Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 5 / 22 (50.000 ký tự/trang)
ི་རྒྱུའི་དངོས་པོ་གང་ཡིན་པ་དེ་ཉིད་ཞོ་ལ་སོགས་པའི་འབྲས་བུའི་དངོས་པོ་མེད་པ་ཉིད་ཡིན་ལ། ཞོ་ལ་སོགས་པ་འབྲས་བུའི་དངོས་པོ་གང་ཡིན་པ་དེ་ཉིད་འོ་མ་ལ་སོགས་པ་རྒྱུའི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་དངོས་པོ་མེད་པའི་དངོས་པོ་ཡིན་ནོ། །
ཡང་འདིའི་དངོས་པོ་ཉིད་རྗེས་སུ་དཔག་པས་གྲུབ་པར་བྱ་བའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་ནི་དངོས་པོ་ཞེས་བྱ་བ་ནི་ཕྱོགས་སོ། །རྗེས་སུ་འཇུག་པ་དང་ལྡོག་པའི་བློའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་དང་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་
ཚིགས་གཉིས་སོ། །བ་ལང་སོགས་བཞིན་ཞེས་བྱ་བ་ནི་དཔེའོ། །དེ་ལ་རྗེས་སུ་འཇུག་པའི་བློ་ནི་བཞི་ཆར་ལ་མེད་པ་ཞེས་བྱ་བའི་གཅིག་གི་རྣམ་པ་ཅན་གྱི་ཤེས་པའོ། །ལྡོག་པའི་བློ་ནི་འདི་སྔ་ན་མེད་པ་ཡིན་གྱི་ཞིག་ནས་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་དད་པའི་རྣམ་པའི་ཤེས་
པའོ། །དེ་ལ་གཞོན་ནུ་མ་ལེན་གྱིས་དངོས་པོ་མེད་པ་རྣམ་པ་གསུམ་བརྗོད་དེ་བདག་ཡོངས་སུ་མ་གྱུར་པ་ནི་གཅིག་གོ། །དངོས་པོའི་ཁྱད་པར་གཞན་ཤེས་པ་ནི་གཉིས་པ་སྟེ། དེ་བདག་ཡོངས་སུ་མ་གྱུར་པའམ། །དངོས་གཞན་རྣམ་པར་ཤེས་པ་ཡིན། །ཞེས་བཤད་པའི་ཕྱིར་རོ། །
ཆད་མ་ལོག་པ་ཙམ་གྱི་བདག་ཉིད་ནི་གསུམ་པ་སྟེ། མཚན་ཉིད་གསུམ་གྱིས་བསྐྱེད་བྱ་གང་། །བློ་དེ་རྗེས་སུ་དཔག་པར་འདོད། །སྐྱེ་བ་མེད་པའི་ངོ་བོ་ནི། །འགར་ཡང་རྒྱུ་ལ་རག་ལས་མིན། །ཞེས་བཤད་པའི་ཕྱིར་རོ། །དེ་ལ་དངོས་པོ་མེད་པ་གསུམ་པ་འདི་ལ་ཀླན་ཀ་འདོགས་
པ་ལ་ལན་གདབ་པར་བྱ་བའི་ཕྱིར། དངོས་མེད་ཇི་ལྟར་ཚད་མ་ཡིན། །ཞེས་བྱ་བ་སྨོས་སོ། །ཅི་སྟེ་ཇི་ལྟར་མངོན་སུམ་ལ་སོགས་པ་མ་སྐྱེས་པ་དངོས་པོ་མེད་པའི་ཚད་མར་བརྗོད་ཅེ་ན། འདི་ལ་བརྗོད་པ། འདི་ལ་གཞལ་བྱའང་ཅི་འདྲ་ཞིག །ཅེས་བྱ་བ་བརྗོད་པར་བྱ་དགོས་སོ། །
འདིར་ཅི་ཞིག་བརྗོད་པར་བྱ། །དངོས་པོ་མེད་པའི་ངོ་བོ་ཉིད་གཞལ་བྱ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་གཞལ་བྱ་ཇི་ལྟ་བུར་གྱུར་པ་ཚད་མ་ཡང་དེ་ལྟ་བུར་གྱུར་པ་ཉིད་ཡིན་ནོ་ཞེས་འདོད་པར་གྱིས་ཤིག །དེའི་ཕྱིར། དངོས་མེད་ཇི་ལྟར་ཚད་མ་ཡིན། །ཞེས་ཅི་སྟེ་རྗོད་པར་བྱེད་དེ། ཚད་མ་དང་མི་

འདྲ་བ་ནི་རིགས་པ་མ་ཡིན་ནོ། །དངོས་པོ་མེད་པ་ཚད་མ་ཡིན་ལ་རག་མོད། འདི་ཇི་ལྟར་མངོན་སུམ་ལ་སོགས་པ་ལས་ཐ་དད་པ་ཡིན་ཞེ་ན། ཚད་མ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ལ་སོགས་པའི་ཚད་མའི་དངོས་པོ་མེད་པའི་ཚད་མ་ནི་མངོན་
སུམ་ལ་སོགས་པ་ལས་ཐ་དད་པ་ཡིན་ཏེ། དངོས་པོ་མེད་པའི་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གཞལ་བྱ་དངོས་པོ་མེད་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་དངོས་པོ་མེད་པར་བརྗོད་པའི་གཞལ་བྱ་ནི་ཆོས་ཅན་ནོ། །དེའི་རང་དང་རྗེས་སུ་མཐུན་པའི་ཚད་མའི་གཞལ་བྱ་ཉིད་ནི་བསྒྲུབ་པར་
བྱ་བའོ། །གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དངོས་པོར་བརྗོད་པའི་གཞལ་བྱ་ནི་དཔེའོ། །རང་དང་རྗེས་སུ་མཐུན་པའི་ཚད་མ་གང་ཡིན་པ་དེ་ལས་བྱུང་བའི་མངོན་སུམ་ལ་སོགས་པ་ལས་གཞན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་ལན་
འདེབས་པར་བྱེད་དོ། །འདི་ནི་བདག་ཉིད་ཡོངས་སུ་མ་གྱུར་པའམ་ཞེས་བྱ་བའི་དངོས་པོ་མེད་པའི་མཚན་ཉིད་དང་པོ་མི་སྲིད་པར་སྟོན་ཏོ། །འདི་ལྟར་མ་ཡིན་པར་འཇུག་པ་ལས་ཡོངས་སུ་འགྱུར་བ་ལས་བཟློག་པ་ཡོངས་སུ་འགྱུར་བ་མ་ཡིན་པ་རེས་འགའ་བ་མཚན་ཉིད་དུ་འདོད་དོ། །དེ་ལྟ་མ་
ཡིན་ཏེ་གལ་ཏེ་མ་ཡིན་པར་འཇུག་པས་རེས་འགའ་བར་འདོད་པ་མ་ཡིན་ན་དེའི་ཚེ་ཐམས་ཅད་དུ་དངོས་པོ་མེད་པ་ཉིད་རྟོགས་པར་འགྱུར་རོ། །ཡོངས་སུ་འགྱུར་བ་མ་ཡིན་པ་དེ་ཡང་ཇི་སྐད་དུ་བཤད་པའི་བདག་ལ་མི་སྲིད་པའོ། །གང་གི་ཕྱིར་རྟག་པའི་སེམས་ཅན་གྱི་ཡོངས་སུ་འགྱུར་བ་བསལ་
ཟིན་པ་དེའི་ཕྱིར་མ་ཡིན་པར་འཇུག་པས་དེ་ལས་ལྡོག་པའི་ཡོངས་སུ་གྱུར་པ་མ་ཡིན་པ་ལ་བརྟེན་པར་ག་ལ་འགྱུར། དེ་ལ་ཡོད་པ་ནི་བདག་གོ། །འདི་ནི་རྟག་པ་ཡང་ཡིན་ལ་སེམས་ཅན་ཡང་ཡིན་པས་རྟག་པའི་སེམས་ཅན་ནོ། །ཡང་ན་རྟག་པའི་སེམས་ཅན་དེ་ཡོད་པ་གང་ལ་ཡོད་པ་དེ་
ལ་དེ་སྐད་ཅེས་བྱ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་བཟློག་པའི་དངོས་པོ་ནི། །ཞེས་བྱ་བ་ནི་ཡོངས་སུ་འགྱུར་བ་དེའི་བཟློག་པ་ཡོངས་སུ་འགྱུར་བ་མ་ཡིན་པ་དེའི་རེས་འགའ་བར་རིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐམས་ཅད་དུ་འགྱུར་ཏེ། བདག་ནི་རྟག་པ་དང་གཅིག་པུའི་

ངོ་བོ་ཡིན་ཕྱིར་རོ། །ཅི་སྟེ་ཡོངས་སུ་འགྱུར་བ་མ་ཡིན་པ་ཡོངས་སུ་འགྱུར་བ་ལས་བཟློག་པའི་བདག་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡོངས་སུ་འགྱུར་བ་བཀག་པ་ཙམ་གྱི་བདག་ཉིད་དེ། དེས་ན་མཚན་ཉིད་མི་སྲིད་པར་མི་འགྱུར་ཞེས་བྱ་བར་འདོད་ན། འདི་སྨྲས་པ། གལ་ཏེ་
འཕེན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་སྟེ། ཡོངས་སུ་འགྱུར་བ་འཕེན་པ་སྟེ། དགག་པ་དེ་ཉིད་ཙམ་དེ་ཁོ་ནའི་བདག་ཉིད་ཀྱི་རང་བཞིན་ཡོངས་སུ་མི་འགྱུར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་ཞེས་བྱ་བ་ནི་ལྡོག་པའི་བདག་ཉིད་ཡོངས་སུ་མི་འགྱུར་བའོ། །བདག་ནི་རྟག་པ་
དང་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར་ཡོངས་སུ་འགྱུར་བ་མེད་པའི་ཕྱིར་རོ། །མི་འགྱུར་མོད་ཅེས་ཁས་བླངས་ནས་ཡོངས་སུ་མི་འགྱུར་བའི་མཚན་ཉིད་ཧ་ཅང་ཁྱབ་པའི་སྐྱོན་བཤད་པ་ནི་མི་འཁྲུལ་པ་ཉིད་ཅེས་བྱ་བ་སྟེ། ཧ་ཅང་ཁྱབ་པ་ཉིད་དོ། །རྒྱལ་ལ་སོགས་ཞེས་བྱ་བའི་སོགས་པའི་
སྒྲས་ཆོད་པ་དང་རྒྱབ་ཀྱིས་ཕྱོགས་པ་ལ་སོགས་པའི་གནས་སྐབས་གཟུང་ངོ་། །དེ་ཡོད་ན་ཡང་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་ཤེས་པའི་ངོ་བོའི་ཡོངས་སུ་མི་འགྱུར་བའི་བདག་གི་རྫས་ཡོད་ན་ཡང་ངོ་། །ཅི་སྟེ་དམིགས་པའི་རྐྱེན་ལས་མ་གཏོགས་པའི་རྐྱེན་གཞན་ཡོད་པ་ན་བུམ་
པ་ལ་སོགས་པའི་ཤེས་པས་དབེན་པའི་ས་ཕྱོགས་ཀྱི་ཤེས་པ་ཉིད་ཡོངས་སུ་མི་འགྱུར་བར་འདོད་དེ། བུམ་པ་ལ་སོགས་པའི་ཤེས་པའི་ངོ་བོས་ཡོངས་སུ་མི་འགྱུར་བའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་བདག་གོ། །འདི་ཞེས་བྱ་བས་ནི་ཡོངས་སུ་མི་འགྱུར་བའོ། །དེ་ལྟ་ཡིན་ན། དངོས་
གཞན་རྣམ་པར་ཤེས་པ་ཡིན། །ཞེས་བྱ་བ་ཕྱོགས་གཉིས་ལས་འདི་ཁྱད་པར་མ་བརྗོད་པར་འགྱུར་རོ། །དེ་ལྟ་ཡིན་དང་ཕྱོགས་གཉིས་བསྟན་པ་དོན་མེད་པར་འགྱུར་རོ། །དངོས་གཞན་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་མཚན་ཉིད་གཉིས་པ་འཁྲུལ་པ་ཉིད་དུ་བཤད་དོ། །མ་
མཐོང་བ་ཡང་ཞེས་བྱ་བ་ནི་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའོ། །དངོས་མེད་གཉིས་པ་ཞེས་བྱ་བ་ནི། དངོས་གཞན་རྣམ་པར་ཤེས་པ་ཡིན། །ཞེས་བྱ་བ་དེ་ལས་སོ། །ཡང་ན་ཅི་སྟེ་མ་མཐོང་བ་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བ་མེད་པ་ཡིན་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་

