ་ཡིན་ནོ། །འདི་སྙམ་དུ་བཟུང་ཟིན་པ་འཛིན་པ་ཡང་ཡིན་ལ་ཚད་མར་ཡང་འགྱུར་རོ་ཞེས་བྱ་བ་འདི་ལ་ འགལ་བ་ཅི་ཡོད་ཅེ་ན། བྱེད་པའི་དོན་དང་མི་ལྡན་ཕྱིར། །ཞེས་བྱ་བ་སྨོས་ཏེ། བྱེད་པའི་དོན་འདི་མ་གྲུབ་པའི་ལས་ལ་འཇུག་པས་སྒྲུབ་བྱེད་དམ་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་སྔར་མིང་དང་མིང་འབྲེལ་པ་རྟོགས་པས་མ་སྐྱེས་པ་ཉིད་ཡིན་ཏེ། དེ་བས་ན་བཟུང་ཟིན་པ་འཛིན་པའི་ ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན་ཅི་སྟེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དང་པོ་མིང་དང་འབྲེལ་པ་རྟོགས་པ་དེ་སྐྱེ་བར་མི་འགྱུར་བ་དེའི་ཚེ་གང་གིས་བ་མེན་འདིའི་མིང་སྔར་བདག་གིས་ཐོས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པའི་རྟོག་པ་སྐྱེ་བར་མི་འགྱུར་རོ། ། འདི་ཉིད་ལ་འཐད་པ་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །གནས་མ་བུ་པས་སྨྲས་པ། ལུང་ལས་སྤྱིར་རྟོགས་ལ་ཁྱད་པར་རྟོགས་པ་ནི་ཉེ་བར་འཇལ་བ་ལས་ཡིན་ནོ་ཞེས་བྱ་བ་གལ་ཏེ་ཉེ་བར་འཇལ་བ་མཁོ་བ་ཞེས་བྱ་བས་འདིའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ནོ། །ཉེ་བར་འཇལ་བ་སྟེ་ བསྒྲེ་བའི་ངག་ཉེ་བར་མཁོ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་འདི་ཉིད་ཚིགས་སུ་བཅད་པ་གཉིས་པས་སྟོན་པ་ནི་དེ་ཡིས་ཞེས་བྱ་བ་སྟེ། ཁྱད་པར་ཡུལ་ཅན་ནི་བ་མེན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མི་རིགས་ཞེས་བྱ་བ་མི་རིགས་འདི་ནི་ རིགས་ཞེས་བྱ་བ་འདི་དང་འབྲེལ་ལོ། །འདིར་མིང་དང་འབྲེལ་པ་རྟོགས་པ་ན་དེའི་སྟེ་མིང་གི་དོན་གཞན་རྟོགས་པར་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བ་དེ་ཉིད་བཤད་པའི་ཕྱིར། ལག་རྒྱན་ཞེས་བྱ་བ་སྨོས་ཏེ། ལག་རྒྱན་ནི་གདུ་བུ་ཞེས་བྱ་བའི་ རྒྱན་ཏེ། དེ་མཚར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལག་རྒྱན་མཚར་པོ་ཅན་གང་ཡིན་པ་དེ་ནི་ལྷ་སྦྱིན་ཞེས་བསྟན་ལ། ཁ་ཅིག་དུས་གཞན་དུ་དཔུང་རྒྱན་མཚར་པོ་ཅན་གྱི་སྒྲ་དེ་ལ་མཛེས་པའི་ཅོད་པན་ཅན་གྱི་མཆོག་སྦྱིན་རྟོགས་པ་ནི་མ་ཡིན་ནོ། །ཅོད་པན་ནི་དབུ་རྒྱན་ནོ། །དེ་ནི་མཛེས་ པ་ཡང་ཡིན་ལ་ཅོད་པན་ཡང་ཡིན་པས་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་ཧ་ཅང་ཐལ་བར་འགྱུར་དུ་འོང་བས། རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་གང་ལ་ཕྱི་རོལ་གྱི་དོན་དུ་ཞེན་པའི་བློས་མིང་དེ་ཐ་དད་བཟུང་ཟིན་པ་ཡིན་ནོ། །བ་མིན་དམིགས་པ་ན་ཡང་དེ་ཉིད་ལ་མིང་དེ་ རྟོགས་པ་ཡིན་གྱི། ཕྱི་རོལ་རང་གི་མཚན་ཉིད་ཀྱི་བ་མེན་དུ་བརྗོད་པ་ལ་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་གཟུགས་བརྙན་དེ་ཉིད་སྤྱི་ཞེས་ཐ་སྙད་དུ་བྱེད་ཀྱི་གཞན་གྱི་ཀུན་དུ་བརྟགས་པ་ནི་མ་ཡིན་ཏེ། དེ་ནི་བསལ་ཟིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཕྱི་རོལ་རང་གི་མཚན་ཉིད་དུ་རློམ་ཞེ་ན། སྣང་རྟག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་རང་གི་མཚན་ཉིད་ལ་སྒྲ་ལ་སོགས་པ་འཇུག་པ་ལ་འགལ་བ་ཅི་ཡོད་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྒྲའི་དོན་རྟག་པར་རྒྱས་པར་སྒྲ་དང་རྣམ་པར་རྟོག་པ་རྣམས་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་པ་ བསལ་ཟིན་ཏེ། དེ་ལྟ་བས་ན་རྟོག་པས་སྒྲོ་བཏགས་པ་ཉིད་སྒྲའི་དོན་ཡིན་ནོ། །ཡང་ན་སྒྲ་དང་རྟོག་པ་དེ་དག་གི་སྤྱོད་ཡུལ་རང་གི་མཚན་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་ཉེ་བར་འཇལ་བ་ཚད་མ་གཞན་མ་ཡིན་ནོ། །ཇི་ལྟར་ཚུལ་གསུམ་ པའི་རྟགས་ཀྱིས་བསྐྱེད་པ་མེད་པར་འདི་རྗེས་སུ་དཔག་པའི་ཁོངས་སུ་འདུ་ཞེས་དོགས་པ་བསུ་ནས། ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པ་ཉིད་བསྟན་པའི་ཕྱིར་ཏེ། འདིའི་ཚུལ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་དང་འདྲ་བ་ནི་གཏན་ཚིགས་སོ། །བ་མེན་སྒྲའི་སྤྱོད་ཡུལ་ཅན་ ནི་བསྒྲུབ་བྱའི་ཆོས་སོ། །བརྡ་འཛིན་པའི་དུས་ན་རྣམ་པར་རྟོག་པའི་བློ་ལ་སྣང་བའི་བློ་ལ་གནས་པའི་བ་མེན་ནི་དཔེའོ། །སྣང་བཞིན་པའི་བ་མེན་ནི་ཆོས་ཅན་ནོ། །འདི་སྙམ་དུ་བ་མེན་ནི་བ་ལང་འདྲའོ་ཞེས་བྱ་བའི་བརྡ་དུས་དེར་བ་མེན་བློ་ལ་མི་གནས་པ་ཡིན་ཏེ། དེ་ལྟ་ཡིན་དང་དཔེ་མ་གྲུབ་ པ་མ་ཡིན་ནོ་སྙམ་དུ་སེམས་ན། བློ་ལ་གནས་པའང་ཞེས་བྱ་བ་ལ། འང་གི་སྒྲའི་དོན་ནི་མིག་གི་སྤྱོད་ཡུལ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །གལ་ཏེ་བློ་ལ་བ་ལང་གི་འདྲ་བ་ཉིད་རྗེས་སུ་འཇུག་པ་ཅུང་ཟད་ཀྱང་མི་སྣང་བར་འགྱུར་བ་དེའི་ཚེ་འདི་ལ་བ་ལང་དང་ འདྲའོ་ཞེས་བྱ་བའི་བརྡ་ཅི་ལ་བརྟེན་ནས་བྱེད་བརྡ་ཡང་བྱེད་དེ་དེའི་ཕྱིར་བློ་ལ་གནས་པའི་བ་ལང་དང་འདྲ་བའི་རྗེས་སུ་འཇུག་པའི་རྣམ་པ་འགའ་ཞིག་བརྡའི་དུས་ན་སྣང་ངོ་ཞེས་ཁས་བླང་བར་བྱ་དགོས་སོ། །དེ་ལྟར་རེ་ཞིག་ཉེ་བར་འཇལ་བའི་གཞལ་བྱ་སྒྲ་དང་དོན་གྱི་འབྲེལ་པ་མ་ཡིན་པར་ཁས་བླངས་ ནས་བཟུང་ཟིན་པ་འཛིན་པ་དང་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་འདི་ཚད་མ་མ་ཡིན་ནོ་ཞེས་བསྒྲུབས་ནས། ད་ནི་འབྲེལ་པ་ཅན་ལས་མ་གཏོགས་པའི་འབྲེལ་པ་གཞན་ཡོད་པ་མ་ཡིན་ལ། འབྲེལ་པ་ཅན་དེ་དག་ཀྱང་ཚད་མ་གཞན་གྱིས་བཟུང་ཟིན་ཏེ། འདི་ལྟར་བརྡའི་དུས་ན་ སྒྲ་སྣང་བའི་ཤེས་པས་བཟུང་ལ། ཕྱིས་མདུན་ན་གནས་པའི་བ་མེན་མིང་གིས་བཟུང་སྟེ། གང་གིས་ཉེ་བར་འཇལ་བ་ཚད་མ་ཉིད་དུ་འགྱུར་ལ། དེ་དག་ལས་གཞན་པའི་གཞལ་བྱ་ཅི་ཞིག་ཡོད། འདི་བསྟན་པའི་ཕྱིར་འབྲེལ་པ་ཅན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་བཟུང་ ཟིན་པ་འཛིན་པའི་ཕྱིར་ཡང་ཚད་མ་མ་ཡིན་པ་ཉིད་དུ་བཤད་དོ། །བསྒྲུབ་ཟིན་ཏོ་ཞེས་བྱ་བ་ནི་ལས་ཀྱི་ཚིག་གི་དོན་བརྟགས་པའོ། །གལ་ཏེ་ཡང་འདི་སྙམ་དུ་རྣ་བ་ལ་སོགས་པའི་ཤེས་པས་སོ་སོ་སོ་སོར་འགྲེལ་པ་ཅན་བཟུང་ལ་དེ་དག་སྦྱོར་བ་ནི་ཉེ་བར་འཇལ་བས་བྱེད་དེ། དེ་ལྟ་བས་ན་ཉེ་བར་ སྦྱོར་བ་ནི་སྦྱོར་བས་ཚད་མར་འགྱུར་རོ་སྙམ་དུ་སེམས་ན། ལོགས་ཤིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དྲི་ཞིམ་མངར་བ་ལ་སོགས་བཞིན། །ཞེས་བྱ་བ་ནི་འདུན་པའི་དོན་ལ་འབྲལ་བ་ཡིན་ནོ། །ཇི་ལྟར་དངོས་པོ་ཉམས་སུ་མྱོང་བཞིན་པ་གང་ཡིན་པ་དེ་ནི་མངར་བ་ཡིན་ལ་འདི་ནི་དྲི་ཞིམ་པ་ཡིན་ ནོ་ཞེས་བྱ་བ་ལ་སོགས་པའི་ཡུལ་བཟུང་ཟིན་པ་སྦྱོར་བའི་བདག་ཉིད་ཀྱི་ཤེས་པ་ནི་ཚད་མ་མ་ཡིན་པ་དེ་བཞིན་དུ། འདི་ཡང་འགྱུར་བའི་ས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནི་དེ་ལྟ་བས་ན་མིང་དང་སྦྱོར་བ་རིགས་པ་ནི་མིང་དང་སྦྱོར་བ་འབྲེལ་པའི་ཤེས་པ་སྟེ། ཇི་སྐད་དུ་བཤད་པའི་ཚུལ་ གྱིས་དྲན་པ་ལས་འདས་པ་མ་ཡིན་ནོ། །འདི་སྙམ་དུ་འབྲེལ་པ་ནི་གང་དུ་ཡང་ཆོས་མཐུན་པའི་སྒོ་ནས་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་སུ་མིང་ཅན་བསྟན་ནས་འདི་ནི་བ་ལང་ངོ་ཞེས་དེ་ལྟར་བྱེད་པར་མཐོང་གི་ཡུལ་ལྐོག་ཏུ་གྱུར་པ་ལ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། མཐའ་ཡས་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། ཀུན་བཤད་དང་ལྡན་རིགས་པ་ནི། །ཞེས་བྱ་བ་ནི་མིང་དང་འབྲེལ་པའི་ཤེས་པའོ། །མི་ཡི་བདག་པོ་སོགས་ལ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་ལའོ། །ཐབས་མཐའ་ཡས་པ་བསྐྱེད་པ་དེ་ཉིད་བསྟན་པའི་དོན་དུ་དཔེ་བརྗོད་པ་བཤད་པ་ནི། དེ་དག་ནང་ནས་ཞེས་བྱ་བ་ལ་ སོགས་པ་སྟེ། འདི་ལྟར་ཁ་ཅིག་གིས་འགའ་ཞིག་ལ་ནུ་བོ་བྱ་བ་འདི་སོང་ཤིག །རྟ་དང་གླང་པོ་ལ་ཞོན་པའི་སྐྱེས་བུ་མང་པོ་དང་ལྷན་ཅིག་འགྲོ་བའི་མིའི་བདག་པོ་ལ་ལྟོས་ཤིག་ཅེས་སྨྲས་པ་དང་། དེས་དེ་ལ་དེ་དག་གི་ནང་ནས་མིའི་བདག་པོ་གང་ཡིན་ཞེས་སྨྲས་སོ། །དེས་གདུགས་དཀར་ པོས་ཉི་མའི་འོད་ཟེར་སྐྱོབ་པ་གང་ཡིན་པ་དེ་ནི་དེ་དག་གི་ནང་ནས་མིའི་བདག་པོ་ཡིན་ནོ་ཞེས་སྨྲས་སོ། །དེས་གདམས་པ་དེ་བཟུང་ནས་སོང་སྟེ་མཐོང་ནས། ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་རྒྱལ་པོ་དེ་ལ། འདིའི་མིང་ནི་མིའི་བདག་པོ་ཡིན་ནོ་ཞེས་བློ་སྐྱེ་བ་གང་ཡིན་ པ་དེ་ཡང་ཁྱེད་ཀྱི་ལུགས་ཀྱིས་ཚད་མ་གཞན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོས་མཐུན་པ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་ཏེ། འདི་ནི་ཚད་མ་བཞི་ནི་ཁོངས་སུ་མ་འདུས་པར་བསྟན་པ་ཡིན་ནོ། །གནས་མ་བུ་པས་རང་གི་སྤྱིའི་མཚན་ཉིད་དག་ལས་གཞན་པའི་གཞལ་བྱ་མེད་པའི་ཕྱིར་ ཚད་མ་གཉིས་པོ་ཁོ་ནའོ་ཞེས་བྱ་བ་འདི་གཞིག་པའི་ཕྱིར། ཚད་མ་བྱེད་པ་ནི་མངོན་སུམ་ནི་རྗེས་སུ་དཔག་པ་ལས་མ་གཏོགས་པ་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུམ་ལས་མ་གཏོགས་ པར་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་མངོན་སུམ་བཞིན་ནོ། །དེ་བཞིན་དུ་རང་གི་མཚན་ཉིད་ནི་སྤྱིའི་མཚན་ཉིད་ལས་མ་གཏོགས་པའི་གཞལ་བྱ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་སྤྱིའི་མཚན་ཉིད་བཞིན་ནོ། །སྤྱིའི་ མཚན་ཉིད་ཀྱང་རང་གི་མཚན་ཉིད་ལས་མ་གཏོགས་པའི་གཞལ་བྱ་གཞན་གཉིས་པོ་དང་བཅས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རང་གི་མཚན་ཉིད་བཞིན་ནོ། །དེས་སྟོན་པ་ནི་གཞན་དག་རྗེས་སུ་དཔག་པ་ལས་ཞེས་བྱ་བ་སྟེ། ལྡན་པ་ནི་འབྲེལ་པ་སྟེ་གཉིས་ པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཉེ་བར་མཚོན་པ་སྟེ། གཞལ་བྱ་གཞན་སྒྲུབ་པར་བྱེད་པ་ལ་ཡང་རིག་པར་བྱའོ། །གཏན་ཚིགས་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ལ་གནོད་པ་བྱེད་པ་ལ་བསྟན་པའི་ཕྱིར། བསྒྲུབ་བྱ་དང་སྒྲུབ་བྱེད་དག་གིས་འགྲེལ་པ་མ་བསྟན་པས་ མ་ངེས་པ་ཡིན་ཏེ། གཏན་ཚིགས་ཐམས་ཅད་མི་མཐུན་པའི་ཕྱོགས་ལ་ལྟོས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་སྒྲ་ལས་བྱུང་བ་སྟེ། ཚད་མ་བཞིན་ཡིན་ནོ་ཞེས་བྱ་བའི་གྲངས་ངེས་པར་གསལ་བ་ཡིན་ཏེ། རྣམ་པ་འདིས་ཚད་མ་ གཞན་སྲིད་པའི་ཕྱིར་རོ། །འདི་ལྟར་ཇི་སྐད་དུ་བརྗོད་པར་ནུས་ཏེ། མངོན་སུམ་ནི་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་། སྒྲ་ལས་བྱུང་བ་བརྗོད་པ་ལས་མ་གཏོགས་པ་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ། །གང་ཡང་སྤྱི་དང་ ཁྱད་པར་དང་། །སྤྱི་དང་ཁྱད་པར་དང་ལྡན་པ། །ཞེས་བྱ་བ་གཞལ་བྱ་རྣམ་པ་གསུམ་འདོད་པ་དེ་ལ་ཡང་བསལ་བ་ཡིན་ཏེ། རྣམ་པ་འདི་གཉིས་ཀྱིས་གཞལ་བྱ་གཞན་སྒྲུབ་པར་བྱེད་པ་སྲིད་པའི་ཕྱིར་རོ། །འདི་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ནི་ཁོ་བོ་ཅག་གིར་ཡང་འགྱུར་བས་སྤྲོས་པས་ཆོག་གོ། ། ཉེ་བར་འཇལ་བ་རྣམ་པར་འབྱེད་པའོ། །དོན་གྱིས་གོ་བའི་དབང་དུ་བྱས་ནས། གོང་དུ་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་དུས་ལ་སོགས་པ་གང་དུ་མངོན་སུམ་དང་། རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་། སྒྲ་ལས་བྱུང་བ་དང་། དོན་གྱིས་གོ་བ་དང་། དངོས་པོ་མེད་ པའི་མཚན་ཉིད་ཀྱི་ཚད་མ་དྲུག་པོ་རྣམས་ཀྱིས་ཡོངས་སུ་བཅད་པའི་དོན་གཞན་དུ་མི་འཐད་པ་ཡིན་ཏེ། གལ་ཏེ་དེ་ལྟ་བུར་གྱུར་པ་ཡང་དེ་ལྟ་བུ་ཡིན་པས་ལྐོག་ཏུ་གྱུར་པའི་ཡུལ་རྟོགས་པ་གང་ཡིན་པ་དེ་ནི་དོན་གྱིས་གོ་བའི་ཚད་མ་ཡིན་ནོ། །བརྗོད་ཅེས་བྱ་བ་ནི་རི་ཁྲོད་རྗེས་ཏེ། ཇི་སྐད་དུ་མཐོང་བའམ་ ཐོས་པའི་དོན་གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བ་རྟོག་པ་སྟེ། འདི་ལྟ་སྟེ་དཔེར་ན་ལྷ་སྦྱིན་མ་ཤི་ལ་ཁྱིམ་དུ་མ་མཐོང་བས་ཕྱི་རོལ་ན་ཡོད་པར་རྟོག་པ་ལྟ་བུའོ་ཞེས་བཤད་པ་ལྟ་བུའོ། །མཐོང་བ་ནི་སྒྲ་ལས་བྱུང་བ་ལས་མ་གཏོགས་པའི་ཚད་མ་ལྔས་རྟོགས་པའོ། །ཐོས་པ་ནི་སྒྲ་ལས་བྱུང་ བའི་ཚད་མས་རྟོགས་པའོ། །དེ་ལ་ཚད་མ་དྲུག་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་གོ་རིམས་བཞིན་དུ་དཔེར་བརྗོད་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ནི་དཔེར་ན་མངོན་སུམ་གྱི་སྲེག་པར་ཉམས་སུ་མྱོང་བའི་མེའི་སྲེག་པའི་ ནུས་པ་རྟོགས་པ་ལྟ་བུའོ། །རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ནི་དཔེར་ན་ཡུལ་གཞན་དུ་ཕྱིན་པས་རྗེས་སུ་དཔག་པའི་འགྲོ་བ་ལས་ཉི་མ་འགྲོ་བའི་ནུས་པ་དང་ལྡན་པར་རྟོགས་པ་ལྟ་བུའོ། །ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་ནུས་པ་རྣམས་ཀྱང་འབྲས་བུ་ལས་དོན་གྱིས་གོ་བས་སྒྲུབ་པར་བྱེད་ པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཡང་དོན་གྱིས་གོ་བ་ཡིན་ཏེ། རེས་འགའ་ཡང་གང་གི་ཚེ་མངོན་སུམ་གྱི་འབྲས་བུ་དམིགས་ནས་རྒྱུའི་ནུས་པ་རྟོགས་ན་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ལ། གང་གི་ཚེ་རྗེས་སུ་དཔག་པ་ལ་སོགས་པ་ལས་འབྲས་བུ་རྟོགས་ནས་རྒྱུའི་ནུས་པ་རྟོགས་པ་དེའི་ཚེ་ རྗེས་སུ་དཔག་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱི་འབྲས་བུ་དོན་གྱིས་གོ་བར་འགྱུར་རོ། །འབྲས་བུའི་གཞན་དུ་མི་འཐད་པ་དེ་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུའི་ནུས་པ་དང་པོ་ཉིད་དུ་བཟུང་ཟིན་ཏོ་ཞེས་ནི་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་ནུས་པ་དེ་དག་ཐམས་ཅད་ཐམས་ ཅད་དུ་སྔ་ན་མེད་པ་རྟོགས་ཏེ་དེས་ན་རྟོགས་ཟིན་པའི་དོན་རྟོགས་པ་ཉིད་མེད་པའི་ཕྱིར་ཚད་མར་འགྱུར་བ་ཉིད་ཡིན་ནོ། །དེ་ལ་འདི་སྙམ་དུ་ནུས་པ་རྣམས་ནི་འབྲས་བུའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཡིན་གྱི་དོན་གྱིས་གོ་བའི་ཚད་མའི་གོ་བར་བྱ་བ་ནི་མ་ཡིན་ནོ་སྙམ་ན། འབྲེལ་པ་གཟུང་ བ་མེད་པར་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འབྲེལ་པ་གཟུང་བ་མེད་པར་གོ་བར་བྱེད་པ་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ། །འབྲེལ་བ་འཛིན་པ་མེད་པ་དེ་ཉིད་བསྟན་པའི་ཕྱིར། གང་གིས་འདི་ལ་ཞེས་བྱ་བ་སྨོས་ཏེ། ནུས་པ་འདི་དག་གི་འབྲས་བུ་དང་ལྷན་ཅིག་འབྲེལ་པ་ རྗེས་སུ་དཔག་པའི་དུས་ལས་སྔར་ཚ་བ་ལ་སོགས་པར་མེ་དང་དུ་བ་བཞིན་དུ་བཟུང་བ་ཡང་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །འདིས་ནི་རྗེས་སུ་འགྲོ་བ་མེད་པ་བརྗོད་དོ། །དེ་ལྟར་རྗེས་སུ་དཔག་པའི་དུས་སུ་འབྲེལ་པ་འཛིན་པ་ཡང་མ་ཡིན་ཏེ། དབང་པོ་ ལས་འདས་པ་ཉིད་ཀྱི་ཕྱིར་ཏེ། འདིས་ནི་ཕྱོགས་ཀྱི་ཆོས་མེད་པར་བཤད་དོ། །རྒྱུ་ལ་བརྟེན་པའི་ནུས་པ་རྣམས་ནི་འབྲས་བུའི་ཆོས་སུ་རིགས་པ་མ་ཡིན་ནོ། །གཞན་ཡང་གང་གི་ཚེ་སྣང་བ་ལ་སོགས་པར་རྟོགས་པའི་ནུས་པ་ཕྱོགས་སུ་བྱེད་པ་དེའི་ཚེ་རྣ་བ་ལ་སོགས་པའི་ཕྱོགས་སུ་བྱས་ པ་ལ་ནུས་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཇི་སྙེད་སྦྱར་བའི་གཏན་ཚིགས་དེ་ཐམས་ཅད་གཞི་མ་གྲུབ་པར་འགྱུར་ཏེ། རྟེན་དུ་གྱུར་པའི་ནུས་པ་རྣམས་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུའི་དོན་གྱིས་གོ་བས་གྲུབ་པར་བྱེད་པ་ཡིན་གྱིས་ནུས་པ་ཐམས་ཅད་རྗེས་སུ་དཔག་པར་བྱེད་པ་ ནི་མ་ཡིན་ནོ། །དེ་ལ་སྒྲ་ལས་བྱུང་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ནི་དཔེར་ན་བཅུད་ཀྱིས་ལེན་མ་འགྲུབ་པའི་ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚིག་ཐོས་པ་ལས་ཤུགས་ཀྱིས་མཚན་མོ་ཟའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་རྟོག་པ་ལྟ་བུའོ། ། འདི་སྙམ་དུ་ཚོན་པོ་ཉིན་པར་ཟན་མི་ཟ་ཞེས་བྱ་བའི་ངག་འདི་ཉིད་ཀྱི་དོན་མཚན་མོ་ཟའོ་ཞེས་བྱ་བ་འདི་ཡིན་པར་རྟོགས་སོ་ཞེས་འདོད་ན། དེའི་ཕྱིར་ཉིན་མོའི་ངག་ལ་ཞེས་བྱ་བ་སྨོས་ཏེ། ངག་གི་དོན་འདི་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟ་སྟེ་འདྲེས་པ་དང་ཐ་དད་པའོ། །དེ་ལ་འདྲེས་པ་ནི་ ཚིག་རྣམས་ཕན་ཚུན་འོ་མ་དང་ཆུ་བཞིན་དུ་དབྱེར་མེད་པའོ། །ཐ་དད་པ་ནི་བཅད་པར་བྱ་བ་དང་གཅོད་པར་བྱེད་པའི་ངོ་བོས་གནས་པའོ། །ཡང་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་འབྲེལ་པ་ངེས་པ་ནི་འདྲེས་པའོ། །ཐ་དད་པ་ནི་རིགས་མི་མཐུན་པ་ལས་ལྡོག་པའོ། །ངག་གི་དོན་རྣམ་པ་འདི་ གཉི་ག་ཡང་སྲིད་པ་མ་ཡིན་ཏེ། འདི་ལྟར་ཉིན་མོ་ལ་སོགས་པའི་ཚིག་གི་དོན་གང་དག་ཡིན་པ་ནི་ཉིན་མོ་ལ་སོགས་པ་སྟེ། མཚན་མོ་ཟ་བའི་དོན་དང་དེ་དག་གིས་མཛེས་པའི་ངོ་བོ་ཡོད་པ་མ་ཡིན་ཏེ། ཤིན་ཏུ་མི་འདྲ་བའི་ཕྱིར་རོ། །ཐ་དད་པ་ནི་ངོ་བོ་ཡང་མ་ཡིན་ཏེ། ཉིན་མོ་ལ་སོགས་པའི་ཚིག་ རྣམས་ནི་མཚན་མོ་ལ་སོགས་པ་རྣམ་པར་བཅད་ནས་འཇུག་པའི་ཕྱིར་རོ། །ཅི་སྟེ་མཚན་མོ་ཟན་ཟའོ་ཞེས་བྱ་བ་འདི་ཉིན་མོ་ལ་སོགས་པའི་ངག་གི་དོན་གཞན་གཉིས་པ་ཡིན་ནོ་ཞེས་བྱ་བར་འདོད་ན། ཉིན་མོ་ལ་སོགས་པས་ཟ་བ་བཀག་པ་ཉིད་ན་ཉེ་བར་ཟད་པའི་ཕྱིར་གཞན་མཚན་མོ་ཟ་བ་དེ་ཉིད་ བསྟན་པར་བྱ་བར་མི་ནུས་པའི་ཕྱིར་དོན་གཉིས་པ་རྟོག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མཚན་མོ་ཟའོ་ཞེས་བྱ་བ་འདི་ནི་ངག་གཞན་གྱི་དོན་ཡིན་ནོ། །བློ་ལས་གནས་པ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ཉིད་མ་ཡིན་པར་སྟོན་པ་ཡིན་ནོ། །ལུང་ཅན་ཉིད་མིན་ཡང་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ཉིད་མ་ཡིན་ ཡང་སྟེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྒྲ་ལས་བྱུང་བ་ཉིད་མེད་པར་བསྒྲུབས་ཟིན་པའི་ཕྱིར་རོ། །གང་ཞིག་མངོན་སུམ་ལ་སོགས་པ་གང་ཡང་རུང་བ་ཚད་མར་འགྱུར་བའི་མཚན་མོ་ཟ་བ་ཞེས་བྱ་བའི་ངག་གང་ཡིན་པ་དེའི་རྟོགས་པར་བྱེད་པའི་ངག་དེ་འཛིན་པར་བྱེད་པའི་ཚད་མ་བརྗོད་པར་ བྱའོ། །འགྱུར་བ་ཡང་མ་ཡིན་པ་དེ་ལྟ་བས་ན་འདི་ཚད་མ་གཞན་ཉིད་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །འདི་མངོན་སུམ་ལ་སོགས་པ་གང་ཡང་རུང་བ་ཉིད་ཡིན་པ་དེ་ཉིད་སེལ་བར་བྱེད་པ་ནི། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མཚན་མོ་ཟ་བའི་ངག་མ་བརྗོད་པ་ནི་མངོན་ སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། མ་ཐོས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་གང་གིས་འབྲེལ་པར་འགྱུར་བ་མཚན་མོ་ཟ་བའི་ཚིག་འདི་ཉིད་ཉིན་མོའི་ཚིག་དེ་དང་འགར་ཡང་ལྷན་ཅིག་མ་མཐོང་ལ། རྟགས་གཞན་ཡང་ཡོད་པ་མ་ ཡིན་ནོ། །ཅི་སྟེ་འབྲེལ་པ་མ་དམིགས་ན་ཡང་འདི་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། གལ་ཏེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འབྲེལ་པ་མ་གྲུབ་པར་རྟགས་ཉིད་དུ་འགྱུར་ན་དེའི་ཚེ་ཉིན་མོའི་ཚིག་བརྗོད་པ་ལས་ངག་ཐམས་ཅད་རྟོགས་པར་འགྱུར་གྱི། མཚན་མོ་ཟ་བའི་ངག་ཁོ་ན་ནི་མ་ཡིན་ནོ། ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འབྲེལ་པ་དང་བྲལ་བ་ཉིད་ཡིན་ན་ངག་གཞན་ལས་མཚན་མོ་ཟ་བའི་ངག་ཁྱད་པར་མེད་དེ་འབྲེལ་པ་མེད་པའི་ཕྱིར་ཏེ། ངག་ཐམས་ཅད་ཁྱད་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་འཇལ་བ་སྔོན་དུ་འགྲོ་བ་ཅན་བཤད་པ་ནི། བ་མེན་དང་འདྲ་ཞེས་བྱ་བ་ལ་ སོགས་པ་སྟེ། བ་མེན་དང་འདྲ་བའི་བ་ལང་གི་གོང་བུ་ཉེ་བར་འཇལ་བའི་ཤེས་པས་མ་བཟུང་བར་བྱ་བའི་ནུས་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའི་སྟོབས་ཀྱིས་བྱུང་བ་གང་ཡིན་པ་དེས་དོན་གྱིས་གོ་བར་འཇལ་བར་བྱེད་དོ། །དོན་གྱིས་གོ་བ་སྔོན་དུ་འགྲོ་བ་ཅན་བཤད་པ་ནི་ བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པ་ནི་རྗོད་པར་བྱེད་པ་སྟེ། དོན་སྟོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲའི་དེ་བཞིན་དུ་སྟེ་རྗོད་པར་བྱེད་པའི་ནུས་པ་མེད་པར་མི་འགྲུབ་པའི་ཕྱིར་དེ་ལྟར་རྗོད་པར་བྱེད་པའི་ནུས་པ་རྟོགས་པ་ན་སྟེ་ཤེས་ན་དེ་ནི་གོ་སྐབས་གཞན་མེད་ཕྱིར་ཏེ། རྗོད་པར་བྱེད་པའི་ནུས་པ་དེ་སྒྲ་རྟག་པ་མེད་པར་གོ་སྐབས་གཞན་མེད་པའི་ཕྱིར་ཡང་དོན་གྱིས་གོ་བ་གཞན་གྱི་སྒྲ་མི་རྟག་པར་ངེས་སོ། །ཡང་ཇི་ལྟར་མི་རྟག་པ་མེད་པར་བརྗོད་པར་མི་འགྲུབ་ཅེ་ན། མི་རྟག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གལ་ཏེ་བརྡའི་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་ སུ་རྗེས་སུ་འཇུག་པར་མི་འགྱུར་བ་དེའི་ཚེ་བརྡ་བྱེད་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ནི་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །ཕྱིས་ཐ་སྙད་ཀྱི་དུས་སུ་འཇུག་པའི་སྒྲ་ནི་དེ་དང་ལྷན་ཅིག་སྔར་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན། དེ་ནི་གཞན་དུ་མ་རྟོགས་ཕྱིར། །ཞེས་བྱ་བ་སྟེ་ཐ་སྙད་ཀྱི་ དུས་སུ་འབྱུང་བའི་སྒྲ་དེ་བརྡའི་དུས་སུ་མཐོང་བའི་སྒྲ་ལས་གཞན་དུ་མ་རྟོགས་ཏེ་ཐ་མི་དད་པར་ངེས་པའི་ཕྱིར་རོ། །ཇི་ལྟར་ཐ་མི་དད་པར་ངེས་ཤེ་ན། མི་རྟག་ཅེས་བྱ་བ་སྨོས་སོ། །དངོས་པོ་མེད་པ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བ་ནི་ཚད་མ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ལ་ སོགས་པའི་ཚད་མ་མེད་པར་དེ་ལྡོག་པས་ངེས་པ་སྟེ། གཏན་ལ་ཕབ་པའི་ནག་པ་མེད་པ་གང་ཡིན་པ་དེས་ཁྱད་པར་དུ་བྱས་པའི་ཁྱིམ་ཡོད་པའི་ཕྱིར་ཁྱིམ་འདི་ན་ནག་པ་མེད་པས་དེས་ན་ནག་པ་མ་ཤི་བ་ནི་ཕྱི་རོལ་ན་ཡོད་པར་གྲུབ་པ་སྟེ། ཕྱི་རོལ་ན་ནག་པ་ཡོད་པ་ཞེས་བྱ་བ་གང་ཡིན་པ་དེ་ལྟ་བུའི་ ངེས་པ་བཤད་པ་འདིར་རི་ཁྲོད་རྗེས་བརྗོད་དེ། དེ་ལས་གཞན་པའི་དོན་གྱིས་གོ་བ་རྣམས་མཚོན་པའི་དོན་དུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ལྷ་སྦྱིན་གསོན་ལ་ཁྱིམ་ན་མ་མཐོང་བས་ཕྱི་རོལ་ན་ཡོད་པར་རྟོག་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དངོས་པོ་མེད་པ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བའི་ དཔེར་བརྗོད་པའོ། །རྟོག་གེ་པ་ཕལ་ཆེར་འདི་རྗེས་སུ་དཔག་པ་ཉིད་དུ་འདོད་པའི་ཕྱིར་དེ་བསལ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་ལ་སོགས་པ་འདི་ལྟོས་པ་མ་ཡིན་ཏེ། རྒྱུ་མ་ཡིན་པ་དེས་ན་འདི་རྗེས་སུ་དཔག་པ་ལས་ཐ་དད་པ་ཡིན་ཏེ། མངོན་སུམ་བཞིན་ ནོ། །འདི་ལྟར་ཕྱིའི་ཡུལ་གྱི་ཁྱད་པར་དུ་བྱས་པའི་དོན་ནག་པ་ལ་སོགས་པའམ། ནག་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཕྱི་རོལ་གྱི་ཡུལ་ཕྱོགས་ཡིན་པར་འགྱུར། གཞལ་བྱ་རྣམ་པ་དེ་གཉིས་ཡིན་པ་ན་ཁྱིམ་ན་ནག་པ་ལ་སོགས་པའི་དོན་མེད་པ་གང་ཡིན་པ་དེ་ཇི་ལྟར་གཞི་ཐ་དད་པ་ ཡིན་ན་ཕྱོགས་ཆོས་སུ་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ་ཞེས་དགོངས་པའོ། །གཞན་ཡང་ཁྱིམ་ན་མེད་པ་ཕྱོགས་ཀྱི་ཆོས་ཉིད་དུ་རྟོགས་པ་ན་རེས་འགའ་ལྷ་སྦྱིན་གསོན་པོ་ཁྱིམ་ན་མེད་པ་གང་ཡིན་པ་དེ་རྗོད་པར་བྱེད་དམ་སྤྱིར་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །དེ་ཡང་ཕྱོགས་དང་པོ་ལ་སྐྱོན་བཤད་པ་ ནི་གསོན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རིག་ཅེས་བྱ་བ་ལ་ནི་ལྷ་སྦྱིན་གསོན་པོ་དེ་རིག་པ་ངེས་པ་དེ་ནི་ལྷ་སྦྱིན་ཕྱི་རོལ་ན་ཡོད་པ་མ་རྟོགས་པར་འབྱུང་བ་མ་ཡིན་ནོ། །འདི་ནི་གཏན་ཚིགས་མ་གྲུབ་པ་ཉིད་དམ། གྲུབ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཉིད་དུ་བཤད་དོ། །ཕྱོགས་གཉིས་པ་ལ་གཏན་ ཚིགས་མ་ངེས་པ་ཉིད་ཡིན་ཏེ། ལྷ་སྦྱིན་ལ་སོགས་པ་མ་ཤི་བ་རྣམས་ལ་ཡང་དེ་དག་ཁྱིམ་ན་མེད་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་བསྟན་པའི་ཕྱིར་ཡོད་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་ཉིད་ཅེས་བྱ་བ་ནི་མ་ཤི་བའོ། །དེ་ལྟར་དོན་གྱིས་གོ་བ་རྣམ་པ་དྲུག་ལས་བཞིས་ནི་ གཞལ་བྱ་ངེས་པར་ནུས་པ་ཡིན་ལ། གཅིག་ནི་སྒྲ་མི་རྟག་པ་ཡིན་ཞིང་གཞན་གྱིས་ནི་ཕྱི་རོལ་ན་གནས་པའི་རྫས་སོ། །དེ་ལ་ཞེས་པ་ལ་སོགས་པས་སུན་འབྱིན་པ་འཆད་དེ། འདི་རེ་ཞིག་མཚན་ཉིད་རིགས་པ་མ་ཡིན་ཏེ། འདི་ལྟར་མ་མཐོང་བ་དེ་མེད་པར་མཐོང་བ་དང་ཐོས་པ་ལ་སོགས་པའི་དོན་ གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བ་རྟོག་པ་ཡིན་ནོ། །དེ་ལ་འདི་དཔྱད་པར་བྱ་སྟེ། ཅི་མ་མཐོང་བ་དེ་དང་ལྷན་ཅིག་མཐོང་བ་དང་ཐོས་པའི་དོན་འབྲེལ་པར་མཐོང་ངམ། འོན་ཏེ་མ་ཡིན། གལ་ཏེ་མཐོང་ན་རྗེས་སུ་དཔག་པ་ཐལ་བར་འགྱུར་ཏེ། འབྲེལ་པ་མཐོང་བའི་ཐབས་ཅན་ཡིན་པའི་ཕྱིར་ རོ། །ཅི་སྟེ་མ་གྲུབ་ན་འོ་ན་དེ་ལྟ་ན་མེས་སྲེག་པར་བྱེད་པ་བཞིན་དུ་སྲེག་པར་བྱེད་པ་མ་ཡིན་པར་ཡང་བརྟག་པར་བྱ་སྟེ། འབྲེལ་པ་མ་མཐོང་བར་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་མེས་སྲེག་པར་བྱེད་པ་མ་ཡིན་པ་ཉིད་དུ་མཐོང་བའི་ཕྱིར་སྲེག་པར་བྱེད་པ་མ་ཡིན་པ་ཉིད་དུ་བརྟག་ པར་མི་བྱའོ་ཞེས་བྱ་བར་འདོད་ན། དེ་ལྟ་ན་འོ་ན་སྲེག་པར་བྱེད་པ་ཡང་བརྟག་པར་མི་བྱ་སྟེ། འགའ་ཡང་དེ་དང་ལྷན་ཅིག་མ་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་འབྲེལ་པ་གྲུབ་པ་ན་མེད་ན་མི་འབྱུང་བའི་འབྲེལ་པ་མཐོང་ནས་འབྲེལ་པ་གཉིས་པ་བརྟགས་པར་རིགས་སོ། །དེ་ལྟར་བརྟགས་ན་འབྲེལ་པ་ མཐོང་བའི་ཐབས་ཅན་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་ཀྱི་ཁོངས་སུ་འདུས་པར་འགྱུར་རོ། །དཔེར་ན་བརྗོད་པ་རྣམས་ཀྱང་རིགས་པ་མ་ཡིན་ཏེ། དེ་ལ་རེ་ཞིག་མངོན་སུམ་ལ་སོགས་པ་གྲུབ་པའི་དོན་གྱི་ནུས་པ་དོན་གྱིས་གོ་བ་བཞིས་རྟོགས་པར་བྱེད་དོ་ཞེས་བྱ་བ་འདིས་ནི་ཐུན་མོང་དུ་སུན་འབྱིན་ པ་བཤད་པ་ནི། དེ་ལ་ནུས་པ་ཅན་སྤངས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ནུས་པ་ནི་དངོས་པོ་ལས་གཞན་མ་ཡིན་ལ་དངོས་པོའི་ནུས་པ་དེ་ཡང་མངོན་སུམ་ཉིད་ཡིན་པའི་ཕྱིར་བཟུང་ཟིན་པ་འཛིན་པས་འཆད་པ་མ་ཡིན་ལ། མངོན་སུམ་གྱིས་བཟུང་བ་ཉིད་ནི་ཉེ་བར་མཚོན་པའོ། །གང་ ཞིག་སྲེག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བ་ཁྱད་པར་དུ་སུན་འབྱིན་པ་བཤད་དོ། །མ་ནོར་ཐེ་ཚོམ་མེད་བྱས་ནས། །ཞེས་བྱ་བ་འདི་ནི་བྱ་བའི་ཁྱད་པར་ཅན་ཡིན་ནོ། །ཅི་སྟེ་ནུས་པ་ཐ་དད་པར་ཁས་ལེན་པར་བྱེད་ན་དེའི་ཚེ་ནུས་པ་ཁོ་ན་འབྲས་བུ་དག་ ལ་ཉེ་བར་སྦྱོར་བ་ཡིན་པའི་ཕྱིར། དངོས་པོ་རྒྱུ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་དངོས་པོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། དངོས་པོ་ཉིད་ཀྱི་མཚན་ཉིད་ནི་དོན་བྱ་བ་བྱེད་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་དངོས་པོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ན་མི་རུང་ངོ་སྙམ་ནས། ཉེ་བར་སྦྱོར་བ་ཁས་ལེན་པར་བྱེད་པ་དེའི་ཚེ་ཉེ་བར་སྦྱོར་བ་ཁས་ལེན་པར་བྱེད་པ་ན་ནུས་པ་ཐ་དད་དེ་ལོགས་ཤིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དོན་བྱེད་པར་ནུས་པའི་རང་བཞིན་གྱི་ངོ་བོ་གང་ཡིན་པའི་ནུས་པ་ཉིད་ནི་གཞན་ནུས་པའི་མཚན་ཉིད་ཐ་དད་པ་མ་ཡིན་ནོ། །གང་ཡང་དངོས་པོའི་ ནུས་པ་ཞེས་ཐ་དད་དུ་བསྟན་པ་དེ་ནི་ཁྱད་པར་གཞན་སྤངས་ནས་དེ་ཙམ་ཞིག་ཤེས་པར་འདོད་པ་ལས་དངོས་པོ་ཉིད་དེ་སྐད་དུ་བརྗོད་པ་ཡིན་ནོ། །འདི་སྙམ་དུ་ནུས་པའི་མཚན་ཉིད་ནི་དོན་བྱ་བ་བྱེད་པ་མ་ཡིན་ན། །འོ་ན་ཅི་ཞེ་ན། གཞན་ཁོ་ནའོ་སྙམ་དུ་སེམས་ན། མཚན་ཉིད་གཞན་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ནུས་པའི་མཚན་ཉིད་གཞན་བསྒྲུབ་པ་ལ་ཚད་མ་གང་ཞིག་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་མེད་པ་ལས་ནུས་པ་འདི་ཁྱད་པར་དུ་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་ཤེས་པ་དེ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ངོ་བོ་དང་ལྡན་པའི་ དངོས་པོའི་རང་བཞིན་དེ་ཉིད་ལས་དོན་བྱ་བ་འགྲུབ་པའི་ཕྱིར་རོ། །ཇི་སྐད་དུ། དོན་བྱེད་ནུས་པ་མ་ཡིན་ལ། །དེ་དོན་གཉེར་བས་བརྟགས་ཅི་ཕན། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །ཞེས་བཤད་པ་ལྟ་བུའོ། །འདི་སྙམ་དུ་ནུས་པའི་མཚན་ཉིད་ གཞན་ཡོད་པ་ཉིད་དེ། འདི་ལྟ་སྟེ། ནུས་པ་དེ་ནི་རྟག་ཏུ་འབྲས་བུ་གཞན་དུ་མི་འཐད་པས་གོ་བར་བྱ་བའི་ངོ་བོ་གང་ཡིན་པ་དེ་ནུས་པ་ཡིན་པའི་ཕྱིར་ནུས་པའི་མཚན་ཉིད་ནི་འབྲས་བུ་ལས་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་ནོ་སྙམ་དུ་སེམས་ན། ནུས་པའི་མཚན་ཉིད་འདི་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འབྲས་བུ་གཞན་དུ་སྲིད་པའི་ཕྱིར་རོ། །ཐ་དད་པའི་ནུས་པ་མེད་པར་གཞན་དུ་ཡང་འབྲས་བུ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདི་ནི་དངོས་ལས་འགྱུར་པ་ཡིན། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འབྲས་བུ་འདི་ནི་དངོས་པོ་ལས་ཏེ་རང་བཞིན་ལས་འགྱུར་བ་སྟེ་འབྱུང་ བ་ཡིན་པ་དེའི་ཕྱིར་རྣམ་པ་གཞན་དུ་ཡང་འབྲས་བུ་ཡོད་པ་ཉིད་སྲིད་པའི་ཕྱིར་ཐ་དད་པའི་ནུས་པ་བརྟགས་པས་ཅི་ཞིག་བྱ། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། ཆུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་གིས་དངོས་པོ་དང་ནུས་པ་གཅིག་ཏུ་ཐ་དད་ པ་ཁས་ལེན་པར་འགྱུར་ན་སྐྱོན་འདིར་འགྱུར་བ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། ཐ་དད་པ་དང་ཐ་མི་དད་པ་གཉི་གའི་བདག་ཉིད་ཡིན་ནོ་སྙམ་དུ་སེམས་ན། འདི་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། བཤད་པ་འགལ་བའི་ཕྱིར་རོ། །གལ་ཏེ་ཐ་དད་པ་ཡིན་ན་ཇི་ལྟར་དེ་ཉིད་ཐ་མི་དད་པ་ཉིད་ ཡིན། འོན་ཏེ་ཐ་མ་དད་པ་ཡིན་ན་ཇི་ལྟར་ཐ་དད་པ་ཉིད་ཡིན་ཏེ། དེ་ལྟ་བུ་འདི་ནི་འགལ་བ་ཡིན་ནོ། །གང་ཞིག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ཆོས་ཅན་གཅིག་པ་ཅིག་ཅར་ཁས་ལེན་པ་འདི་ཉིད་གཞན་ཡིན་ནོ། །གང་དེར་འགྱུར་བ་མ་ཡིན་ཏེ། བདག་ གཞན་བཞིན་ནོ་ཞེས་བྱ་བ་འདི་ཉིད་བསྟན་ཟིན་ཏོ།། །།ནུས་པ་གཉིས་གའི་བདག་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ནུས་པ་དེ་གཉི་གའི་བདག་ཉིད་ཡིན་པ་མངོན་སུམ་ཉིད་ཡིན་ཏེ། གང་གི་ཕྱིར་ནུས་པ་དངོས་པོ་ལས་གཞན་མ་ཡིན་པ་ཉིད་ཡིན་ན་ཡང་གང་གིས་མངོན་སུམ་མ་ཡིན་པར་ འགྱུར་བ་གཅིག་ཏུ་གཞན་ཉིད་མ་ཡིན་ནོ། །དེ་ལྟ་ཡིན་དང་ནུས་པ་ནི་རྟག་ཏུ་འབྲས་བུས་གོ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་འདི་འགལ་བ་ཡིན་ནོ། །གཞན་ཡང་། དངོས་པོ་རྣམས་ཀྱི་ནུས་པ་ཀུན། །འབྲས་བུ་དོན་གྱིས་གོ་བས་བསྒྲུབ། །ཅེས་བྱ་བ་ལ་སོགས་པ་གང་ནུས་པ་རྗེས་སུ་དཔག་པར་བྱ་ བ་ཉིད་ཡིན་པས་སེལ་བར་བྱེད་པ་དེ་ཁོ་བོ་ཅག་ལ་ཆད་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གིས་ཏེ་གང་གི་ཕྱིར་འདིའི་སྟེ་མངོན་སུམ་གྱི་ཡུལ་ལ་ཁོ་བོ་ཅག་རྗེས་སུ་དཔག་པར་མི་འདོད་དེ་རྗེས་སུ་དཔག་པ་ནི་ལྐོག་ཏུ་གྱུར་པ་རྟོགས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་གྲུབ་པ་ལ་སྒྲུབ་པ་ ཉིད་དུ་བཤད་དོ། །སྣ་ཚོགས་ནུས་པ་ཕྱོགས་བྱས་ནས། འང་ཞེས་གང་སྨྲས་པ་འདི་ལ་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་པ་ཉིད་མ་ཡིན་ནམ། དེས་ན་ཇི་ལྟར་ཡོད་པ་གོ་བར་བྱ་བར་བརྗོད་ཅེ་ན། སྒྲ་ལ་སོགས་པ་བྱ་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། འདི་ལྟར་དངོས་སུ་ཡོད་པ་བསྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཆོས་ཅན་རྣ་བ་ལ་སོགས་པའི་ཤེས་པ་ལ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། དེའི་རྒྱུ་སྟེ་རྣ་བ་ལ་སོགས་པའི་ཤེས་པའི་རྒྱུ་གཞན་ཡིད་ལ་བྱེད་པ་ལ་སོགས་པ་ཡོད་ན་ཡང་རྣ་བ་ལ་ སོགས་པའི་ཤེས་པ་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ཡོད་ན་ཡང་རེས་འགའ་འབྱུང་བ་དེ་ནི་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ཏེ། དཔེར་ན་ས་ལ་སོགས་པ་ཡོད་ན་ཡང་རེས་འགའ་འབྱུང་བའི་མྱུ་གུ་བཞིན་ནོ། །ཡིད་ལ་བྱེད་པ་ལ་སོགས་པ་ཡོད་ན་ཡང་རྣ་བའི་རྣམ་པར་ཤེས་ པ་རེས་འགའ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་དེ་བསྒྲུབས་པས་ན་རྒྱུ་གཞན་གང་ཡིན་པ་དེ་ནི་རྣ་བ་ལ་སོགས་པ་གྲུབ་བོ་ཞེས་བྱ་བའི་རྣམ་པ་འདི་ཡོད་པ་གོ་བར་བྱ་བ་ཡིན་ནོ་ཞེས་བརྗོད་ཀྱི་དངོས་སུ་ནི་མ་ཡིན་པས་སྐྱོན་མེད་དོ། ། ཉི་མ་འགྲོ་བར་རྗེས་དཔག་ལས། །ཞེས་གང་སྨྲས་པ་དེ་ལ་ཉི་མ་ཡུལ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རྗེས་སུ་དཔག་པའི་ཁོངས་སུ་འདུས་པར་བཤད་དོ། །འདི་ལྟར་གང་དང་གང་ཡུལ་གཞན་དུ་ཕྱིན་པར་དམིགས་པ་དེ་ནི་རང་གི་ཉེ་བར་ལེན་པའི་རྒྱུའི་ཡུལ་ཡོངས་སུ་སྤངས་ནས་འབྱུང་ བ་ཡིན་ཏེ། དཔེར་ན་མེ་ལྕེ་ལ་སོགས་པ་ཡུལ་གཞན་དུ་ཕྱིན་པ་བཞིན་ནོ། །ཉི་མ་ཡང་ཡུལ་གཞན་དུ་ཕྱིན་པ་བཞིན་ནོ་ཞེས་བྱ་བ་འདི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་ངེས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་བསྟན་པའི་བདག་ཉིད་གཅིག་པོ་འདི་ནི་ཡུལ་གཞན་དུ་ཕྱིན་པར་ རིགས་པ་མ་ཡིན་ཏེ། སྔ་མའི་ཡུལ་དུ་ངེས་པའི་རང་བཞིན་ཡོངས་སུ་མ་དོར་བའི་ཕྱིར་ལ། དོར་ན་ཡང་ཉི་མ་སྔ་ན་མེད་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་ཉིད་དུ་གནོད་པར་བྱེད་པའི་ཚད་མའོ། །འདི་སྙམ་དུ་ནུས་པ་བསྒྲུབ་པར་བྱ་བ་ལ་དོན་གྱིས་གོ་བ་འདི་དཔེར་བརྗོད་པ་ཡིན་གྱི་སྐྱེ་བ་ལ་ནི་མ་ ཡིན་ནོ། །དེའི་ཕྱིར་ཇི་ལྟར་དོན་གྱིས་གོ་བ་འདི་རྗེས་སུ་དཔག་པའི་ཁོངས་སུ་འདུས་པར་བརྗོད་སྙམ་དུ་སེམས་ན། ནུས་པ་གཞན་ནི་གསལ་བ་ཡིན། །ཞེས་བྱ་བ་སྨོས་སོ། །ལྷ་སྦྱིན་ཚོན་པོ་ཞེས་བྱ་བ་ལ་སོགས་པ་ཐོས་པའི་དོན་གྱིས་གོ་བ་དཔེར་བརྗོད་པ་ལ་ཚོན་པོ་ཉིན་པར་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། འདིས་ནི་སྒྲའི་ཚད་མ་སྔོན་དུ་འགྲོ་བ་མ་གྲུབ་པ་ཉིད་དུ་བཤད་དོ། །འདི་སྙམ་དུ་ཚིག་གི་དོན་རྟོགས་པ་ལ་ལྟོས་ནས་ཚིག་གཞན་འཕེན་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབའ་ཞིག་པ་ཉིད་ཀྱིས་སོ། །དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ནོ་ཞེས་ བསྟན་པ་ནི། གལ་ཏེ་དོན་རྟོགས་ལྟོས་མེད་པ། །ཞེས་བྱ་བ་སྟེ་དོན་རྟོགས་པ་ལ་མི་ལྟོས་པ་ནི་དོན་རྟོགས་ལྟོས་མེད་པ་སྟེ་ཚིག་གོ། །གལ་ཏེ་ངག་ཙམ་འབའ་ཞིག་པ་དེས་དོན་དང་བཅས་པའི་ཚིག་གཞན་འཕེན་པ་དེའི་ཚེ་འདི་ཚིག་གཞན་འཕེན་པ་ཡིན་ནོ། །མཚན་མོ་ཟ་བའི་ཚིག་ལས་ ཚིག་གཞན་ཐ་དད་པ་འཕེན་པར་འགྱུར་ཏེ། འབྲེལ་པ་དང་བྲལ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །འབྲེལ་པའི་ཕྱིར། དོན་ནི་དོན་གཞན་འཕེན་པར་བྱེད། །ཅེས་བྱ་བ་དོན་རྟོགས་པ་ལ་ལྟོས་པ་ལ་སྐྱོན་མེད་དོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ བསམ་པ་དོགས་པར་བྱེད་དེ། ཅི་སྟེ་ཧ་ཅང་ཐལ་བར་འགྱུར་ན་མི་རུང་ངོ་སྙམ་པས་གཞན་གྱིས་ཁས་བླངས་པའི་ངོ་བོས་མི་རིགས་པའི་དོན་རྟོགས་པ་ཡང་འཕངས་ནས་དོན་རྟོགས་པར་འདོད་དེ། སྨྲ་བ་པོ་གཞན་ཡིད་ཆེས་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཡང་ན་ཚད་མ་གཞན་གྱིས་ཏེ། ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟའོ་ཞེས་མངོན་སུམ་ལ་སོགས་པས་ཤེས་སོ། །འདི་ལ་ལན་འདེབས་པར་བྱེད་པ་ནི། དོན་རྟོགས་ཡིན་ལ་རག་ཅེས་བྱ་བ་ལ་སོགས་པ་སྟེ། ཉིན་མོ་ཟ་བ་དང་བྲལ་བའི་ཁྱད་པར་ཅན་གྱི་ཚོན་པོ་ཉིད་དེ་ལས་མཚན་མོ་ཟ་བའི་དོན་རྟོགས་པ་ཡིན་ལ་རག་མོད། བློ་ལ་གནས་པའི་ཚིག་གཞན་ནི་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །དེ་ལྟ་ཡིན་ན་རྗེས་སུ་དཔག་པ་ཁོ་ནའི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་གཞན་ཉིད་དུ་མི་འགྱུར་རོ་སྙམ་དུ་དགོངས་པའོ། །ཁོངས་སུ་འདུ་བ་དེ་ཉིད་བསྟན་པའི་ཕྱིར། མཚན་མོ་ཟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ནི་ བརྗོད་པར་འདོད་པའོ། །སྐྱེས་བུའི་ཁྱད་པར་ཅན་མཚན་མོ་ཟ་བའི་ཁྱད་པར་ཅན་ཏེ་ཕྱོགས་སོ། །ཉིན་མོ་ཟ་བ་དང་བྲལ་ལ་འཚོ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལས་གཞན་པའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། འདི་ནི་འབྲས་བུའི་གཏན་ཚིགས་སོ། །ཇི་ལྟར་འདིར་རྒྱུ་ དང་འབྲས་བུའི་དངོས་པོ་འགྲུབ་ཅེ་ན། རྗེས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དུ་བ་དང་མེ་དག་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ཚོ་བ་ཉིད་དང་ཟ་བ་དག་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པ་དེའི་ཕྱིར། ཚོ་བ་ཉིད་ཀྱི་དངོས་པོ་ལས་འབྲས་བུ་ཉིད་དང་འབྲེལ་པ་ཉིད་ཀྱི་ ཕྱིར་ཟ་བའི་དངོས་པོར་རྟོགས་པར་རིགས་ཀྱི་འབྲེལ་པ་མེད་པའི་ཚིག་ལས་ཚིག་གཞན་རྟོགས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བ་དེ་ཉིད་བསྟན་པའི་དོན་དུ། འབྲེལ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་དང་དེ་ལས་ བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཐམས་ཅད་ཀྱི་སྟོང་པ་སྟེ་བྲལ་བའི་ཚིག་ཇི་ལྟར་རྟོགས་ཏེ་མ་ཡིན་པ་ཁོ་ནའོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་འབྲེལ་པ་ཐམས་ཅད་ཀྱིས་སྟོང་ཡང་རྟོགས་པར་བྱེད་ན་དེའི་ཚེ་གང་གི་ཕྱིར་ལ་ལར་བུམ་པ་ལ་སོགས་པའི་དངོས་པོ་གཅིག་ལས་སྣམ་བུ་ལ་སོགས་པ་ ཐམས་ཅད་རྟོགས་པར་འགྱུར་བ་དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟ་བས་ན་འབྲེལ་པ་ལས་རྟོགས་པར་ཁས་བླང་དགོས་སོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ཧ་ཅང་ཐལ་བར་འགྱུར་བ་ཉིད་སྒྲུབ་པར་བྱེད་དེ། འབྲེལ་པ་ཡོད་ཀྱང་ཞེས་བྱ་བ་ནི་ཁས་བླངས་པ་ཡིན་ནོ། །རེ་ཞིག་ཚིག་ ཚིག་གཞན་དང་ནམ་ཡང་འབྲེལ་པ་ཡོད་པ་མ་ཡིན་ལ། འབྲེལ་པ་མ་བཟུང་བ་ཡང་མ་ཡིན་ལ། མེད་པ་དང་འདྲ་བ་ཉིད་དོ། །དེ་ལྟ་ཡིན་དང་འབྲེལ་པ་མ་བཟུང་བར་རྟོགས་པ་ནི་ཚད་མ་མ་ཡིན་པར་འགྱུར་རོ། །འབྲེལ་པ་མེད་པར་ཡང་རྟོགས་སོ་ཞེ་ན་ནི། ཐམས་ཅད་ཐམས་ ཅད་ལས་རྟོགས་པར་འགྱུར་རོ་ཞེས་བྱ་བའི་ཧ་ཅང་ཐལ་བར་འགྱུར་བ་མི་ལྡོག་པ་ཉིད་དོ། །གལ་ཏེ་འབྲེལ་པ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཚིག་གོ་སྐབས་རྟོགས་པར་བྱེད་དོ། །དེ་ལ་གཞན་གྱིས་སྨྲས་པ། འབྲེལ་པ་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རྒྱལ་པོའི་བཀའ་ཡིན་པ་ འབའ་ཞིག་ཏུ་ཟད་ཀྱི། འདི་ལ་རིགས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་འབྲེལ་པ་ཚད་མ་ཉིད་དོ་ཞེས་བྱ་བ་རྒྱལ་པོའི་བཀའ་ཡིན་པར་མ་གྱུར་ན་འོ་ན་ཇི་ལྟར་འབྲེལ་པ་མེད་པར་ཏེ། འབྲེལ་པ་སྤངས་ནས་མངོན་སུམ་ཚད་མ་ཉིད་ཡིན་པར་ཞེས་བྱ་བ་བརྗོད་དགོས་སོ། ། དེ་ལ་ལན་སྨྲས་པ། འོན་ཏེ་ཞེས་བྱ་བ་སྟེ། འོན་ཏེ་འབྲེལ་པ་མེད་པ་ཡང་གལ་ཏེ་རྟོགས་པར་འགྱུར་ན་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཁྱེད་ཅག་གིས་ལན་ཅུང་ཟད་ཀྱང་མ་བཏབ་པོ། །གང་ཡང་འབྲེལ་པ་མེད་ཡིན་ན། །ཇི་ལྟར་མངོན་ སུམ་ཚད་མ་ཉིད། །ཅེས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཉིད་ཡིན་ཏེ། འདི་ལྟར་འབྲེལ་པ་མེད་པ་སུ་ཞིག་གིས་ཀྱང་མངོན་སུམ་ཚད་མ་ཉིད་དུ་ཁས་མ་བླངས་སོ། །འོ་ན་ཅི་ཞེ་ན། མངོན་སུམ་ལ་ཡང་ཚད་མ་ཉིད་དུ་འབྲེལ་པ་ཁོ་ན་ལས་རྣམ་པར་འཇོག་པ་ཡིན་ནོ། །འདི་ཉིད་ལ་ འཐད་པ་བཤད་པ་ནི། མི་སླུ་བ་ནི་ཚད་མ་ཉིད། །ཅེས་བྱ་བ་སྟེ། ཐོབ་པར་ནུས་པ་ནི་མི་སླུ་བ་སྟེ་ཚད་མ་ཉིད་དོ། །མི་སླུ་བ་དེ་ཡང་ངེས་པར་མངོན་སུམ་ལ་ཇི་ལྟར་རིགས་ཤེ་ན། གལ་ཏེ་དེ་ལས་དོན་གཞན་གྱི་བདག་ཉིད་ཐོབ་པར་གྱུར་ནའོ། །དེ་ལྟ་མ་ཡིན་ན་ཉེས་ པར་ཅི་ཡོད་ཅེ་ན། དེ་རྒྱུ་མིན་པའམ་ཞེས་བྱ་བ་སྨོས་ཏེ། དོན་དེ་རྒྱུ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ་དེ་རྒྱུར་མེད་པ་ནི་དེ་རྒྱུ་མ་ཡིན་པ་སྟེ། གཞན་གྱི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་ཅན་མ་ཡིན་པའི་མངོན་སུམ་དེ་ལས་སམ། རྒྱུ་ཐམས་ཅད་དང་བྲལ་བའི་རྒྱུ་མེད་པ་ལས་དེ་ལ་མི་ སླུ་བ་སྟེ། དོན་ལ་མི་སླུ་བ་ངེས་པར་མི་འགྱུར་རོ། །འོ་ན་ཅི་ཞེ་ན། མཐའ་དག་ལ་སྟེ་དོན་ཐམས་ཅད་ལ་མི་སླུ་བར་འགྱུར་རོ་ཞེས་བྱ་བ་འདིར་ཡང་ཐལ་བར་འགྱུར་བ་མཚུངས་པ་ཡིན་ནོ། །ཡང་ན་ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟ་ཞེས་བྱ་བའི་རྗེས་སུ་འགྲོ་བའི་ཚིག་འབྲས་བུའི་རྟགས་འདི་བདག་ ཉིད་ཀྱི་རྒྱུ་བརྗོད་པར་འདོད་པའི་ཁྱད་པར་རྒྱུའི་ཆོས་རྗེས་སུ་དཔག་པས་དུ་བས་བུད་ཤིང་གི་འགྱུར་བ་བཞིན་དུ་རྗེས་སུ་དཔག་པར་བྱེད་པའི་ཤུགས་ཀྱིས་མཚན་མའོ་ཞེས་བྱ་བའི་ལྡོག་པའི་ཚིག་འདི་ཡང་གོ་བར་བྱེད་ཀྱི་དངོས་སུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡང་ན་གཉིས་པའི་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་རྒྱུའི་ཆོས་རྗེས་སུ་དཔག་པས་ཏེ། དངོས་སུ་ནི་མ་ཡིན་ནོ། །གང་གི་ཕྱིར་གང་ལ་ལྡོག་པ་འདི་དག་ཀྱང་སྣང་བ་རྗེས་སུ་འགྲོ་བའི་ངག་ལས་དེ་འདྲ་བའི་ཕྱིར་བརྗོད་པར་འདོད་པ་རྟོགས་ཏེ། གཞན་དུ་ན་གལ་ཏེ་མཚན་མོ་ཟ་བར་བརྗོད་པར་ འདོད་པ་ལ་མི་གནས་པར་འགྱུར་ཞེས་ཟ་བ་དགག་པ་ཙམ་འབའ་ཞིག་རྟོགས་པར་འདོད་པ་ཡིན་ན། དེའི་ཚེ་ལྷ་སྦྱིན་མི་ཟའོ་ཞེས་བྱ་བ་ཁོ་ན་སྨྲ་བར་འགྱུར་གྱི་ཉིན་པར་དང་མཚན་མོ་ནི་མ་ཡིན་ནོ། །ལྡོག་པ་རྟོགས་པ་ནི་ལྡོག་པའི་ངག་རྟོགས་པའོ། །བ་མེན་དང་འདྲ་བ་ལང་ལས། ། དེ་ཡི་ཤེས་པ་འཛིན་ནུས་ཉིད། །ཅེས་བྱ་བ་འདི་ལ་ཉེ་བར་འཇལ་བའི་ཚད་མ་ཞེས་བྱ་བ་སྨོས་སོ། །ཡང་ན་ཉེ་བར་འཇལ་བའི་ཚད་མ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཉེ་བར་འཇལ་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ནི་བཟུང་ཟིན་པ་འཛིན་པའི་ཕྱིར་ལོགས་ཤིག་ཏུ་ཚད་མ་ཉིད་ དུ་མི་རིགས་ཏེ། ཐ་དད་པའི་ནུས་པའི་མཚན་ཉིད་ཀྱི་གཞལ་བྱ་ནི་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། ཉེ་བར་འཇལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྟོགས་བྱའི་ཕྱིར་ཞེས་བྱ་བ་ནི་ནུས་པ་རྟོགས་པའི་དོན་དུའོ། །ལྷག་མ་ནི་གོ་བར་ཟད་དོ། །བརྗོད་པ་གཞན་དུ་མི་འགྲུབ་ཕྱིར། ། ཞེས་བྱ་བ་ལ་སོགས་པས་དོན་གྱིས་གོ་བ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བའི་དཔེར་བརྗོད་པ་མ་ངེས་པ་ཉིད་དུ་འཆད་པ་ནི་གཞན་ཉིད་མིན་པ་ཞེས་བྱ་བ་ལ་སོགས་སྟེ། ཇི་ལྟར་གཡོ་བ་དང་མིག་བརྡ་ལ་སོགས་པ་མི་རྟག་པ་ལ་དོན་གྱིས་གོ་བར་མི་འགལ་བ་དེ་བཞིན་དུ་སྒྲ་རྣམས་གཞན་མ་ཡིན་པ་དང་བྲལ་ ན་ཡང་འགལ་བ་མེད་པ་ཉིད་ཡིན་པས་དཔེར་བརྗོད་པ་ནི་མ་ངེས་པ་ཉིད་ཡིན་ནོ། །དེ་ལ་གཞན་ཉིད་ནི་མི་རྟག་པའོ། །གཞན་མ་ཡིན་པ་ནི་གཞན་ཉིད་མིན་པ་སྟེ་རྟག་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་དེ་ཡང་། མི་རྟག་བརྡ་དང་ཐ་སྙད་ལ། །རྗེས་སུ་འཇུག་པ་དང་ལྡན་མིན། །ཞེས་སྨྲས་པ་འདི་ལ་ཇི་ལྟར་ གཡོ་བ་མཚུངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་རང་གི་མཚན་ཉིད་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་དེ་ལྟར་ན་ཡང་རང་གི་མཚན་ཉིད་འབའ་ཞིག་རང་བཞིན་གྱིས་བརྒྱུད་ནས་ཐ་མི་དད་པའི་རྣམ་པ་ཅན་འཁྲུལ་པའི་ངོ་ཤེས་པའི་རྒྱུར་འགྱུར་བ་ན་གཅིག་ ཉིད་དུ་གཟུང་བ་རྣམས་བརྡའི་དབང་གིས་རྟོགས་པར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་གཡོ་བ་ཞེས་བྱ་བ་ལ། རྟོགས་པར་བྱེད་ཅེས་བྱ་བ་ལྷག་མའོ། །གཞན་དག་གིས་ཇི་ལྟར་གཡོ་བ་ཞེས་བྱ་བའི་དཔེ་འདི་བསྒྲུབ་བྱ་མ་ཚང་བ་ཡིན་པར་བསྟན་པའི་ཕྱིར། མངོན་སུམ་རྫས་ལས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ངོ་ཤེས་པས་ཡི་གེ་རྣམས་ཁོ་བོ་ཅག་རྟག་པར་འདོད་པ་དེ་བཞིན་དུ་ལག་པ་ལ་སོགས་པའི་ལས་ཀྱང་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱ་མི་རྟག་པས་སྟོང་པའི་ཕྱིར་འཁྲུལ་པ་ཉིད་ཡིན་ནོ། །གལ་ཏེ་རྟག་པར་ཡིན་པ་དེ་ལྟ་ན་ལག་པ་ལ་སོགས་པའི་ལས་ རྣམས་ཅིའི་ཕྱིར་རྟག་ཏུ་དམིགས་པ་འབྱུང་བར་མི་འགྱུར་ཞེ་ན། འདིར་སྨྲས་པ། འདི་དག་གསལ་བྱེད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཅེས་བྱ་བ་ནི་བྱ་བ་རྣམས་ཏེ། རྟག་ཏུ་མི་དམིགས་པ་ཉིད་དོ། །ཇི་ལྟར་ཁྱེད་ལ་སྐྱེད་པར་བྱེད་པ་མེད་པའི་ཕྱིར། རྟག་ཏུ་དམིགས་པར་མི་ འགྱུར་བ་དེ་བཞིན་དུ་ཁོ་བོ་ཅག་ལ་འགལ་བར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ལན་མཚུངས་སོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལྟར་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་རྟོག་པ་གཉིས་ཏེ། བྱ་བ་གང་དང་གསལ་བར་བྱ་བར་ འདོད་པ་དེ་དག་རང་བཞིན་གྱིས་ཤེས་པ་སྐྱེད་པར་ནུས་པ་ཞིག་གམ། འོན་ཏེ་མ་ཡིན་དེ་ལ་ནུས་པ་ཡིན་ན་རྟག་ཏུ་སྟེ། ཐམས་ཅད་དུ་དེ་ལས་བྱུང་བའི་ཤེས་པར་འགྱུར་ཏེ། དེ་དག་ནི་ནུས་པའི་རང་བཞིན་རྟག་པ་ཉིད་ཀྱིས་སུས་ཀྱང་གེགས་མ་བྱས་པའི་ཕྱིར་ཏེ། བོགས་དབྱུང་དུ་མེད་པ་ནི་ ཁྱད་པར་དུ་མ་བྱས་པས་གེགས་བྱ་བར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་མི་ནུས་པ་ཡིན་ན་དེའི་ཚེ་དེ་དང་བྲལ་ན་སྟེ་ནུས་པ་དང་བྲལ་ན་དེ་ལས་བྱུང་བའི་ཤེས་པ་ཉིད་དུ་མི་འགྱུར་བའི་ཕྱིར་གསལ་བྱེད་ཀྱི་ནུས་པས་ཅི་ཞིག་བྱ། དེ་ལྟ་བས་ན་རྟག་པ་ཉིད་དུ་འདོད་པའི་བྱ་བས་དེ་དག་གིས་གསལ་བྱེད་ཉིད་ དུ་ཡོངས་སུ་བརྟགས་པའི་རྒྱུ་དག་ཇི་ལྟར་ཡང་འབྲེལ་པ་མ་ཡིན་ལ། མི་རྟག་པ་རྣམས་ནི་གསལ་བར་བྱེད་པ་ལས་སྔ་ན་མེད་པ་སྐྱེ་བ་ཡིན་པའི་ཕྱིར་དེ་ལ་གསལ་བར་བྱེད་པར་རིགས་སོ། །གང་ཡང་། དེ་དག་ངོ་བོ་ཤེས་པ་ཡིས། །ཡི་གེ་བཞིན་དུ་རྟག་པར་འདོད། །ཅེས་སྨྲས་པ་ འདི་ལ་རྟག་པའི་དོན་ལ་ཞེས་བྱ་བ་སྨོས་ཏེ། རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉིད་དུ་བཀོད་པའི་ཤེས་པ་གང་ཡིན་པ་དེ་ནི་སྔར་བསྟན་པའི་དངོས་པོ་བརྟག་པར་བསལ་ཟིན་ཏོ། །ཚད་མ་མེད་པར་ངེས་པ་ཡི། །ནག་པ་མེད་པའི་ཁྱད་པར་ཅན། །ཞེས་བྱ་བ་ལ་སོགས་པས་ གང་སྨྲས་པ་འདི་ལ། ནག་པའི་ཁྱིམ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཞན་དུ་ཞེས་བྱ་བ་ནི་ནག་པ་ཁྱིམ་ན་མེད་པ་ཕྱི་རོལ་ན་ཡོད་པ་མེད་པར་ཡང་འགྱུར་བ་སྟེ། འདིས་ནི་མ་ངེས་པར་བསྟན་ཏོ། །ཅི་སྟེ་ལྷ་སྦྱིན་གསོན་པོ་ཁྱིམ་ན་མེད་པ་གང་ཡིན་པ་དེ་དོན་གྱིས་གོ་བའི་དཔེར་བརྗོད་ པ་འདིར་གཏན་ཚིགས་ཉིད་དུ་བརྗོད་ཀྱི། མེད་པ་ཙམ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ལྷ་སྦྱིན་གསོན་པོ་དེ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟ་བ་མ་གྲུབ་པར་འགྱུར་རོ། །ངེས་པ་མེད་པའི་རྒྱུ་བཤད་པ་ནི། ནག་པ་ཁྱིམ་ན་ཞེས་བྱ་བ་ནི་དེའི་སྟེ་ ནག་པའི་གསོན་པ་ལ་ངེས་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་ཚུ་རོལ་མཐོང་བ་ཐེ་ཚོམ་ཟ་བ་ཁོ་ནའོ། །ཡང་ཅི་སྟེ་གལ་ཏེ་ཚུ་རོལ་མཐོང་བ་ལ་ནག་པ་གསོན་པར་བྱེད་པའི་མངོན་སུམ་གྱི་ཚད་མ་མེད་མོད་ཀྱི་རྗེས་སུ་དཔག་པ་ལ་སོགས་པ་ནི་ཡོད་པ་ཉིད་དོ་སྙམ་ན། ཇི་སྟེ་སྐད་ལ་སོགས་པ་ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། སྐད་ལ་སོགས་པ་ཡིས་ཞེས་པ་ནི་དེས་བརྗོད་པའི་སྒྲ་ཐོས་པའམ་དེའི་དུས་ན་ཡིད་ཆེས་པས་རྩིག་པ་ལ་སོགས་པས་ཆོད་པ་དེ་མཐོང་ནས་ལྷ་སྦྱིན་གསོན་ནོ་ཞེས་སྨྲས་པའོ། །མངོན་སུམ་ལ་སོགས་པ་ལོག་པའི་ངོ་བོ་དངོས་པོ་མེད་པའི་ཚད་མ་ལས། ཁྱིམ་ན་ སྟེ་ཁང་པ་ན་ནག་པ་མེད་པར་ངེས་པ་ན་གསོན་པའི་ཁྱད་པར་ཅན་གྱི་ནག་པ་མེད་པར་གྲུབ་པའི་ཕྱིར་དངོས་པོ་མེད་པས་ཀུན་ནས་བསླང་བ་དོན་གྱིས་གོ་བ་འདི་ཚད་མ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ། །འདི་ནི་རྗེས་སུ་དཔག་པའི་ཁོངས་ སུ་འདུས་པ་བཤད་པ་ཡིན་ཏེ། འདི་ལྟར་ནག་པ་ནི་ཆོས་ཅན་ནོ། །དེ་ཕྱི་རོལ་ན་ཡོད་པ་ནི་བསྒྲུབ་བྱའོ། །གསོན་པའི་ཁྱིམ་ན་མེད་པ་ནི་གཏན་ཚིགས་སོ། །ཡང་ན་ཁྱིམ་ན་མེད་པ་ན་གསོན་པ་ནི་གཏན་ཚིགས་སུ་བྱའོ། །ཁྱིམ་གྱི་དང་ར་བ་ན་གནས་པའི་སྐྱེས་བུ་ནི་ཆོས་མཐུན་པའི་ དཔེའོ། །ཁྱིམ་ན་གནས་པ་ནི་ཆོས་མི་མཐུན་པའི་དཔེའོ། །ཁྱིམ་ནི་ཁང་པའོ། །ཁྱབ་པ་ནི་དཔེ་དག་ལས་ངེས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་རེ་ཞིག་ཁྱིམ་ན་མེད་པ་ཉིད་ནི་སྣང་བ་མི་དམིགས་པས་ངེས་ལ། གསོན་པ་ནི་གཞན་གྱིས་ཁས་བླངས་ པ་ལས་གྲུབ་བོ། །དོན་དམ་པར་ནི་གཏན་ཚིགས་ཐེ་ཚོམ་ཟ་བ་ཡིན་ཏེ། གསོན་པ་ཉིད་དུ་ངེས་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སྒྲ་ལ་སོགས་པ་ཡོད་པ་ཉིད་དོ་ཞེས་བསྟན་པ་མ་ཡིན་ནམ་ཞེ་ན། འོན་ཏེ་དེ་ལྟ་ན་སྒྲ་ལ་སོགས་པ་གང་ཁོ་ན་ལས་གསོན་ པར་ངེས་པ་ཉིད་ལས་ཕྱི་རོལ་ན་ཡོད་པ་གྲུབ་པའི་ཕྱིར་དོན་གྱིས་གོ་བས་ཅི་ཞིག་བྱ། དེ་ལྟ་བས་ན་གཞན་གྱིས་ཁས་བླངས་པ་ལས་གཏན་ཚིགས་གྲུབ་པར་ཁས་བླངས་ནས་རྗེས་སུ་དཔག་པའི་ཁོངས་སུ་འདུས་པར་བསྟན་ཏོ། །དོན་གྱིས་གོ་བ་རྣམ་པར་དཔྱད་པའོ། །དངོས་པོ་མེད་པའི་ དབང་དུ་བྱས་ནས། དངོས་པོའི་ངོ་བོ་གང་ཞིག་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱོད་པ་རྣམས་ཀྱིས་ཡོད་པ་དང་མེད་པའི་མཚན་ཉིད་ཅན་གྱི་དངོས་པོ་དང་དེ་དངོས་པོ་མེད་པ་དག་ནི་དངོས་པོ་ཉིད་ཡིན་ཏེ། དངོས་པོ་ཐམས་ཅད་ཡོད་པ་དང་མེད་པའི་ངོ་བོས་གཉིས་ ཀྱི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ཁས་བླངས་སོ། །དེ་ལ་ཡོད་པ་དང་མེད་པའི་ངོ་བོ་གཉི་གའི་བདག་ཉིད་ཀྱིས་དངོས་པོ་རྣམ་པར་གནས་པ་ན་དངོས་པོའི་རང་གི་ངོ་བོ་དེ་ལ་སྟེ་དངོས་པོའི་ཆ་མེད་པའི་ངོ་བོ་ལ་ཚད་མ་ལྔ་པོ་སྟེ་དོན་གྱིས་གོ་བའི་མཐར་ཐུག་པ་མི་སྐྱེའོ། །ཅིའི་དོན་དུ་ཞེ་ན། དངོས་ ཡོད་རྟོགས་པར་བྱ་བའི་ཕྱིར་ཏེ། དངོས་པོའི་ཡོད་པའི་ཆ་རྟོགས་པར་བྱ་བའི་དོན་དུའོ། །དེ་ལ་དངོས་པོ་མེད་པའི་ཆའི་གཞལ་བྱ་ལ། དངོས་པོ་མེད་པའི་ཚད་མ་ཉིད་ཡིན་ནོ། །འདིས་ནི་འདིའི་ཡུལ་འབའ་ཞིག་བསྟན་གྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །འོ་ན་འདིའི་རང་གི་ངོ་བོ་ཅི་འདྲ་བ་ཡིན་ཞེ་ན། མངོན་སུམ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ལ་སོགས་པ་དོན་གྱིས་གོ་བའི་མཐར་ཐུག་པ་མ་སྐྱེས་པ་ནི་དངོས་པོ་མེད་པའི་ཚད་མར་འདོད་དོ། །དངོས་པོ་མེད་པའི་ཚད་མ་ཞེས་བྱ་བ་ནི་དྲུག་པ་དེའི་སྐྱེས་བུའམ་ལས་འཛིན་པ་ཡིན་ནོ། །ཁ་ཅིག་ཏུ་ཚད་མ་ལས་ དངོས་མེད་ཅེས་འདོད་པ་དེར་ནི་དམིགས་ཀྱིས་དགར་བའི་བདུན་པ་རིགས་གཅིག་གི་ཚིག་ཡིན་ཏེ། ཚད་མ་རྣམས་ཀྱི་ནང་ནས་དངོས་པོ་མེད་པའི་ཚད་མ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་རི་ཁྲོད་རྗེས་དངོས་པོ་མེད་པ་ཡང་དངོས་པོ་མེད་པའི་ཚད་མ་སྟེ། མེད་པ་ཞེས་བྱ་བ་འདིའི་དོན་གྱིས་ ཉེས་པ་མ་ཡིན་པའོ་ཞེས་བཤད་དོ། །ཡང་མ་སྐྱེས་པ་ཞེས་བྱ་བ་འདིའི་ཅི་ཞིག་ཅེ་ན། དེ་དག་ཡོངས་སུ་མ་གྱུར་པའམ། །དངོས་གཞན་རྣམ་པར་ཤེས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། མངོན་སུམ་ལ་སོགས་པ་མ་སྐྱེས་པ་དེ་དགག་པར་བྱ་བ་མངོན་པར་འདོད་པའི་བུམ་པ་ལ་སོགས་ པའི་དངོས་པོ་ཤེས་པའི་ངོ་བོས་ཡོངས་སུ་མ་གྱུར་པ་དངོས་པོ་གནས་པའི་བདག་ཉིད་བརྗོད་པའམ་བུམ་པ་ལ་སོགས་པ་དབེན་པའི་ས་ཕྱོགས་ཀྱིས་ཕྱོགས་ཀྱི་ཤེས་པ་ཡིན་ནོ། །འོན་ཏེ་དངོས་པོ་མེད་པ་ཞེས་བྱ་བ་དངོས་པོ་དང་བྲལ་བ་ལ་བརྗོད་པ་མ་ཡིན་ནམ། དེས་ན་འདི་ཇི་ལྟར་ དངོས་པོ་ཉིད་ཡིན། དངོས་པོ་དང་བྲལ་བ་ནི་དངོས་པོར་འགྱུར་བ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། དངོས་པོ་མེད་པ་དངོས་པོ་ཉིད་དུ་གྲུབ་པའི་ཕྱིར། དངོས་མེད་ཚད་མས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དངོས་པོ་མེད་པའི་ཚད་མ་དངོས་པོར་མ་གྱུར་ན། དེ་ལྟ་ན་ནི་འདི་ནུས་པ་ཐམས་ཅད་ཀྱིས་ སྟོང་པས་དེས་ན་དངོས་པོ་མེད་པ་ཞིག་རྟོགས་པར་མི་འགྱུར་བ་དང་། སྔ་ན་མེད་པ་ལ་སོགས་པའི་བྱེ་བྲག་གིས་དངོས་པོ་མེད་པ་རྣམ་པ་བཞིར་ཡང་མི་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་ན། དེ་ལྟ་བས་ན་དངོས་པོ་མེད་པ་རྟོག་པ་རྣམ་པ་གཞན་དུ་མི་འཐད་པ་དང་རྣམ་པ་བཞིར་དབྱེ་བའི་ འཇིག་རྟེན་གྱི་ཐ་སྙད་གཞན་དུ་མི་འཐད་པས་དངོས་པོ་མེད་པ་ནི་དངོས་པོ་ཉིད་ཡིན་ནོ། །ཁ་ཅིག་ནི་འདི་གཉིས་ནི་དངོས་པོ་མེད་པའི་ཚད་མའོ་ཞེའོ། །གཞན་དག་ནི་རྣམ་པ་བཞིར་དབྱེ་བ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་སྨྲས་པར་བྱེད་དོ། །ཚད་མ་ཡང་འདི་ལྟར་བྱེད་དོ། ། དངོས་པོ་མེད་པ་ནི་དངོས་པོ་མེད་པ་ཉིད་ཡིན་ཏེ། དབྱེ་བར་བྱ་བ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའོ། །ཇི་ལྟར་འདི་རྣམ་པ་བཞིར་དབྱེ་བ་དེ་ལྟར་བསྟན་པའི་ཕྱིར། ཞོ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ན་འོ་མ་དང་ས་ལ་སོགས་པའི་རྒྱུ་ལ་ ཞོ་དང་བུམ་པ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་རྟོགས་པ་གང་ཡིན་པ་དེ་ནི་སྔ་ན་མེད་པ་ཞེས་བྱ་སྟེ། གལ་ཏེ་སྔ་ན་མེད་པ་མེད་པར་གྱུར་ན་འོ་མ་ལ་སོགས་པ་ལ་འབྲས་བུ་ཞོ་ལ་སོགས་པ་ཡོད་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཞོ་ལ་འོ་མར་བརྗོད་པ་མེད་ པ་ཉིད་གང་ཡིན་པ་འདི་ནི་ཞིག་ནས་མེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཞོ་འོ་མ་ཉིད་དུ་འགྱུར་རོ། །བ་ལང་ལ་སོགས་པ་ལ་རྟ་ལ་སོགས་པ་མེད་པ་ནི་གཅིག་ལ་གཅིག་མེད་པར་བརྗོད་དོ། །གང་གི་ཕྱིར་དེ་ལ་བ་ལང་ལ་སོགས་པའི་གཞན་གྱི་ངོ་བོ་རྟ་ལ་སོགས་པའི་རང་བཞིན་མེད་དེ། དེ་ལྟ་ བས་ན་དེ་གཉིས་ནི་གཅིག་ལ་གཅིག་མེད་པར་བརྗོད་དོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་གཅིག་ལ་གཅིག་མེད་པར་མ་གྱུར་ན་བ་ལང་ལ་སོགས་པ་ལ་རྟ་ལ་སོགས་པ་ཡོད་པར་འགྱུར་རོ། །རི་བོང་གི་མགོ་བོའི་ཡན་ལག་སྦོམ་པ་འཕེལ་བ་དང་སྲ་བ་དག་དང་བྲལ་བའི་རི་བོང་གི་རྭ་ལ་སོགས་པའི་ངོ་ བོས་ཤིན་ཏུ་མེད་པ་ནི་གཏན་ནས་མེད་པ་ཞེས་བྱའོ། །འདིར་གལ་ཏེ་ཡང་དངོས་པོ་ལ་བརྟེན་ནས་གཅིག་ལ་གཅིག་མེད་པ་ཡིན་པ་དེ་ལྟར་ན་ཡང་འཇིག་རྟེན་གྱི་གྲགས་པས་གཏན་ནས་མེད་པ་ཞེས་བརྗོད་ཀྱི། ཕལ་ཆེར་འཇིག་རྟེན་ན་གཞི་མཐུན་པའི་ཐ་སྙད་ཀྱིས་ གཅིག་ལ་གཅིག་མེད་པའི་ཐ་སྙད་དུ་བྱེད་དེ། དཔེར་ན་འདི་ནི་བ་ལང་ཡིན་གྱི་རྟ་ནི་མ་ཡིན་ནོ་ཞེས་བྱའི། འདི་རི་བོང་ཡིན་གྱི་རྭ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་གཅིག་ལ་གཅིག་མེད་པ་མེད་པར་འགྱུར་ན་རི་བོང་ལ་རྭ་ཡོད་པ་ཉིད་དུ་འགྱུར་རོ། །དེ་སྐད་དུ་ཡང་གཞོན་ ནུ་མ་ལེན་གྱིས། གལ་ཏེ་འདི་ནི་ཚད་མ་ལེན། །འོ་མ་ཞོ་ཉིད་དུ་འགྱུར་ཏེ། །ཞོ་ནི་འོ་མར་བུམ་སྣམ་བུར། །རི་བོང་ལ་རྭ་པ་སོགས་ལ། །སེམས་ཅན་དག་ནི་ལུས་ཅན་དང་། །ཆུ་ལ་དྲི་དང་མེ་ལ་རོ། །རླུང་ལ་དེ་དག་དང་བཅས་གཟུགས། །མཁའ་ལ་དེ་དག་དང་བཅས་རེག །ཅེས་སྨྲས་ཏེ། དེ་ལ་སེམས་པ་ཅན་ནི་བདག་གོ། །ལུས་ཅན་ནི་སྲ་བའོ། །དེ་དག་དང་གཟུགས་ཞེས་བྱ་བ་ནི་དྲི་དང་རོ་དེ་དག་གཟུགས་དང་བཅས་པ་རླུང་ལ་ཡོད་པར་འགྱུར་བའོ། །དེ་དག་དང་བཅས་རེག་ཅེས་བྱ་བ་ནི་གཟུགས་དང་རོ་དང་དྲི་དེ་དག་རེག་པ་དང་བཅས་པ་ནི་མཁའ་ལ་སྟེ་ནམ་མཁའ་ལ་ཡོད་ པར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པ་སྔ་ནས་མེད་པ་ལ་སོགས་པ་བྱེ་བྲག་གིས་ཐ་དད་པར་མ་གྱུར་ན་འཇིག་རྟེན་ན་རྒྱུ་ལ་སོགས་པའི་བྱེ་བྲག་གིས་ཐ་སྙད་དུ་བྱེད་པར་མི་འགྱུར་རོ། །དཔེར་ན་གང་ཞིག་ཞོ་དོན་དུ་གཉེར་བ་འོ་མ་ལེན་པར་མི་བྱེད་ཀྱི་འོ་མ་དོན་དུ་གཉེར་བ་ཞོ་ལེན་པ་ནི་མ་ཡིན་ནོ། ། དེ་བཞིན་དུ་བ་ལང་དོན་དུ་གཉེར་བ་རྟ་མི་ལེན་ཞིང་རྟ་དོན་དུ་གཉེར་བ་བ་ལང་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱུ་ལ་སོགས་པའི་བྱེ་བྲག་ཐ་སྙད་དུ་བྱེད་དོ། །ཅི་སྟེ་ཡང་གལ་ཏེ་འདི་རྣམ་པ་བཞིར་གྱུར་པ་དེ་ལྟ་ན་ཡང་དངོས་པོ་ཉིད་དུ་འགྱུར་བར་བྱ་དགོས་སོ་ཞེས་བྱ་བ་ག་ལས་ཡིན་ཞེ་ན། དབྱེ་བ་འདི་དངོས་མེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་ལ་ནི་ཐ་དད་པར་རིགས་པ་མ་ཡིན་ཏེ། དེ་ནི་དངོས་པོ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་མེད་པ་ནི་དངོས་པོ་ཡིན་ནོ། །འདིའི་དངོས་པོ་ཉིད་ཅི་འདྲ་བ་ཡིན་ནོ་ཞེ་ན། འབྲས་བུ་ལ་སོགས་ཞེས་བྱ་བ་ སྨོས་ཏེ། འོ་མ་ལ་སོགས་པའ