མཚུངས་རུང་བའི་ངོ་བོ་ཅན་ཏེ་བུམ་པ་ལ་སོགས་པའི་ས་ཕྱོགས་དམིགས་པ་དེ་དང་མཚུངས་པའི་རུང་བའི་ངོ་བོ་ཉིད་དོ། །རུང་བ་ཉིད་གང་ལ་ཡོད་པ་དེ་སྐད་ཅེས་བྱ་སྟེ། དམིགས་པའི་མཚན་ཉིད་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡིས་དབེན་པ་ཤེས་པ་ན། །ཞེས་
བྱ་བ་ནི་བུམ་པ་ལ་སོགས་པས་དབེན་པའི་ས་ཕྱོགས་ཤེས་པ་ནའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བལྟ་བར་ནུས་པ་དམིགས་པའི་མཚན་ཉིད་དུ་འགྱུར་བའི་དངོས་པོ་སྣང་བ་རྣམ་པ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ། འདི་ནི་བལྟ་བར་ནུས་པའི་
དངོས་པོ་སྣང་བ་ཡང་ཡིན་ལ། མངོན་སུམ་ཡང་ཡིན་ནོ་ཞེས་བྱ་བ་ནི་ལས་འཛིན་པའོ། །གཞན་དག་གིས་མིན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཀྱིས་སྟེ། གང་གི་ཕྱིར་དེ་དག་གི་ཡུལ་ལྐོག་ཏུ་གྱུར་པའི་དོན་ཉིད་ཡིན་ནོ། །དེ་ལ་ལྡོག་པ་ན་ཡུལ་དང་དུས་དང་རང་བཞིན་
གྱིས་བསྐལ་པའི་ལྐོག་ཏུ་གྱུར་པ་ལྡོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་དག་ལྡོག་པ་ནི་འཁྲུལ་པ་ཅན་ཡིན་ནོ། །དེ་ལྟ་ཡིན་དང་། མངོན་སུམ་ལ་སོགས་མ་སྐྱེས་པ། །ཞེས་བྱ་བ་འདི་ལ་སོགས་པ་སྨོས་པ་དོན་མེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་དེ་ལས་གཞན་པའི་དངོས་པོ་ཤེས་པར་
ངེས་པར་གྱུར་ན་དེ་ལྟར་ན་ཅིག་ཤོས་མེད་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ན་ཡོད་པ་ཙམ་གྱིས་དེ་ལས་དངོས་པོ་མེད་པ་གྲུབ་ན་སྐྱེས་བུ་གཅིག་ལས་སྐྱེས་པའི་ཤེས་པ་དེ་ལས་ཀྱང་སྐྱེས་བུ་ཐམས་ཅད་ཀྱིས་དངོས་པོ་མེད་པ་གྲུབ་པར་
ཐལ་བར་འགྱུར་རོ། །དེ་ལ་དཔྱོད་པ་པ་གང་གིས་བློ་མངོན་སུམ་མ་ཡིན་པར་ཁས་ལེན་པ་དེས་དངོས་པོ་གཞན་ལ་ཤེས་པ་འདི་སྐྱེ་བར་ཇི་ལྟར་ཤེས་པར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །གལ་ཏེ་དོན་གྱིས་གོ་བ་ལས། །ཞེས་བྱ་བ་ནི་ཤེས་ཞེས་སྐབས་དང་སྦྱར་རོ། །ཇི་སྐད་དུ་དོན་མ་ཤེས་པ་ན་
བློ་མི་འགྲུབ་པའི་ཕྱིར་དོན་ཤེས་པའི་རྟགས་ལས་བློ་རྗེས་སུ་དཔོག་པར་བྱེད་དོ་ཞེས་བཤད་པ་ལྟ་བུའོ། །དེ་ལ་རྟགས་ཀྱི་ཚིག་ནི་གཞན་དུ་མི་འཐད་པ་རྗོད་པར་བྱེད་པ་ཡིན་ཏེ། དོན་ཤེས་པ་གཞན་དུ་མི་འཐད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་དཔག་པར་བྱེད་དེ་འཇལ་བར་བྱེད་

དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་གལ་ཏེ་དོན་གྱིས་གོ་བ་དེ་ཡང་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་དེ་ཡང་གང་ལས་རྟོགས་ཞེས་བརྗོད་པར་བྱའོ། །དོན་གྱིས་གོ་བ་གཞན་ལས་སོ་ཞེ་ན། དེ་ལྟ་ཡིན་ན་ཐུག་པ་མེད་པར་འགྱུར་རོ། །གཞན་ཡང་གལ་ཏེ་དངོས་པོ་མེད་པ་དངོས་པོ་ཉིད་
དུ་ཁས་ལེན་ན་དེའི་ཚེ་ཇི་ལྟར་དངོས་པོ་མེད་པའི་ཚད་མ་དངོས་པོ་ཡིན་པ་དེ་བཞིན་དུ་དངོས་པོ་མེད་པའི་གཞལ་བྱ་ཡང་ཡིན་པས་དེའི་ཕྱིར་དངོས་པོ་མེད་པ་དངོས་པོ་ཉིད་ཡིན་པའི་ཕྱིར་མངོན་སུམ་ཉིད་དུ་ཅིའི་ཕྱིར་ཁས་ལེན་པར་མི་བྱའོ། །གང་གིས་དེ་རྟོགས་པར་བྱ་བའི་ཕྱིར་དངོས་པོ་མེད་པ་ཞེས་
བྱ་བའི་ཚད་མ་གཞན་དུ་རྟོགས་པར་བྱེད། ཇི་སྐད་དུ་འབྲས་བུ་ལ་སོགས་པ་དངོས་པོ་མེད་པ་རྒྱུ་ལ་སོགས་པའི་དངོས་པོ་ཡིན་ཞེས་བཤད་པ་ལ། འབྲས་བུ་ལ་སོགས་དངོས་མེད་པ། །ཞེས་བྱ་བ་ལ་སོགས་པས་མངོན་སུམ་གྱི་ཁོངས་སུ་འདུས་པ་དེ་ཉིད་སྒྲུབ་པར་བྱེད་དོ། །གཞན་གྱིས་དབེན་
པའི་བདག་ཉིད་ཀྱི་རྒྱུ་ལ་སོགས་པའི་དངོས་པོ་དེ་ཡང་འབྲས་བུ་ལ་སོགས་པས་དབེན་པའི་རང་བཞིན་མངོན་སུམ་ཉིད་ཡིན་པའི་ཕྱིར། གང་གི་ཚད་མ་གཞན་དུ་འགྱུར་བ་དངོས་པོ་མེད་པའི་གཞལ་བྱ་གཞན་ནི་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལས་ཐ་དད་པའི་གཞལ་བྱ་མེད་
པ་དེ་ནི་དེ་ལས་ཚད་མ་གཞན་མ་ཡིན་ཏེ། ཚད་མ་བདུན་པ་བཞིན་ནོ། །དངོས་པོ་མེད་པ་ལ་ཡང་མངོན་སུམ་གྱི་གཞལ་བྱ་ལས་ཐ་དད་པའི་གཞལ་བྱ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དམིགས་པའོ། །འདི་ལ་གཞན་གྱིས་གཏན་ཚིགས་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར།
རང་ངོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་གཅིག་གི་བདག་ཉིད་ཁོ་ནར་གྱུར་ན་མེད་པ་གཞལ་བྱར་འགྱུར་ཏེ། གང་གི་ཕྱིར་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་དག་གིས་གོ་རིམས་བཞིན་དུ་ཡོད་པ་དང་མེད་པའི་བདག་ཉིད་ཀྱི་དངོས་པོ་གཉིས་ཀའི་བདག་ཉིད་ཡིན་ནོ། །དངོས་
པོ་གཉི་གའི་བདག་ཉིད་དུ་གནས་པ་དེ་ལ་ངོ་བོ་སྟེ་རང་བཞིན་ཅུང་ཟད་ཅིག་ཚད་མ་འགའ་ཞིག་གིས་ཤེས་པར་བྱེད་ཀྱི་ཐམས་ཅད་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །དེ་ཉིད་སྟོན་པ་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་དངོས་པོའི་ཆ་འཛིན་པ་དེའི་ཚེ་མངོན་སུམ་ལ་སོགས་པ་ལྔའི་བྱ་བ་

ཡིན་གྱི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དངོས་པོ་མེད་པའི་ཆ་འཛིན་པར་འདོད་པ་ན་དེ་མ་སྐྱེས་པའི་བྱ་བ་ཡིན་ཏེ། མངོན་སུམ་ལ་སོགས་པ་དེ་དག་མ་སྐྱེས་པ་སྟེ། དངོས་པོ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཅིག་གཉི་གའི་བདག་ཉིད་དུ་གྱུར་ན་གཏན་ཚིགས་
མ་གྲུབ་པར་འགྱུར་ན། གང་གི་ཕྱིར་གཅིག་གཉི་གའི་བདག་ཉིད་ཡིན་ན་ནི་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དངོས་པོ་རྣམས་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་ངོ་བོས་དངོས་པོ་དངོས་པོ་གཞན་ལས་ལྡོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ངོ་བོས་ཏེ།
དེ་ལྟ་ཡིན་དང་དངོས་པོ་རྣམས་རང་གི་ངོ་བོ་ཉིད་རང་བཞིན་ཉིད་དངོས་པོ་གཞན་ལས་ལྡོག་པར་དམིགས་ཏེ་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །བདག་ཉིད་གང་གིས་ལྡོག་པ་དེས་དངོས་པོ་དེ་ཡོད་པ་ཉིད་ཡིན་གྱི་མེད་པ་ནི་མ་ཡིན་ནོ། །དངོས་པོ་དེ་ཡང་ལྡོག་པའི་བདག་ཉིད་དེས་མངོན་
སུམ་ཡིན་པའི་ཕྱིར་གཉིས་པའི་ངོ་བོ་དམིགས་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་གཉི་གའི་བདག་ཉིད་དུ་དམ་བཅའ་བ་ལ་མངོན་སུམ་དང་འགལ་བར་བསྟན་ནས་ད་ནི་རྗེས་སུ་དཔག་པ་དང་འགལ་བར་བསྟན་པའི་ཕྱིར་དོན་བྱེད་ནུས་པ་ཞེས་བྱ་བ་སྨོས་ཏེ། གང་ཞིག་དོན་གྱི་བྱ་བ་བྱེད་པ་དེ་ནི་ཡོད་
པ་ཡིན་ཏེ། ཡོད་པར་མངོན་པར་འདོད་པའི་དངོས་པོ་བཞིན་ནོ། །ཡོད་པར་འདོད་པའི་དངོས་པོ་ཡང་དོན་གྱི་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཡང་ཕན་ཚུན་འགལ་བ་དེ་དག་ནི་དངོས་པོ་གཅིག་ལ་འདུ་བ་མ་ཡིན་ཏེ། དཔེར་ན་གྲིབ་མ་དང་ཉི་མ་དག་གམ།
གྲང་བ་དང་དྲོ་བ་དག་བཞིན་ནོ། །ཡོད་པ་དང་མེད་པའི་ངོ་བོ་དག་ཀྱང་ཕན་ཚུན་འགལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གལ་ཏེ་རང་བསྒྲུབ་བྱ་ལ་ནུས་ཞེས་བྱ་བ་ལ་སོགས་པས་གཞན་དག་གང་ན་ཚིགས་མ་གྲུབ་པར་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་ཡང་ན་
དངོས་པོ་གཅིག་རང་གི་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ལ་ནུས་པ་ལ། གཞན་གྱི་བསྒྲུབ་པར་བྱ་བ་ལ་ནི་མི་ནུས་ཏེ། དེ་ལྟ་བས་ན་དོན་གྱི་བྱ་བ་མེད་པའི་མཚན་ཉིད་ཀྱི་གཏན་ཚིགས་ནི་མ་གྲུབ་པ་ཡིན་ནོ། །གཞན་གྱི་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་ལ་ལྟོས་ནས་དངོས་པོའི་དོན་གྱི་བྱ་བ་བྱེད་པ་ཉིད་

མ་གྲུབ་ལ། ཡོད་པ་དང་མེད་པའི་ངོ་བོ་དག་ནི་ཕན་ཚུན་འགལ་བ་ཡང་མ་ཡིན་ཏེ་ལྟོས་པ་མེད་པའི་ཕྱིར། འདི་ལྟར་རང་གི་སྒྲུབ་པར་བྱེད་པའི་དོན་གྱི་བྱ་བ་ལ་ལྟོས་ནས་ཡོད་པར་བརྗོད་ལ། གཞན་གྱི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་ནི་མེད་པ་ཞེས་བྱའོ། །གལ་ཏེ་རང་གི་བསྒྲུབ་བྱ་ཉིད་ལ་
ལྟོས་ནས་ཀྱང་མེད་པ་ཉིད་དུ་བརྗོད་པར་གྱུར་ན་ནི་ཕན་ཚུན་འགལ་བར་འགྱུར་རོ། །འདིར་ལན་སྨྲས་པ་ནི་དེ་ཉིད་ལས་ཞེས་བྱ་བ་སྟེ། རང་གི་བསྒྲུབ་པར་བྱ་བ་ལ་ནུས་པའི་དངོས་པོའི་ངོ་བོ་གང་ཡིན་པ་དེ་ཉིད་གཞན་གྱི་བསྒྲུབ་པར་བྱ་བ་ལ་མི་ནུས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ལྟོས་པའི་
བྱེ་བྲག་གིས་སྒྲ་ཐ་དད་པས་དངོས་པོ་ཐ་དད་པ་ནི་མ་ཡིན་ཏེ། དེ་ནི་ཆ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ལས་ཞེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ཏེ། གཉིས་ཉིད་ཀྱི་ངོ་བོ་གཅིག་ལ་ཡོད་པ་མ་ཡིན་ནོ། །ཅི་སྟེ་གཞན་གྱི་བསྒྲུབ་པར་བྱ་བའི་དོན་བྱེད་པར་མི་ནུས་པ་ནི་གཞན་ཉིད་ཡིན་གྱི་དེ་ཉིད་ནི་
མ་ཡིན་ནོ་ཞེ་ན། གལ་ཏེ་ནུས་པ་མེད་གཞན་ལས། །ཞེས་བྱ་བ་སྨོས་ཏེ། དེ་ལྟ་ན་འོ་ན་དོན་བྱེད་པར་ནུས་པ་གང་ཡིན་པ་དེ་ནི་དངོས་པོ་གཅིག་གོ། །གང་ཡང་དོན་བྱེད་མི་ནུས་པ་དེ་ནི་གཉིས་པ་ཡིན་ནོ་ཞེས་བྱ་བ་ཁྱེད་ཅག་གིས་དངོས་པོ་གཉིས་ཉིད་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི་གཅིག་
གཉི་གའི་བདག་ཉིད་ནི་མ་ཡིན་ནོ། །ཚད་མ་ལོག་པ་ཙམ་གྱི་བདག་ཉིད་ཀྱིས་དངོས་པོ་མེད་པའི་མཚན་ཉིད་གསུམ་ལ་སུན་འབྱིན་པ་བཤད་པ་ནི། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ཁས་བླངས་ཞེས་བྱ་བ་ནི། །དེ་བདག་ཡོངས་སུ་འགྱུར་བའམ། །དངོས་གཞན་རྣམ་
པར་ཤེས་པ་ཡིན། །ཞེས་སྨྲས་པའི་ཕྱིར་རོ། །སླར་ཡང་དེ་ནི་དངོས་མེད་པར། །ཞེས་བྱ་བ་ནི་ཚད་མའང་དེ་ལྟར་འདོད་པར་གྱིས་ཞེས་སྨྲས་པའི་ཕྱིར་རོ། །ཚད་མའི་མཚན་ཉིད་ནི་ཡུལ་རྟོགས་པ་ཡིན་པའི་ཕྱིར་དངོས་པོ་མེད་པ་ནི་ཚད་མ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འཆད་པར་འགྱུར་
བའི་བསམ་པའོ། །བསམ་པ་དེ་ཉིད་བསྟན་པའི་ཕྱིར། །ངོ་བོ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཚད་མ་ཉིད་དོ། །གང་ཞིག་གཞལ་བྱ་རྟོགས་པའི་ངོ་བོ་མ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །དངོས་པོ་མེད་པ་ཡང་གཞལ་བྱ་རྟོགས་པས་

སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་སྙམ་དུ་མིག་ལ་སོགས་པ་གཞལ་བྱ་རྟོགས་པའི་ངོ་བོ་མ་ཡིན་ཡང་གཞལ་བྱ་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་བརྗོད་པ་དེ་བཞིན་དུ་དངོས་པོ་མེད་པ་ཡང་ཡིན་པའི་ཕྱིར་གཏན་ཚིགས་མ་
གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། གལ་ཏེ་དེ་ཡི་རྒྱུ་ཡིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མའི་རྒྱུ་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་ཚད་མར་རྟོགས་པ་ནི་རིགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མེད་པའི་མཚན་ཉིད་ནི་ཐམས་ཅད་དུ་ནུས་པ་དང་བྲལ་བ་ཡིན་པའི་ཕྱིར་
རྒྱུ་ཉིད་སྲིད་པར་རིགས་པ་ཡིན་ལ། སྲིད་ན་ཡང་མེད་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ཁྱད་པར་མེད་པའི་ཕྱིར་དེ་ལས་བྱུང་བའི་ཤེས་པ་ལྡོག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་མ་གྲུབ་པ་ནི་ལོག་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ།། །།དངོས་པོ་མེད་པ་དེ་ཡང་ཇི་ལྟར་གྲུབ་པ་བརྗོད་པར་བྱ་དགོས་སོ། །རེ་ཞིག་དེ་རང་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། གཞལ་བྱ་མེད་པ་རང་ཉིད་ཀྱིས་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དངོས་པོ་མེད་པའི་ཚད་
མ་རྟག་པ་དོན་མེད་པར་འགྱུར་ཏེ། དེ་ནི་གཞལ་བྱ་དངོས་པོ་མེད་པ་གྲུབ་པར་བྱ་བའི་དོན་དུ་ཡིན་ལ་གཞལ་བྱ་དངོས་པོ་མེད་པ་དེ་ཡང་དངོས་པོ་མེད་པའི་ཚད་མ་བཞིན་དུ་རང་ཉིད་ལ་གྲུབ་པའི་ཕྱིར་རོ། །དེ་རང་རིག་པས་གྲུབ་པ་ཡང་མ་ཡིན་ཏེ། ཤེས་པའི་དངོས་པོ་དབེན་པ་འདི་ཇི་
ལྟར་རང་རིག་པས་རྟོགས་པར་འགྱུར་ཏེ། ཤེས་པའི་བདག་ཉིད་དེས་རྟོགས་པའི་ཕྱིར་རོ། །ཅི་སྟེ་དེའི་ཡུལ་ཅན་གྱི་ཚད་མ་མེད་པ་གཞན་ལ་དེ་གྲུབ་པས་དེའི་ཡུལ་ཅན་གྱི་ཚད་མ་མེད་པ་དེ་ཡང་ཇི་ལྟར་གྲུབ། དེ་ཡང་གཞན་ལས་གྲུབ་ན་ཐུག་པ་མེད་པར་འགྱུར་ཏེ། ཇི་སྐད་དུ། གཞན་དུ་
མི་དམིགས་པ་ལས་ནི། །དོན་གྱིས་མེད་པ་ཉིད་རྟོགས་ན། །དམིགས་པ་མེད་པ་ཉིད་ཀྱང་ནི། །གཞན་གྱིས་ཡིན་པས་ཐུག་པ་མེད། །ཅེས་བཤད་པ་བཞིན་ནོ། །ཅི་སྟེ་ཐུག་པ་མེད་པར་འགྱུར་དུ་འོང་བས་གཞལ་བྱ་མེད་པས་དེ་གྲུབ་པར་ཁས་བླང་བར་བྱེད་ན་དེ་ལྟ་ཡིན་ན་ཕན་ཚུན་བརྟེན་པ་

ཉིད་དུ་འགྱུར་ཏེ། འདི་ལྟར་གཞལ་བྱ་དངོས་པོ་མེད་པ་ལས་ཚད་མ་དངོས་པོ་མེད་པ་གྲུབ་ལ། དེ་གྲུབ་པ་ན་ཡང་གཞལ་བྱ་དངོས་པོ་མེད་པ་གྲུབ་པོ་ཞེས་བྱ་བ་འདི་ཡང་ཕན་ཚུན་བརྟེན་པའི་ཉེས་པ་འཇུག་པ་གསལ་རབ་པ་ཉིད་དོ། །དེས་ན་འདི་ནི་འབྱུང་བར་འདོད་པའི་རྫི་མ་མིག་ཏུ་ཞུགས་པ་ཡིན་
ནོ། །དེ་ལྟ་བས་ན་གཅིག་དམིགས་པ་ཉིད་གཞན་མི་དམིགས་པ་ཡིན་པའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བ་མངོན་སུམ་ལས་ལོགས་ཤིག་པའི་ཚད་མ་མ་ཡིན་ནོ། །འདི་སྙམ་དུ་གཅིག་དམིགས་པ་དེ་ཡང་ཇི་ལྟར་གྲུབ། དེ་ཡང་དངོས་པོ་མེད་པ་ཡིན་པའི་ཕྱིར་ཐལ་བར་འགྱུར་བ་མཚུངས་པ་
ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་མཐོང་བ་དེ་ཡང་རང་ཉིད་ཀྱིས་ཏེ་རང་དབང་ཅན་དུ་གྲུབ་ཀྱི་གཞན་ལས་མ་ཡིན་པའི་ཕྱིར་ཐུག་པ་མེད་པ་ལ་སོགས་པའི་ཐལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོས་ཏེ་རང་བཞིན་གྱི་བེམས་པོ་མ་
ཡིན་པའི་ཕྱིར་རོ། །ཅི་སྟེ་བློ་གཞན་གྱིས་གྲུབ་པ་ལ་ཅི་ཞིག་སྡང་ཞེ་ན། རྟགས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་གི་བློ་རྟགས་ཀྱིས་རྟོགས་པར་བྱ་བ་ཡིན་པར་འདོད་དེ། རྟགས་དེ་ཡང་དོན་ཤེས་པའི་བྱ་བའི་ངོ་བོ་འམ། དབང་པོ་དང་དོན་ནམ། ཡུལ་གསལ་བ་ཞེས་བྱ་
བ་ལ་སོགས་པའོ། །ཁ་ཅིག་ནི་བློ་གཞན་གྱི་མངོན་སུམ་མ་ཡིན་པར་འདོད་ཀྱི་རང་རིག་པའི་ངོ་བོ་ནི་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཁ་ཅིག་ན་རེ་ཤེས་པ་གཞན་དུ་མི་འཐད་པ་སྟེ། གལ་ཏེ་བློ་མེད་པར་གྱུར་ན་ཤེས་པའི་དོན་གྱིས་འགྲུབ་སྟེ། དེ་ནི་རང་
བཞིན་བེམས་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་གསུམ་པ་བཤད་པ་འདི་ལྟ་སྟེ། རྟགས་ལ་སོགས་པ་གསུམ་པོ་འདི་ནི་རྟགས་ལ་སོགས་པ་དེ་ཡང་ག་ལས་གྲུབ་ཅེས་རེ་རེ་ལ་ཡང་བརྒལ་ཞིང་བརྟག་པ་གང་ཡིན་པ་དེ་ཡོད་པ་ན་ཐུག་པ་མེད་པར་མང་པོར་འགྱུར་རོ། །འདི་ལྟར་
བློ་མ་གྲུབ་པ་ན་རྟགས་ལ་སོགས་པ་གསུམ་པོ་དེ་ཡང་མི་འགྲུབ་པའི་ཕྱིར་ཏེ། ཡང་གཞན་ལས་གྲུབ་པར་ཁས་བླང་བར་བྱ་དགོས་ལ། དེ་ལ་ཡང་རྟགས་ལ་སོགས་པ་གཞན་ལ་བརྟེན་པ་ཐམས་ཅད་དུ་བརྒལ་ཞིང་བརྟགས་པ་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་

ན་གཅིག་དམིགས་པས་གཞན་མེད་པར་རྟོགས་ཏེ། ཡུལ་དང་དུས་དེར་དགག་པར་བྱ་བ་ལ་རུང་བའི་བདག་ཉིད་དུ་མཚུངས་པ་ཉིད་དགག་པར་བྱ་སྟེ། གཞན་དག་དེར་དགག་པར་མི་ནུས་པའི་ཕྱིར་རོ། །དེའི་བདག་ཉིད་དགག་པ་ལས་ནི་ཐམས་ཅད་ཀྱིས་དགག་པར་བྱ་བ་
ཡིན་ཏེ། ཐམས་ཅད་ནི་མཐོང་བ་ལས་གཞན་ཉིད་དུ་མཐོང་བར་གནས་པའི་ཕྱིར་ཏེ། དེ་དག་གཞན་གྱི་བདག་ཡིན་པའི་ཕྱིར་རོ། །འོན་ཏེ་གང་གི་ཚེ་ནམ་མཁའ་ལ་ཟླ་བ་མེད་པར་ངེས་པ་དེའི་ཚེ་གང་གི་གཅིག་དམིགས་པ་ལས་གཞན་མེད་པར་གྲུབ་པ་ཞེས་བྱ་བར་བརྗོད་པ་དེ་ལ་གཅིག་
དམིགས་པ་ནི་མ་ཡིན་ནོ། །གང་ཞིག་ཟླ་བས་དབེན་པར་མཐོང་བ་ནམ་མཁའ་ཞེས་བྱ་བར་དོན་དམ་པར་ཅུང་ཟད་ཡོད་པ་པ་ནི་མ་ཡིན་ལ། གང་ཡང་གཞན་གྱི་དངོས་པོ་ཡོད་པར་བརྟག་པ་དེ་ཡང་དབང་པོ་ལས་འདས་པ་ཡིན་ནོ། །གང་ཡང་ཕྱོགས་འགའ་ཞིག་ཏུ་སྒྲ་མེད་པར་ངེས་པ་དེ་
གང་ཞིག་དམིགས་པ་ལས་ཡིན། རེ་ཞིག་ས་ཕྱོགས་དམིགས་པ་ལས་སོ་ཞེས་ནི་བརྗོད་པར་མི་བྱ་སྟེ། དེ་ནི་སྒྲ་དང་རུང་བའི་རང་བཞིན་དུ་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་ས་ཕྱོགས་ནི་མངོན་སུམ་གྱི་ཡིན་ལ་སྒྲ་ནི་ཉན་པས་ཡིན་ནོ། །རུང་བ་ཉིད་དུ་མཚུངས་པའི་རང་བཞིན་ཡང་ཕན་
ཚུན་ལྟོས་ནས་གཞན་ཉིད་དུ་འདོད་དེ། ཕན་ཚུན་ལྟོས་པའི་གཞན་ཉིད་ནི་ཤེས་པ་གཅིག་ལ་འདྲེས་པའི་ཞེས་བཤད་པའི་ཕྱིར་རོ། །དུས་དམིགས་པ་ལས་སོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་ཞིག་དམིགས་པར་འགྱུར་བའི་དངོས་པོ་ལས་ཐ་དད་པའི་དུས་ཡོད་པ་མ་ཡིན་
ལ་གཞན་གྱི་འདོད་པ་གང་ཡིན་པ་དེ་ཡང་དབང་པོ་ལས་འདས་པ་ཡིན་ནོ། །སྣང་བ་དང་ནི་མུན་པའི་ཞེས་བྱ་བ་ལ་སོགས་པ་ལ་ལན་འདེབས་པར་བྱེད་དེ། ཕུང་པོ་ཞེས་བྱ་བ་ནི་རིགས་པ་ཞེས་བྱ་བ་དེ་དང་འབྲེལ་ཏོ། །གང་གི་ཕྱིར་སྣང་བ་དང་མུན་པའི་ཕུང་པོ་དེ་ཉིད་ནམ་མཁའ་འོ་སྙམ་དུ་རྟོག་པ་
པོས་རྟོགས་ཀྱིས་གཞན་ནི་མ་ཡིན་ཏེ། འདི་ལྟར་ཉིན་མོའམ་མཚན་མོ་ཡང་རུང་ནམ་མཁའ་འདི་ནི་མཐོན་ཀ་ཆེན་པོ་དང་འདྲའོ། །ཡང་ན་འདི་སྤྲིན་དང་འདྲའོ་སྙམ་དུ་རྟོགས་ཀྱི། ནམ་མཁའ་ལ་གཞན་གྱིས་ཀུན་དུ་བརྟགས་པའི་ཁ་དོག་དང་དབྱིབས་ལ་སོགས་པ་ཡོད་པ་ནི་མ་ཡིན་ནོ། །དེའི་

ཕྱིར་གཞན་ཞེས་བྱ་བ་ནི་སྣང་བ་དང་མུན་པའི་ཕུང་པོ་ལས་མ་གཏོགས་པའི་གཞན་གྱིས་ཀུན་དུ་བརྟགས་པའི་ནམ་མཁའ་མེད་པའི་ཕྱིར་ལ། ཡོད་ན་ཡང་དབང་པོ་ལས་འདས་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱིས་དབེན་པ་ཡང་འབྲས་བུ་ཉན་པའི་ཤེས་པ་མ་དམིགས་པས་རྟོགས་ཏེ། མི་
དམིགས་པ་དེ་ཡང་མིག་ལ་སོགས་པའི་ཤེས་པ་གཞན་ཡང་དག་པར་རིག་པ་ལས་གྲུབ་པའི་ཕྱིར་འདི་ལ་ཡང་ཤེས་པ་གཞན་རིགས་པའི་མཚན་ཉིད་ཀྱིས་གཅིག་དམིགས་པ་ཡོད་པ་ཉིད་ཡིན་ནོ། །གང་གི་འབྲས་བུ་ཡོད་པ་དེ་ལྡོག་པ་ན་དེ་ཡང་ལྡོག་པར་བྱེད་པ་འབྲས་བུ་ཡོད་པས་
སྒྲ་ཡོད་པ་ལ་ཁྱབ་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་རྒྱུ་རྣམས་ནི་གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་ནོ། །རྒྱུ་ཡོད་པ་ཐམས་ཅད་ལ་འབྲས་བུ་ཡོད་པས་ཁྱབ་བོ་ཞེས་བྱ་བ་ནི་མི་ཟེར་རོ། །འོ་ན་ཅི་ཞེ་ན། ནུས་པ་དེ་ཐོགས་པ་མེད་པའི་མཚན་ཉིད་ཀྱི་ཁྱད་པར་ཅན་ཁོ་ན་ཡིན་ལ། དེ་ཉིད་འདིར་
འགེགས་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཕྱོགས་འབའ་ཞིག་དམིགས་པ་ལས་བུམ་པ་མེད་པར་གྲུབ་པ་གང་ཡིན་པ་དེ་ལ་ཡང་བུམ་པ་མི་དམིགས་པ་ཞེས་བྱ་བ་འབྲས་བུ་མི་དམིགས་པ་ཉིད་ཡིན་ཏེ། གང་གི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་བུམ་པ་མེད་པ་ཉིད་
བསྒྲུབ་པར་བྱ་བ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ཡང་གང་ཡིན་ཞེ་ན། ནུས་པ་ཐོགས་པ་མེད་པ་ཉིད་གང་ཡིན་པའོ། །གང་གི་ཕྱིར་རང་བཞིན་གང་ཡོད་ན་མངོན་སུམ་ཁོ་ནར་འགྱུར་བ་ཞེས་བྱ་བས་དམིགས་པའི་མཚན་ཉིད་ཀྱིས་རང་བཞིན་གྱི་ཁྱད་
པར་བརྗོད་དོ། །གཞན་དུ་ན་འདི་ལ་ཡང་བུམ་པ་དམིགས་པས་བུམ་པ་ཡོད་པ་ལ་མ་ཁྱབ་པར་འགྱུར་ལ། དེ་ལྟ་ཡིན་དང་ཁྱབ་བྱེད་མ་ཡིན་པ་ལོག་པ་ན་ཁྱབ་བྱ་མ་ཡིན་པ་མི་ལྡོག་པས་དེ་བས་ན་བུམ་པ་མེད་པར་གྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་རང་བཞིན་མི་དམིགས་པ་ཐམས་
ཅད་ནི་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་ཡིན་ལ། དོན་དམ་པར་ནི་འབྲས་བུ་མི་དམིགས་པ་ཉིད་དུ་བལྟ་བར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དངོས་པོ་མེད་པའི་སྒྲས་བརྗོད་པར་བྱ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་འཆད་དོ། །དེ་ལྟར་ཞེས་བྱ་བ་ནི།

དེའི་ཕྱིར་གཅིག་མཐོང་གང་ཡིན་པ། །དེ་ཉིད་གཞན་མ་མཐོང་བར་བརྗོད། །ཅེས་བྱ་བ་ལ་སོགས་པས་སོ། །ཁོངས་སུ་འདུས་ཀྱང་གནོད་པ་མེད། །ཅེས་བྱ་བ་ནི་དངོས་པོ་མེད་པ་མངོན་སུམ་གྱི་ཁོངས་སུ་མ་གཏོགས་ན་ཡང་དངོས་པོ་མེད་པའི་སྒྲའི་བརྗོད་པར་བྱ་བ་ཡིན་པ་མི་
འགལ་ལོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པར་བསྟན་ཏོ། །རྗེས་མཐུན་དེ་འདྲ་ཡིན་ལ་རག །ཅེས་བྱ་བ་ནི་གཞན་དམིགས་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་དངོས་པོ་མེད་པའོ། །གང་ཡང་ཁ་ཅིག་དངོས་པོ་མེད་པ་ཙམ་དམིགས་པའི་
ཤེས་པ་མངོན་སུམ་འགལ་བ་ལ་སོགས་པ་འགའ་ཞིག་གིས་ཁོངས་སུ་འདུས་པ་མ་ཡིན་ཏེ། འདིའི་དམིགས་པ་ནི་དངོས་པོ་དང་བྲལ་བ་ཙམ་ཡིན་པའི་ཕྱིར་དང་། མངོན་སུམ་ལ་སོགས་པ་ཡང་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ཚད་མ་ཉིད་མ་ཡིན་པ་ཡང་མ་ཡིན་ཏེ་མི་སླུ་
བའི་ཕྱིར་རོ། །དངོས་པོ་རྣམས་རྗེས་སུ་འགྲོ་བ་མེད་པར་འཇིག་པར་འདོད་པ་ཁྱེད་ཅག་གི་དངོས་པོ་དང་བྲལ་བའི་མི་འདོད་པ་ནི་མ་ཡིན་ནོ་ཞེས་རྩོད་པར་བྱེད་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། རྣམ་པར་རྟོག་པ་དེས་ཡུལ་དང་དུས་ལ་སོགས་པའི་ཁྱད་པར་དང་བྲལ་བའི་དངོས་པོ་མེད་
པ་ཙམ་དམིགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡུལ་ལ་སོགས་པ་འབའ་ཞིག་ཏུ་བུམ་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཡང་ཚུལ་གྱིས་ཁྱད་པར་དང་བཅས་པ་ཉིད་ཡིན་ནོ། །དེ་ཡང་འབའ་ཞིག་པ་ཉིད་ཀྱི་ཡུལ་ལ་སོགས་པ་འཛིན་པར་ནུས་པའི་ཕྱིར་དེ་ལྟར་འགྱུར་བས་འདི་ལོགས་
ཤིག་ཏུ་ཚད་མ་ཉིད་མ་ཡིན་ཏེ། ཡུལ་ལ་སོགས་པ་འབའ་ཞིག་དེ་ལྟར་བཟུང་བ་ནི་འདི་ལྟར་རྣམ་པར་རྟོག་པའི་ཕྱིར་རོ། །ཁྱད་པར་མེད་པ་འཛིན་པ་ཡིན་ན་ཡང་དེ་ལ་འཛིན་པའི་ཤེས་པ་ཚད་མ་ཉིད་དུ་རིགས་པ་མ་ཡིན་ཏེ། དངོས་པོ་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་། དོན་བྱེད་པ་
དོན་དུ་གཉེར་བ་ཚད་མ་སེམས་པ་ཡང་དངོས་པོ་ལ་བརྟེན་པ་ཡིན་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །དངོས་པོ་མེད་པ་རྣམ་པར་དཔྱད་པའོ། །རིགས་པ་གཞན་དེ་ཡོད་ན་ཡོད་པ་དང་མི་དམིགས་པའི་དབང་དུ་བྱས་ནས། དེ་ཡོད་པ་ན་འདི་འབྱུང་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་

ཡོད་ན་ཡོད་པ་ཉིད་ཀྱིས་དེའི་འབྲས་བུ་ཉིད་དུ་རྟོགས་པ་གང་ཡིན་པ་འདི་ནི་རིགས་པ་ཡིན་ཏེ། འདི་ཡང་རྟོག་པ་དང་བཅས་པའི་ཕྱིར་མངོན་སུམ་མ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དཔེ་མེད་པའི་ཕྱིར་རོ། །འདི་ལྟར་དཔེ་ལ་ཡང་དེ་ཡོད་ན་ཡོད་པ་ཉིད་ལས་འབྲས་བུ་ཉིད་དུ་
རྟོགས་ཏེ། དེ་ལ་ཡང་དཔེ་བཙལ་བར་བྱ་བ་ཡིན་ལ། དེ་ལ་ཡང་གཞན་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འདི་ནི་ཚད་མ་གཞན་ཉིད་ཡིན་ནོ་ཞེས་སྨན་དཔྱད་པ་སྟེ་སྨན་པ་ལ་ཟེར་རོ། །དེ་བཞིན་དུ་དམིགས་པ་ལ་སོགས་པས་མེད་པ་ཉིད་དུ་རྟོགས་པ་གང་ཡིན་པ་
འདི་ནི་མ་དམིགས་པ་ཡིན་ཏེ། འདི་ཡང་ཚད་མ་གཞན་ཉིད་ཡིན་པ་ལ་སྔ་མ་བཞིན་དུ་རིགས་པ་བརྗོད་པར་བྱའོ། །འབྲས་བུ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རྒྱུ་འབྲས་དང་དངོས་པོ་མེད་པ་ཡིན་པས་རྒྱུ་འབྲས་ཉིད་དང་དངོས་པོ་མེད་པ་དག་སྟེ། དེ་དག་གིས་
རྟོགས་པ་ཞེས་ཚིག་རྣམ་པར་སྦྱར་ཏེ་བསྡུའོ། །དེ་ལ་རྒྱུ་དང་འབྲས་བུ་རྟོགས་པ་ནི་རིགས་པ་ཡིན་ལ། དངོས་པོ་མེད་པ་རྟོགས་པ་ནི་མི་དམིགས་པ་ཡིན་ནོ་ཞེས་གོ་རིམས་བཞིན་དུ་འབྲེལ་ཏོ། །རིགས་པ་དང་མི་དམིགས་པ་འདི་དག་ནི་ཚད་མ་གཉིས་ལ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་
བྱེད་པ་དག་བྱེ་བྲག་མེད་དོ། །ཅི་ལྟར་ཞེ་ན། གང་ཕྱིར་དེ་ཡོད་ན་ཡོད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་རིགས་པ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་བྱེ་བྲག་མེད་དེ། །འདི་ལྟར་དེ་ཡོད་པ་ནི་གཏན་ཚིགས་སོ། །རྒྱུ་དང་འབྲས་བུ་ཉིད་ནི་བསྒྲུབ་པར་བྱ་བའོ། །དེ་དག་ཐ་
དད་དུ་དམིགས་པ་ཡང་མ་ཡིན་ཏེ། རྣམ་གྲངས་པ་ཡིན་པའི་ཕྱིར། ཤིང་དང་རྩྭ་བས་འཐུང་བ་བཞིན་ནོ། །མི་དམིགས་པ་ལ་ཡང་བྱེ་བྲག་མེད་དེ། འདི་ལྟར་གལ་ཏེ་དམིགས་པ་ལོག་པ་ཙམ་བརྗོད་པར་འདོད་པ་དེའི་ཚེ་དེ་ཡང་མ་གྲུབ་པའི་ཕྱིར། སྔ་མ་བཞིན་དུ་ཐུག་པ་མེད་པ་ལ་སོགས་
པའི་སྐྱོན་བརྗོད་པར་བྱའོ། །ཅི་སྟེ་གཞན་དམིགས་པ་ཉིད་མི་དམིགས་པ་ཡིན་པ་དེའི་ཚེ་སྣང་བ་མི་དམིགས་པ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ལ། འདིས་ཀྱང་དངོས་པོ་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེ་ནི་མངོན་སུམ་ཉིད་ཀྱིས་སྒྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། སྣང་བ་མི་དམིགས་

མ་གཏོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ་འདི་དག་ལས་རྒྱུ་དང་འབྲས་བུ་ཉིད་དང་མེད་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཡང་ཡོད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ལ། དེ་ཡང་ངོ་བོའི་ཐ་སྙད་དུ། །ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་དེ་དག་གི་ངོ་བོ་ནི་དེའི་ངོ་བོ་ཡིན་ལ་དེ་ལ་ཐ་སྙད་གང་ཡིན་པ་དེ་ནི་དེའི་ངོ་བོའི་ཐ་སྙད་དེ་ཤེས་པ་དང་བརྗོད་པ་འཇུག་པའི་མཚན་ཉིད་རྗེས་སུ་བསྒྲུབ་པའོ། །རྨོངས་པ་ལ་དེར་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་གང་དག་གང་གི་མཇུག་ཐོགས་
སུ་ངེས་པར་དམིགས་པའི་རང་བཞིན་དེ་དག་ནི་དེའི་འབྲས་བུའི་ཐ་སྙད་དུ་རུང་བ་ཡིན་ཏེ། དཔེར་ན་བརྡའི་དུས་སུ་ཉམས་སུ་མྱོང་བའི་རྫ་མཁན་ལ་སོགས་པའི་བྱ་བའི་མཇུག་ཐོགས་སུ་དམིགས་པའི་བུམ་པ་ལ་སོགས་པའི་རང་བཞིན་བཞིན་ནོ། །དེ་བཞིན་དུ་སྒྲ་རྣམས་ཀྱང་རྐན་ལ་སོགས་
པའི་བྱ་བའི་མཇུག་ཐོགས་སུ་ངེས་པར་དམིགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བཞིན་དུ་མི་དམིགས་པ་ལ་ཡང་ཐ་སྙད་བསྒྲུབ་པར་བྱ་བ་སྦྱོར་བ་ནི་གང་གི་དམིགས་པའི་མཚན་ཉིད་དུ་འགྱུར་བར་མངོན་པར་འདོད་པ་གང་དག་ནམ་དམིགས་པ་དེ་དག་ནི་
དེ་མེད་པའི་ཐ་སྙད་དུ་བྱར་རུང་བ་ཡིན་ཏེ། དཔེར་ན་རྭ་མེད་པའི་ཐ་སྙད་དུ་རུང་བའི་རི་བོང་གི་མགོ་བོ་ལ་སོགས་པ་བཞིན་ནོ། །དེའི་རྟེན་དུ་འདོད་པའི་ཁྲ་བོ་ལ་སོགས་པ་ལ་ཡང་གཞན་གྱིས་མངོན་པར་འདོད་པའི་སྤྱི་ལ་སོགས་པའི་དངོས་པོ་དམིགས་པའི་མཚན་ཉིད་དུ་གྱུར་པར་མངོན་པར་
འདོད་པ་མ་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །དེས་དབེན་པའི་ཁྲ་བོ་ལ་སོགས་པ་དམིགས་པའི་ཕྱིར། མ་གྲུབ་པ་མ་ཡིན་ལ་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། མངོན་པར་གསལ་བ་འགེགས་པར་འགྱུར་བའི་ཕྱིར་དང་། དངོས་པོའི་ཐ་སྙད་ལ་འདི་དེ་ཙམ་གྱི་རྒྱུ་མཚན་
ཡིན་པའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །དེ་ལ་སྲིད་པའི་མཚན་ཉིད་ཚོགས་པ་ཡོད་པར་རྟོགས་པ་ན་ཚོགས་པ་ཅན་རྟོགས་པ་གང་ཡིན་པ་སྟེ། དཔེར་ན་སྟོང་ཡོད་པར་ཤེས་པ་ན་བརྒྱ་ལ་སོགས་པ་ཡོད་པར་རྟོགས་པ་ལྟ་བུའོ། །འདི་ཡང་དཔེ་མེད་པའི་

ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །འདི་ལ་སུན་འབྱིན་པ་བཤད་པ་ནི། ཚོགས་པ་རྣམ་པར་གཞོག་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་ཚོགས་པ་ཅན་ལས་གཞན་པའི་ཚོགས་པ་མེད་པའི་ཕྱིར། ཚོགས་པ་རྣམ་པར་གཞག་པའི་རྒྱུ་ནི་ཚོགས་པ་ཅན་ཡིན་ནོ། །དེ་ལྟ་བས་ན་
སྟོང་ལས་བརྒྱ་ལ་སོགས་པ་སྲིད་པར་རྟོགས་པ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཉིད་ཡིན་ནོ། །གཞན་དག་གིས་ནི་ཞེས་གྲགས་པ་ལ་སོགས་པ་ཡང་ཚད་མ་གཞན་དུ་འདོད་དེ། དེ་ལ་སྨྲ་བ་པོས་བསྟན་པའི་གྲགས་པ་རྒྱུད་པ་ནི་ཞེས་གྲགས་པ་སྟེ། དཔེར་ན་ཤིང་ལྗོན་པ་འདི་ལ་
གནོད་སྦྱིན་གནས་སོ་ཞེས་བྱ་བ་ལྟ་བུའོ། །ཡུལ་དང་དུས་ངེས་པ་མེད་པར་གློ་བུར་དུ་ཡོད་པ་དང་མེད་པ་སྟོན་པར་བྱེད་པའི་ཤེས་པ་ནི་སྙམ་དུ་ཤེས་པ་སྟེ། དཔེར་ན་གཞོན་ནུ་མ་དག་འདི་སྙམ་དུ་དེང་བདག་གི་མིང་པོ་འོང་ངོ་སྙམ་པ་ལ། དེ་ཡང་དེ་ཁོ་ན་ལྟར་འོང་བར་གྲགས་པ་ལྟ་བུ་སྟེ་དེ་
ལྟར་ན་ཚད་མ་ཡིན་ནོ། །འདི་སུན་དབྱུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་ངོ་ཤེས་པ་ལ་སོགས་པ་གཟུང་སྟེ། དེ་དག་གཞན་འགའ་ཞིག་གིས་ཚད་མ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་རྨི་ལམ་གྱི་མཐར་
ཡང་རས་འགའ་བདེན་པ་ཉིད་དུ་མཐོང་བའི་ཕྱིར་ཚད་མ་གཞན་ཉིད་དུ་འགྱུར་རོ། །དེ་ལྟར་རྒྱས་པར་ཚད་མ་གཞན་དགག་པར་བྱས་ནས་མདོར་བསྡུས་ནས་བྱ་བའི་ཕྱིར། རྣམ་པ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་རྣམ་པ་གཉིས་ཉིད་དེ་མངོན་སུམ་དང་ལྐོག་ཏུ་གྱུར་པའོ། །
འོན་ཏེ་མངོན་སུམ་ཡང་ཡིན་ལ། མངོན་སུམ་མ་ཡིན་པ་ཡང་ཡིན་པ་དང་། མངོན་སུམ་ཡང་མ་ཡིན་ལ་མངོན་སུམ་མ་ཡིན་པ་ཡང་མ་ཡིན་པ་ཞེས་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། གཉི་ག་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ལ་ཕན་ཚུན་མི་མཐུན་པའི་ཆོས་སུ་མ་
འདྲེས་པར་རིགས་པ་ནི་མ་ཡིན་ཏེ། བདག་ཉིད་ཉམས་པར་ཐལ་བར་གྱུར་པའི་ཕྱིར་རོ། །འདི་ལྟར་དངོས་སུ་རྟག་པ་ལ་སོགས་པས་ཆོད་པ་མེད་པར་ཇི་ལྟ་བར་གཟུང་བའི་དོན་ངེས་པའི་རྒྱུ་ཁྱད་པར་ཅན་གྱི་ཤེས་པ་སྐྱེ་བར་བྱེད་པའི་དོན་ནི་མངོན་སུམ་ཞེས་བྱའོ། །དེ་ལྟར་བྱས་ན་སྒྲ་སྐད་

ཅིག་མའོ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་མ་ཡིན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བ་གྲུབ་བོ། །གང་གིས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པ་དག་གིས་མངོན་སུམ་དང་མངོན་སུམ་མ་ཡིན་པའི་རང་བཞིན་དུ་འགྱུར་བ་དངོས་པོ་གཅིག་ལ་གཅིག་
བྱེད་པ་དང་མི་བྱེད་པར་རིགས་པ་ཡང་མ་ཡིན་ནོ། །གཉིས་ཀ་མ་ཡིན་པའི་རང་བཞིན་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་གཅིག་གི་རང་བཞིན་དགག་པ་ནི་རང་བཞིན་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དུ་མ་ནི་གཅིག་ལ་བྱེད་པ་པོ་མི་བྱེད་པར་འགལ་ཏེ། དཔེར་ན་
མིག་གི་རྣམ་པར་ཤེས་པ་ལ་གཟུགས་དང་རོ་བཞིན་ནོ། །གཅིག་དང་དུ་མ་ལའང་དེ་བཞིན་ཏེ། དཔེར་ན་མིག་དང་རྣ་བའི་རྣམ་པར་ཤེས་པ་དག་ལ་གཟུགས་བཞིན་ནོ། །དེའི་ཕྱིར། གཅིག་ཉིད་ཤེས་པ་གཅིག་ལ་ནི། །ཞེས་བཤད་དོ། །དེ་ལྟ་བས་ན་དོན་ནི་རྣམ་པ་གཉིས་ཉིད་དོ། །དེ་ལ་
སྒྲ་ལས་བྱུང་བ་ལ་སོགས་པ་ཚད་མ་ཡིན་ན་མངོན་སུམ་པའི་དོན་ལ་ཡིན་ནམ་ལྐོག་ཏུ་གྱུར་བ་ལ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །དེ་ལ་རེ་ཞིག་དང་པོ་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱི་ཁོངས་སུ་འདུས་པར་འགྱུར་བའི་ཕྱིར་ཏེ། སྒྲ་ལས་བྱུང་བ་ལ་སོགས་པའི་ཡུལ་དོན་ཐ་
དད་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་མངོན་སུམ་གྱིས་རྟོགས་ན་ཡང་དུས་ཕྱིས་ཡང་དེ་དག་གིས་རྟོགས་སོ་ཞེ་ན། དེའི་ཕྱིར་ཡང་དྲན་པ་བཞིན་དོན་མེད་དེ་ཞེས་སྨོས་ཏེ། བཟུང་ཟིན་པ་འཛིན་པའི་ཕྱིར་དྲན་པ་བཞིན་དུ་ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་གཉིས་
པ་ལ་ཡང་དོན་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་ཡིན་པ་ན་དངོས་སུ་ཡིན་པའམ་གཞན་ལ་ཡང་བརྟེན་ནས་ཏེ་བར་དུ་ཆོད་པ་ཡིན། དེ་ལ་རེ་ཞིག་དངོས་སུ་ནི་མ་ཡིན་ཏེ། དེ་མངོན་སུམ་པའི་དོན་བཞིན་དུ་ལྐོག་ཏུ་གྱུར་པ་མ་ཡིན་པར་ཐལ་བར་འགྱུར་རོ། །འདི་ལྟར་གང་གི་ཕྱིར་དངོས་སུ་ཤེས་པ་
སྐྱེད་པར་མི་བྱེད་པ་དེ་ཉིད་ཀྱི་ཕྱིར་འདི་ལྐོག་ཏུ་གྱུར་པ་ཞེས་བྱའོ། །གལ་ཏེ་དངོས་སུ་ཤེས་པ་སྐྱེད་ན་ཇི་ལྟར་འདི་ལྐོག་ཏུ་གྱུར་པ་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱའོ། །གཞན་ལ་བརྟེན་ནས་ཡང་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་འབྲེལ་པ་ལས་སམ། མ་འབྲེལ་པ་ལས་ཡིན། ཁྱད་པར་སྣང་བ་ལས་

སམ། ཁྱད་པར་མི་སྣང་བ་ལས་ཡིན་ཞེས་བྱ་བ་ཕྱོགས་བཞིར་འགྱུར་རོ། །ཁྱད་པར་སྣང་བ་ཞེས་བྱ་བ་ནི་དཔེར་ན་དུ་བའི་ཕྱིར་ལས་རྩྭ་དང་ལོ་མ་ལ་སོགས་པ་མིང་གིས་ཁྱད་པར་རྟོགས་པ་ལྟ་བུའོ། །ཁྱད་པར་མི་སྣང་བ་ནི་དཔེར་ན་དུ་བ་ལས་རིགས་མི་མཐུན་པ་ལས་ལོག་པའི་མེ་ཙམ་
རྟོགས་པ་ལྟ་བུའོ། །དེ་ལ་འབྲེལ་པ་མེད་པ་ལས་རྟོགས་ན་ངེས་པ་མེད་པར་འགྱུར་ཏེ། གང་ཅི་རུང་བ་ལས་དངོས་པོ་ཐམས་ཅད་རྟོགས་པར་འགྱུར་རོ། །ཅི་སྟེ་ཐ་དད་པར་སྣང་བ་དེའི་ཚེ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་ཁྱད་པར་མི་འཐད་པར་འགྱུར་ཏེ་ཁྱད་པར་གྱིས་རྗེས་འགྲོ་མི་
རུང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་མ་ངེས་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཁྱད་པར་མེད་པ་སྣང་བ་དེའི་ཚེ་རྗེས་སུ་དཔག་པ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཡང་ལྐོག་ཏུ་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡི་ཁྱད་པར་མ་ངེས་པ། །ཞེས་བྱ་བ་ནི་ཁྱད་པར་
སྣང་བས་སྟོང་པ་རིགས་མི་མཐུན་པ་ལས་ལོག་པ་ནི་དོན་ཙམ་མ་ངེས་པ་སྟེ། དཔེར་ན་དུ་བ་ལས་མེ་ཙམ་རྟོགས་པ་ལྟ་བུའོ། །དེ་ལྟ་བུར་གྱུར་པ་ཡང་གསལ་རབ་ཏུ་རྗེས་སུ་དཔག་པ་ཡིན་ཏེ། འབྲེལ་པ་མཐོང་བའི་ཐབས་ཅན་ཡིན་པའི་ཕྱིར་དུ་བས་མེ་རྟོགས་པ་བཞིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་
དཀའ་འགྲེལ་ལས་ཚད་མ་གཞན་བརྟག་པ་སྟེ་ཉི་ཤུ་བཞི་པའོ།། །།གཞན་གྱི་བདག་ཉིད་ཆ་ཤས་ནི། །ཕྲ་རབ་ཀྱིས་ཀྱང་མ་འདྲེས་པ། །ཞེས་བྱ་བ་དེ་བསྒྲུབ་པར་བྱ་བའི་དོན་དུ་རྒོལ་བ་དགོད་པ་སྔོན་དུ་འགྲོ་བ་ཅན་བཤད་པ་ནི། གང་ཚེ་ཞེས་བྱ་བ་ལ་སོགས་པའོ། །དོན་བྱེད་ནུས་
པ་གང་ཡིན་ཡོད། །གཞན་ནི་ཡོད་པ་མིན་པར་བརྗོད། །དེ་དག་གཅིག་ལ་འཇུག་པ་ནི། །རིགས་པ་མ་ཡིན་འགལ་བའི་ཕྱིར། །ཞེས་གང་སྨྲས་པ་ལ་ངོ་ཚ་མེད་པ་པ་དག་རྩོད་པར་བྱེད་དེ། དངོས་པོ་ཐམས་ཅད་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱིས་དུ་མའི་བདག་ཉིད་ཡིན་ཏེ། དཔེར་ན་ཁྲ་
བོར་སྣང་བའི་ནོར་བུ་ལྟ་བུའོ། །གང་གིས་གཅིག་ལ་འཇུག་པ་ནི་རིགས་པ་མ་ཡིན་ཞེས་བརྗོད་པ་དེའི་ཡོད་པ་ལ་སོགས་པ་ཇི་ལྟར་འགལ། སོགས་པའི་སྒྲས་ནི་བྱེད་པ་དང་མི་བྱེད་པ་དང་གཅིག་དང་དུ་མ་ཉིད་ལ་སོགས་པ་གཟུང་ངོ་། །གལ་ཏེ་རྩོད་པ་འདི་གལ་ཏེ་རང་བསྒྲུབ་བྱ་ལ་ནུས་ཞེས་

བྱ་བ་ལ་སོགས་པས་ལན་བཏབ་ཟིན་པ་དེ་ལྟ་ན་ཡང་རྒྱས་པར་བསྟན་པར་བྱ་བའི་ཕྱིར་རམ། རྩོད་པ་གཞན་བསྟན་པར་བྱ་བའི་དོན་དུ་ཡང་བརྗོད་དོ། །དེ་ལ་སྤྱི་དང་ཁྱད་པར་གྱི་བདག་ཉིད་བསྒྲུབ་པར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་ཁ་ཡར་བའི་སྦྱོར་བ་གཉིས་བཤད་
པ་ནི། དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཞེས་བྱ་བ་ནི་ཅུང་ཟད་བརྗོད་པར་འདོད་པའི་དངོས་པོ་བུམ་པ་ལ་སོགས་པའོ། །གལ་ཏེ་བུམ་པ་ལ་སོགས་པའི་དངོས་པོ་དེ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་དང་མི་མཚུངས་པར་འགྱུར་ན་སྟེ། གལ་ཏེ་དེ་ལས་ལྡོག་པར་གྱུར་
ན་དེའི་ཚེ་དེ་ནམ་མཁའི་མེ་ཏོག་ལས་ཁྱད་པར་མེད་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་དངོས་པོ་གཞན་ལས་ལྡོག་པའི་ཕྱིར་རོ། །དངོས་པོ་གཞན་ལས་ལྡོག་པ་ནི་ནམ་མཁའི་མེ་ཏོག་སྤངས་ནས་གོ་སྐབས་སྲིད་པ་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་དེ་ནམ་མཁའི་མེ་ཏོག་དང་མི་
མཚུངས་པ་ཉིད་འདོད་པ་ན། དངོས་པོ་གཞན་དང་མཚུངས་པའི་དངོས་པོ་ཞེས་བྱ་བ་ཉིད་སྤྱིར་ཁས་བླང་བར་བྱ་དགོས་པའི་ཕྱིར་སྤྱི་ཡིན་པར་གྲུབ་བོ། །འོ་ན་ཇི་ལྟར་ཁྱད་པར་གྱི་བདག་ཉིད་ཡིན་ཞེ་ན། འདིར་བརྗོད་པ། མི་འདྲ་བ་དང་བྲལ་ཞེ་ན། །དེ་ལས་ཐ་དད་མི་འགྲུབ་བོ། །གལ་ཏེ་
བུམ་པ་ལ་སོགས་པའི་དངོས་པོ་དེ་ཉིད་སྣམ་བུ་ལ་སོགས་པའི་ངོ་བོ་དང་མི་འདྲ་བ་ཉིད་དེ་དང་བྲལ་བར་གྱུར་ན་སྟེ། གལ་ཏེ་བུམ་པ་ལ་སོགས་པ་དེ་དང་མི་འདྲ་བར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ་ཞེས་བུམ་པ་ལ་སོགས་པ་སྣམ་བུ་ལ་སོགས་པ་ལས་
ཐ་དད་དུ་གྲུབ་པར་མི་འགྱུར་ཏེ། རང་རང་གི་ངོ་བོ་བཞིན་ནོ། །ཐ་དད་པ་ཡང་ཡིན་ཏེ། དེ་ལྟ་བས་ན་ཁྱད་པར་གྱི་བདག་ཉིད་དུ་ཡང་གྲུབ་བོ། །མངོན་པར་འདོད་པའི་དངོས་པོ་ནི། །ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཉིས་པོ་འདི་ཉིད་ཀྱི་དོན་རྒྱས་པར་སྒྲུབ་པར་བྱེད་དོ། །རྣམ་པ་གཞན་དུ་ཞེས་བྱ་བ་
ལ་སོགས་པ་ནི་སྤྱིའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་འཐད་པ་གཞན་བཤད་དོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་དངོས་པོ་གཞན་དང་མི་མཚུངས་པར་གྱུར་ན། དེའི་ཚེ་ཅིའི་ཕྱིར་དངོས་པོ་དངོས་པོ་ཞེས་བྱ་བའི་ཐ་མི་དད་པའི་བློ་བུམ་པ་ལ་སོགས་པ་ཁོ་ན་ལ་འགྱུར་གྱི་བྱ་རོག་གི་

སེ་ལ་སོགས་པ་ལ་ནི་མ་ཡིན་ཞེས་བྱ་བ་དེ་ལ་རྒྱུ་བརྗོད་པར་བྱ་དགོས་སོ། །འདྲ་བ་ཉིད་རྒྱུ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ཉིད་སྤྱི་ཡིན་པའི་ཕྱིར་སྤྱི་གྲུབ་སྟེ། འདྲ་བ་ནི་སྤྱིའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་ཁོ་ན་ལ་རྗེས་སུ་འགྲོ་བ་ཅན་གྱི་ནུས་པ་ཡོད་ཀྱི། བྱ་
རོག་གི་སོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བའི་ནུས་པའི་རང་བཞིན་དེ་རྒྱུ་ཡིན་ནོ་ཞེ་ན། དེ་ཡང་འདི་ཉིད་ཀྱིས་ཏེ། འདྲ་བས་བརྗོད་པ་ཡིན་ཏེ་ཞེས་བཤད་པ་ཡིན་ནོ། །འདི་ལ་ཡང་འདྲ་བ་བཞིན་དུ་ལན་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ཉིད་སྤྱིའི་
ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་བུམ་པ་ལ་སོགས་པ་ཐམས་ཅད་དངོས་པོའི་ངོ་བོས་ཕན་ཚུན་དུ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཐ་དད་པར་བསྒྲུབ་པར་བྱ་བའི་དོན་དུ། གལ་ཏེ་ལྡོག་མཚམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་མཚམས་
དངོས་དག་ལས་ཞེས་བྱ་བ་ནི་སྣམ་བུ་ལ་སོགས་པ་དོན་གཞན་དག་ལས་སོ། །གལ་ཏེ་བུམ་པ་ལ་སོགས་པ་མི་འདྲ་བ་དང་བྲལ་བར་གྱུར་ན་དེའི་ཚེ་ཐ་མི་དད་པའི་ཕྱིར་དེ་དག་ལས་ཏེ། སྣམ་བུ་ལ་སོགས་པ་ལས་བུམ་པ་ལ་སོགས་པ་ཐ་དད་དུ་མི་འགྱུར་ཏེ། བདག་གི་ངོ་བོ་བཞིན་དུ་ཐ་མི་དད་པ་
ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བུམ་པ་ལ་སོགས་པ་དེ་དག་ལས་བུམ་པ་ལ་སོགས་པའི་རང་བཞིན་གང་ཡིན་པ་དེ་ཉིད་མི་འདྲ་བ་ཉིད་དུ་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་། བུམ་པ་ལ་སོགས་པ་རྣམས་མི་འདྲ་བ་ཉིད་ཡིན་ན་ཡང་སྣམ་བུ་ལ་སོགས་པ་ལས་
ཐ་དད་པ་མེད་དོ་ཞེས་བྱ་བ་ནི། རང་གི་ཚིག་དང་འགལ་བ་ཡིན་ཏེ། ཐ་དད་པ་དང་མི་འདྲ་བ་ཉིད་ནི་རྣམ་གྲངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་བསྒྲུབས་ནས། སྤྱི་དང་ཁྱད་པར་དེ་དག་མ་འཆོལ་བས་ཐ་སྙད་ཀྱི་རྒྱུ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་དེ་ཡིས་
དངོས་གཅིག་ཀྱང་། །ཞེས་བྱ་བ་སྨོས་ཏེ། འདི་དོན་དམ་པར་ནི་འདི་ཡིན་ཏེ། ནོར་བུ་གཟི་བཞིན་དུ་གཅིག་གིས་དངོས་པོ་ཉིད་ནི་རྣམ་པ་དུ་མ་ཅན་ཡིན་ལ། རྣམ་པ་དེ་དག་ཀྱང་ཁ་ཅིག་ནི་རྗེས་སུ་འཇུག་པའི་གློས་གཟུང་བར་བྱ་བ་ཡིན་ལ། ཁ་ཅིག་ནི་ལྡོག་པར་བློས་གཟུང་བར་བྱ་བ་ཡིན་ནོ། །

དེ་གང་དག་རྗེས་སུ་འཇུག་པའི་བློས་གཟུང་བར་བྱ་བ་དེ་དག་ནི་རྗེས་སུ་འཇུག་པ་ཉིད་ཀྱིས་སྤྱི་ཞེས་བསྒྲགས་ལ། དེ་ལས་གཞན་བཟློག་པའི་བློས་གཟུང་བར་བྱ་བ་གང་དག་ཡིན་པ་དེ་དག་ནི་ལྡོག་པའི་ཕྱིར་ཁྱད་པར་ཞེས་བརྟག་གོ། །དེ་ལ་རྗེས་སུ་འཇུག་
པའི་བློ་ནི་དངོས་པོ་དངོས་པོ་ཞེས་བྱ་བ་ལ་སོགས་པ་ཐ་མི་དད་པའི་རྣམ་པ་ཅན་དག་གོ། །ལྡོག་པའི་བློ་ནི་འདི་ནི་བུམ་པ་ཡིན་གྱི། སྣམ་བུ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐ་དད་པའི་རྣམ་པ་ཅན་དག་གོ། །དེའི་ཕྱིར་འདི་ལ་ལན་འདེབས་པར་བྱེད་པ་ནི། སྤྱི་དང་
ཁྱད་པར་ཕན་ཚུན་དུ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྤྱི་གང་ཡིན་པ་དེ་ཉིད་ཁྱད་པར་ཡིན་ནམ་འོན་ཏེ་སྤྱི་ཡང་གཞན་ཡིན་ལ་ཁྱད་པར་ཡང་གཞན་ཡིན་ལ་ཞེས་བྱ་བའི་ཕྱོགས་གཉིས་སོ། །དེ་ལ་ཕྱོགས་དང་པོ་ལ་སྤྱི་དང་ཁྱད་པར་དག་གཅིག་གི་རང་བཞིན་གཅིག་ཡིན་
ན་འཆོལ་བ་ཉིད་དུ་འགྱུར་ལ། དེ་ལྟ་ཡིན་དང་། འདི་ནི་སྤྱིའོ། །འདི་ནི་ཁྱད་པར་རོ་ཞེས་བྱ་བའི་རྣམ་པར་དབྱེ་བ་མེད་པའི་ཕྱིར་དོན་དམ་པར་དངོས་པོ་གཅིག་གཉིས་ཀྱི་ངོ་བོར་འཐད་པར་མི་འགྱུར་རོ། །ཅི་སྟེ་འཆོལ་བར་གྱུར་ན་མི་རུང་ངོ་སྙམ་པས་ཕྱོགས་གཉིས་པ་ལ་རྟེན་པར་བྱེད་པ་དེའི་
ཚེ་གཅིག་གི་རང་བཞིན་གཅིག་མ་ཡིན་པར་ཁས་ལེན་པར་བྱེད་ན་དུ་མ་ཉིད་དུ་སྟེ། སྤྱི་དང་ཁྱད་པར་དག་རང་བཞིན་ཐ་དད་པར་ཐལ་བར་འགྱུར་གྱི་དེ་ལྟ་ན་ནི་འདི་དག་མ་འཆོལ་བ་ཉིད་དུ་ནི་འགྱུར་རོ། །གལ་ཏེ་འདི་དག་དུ་མ་ཉིད་དུ་ནི་འགྱུར་ན། དེ་ལྟ་བས་དང་དེ་ལྟ་བུ་ཡིན་ན་ཡང་སྟེ་དུ་མ་
ཉིད་ཡིན་ན་ཡང་དངོས་པོ་གཉིས་ཉིད་གྲུབ་པ་ཁོ་ནར་ཟད་པའི་ཕྱིར། དངོས་པོ་གཅིག་གཉིས་ཀྱི་ངོ་བོར་ནི་རིགས་པ་མ་ཡིན་ནོ། །ཡང་ཅི་སྟེ། གལ་ཏེ་སྤྱི་དང་ཁྱད་པར་དག་ཕན་ཚུན་གྱི་རང་བཞིན་གྱིས་དབེན་པར་གྱུར་པ་དེ་ལྟ་ན་ཡང་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱི་
དངོས་པོ་ནི་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཕན་ཚུན་འགལ་བ་ཡིན་ཏེ། འདི་ལྟར་དངོས་པོ་གཅིག་ལས་སྤྱི་དང་ཁྱད་པར་དག་ཐ་མི་དད་པར་ཁས་ལེན་པར་བྱེད་པ་ན་ཇི་ལྟར་འདི་དག་ཕན་ཚུན་གྱི་རང་བཞིན་གྱིས་དབེན་པ་གྲུབ་པར་འགྱུར། གཅིག་ལས་ཐ་མི་དད་པ་ན་དངོས་པོ་གཅིག་གི་

རང་བཞིན་དུ་དེ་དག་ཀྱང་ཐ་མི་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྤྱི་དང་ཁྱད་པར་དག་གི་རང་བཞིན་ཕན་ཚུན་དབེན་པར་ཁས་ལེན་ན། དེ་དག་གིས་ཐ་མི་དད་པའི་དངོས་པོ་གཅིག་གྲུབ་པར་མི་འགྱུར་ཏེ། དེ་དག་ལས་ཐ་མི་དད་པའི་ཕྱིར་གཅིག་ཉིད་དུ་མངོན་པར་འདོད་པ་དེ་ཡང་སྤྱི་དང་
ཁྱད་པར་གྱི་ངོ་བོ་བཞིན་དུ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་གཅིག་གཉིས་ཀའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ། །གལ་ཏེ་རང་བཞིན་གཅིག་ཅེས་བྱ་བ་ལ་སོགས་པས་ལེགས་པའི་བློ་གྲོས་ཀྱི་ལུགས་ཀྱིས་དོགས་པ་བསུ་བ་ཡིན་
ཏེ། འདིར་དེས་རྩོད་པ་བཀོད་པ་སྔོན་དུ་འགྲོ་བ་ཅན་གྱི་ལན་བཏབ་པ་སྨྲས་པ་གྲགས་ཏེ། འོན་ཏེ་སྤྱི་དང་ཁྱད་པར་དག་ཕན་ཚུན་རང་བཞིན་དང་བྲལ་བར་ཁས་ལེན་པར་མི་བྱེད་ན་འཆོལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། སྐྱོན་འདི་ནི་མེད་དེ། དེ་དག་རང་བཞིན་ཐ་དད་པ་ཡིན་ན་ཡང་བརྡ་
ལས་བྱུང་བའི་ཆོས་ཐ་དད་པ་འདི་འགྲུབ་པར་འགྱུར་ཏེ། བྱེད་པ་པོའི་ནུས་པ་བཞིན་ནོ། །ཇི་ལྟར་སྤྲིན་ལས་གློག་འབྱུང་ངོ་། །སྤྲིན་ལས་གློག་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་ཐ་དད་པའི་བདག་ཉིད་ཀྱི་བྱེད་པ་པོའི་ནུས་པ་རྣམས་དམིགས་པ་ཡིན་ནོ། །རྫས་ཀྱི་རང་བཞིན་དང་ཐ་མི་
དད་པ་ལས་འཆོལ་བ་ཉིད་ཡིན་ན་ཡང་དེ་ཁས་མི་ལེན་པ་ན་བསྟན་བཅོས་དང་འཇིག་རྟེན་དུ་འགལ་བར་འགྱུར་གོར་མ་ཆག་གོ། །གཞན་ཡང་མཐོང་བ་ལ་མི་འཐད་པ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། འདི་ལྟར་སྤྱི་དང་ཁྱད་པར་དག་དངོས་པོ་གཅིག་ཉིད་ཡིན་ན་ཡང་འཇིག་རྟེན་གྱིས་མ་
བཅོལ་བར་ཐ་དད་པའི་ཐ་སྙད་དམིགས་པ་ཉིད་ཡིན་ནོ། །འཇིག་རྟེན་ཐ་དད་པས་ཐ་སྙད་འཇུག་པ་ནི་འཇིག་རྟེན་ཐ་སྙད་འཇུག་པ་སྟེ། དེ་བདག་ཉིད་གཅིག་པོ་གང་གིས་རྗེས་སུ་འཇུག་པ་དེ་ལ་དེ་སྐད་ཅེས་བྱའོ། །སྦྱོར་བ་ནི་གང་ཞིག་དངོས་པོ་གཅིག་ལ་ཐ་དད་པའི་ཐ་སྙད་ཡིན་པ་དེ་ནི་ཆོས་ཐ་དད་པའི་
རྒྱུ་མཚན་ཅན་ཡིན་ཏེ། བྱེད་པ་པོའི་ནུས་པ་རྣམས་བཞིན་ནོ། །སྤྱི་དང་ཁྱད་པར་གྱི་མཚན་ཉིད་འདི་ཡང་དངོས་པོ་གཅིག་ལ་ཐ་དད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིས་ནི་གཏན་ཚིགས་འགལ་བ་

ཉིད་དུ་བསྟན་ཏེ། འདོད་པ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདི་ལྟར་རྒོལ་བས་དོན་དམ་པར་ཆོས་ཐ་དད་པར་བསྒྲུབ་པར་འདོད་ལ། མ་བརྟགས་པའི་ཆོས་ཐ་དད་པ་དེ་ཡང་གྲུབ་པ་མ་ཡིན་ཏེ། དངོས་པོ་གཅིག་གི་བདག་ཉིད་དུ་ཁས་མི་ལེན་པའི་ཕྱིར་ལ་
དངོས་པོ་གཅིག་པོ་དེ་ནི་ཐ་དད་པར་འགལ་བའི་ཕྱིར་རོ། །གང་གི་ཕྱིར་ཐ་དད་པ་ཞེས་བྱ་བ་ནི་སྟེ་ཚོགས་པ་ཉིད་ལ་བརྗོད་ལ། གང་ཡང་སྣ་ཚོགས་པ་དེ་ཅི་ལྟར་གཅིག་ཏུ་འགྱུར། དཔེ་བསྒྲུབ་པར་བྱ་བས་སྟོང་པ་འབའ་ཞིག་ཏུ་མ་ཟད། འོན་ཀྱང་གཏན་ཚིགས་ལ་བསྒྲུབ་བྱ་ལས་བཟློག་པས་
ཁྱབ་བོ་ཞེས་བསྟན་པའི་ཕྱིར། ནུས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གལ་ཏེ་ཡང་ཐ་དད་པ་ཞེས་བྱ་བ་སྣ་ཚོགས་པ་ཉིད་དུ་བརྗོད་མོད། གང་གིས་དེ་བཟློག་པ་སྒྲུབ་པར་བྱེད་པས་འགལ་བར་འགྱུར་བ་དངོས་པོ་གཅིག་པོ་དེ་ཉིད་སྣ་ཚོགས་པར་འགྱུར་བ་ཇི་ལྟར་འགལ་
སྙམ་ན། དངོས་པོ་གཅིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དེ་ཉིད་ཅེས་བྱ་བ་ནི་དེ་ཉིད་དུ་བརྗོད་པ་དེ་ནི་གཅིག་ཅེས་བྱ་སྟེ། དཔེར་ན་སེམས་པ་ཅན་སྐྱེས་བུ་གཉིས་བཞིན་ནོ། །དངོས་པོ་ཡིན་ན་དེ་ཉིད་བཀག་ན་གཞན་ཉིད་ཡིན་ཏེ། དཔེར་ན་འབྱུང་བ་དང་སེམས་ཅན་གཉིས་
བཞིན་ནོ། །དེ་ལྟ་ཡིན་དང་། སྒྲུབ་པ་དང་དགག་པ་དང་གཅིག་ལ་མི་རུང་བའི་ཕྱིར། དེའི་དངོས་པོ་དང་དེ་མ་ཡིན་པའི་དངོས་པོའི་མཚན་ཉིད་ཀྱི་གཅིག་དང་དུ་མ་དག་ཕན་ཚུན་འགལ་བའི་ཕྱིར་གཅིག་གི་ཐ་དད་པ་ནི་བཏགས་པ་ཉིད་ཡིན་ནོ། །ཇི་ལྟར་དེ་དངོས་པོ་དང་དེ་མ་ཡིན་པའི་དངོས་པོ་འགལ་བ་ཡིན་
ཞེ་ན། རང་བཞིན་གནས་པ་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་ཆོས་ཐ་དད་པ་བརྟགས་པའི་རྒྱུ་མཚན་ཅི་ཡིན། འདི་གདོན་མི་ཟ་བར་རྒྱུ་མཚན་ཐ་དད་པར་འགྱུར་བར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་རྣམ་པར་གཞག་པ་འཁྲུལ་བར་འགྱུར་རོ། །དེ་ལྟ་ཡིན་དང་ཐ་དད་པའི་རྒྱུ་
མཚན་གང་ཡིན་པ་དེ་ཉིད་ཁོ་བོ་ཅག་གི་དོན་དམ་པའི་ཆོས་ཐ་དད་པ་ཡིན་ནོ་སྙམ་དུ་སེམས་ན། རིགས་མཐུན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རིགས་མཐུན་པ་དང་རིགས་མི་མཐུན་པ་ཡང་ཡིན་ལ། དུ་མ་ཡང་ཡིན་ནོ་ཞེས་བྱ་བ་ནི་ལས་འཛིན་པའོ། །དེ་ལྟ་བས་ན་ལྡོག་པ་ཡང་

ཡིན་ལ་དངོས་པོ་མ་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །དངོས་པོ་གཅིག་པོ་དེ་རིགས་མཐུན་པ་དང་རིགས་མི་མཐུན་པ་དེ་ལས་ལྡོག་པ་དེ་ནི་ཆོས་ཐ་དད་པ་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་ནོ། །དེ་ལྟ་བས་ན་གང་གི་ཕྱིར་བརྟགས་པའི་དུ་མ་སྲིད་པ་དེའི་ཕྱིར་དངོས་པོ་གཅིག་ལ་ཡང་དག་པའི་
གཉིས་ཀྱི་ངོ་བོ་ཉིད་འཐད་པ་མ་ཡིན་ནོ། །ཡང་གི་སྒྲ་ནི་སྤྱིར་ཆོས་ཐ་དད་པ་སྔོན་དུ་འགྲོ་བ་ཙམ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་བསྟན་པ་ཡིན་ནོ། །འདི་སྙམ་དུ་མིའི་སེང་གེ་ལ་སོགས་པ་དག་གིས་མ་ངེས་པ་ཡིན་ཏོ། འདི་ལྟར་མིའི་སེང་གེ་ལ་སོགས་པ་རང་བཞིན་གཅིག་ཡིན་ཡང་ཡང་
དག་པ་གཉིས་ཀྱི་ངོ་བོ་ཉིད་མི་འགལ་བར་དམིགས་པ་ཁོ་ནའོ་སྙམ་དུ་སེམས་ན། གང་ཡང་མིའི་སེང་གེ་ལ་སོགས་ཞེས་བྱ་བ་སྨོས་ཏེ། སོགས་པའི་སྒྲས་ནི་ནོར་བུ་གཟི་ལ་སོགས་པ་གཟུང་ངོ་། །དེ་ཞེས་བྱ་བ་ནི་མིའི་སེང་གེའོ། །འདུས་པ་ནི་ཚོགས་པའོ། །འདི་ལ་གཟུགས་ཡོད་པས་ན་
གཟུགས་དང་ལྡན་པའོ། །གཅིག་གི་གཟུགས་དང་ལྡན་ཞེས་ཚིག་རྣམ་པར་སྦྱར་རོ། །འདིས་ནི་ཕྱིར་རྒོལ་བ་ལ་དཔེ་མ་གྲུབ་པར་བསྟན་ཏེ། སངས་རྒྱས་པ་ལ་མིའི་སེང་གེ་ཡན་ལག་ཅན་གཅིག་བསྒྲུབ་པ་མ་ཡིན་ཏེ། རྡུལ་ཕྲ་རབ་དུ་མ་ཚོགས་པ་ཡིན་པའི་ཕྱིར་རོ། །དེ་ལ་གཅིག་ཉིད་
དགག་པ་ལ་ཚད་མ་བཤད་པ། གང་སྣ་ཚོགས་པ་དེ་ནི་གཅིག་མ་ཡིན་ཏེ། རིན་པོ་ཆེའི་རིགས་དུ་མའི་ཚོགས་པ་བཞིན་ནོ། །མིའི་སེང་གེ་ཡང་སྣ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའམ། ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །གཅིག་ཡིན་ན་
གཉིས་ཀྱི་ངོ་བོ་ཉིད་ཀྱི་རྒྱུ་མཚན་སྣ་ཚོགས་སུ་སྣང་བ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མ་སྟེ། ཐ་དད་པར་རྣམ་པར་གཞག་པའི་རྒྱུ་མཚན་ནི་སྣང་བ་ཐ་དད་པ་ཡིན་པའི་ཕྱིར་རོ། །ཕྱོགས་གཅིག་བསྒྲིབ་པ་ན་ཐམས་ཅད་བསྒྲིབས་པར་ཐལ་བར་འགྱུར་བ་ཡང་གནོད་པ་ཅན་གྱི་
ཚད་མའོ། །བསྒྲིབས་པ་དང་མ་བསྒྲིབས་པ་འགལ་བའི་ཆོས་དང་ལྡན་པ་དག་གཅིག་ལ་ཅིག་ཅར་རིགས་པ་མ་ཡིན་ནོ། །གལ་ཏེ་རྡུལ་ཕྲ་རབ་དུ་མ་འདུས་པ་ཙམ་མིའི་སེང་གེ་ཡིན་ན། འོ་ན་ཇི་ལྟར་གཉིས་ཀྱིས་ངོ་བོ་དང་ལྡན་པའི་གཅིག་གི་དངོས་པོར་ངེས་པའི་ཤེས་པ་ཡིན་ཞེ་ན། རྡུལ་

ཕྲན་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དང་སེང་གེ་དག་གི་ཆ་གང་ཡིན་པ་དེ་དག་དང་ལྡན་པ་སྟེ་སྣང་བར་བྱས་པའི་ངོ་ཤེས་པ་གང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཚེ་རྡུལ་ཕྲ་རབ་དེ་ཉིད་རང་བཞིན་གྱིས་དེ་ལྟ་བུར་གྱུར་པའི་ངོ་བོ་ཤེས་པའི་རྒྱུར་གྱུར་པ་དེའི་ཚེ་ཡན་
ལག་ཅན་གཞན་བརྟགས་པས་ཅི་ཞིག་བྱ། དེ་དག་གི་དེ་འདྲ་བའི་རང་བཞིན་དེ་ཡང་གང་ལས་བྱུང་ཞེ་ན་བཤད་པ། ཁྱད་པར་ཅན་གྱི་རྐྱེན་འབྱུང་ཕྱིར། །རྒྱུ་ཁྱད་པར་ཅན་ལས་སྐྱེས་པའི་ཕྱིར་རོ། །དེ་ལ་ཁྱད་པར་ཅན་ནི་སྦྱོར་བ་དང་འགྲོ་བའི་ཁྱད་པར་འགྲུབ་པར་བྱེད་པའི་ལས་དང་རིགས་མཐུན་
པའི་ལས་བྱུང་བའི་ནུར་ནུར་པོ་ལ་སོགས་པའོ། །མིའི་སེང་གེ་རྣམ་པར་དཔྱོད་པ་འདི་ཉིད་ཀྱིས་ནོར་བུ་གཟི་ལ་སོགས་པ་ཡང་བཤད་པའི་ཕྱིར། དེ་དག་གི་སུན་འབྱིན་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །ཐམས་ཅད་དངོས་པོའི་ངོ་བོ་ཡིས། །ཕན་ཚུན་ཐ་དད་པ་མ་ཡིན། །ཞེས་གང་
སྨྲས་པ་འདི་ལ་དོན་བྱེད་པར་མི་ནུས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་ནུས་པའི་ངོ་བོ་གང་ཡིན་པ་དེ་ཉིད་དངོས་པོ་ཞེས་བྱའི་གཞན་ནི་མ་ཡིན་ནོ། །གལ་ཏེ་དེ་ཐམས་ཅད་རྗེས་སུ་འགྲོ་བ་ཡིན་ན་ཡང་ཐམས་ཅད་ཐམས་ཅད་ཀྱི་བྱ་བ་བྱེད་པར་འགྱུར་ཏེ། སྐྱེད་པར་བྱེད་པ་ཐམས་
ཅད་དེ་ཉིད་ཀྱི་ངོ་བོར་འདོད་ལ། དེ་ཡང་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར། གང་ཅུང་ཟད་འབྲས་བུ་གང་ཅི་ཡང་རུང་བ་ལས་སྐྱེ་བར་འགྱུར་རོ། །ཅི་སྔོན་པོ་དང་སེར་པོ་ལ་སོགས་པ་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་ནམ། འོན་ཏེ་གཞན་ཡིན། གལ་ཏེ་དེ་ཉིད་ཡིན་ན་དེའི་ཚེ་དེ་རྗེས་སུ་འགྲོ་
བ་ཡིན་པའི་ཕྱིར། དཀར་པོ་དང་སེར་པོ་ལ་སོགས་པ་ཡང་སྔོན་པོས་བསྒྲུབ་པར་བྱ་བའི་གོས་ཁ་བསྒྱུར་བ་ལ་སོགས་པའི་དོན་གྱི་བྱ་བ་བྱེད་པར་འགྱུར་རོ། །གཞན་ཡང་རང་བཞིན་གཉིས་པ་མེད་པའི་ཕྱིར་གཅིག་ཉིད་ཡོད་པའི་ཕྱིར་འགྲོ་བ་ཐམས་ཅད་དངོས་པོ་གཅིག་ཏུ་འགྱུར་བས་གཅིག་དུ་མའི་
རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་དམ་བཅའ་བ་ཉམས་པར་འགྱུར་རོ། །ཅི་སྟེ་དངོས་པོ་ཉིད་སྔོན་པོ་ལ་སོགས་པ་ལས་གཞན་ཉིད་ཡིན་ཏེ། གཟེགས་ཟན་གྱིས་འདོད་པའི་ཡོད་པ་ཡིན་ནོ། །དཔེར་ན་གཟེགས་ཟན་ཏེ་གཟེགས་མ་ཟ་བར་འདོད་པའི་ཇི་ལྟར་ཡོད་པ་ཞེས་བྱ་བ་ཐ་དད་པའི་དངོས་པོ་ཉིད་ཅེས་བྱ་

བ་ཡིན་ན། དེ་ལྟ་ན་ཡང་གཅིག་ལ་དུ་མ་ཉིད་མི་རིགས་པས་གསལ་རབ་པ་ཡིན་ཏེ། གཅིག་ཏུ་ཐ་དད་པའི་ཕྱིར་རོ། །གཞན་ཡང་གང་དག་འགལ་བའི་ཆོས་དང་ལྡན་པ་དེ་དག་ནི་ཐ་དད་པ་ཡིན་ཏེ། གྲང་བ་དང་ཚ་བ་དག་ལྟ་བུའོ། །སྤྱི་དང་ཁྱད་པར་དག་ལ་ཡང་འགལ་བའི་ཆོས་དང་ལྡན་པ་
ཡོད་དེ། རྗེས་སུ་འགྲོ་བ་དང་རྣམ་པ་གཞན་གྱི་ངོ་བོ་ཡིན་པའི་ཕྱིར་དེ་དག་ཐ་དད་པར་གསལ་ལོ། །གལ་ཏེ་རྣམ་པ་གཞན་གྱི་ངོ་བོ་དང་རྗེས་སུ་འགྲོ་བ་འགལ་བའི་ཆོས་དང་ལྡན་པ་ཡིན་ན་ཡང་ཐ་དད་དུ་མི་འདོད་པ་དེའི་ཚེ་གང་ཡང་འདི་སྔོན་པོ་དང་སེར་པོ་དག་གི་ཅི་ཞིག་ལྟར་ཁྱད་པར་གྱི་ངོ་བོས་ཐ་དད་པ་འདོད་
པ་དེར་མི་འགྱུར་ཏེ། བློ་ཐ་དད་ཕྱིར་གཟུགས་ལ་སོགས། །གཅིག་ཏུ་ཐལ་བར་འགྱུར་བའང་མིན། །ཞེས་བཤད་པའི་ཕྱིར། ཀུ་མཱ་ར་རི་ལས་སྔོན་པོ་ལ་སོགས་པ་ཐ་དད་དུ་བརྗོད་པའི་ཕྱིར་རོ། །དཔེར་ན་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རི་ལའི་ལུགས་ཀྱིས་ཡང་མ་ངེས་པ་ཉིད་དུ་སྟོན་
པ་ཡིན་ཏེ། ཁ་དོག་ལྔ་པོ་ནི་ཁ་དོག་སྣ་ཚོགས་པའོ། །དེ་ཇི་ལྟར་སྔོན་པོ་ཞེས་བྱ་བའམ། སེར་པོ་ཞེས་བྱ་བའམ། དམར་པོ་ཞེས་བྱ་བ་ལ་སོགས་པས་ཇི་ལྟར་འདོད་པའི་གཟུགས་འཛིན་ཏེ། གཟུགས་ངེས་པ་དེ་བཞིན་དུ་ངོ་བོ་དུ་མའི་དངོས་པོ་སྣ་ཚོགས་པ་རང་དང་གཞན་གྱི་ངོ་བོ་
དག་གིས་སམ། སྤྱི་དང་ཁྱད་པར་གྱི་ངོ་བོ་དག་གིས་ཡོད་པ་དང་མེད་པའི་བདག་ཉིད་གཉིས་ཀྱི་བདག་ཉིད་དུ་འདོད་པའི་དབང་གིས་ཐ་དད་དུ་ངེས་པ་ཡིན་ནོ། །གང་གི་ཚེ་ཐ་དད་དུ་ངེས་པར་གཟུང་བར་འདོད་པ་དེའི་ཚེ། དེ་ངེས་པར་འཛིན་པར་བྱེད་ལ། གང་གི་ཚེ་ཐ་མི་དད་པ་སྟེ་སྤྱི་
ངེས་པར་གཟུང་བར་འདོད་པ་དེའི་ཚེ་ངེས་པར་འཛིན་པར་བྱེད་དོ། །གང་གི་ཚེ་སྤྱི་དང་ཁྱད་པར་གྱི་བདག་ཉིད་དངོས་པོ་གཅིག་པར་སྐད་ཅིག་གིས་རྟོགས་པ་དེའི་ཚེ་གཞན་དང་གཞན་མ་ཡིན་པའི་ཐ་དད་པ་ལ་སོགས་པའི་རྩོད་པ་འཇིག་སྟེ། ངེས་པར་མི་འཛིན་ཞེས་བྱ་བའི་དོན་ཏེ། ཁྲ་བོའི་
དངོས་པོ་མངོན་སུམ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེ་ལས་གཞན་དང་གཞན་མ་ཡིན་པ་ལ་སོགས་པ་རྩོད་པ་ནི་འདི་ཡིན་ཏེ། ཐ་དད་པ་དག་ལས་གཞན་མ་ཡིན་པའི་ཕྱིར། སྤྱི་ཡང་གོང་བུ་བཞིན་དུ་རང་གི་ངོ་བོ་ཐ་དད་པར་ཐལ་བར་འགྱུར་བའམ། སྤྱི་ལས་ཐ་མི་དད་པའི་ཕྱིར། ཐ་དད་པ་

རྣམས་ཀྱང་སྤྱི་བཞིན་དུ་ཐ་མི་དད་པར་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཐ་དད་པ་དང་ཐ་མི་དད་པའི་སྤྱི་དང་ཁྱད་པར་དག་ཇི་ལྟར་འགལ་བར་འགྱུར་བ་དང་། སོགས་པའི་སྒྲས་གཅིག་དང་ཕན་ཚུན་འགལ་བ་དག་དང་དེ་བཞིན་དུ་དེ་ཉིད་སྤྱིའོ། །དེ་ཉིད་ཁྱད་པར་རོ་ཞེས་བྱ་བ་
དེ་ལྟ་བུ་ལ་སོགས་པ་གཟུང་བར་བྱའོ། །དེ་ལྟ་ན་ཐམས་ཅད་དུ་ཁྲ་བོ་རྟོགས་པར་འགྱུར་གྱི། རིམ་དང་ཅིག་ཅར་དག་གིས་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། ངོ་བོ་དུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་མམ་ཅིག་ཅར་གྱིས་འདིའི་སྤྱི་དང་ཁྱད་པར་ལ་སོགས་པའི་ངོ་བོ་རྣམ་པར་
འཇོག་པ་གང་ཡིན་པ་དེ་ནི་བརྗོད་པར་འདོད་པའི་དབང་གིས་སོ། །གང་གི་ཚེ་ཅིག་ཅར་སྤྱི་དང་ཁྱད་པར་གྱི་ངོ་བོའམ་ཡོད་པ་དང་མེད་པའི་ངོ་བོར་བརྗོད་པར་འདོད་ན་དེ་འདིའི་ངོ་བོར་རྣམ་པར་གཞག་གོ། །ཅི་སྟེ་རིམ་གྱིས་ཡོད་པའི་ངོ་བོ་དང་མེད་པའི་ངོ་བོའམ་སྤྱི་དང་ཁྱད་པར་གྱི་བརྗོད་པར་
འདོད་ན་དེའི་ཚེ་འདི་དེའི་ངོ་བོར་རྣམ་པར་གཞག་གོ། །དེའི་ངོ་བོ་ཐམས་ཅད་ནི་འདོད་པས་རིམ་དང་རིམ་མ་ཡིན་པ་དག་གིས་བསྟན་ཏེ། རིན་པོ་ཆེ་སྣ་ཚོགས་པའི་མཛོད་ན་མརྒད་དང་པད་མ་དམར་པོ་ལ་སོགས་པ་བཞིན་ནོ། །ཡང་རིམ་དང་རིམ་མ་ཡིན་པ་ལས་མ་གཏོགས་པ་རྣམ་པ་གཞན་
གྱིས་ཅིའི་ཕྱིར་མི་སྟོན་ཅེ་ན། ཚིག་རྣམས་རྣམ་པ་གཞན་ཡོད་མིན། །ཞེས་བྱ་བ་སྨོས་ཏེ། རིམ་དང་ཅིག་ཅར་གྱིས་འཇུག་པ་དག་ལས་ཞེས་བྱ་བ་ལ་ལྟོས་པར་བྱའོ། །རྣམ་པ་ནི་ཚུལ་ལོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གཅིག་སྣ་ཚོགས་པ་ནི་ཕན་
ཚུན་འགལ་བ་ཡིན་ནོ་ཞེས་བྱ་བ་འདི་ནི། སྣ་ཚོགས་གང་དེ་གཅིག་མ་ཡིན། །ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ།། །།གང་གི་ཕྱིར་སྣ་ཚོགས་པ་ཞེས་བྱ་བས་དུ་མ་ཉིད་བརྗོད་ལ། གཅིག་ཉིད་དང་དུ་མ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ནོ། །
དེ་ལྟ་བས་ན་གཅིག་ལ་ཡང་དག་པའི་རྣམ་པ་མང་པོ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡོད་པ་དེ་ལྟ་ན་ཡང་གཅིག་ཉིད་དུ་མ་ཉིད་དུ་ཡང་བསྟན་པ་ཡིན་ནོ། །འདི་ལྟར་དངོས་པོ་གཞན་དེ་སྙེད་ཅིག་སྐྱེས་པ་ཡིན་པའི་ཕྱིར་ཡང་དག་པ་ཉིད་དུ་བསྟན་པར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི། གཅིག་དུ་མ་

ཉིད་ནི་མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །ཡང་ན། དངོས་པོ་ལས་ནི་ལྡོག་པ་ཡི། །མེད་པ་སྤངས་ནས་གོ་སྐབས་གཞན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དངོས་པོ་གཅིག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནམ་མཁའི་མེ་ཏོག་དང་ཁྱད་པར་མེད་པ་བསྒྲུབ་
པར་བྱ་བ་ལ་དངོས་པོ་ཙམ་ལས་ལྡོག་པ་གཏན་ཚིགས་ཉིད་དུ་བྱེད་ན། དེའི་ཚེ་གཏན་ཚིགས་མ་གྲུབ་སྟེ། སྣམ་བུ་ནི་དངོས་པོ་ཙམ་ལས་ལྡོག་པར་གྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ངོ་བོ་མ་གཏོགས་པའི་དངོས་པོའི་ཁྱད་པར་གཞན་ལས་སོ། །ཅི་སྟེ་དངོས་པོའི་ཁྱད་པར་ལས་
ལྡོག་པ་གཏན་ཚིགས་ཉིད་དུ་ཁས་ལེན་ན། དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་པ་སྟེ། འདི་ལྟར་བུམ་པ་ལ་སོགས་པའི་དངོས་པོ་ལས་ལྡོག་པའི་སྣམ་བུ་ལ་སོགས་པ་དེའི་བདག་ཉིད་དང་བྲལ་བར་བསྒྲུབ་པར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི། ཐམས་ཅད་དང་རང་བཞིན་མེད་པ་
ནི་མ་ཡིན་ཏེ། དེ་ཡང་དོན་བྱ་བ་བྱེད་པ་ཡིན་པའི་ཕྱིར་རོ། །གཅིག་གིས་ནུས་པའི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པས་མ་ངེས་པ་ཉིད་སྒྲུབ་པར་བྱེད་དེ། གལ་ཏེ་དོན་བྱེད་པར་ནུས་པའི་མཚན་ཉིད་ཀྱི་དངོས་པོ་ཉིད་ཅེས་བྱ་བ་རྗེས་སུ་འགྲོ་བ་ཅན་དུ་གྱུར་ན་དེ་ལས་ལྡོག་པར་རང་
བཞིན་མེད་པ་ཉིད་དུ་འགྱུར་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །ཇི་སྲིད་དུ་སྔོན་པོ་ལ་སོགས་པ་གཅིག་གི་ངོ་བོ་གང་ཡིན་པ་དེ་དཀར་པོ་ལ་སོགས་གཞན་དག་ལ་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་སྔོན་པོ་ལ་སོགས་པའི། །དངོས་ཉིད་རྗེས་སུ་འགྲོ་
བར་འདོད། །ཅེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ།། །།ཅིའི་ཕྱིར་ཞེ་ན། འབྲས་བུ་ཐ་དད་པའི་ཕྱིར་དང་། དམིགས་པ་སྣང་བ་ཐ་དད་པའི་ཕྱིར་རོ། །དམིགས་པ་ནི་ཤེས་པའོ། །དེའི་སྣང་བ་ནི་རྣམ་པའོ། །སོགས་པའི་སྒྲས་སྐྱེ་བ་དང་གནས་པ་དང་འགག་པ་ལ་སོགས་པ་
གཟུང་ངོ་། །དེ་ལྟ་བས་ན་དེ་དང་མ་འབྲེལ་པའི་གཏན་ཚིགས་ཀྱིས་དངོས་པོ་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་ཉིད་དུ་བསྒྲུབ་པར་རིགས་ཀྱི། ཁྱད་པར་མེད་པས་དངོས་པོ་མེད་པ་དང་ཁྱད་པར་མེད་པ་བསྒྲུབ་པར་རིགས་པ་ནི་མ་ཡིན་ནོ། །གང་ལས་ཤེ་ན། དེ་ལས་ཡང་དངོས་པོའི་མཚན་

ཉིད་དོན་བྱེད་པ་ཡོད་པའི་ཕྱིར་རོ། །འོན་ཏེ་ཤིན་ཏུ་ཐ་དད་པ་ཡིན་ན་ཇི་ལྟར་དངོས་པོ་དངོས་པོ་ཞེས་བྱ་བའི་རྗེས་སུ་འགྲོ་བའི་ཤེས་པར་འགྱུར། ཡང་གལ་ཏེ་འདྲ་བ་མེད་པར་གྱུར་ན་ཇི་ལྟར་དངོས་པོ་ནམ་མཁའི་མེ་ཏོག་ལས་ཐ་དད་པར་འགྲུབ་པར་འགྱུར་ཞེ་ན། དེ་ཡང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་མེད་པ་ལས་ལྡོག་པ། །ཞེས་བྱ་བ་ལ་ནུས་པ་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པའོ། །དེ་དག་ལས་དེའི་བདག་ཉིད་མ་ཡིན་པས་ལྡོག་གོ། །གང་གི་ཕྱིར་བཏགས་པའི་འདྲ་བ་ཉིད་ཡོད་པ་དེའི་ཕྱིར། དངོས་པོ་དངོས་པོ་གཞན་མི་མཚུངས། །
ཞེས་གང་སྨྲས་པ་དེ་མ་གྲུབ་པོ། །བདག་ཉིད་གང་གིས་ཞེས་བྱ་བ་ལ་སོགས་པས་ལེགས་པའི་བློ་གྲོས་ཀྱི་རྩོད་པ་དོན་པར་བྱེད་དེ། དེས་སྨྲས་པ། གལ་ཏེ་དངོས་པོ་བདག་ཉིད་གང་གིས་རིགས་མཐུན་པ་དང་རིགས་མི་མཐུན་པ་དག་ལས་ལྡོག་པའི་བདག་ཉིད་ཀྱི་དངོས་པོ་དེ་རིགས་མཐུན་པ་དང་
འདྲ་བར་གྱུར་ན། དེའི་ཚེ་རིགས་མི་མཐུན་པ་དང་ཡང་འདྲ་བ་ཉིད་དུ་ཤེས་པར་འགྱུར་ཏེ། དེའི་བདག་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །ཤེས་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རང་བཞིན་གང་གིས་རིགས་མཐུན་པ་དང་མི་མཚུངས་པར་འགྱུར་བ་དང་རང་བཞིན་གང་གིས་དེ་དང་འདྲ་
བར་ཡང་འགྱུར་བ་རང་བཞིན་ཉིད་དེ་དག་ཐ་དད་པར་འདོད་པར་བྱའོ། །གལ་ཏེ་རིགས་མཐུན་པ་ཡིན་ན་ཇི་ལྟར་དེ་དག་མི་མཚུངས་པར་འགྱུར། ཅི་སྟེ་དེ་དང་མི་མཚུངས་པ་ཡིན་ན་ཇི་ལྟར་རིགས་མཐུན་པ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་ཕན་ཚུན་འགལ་བ་ཡིན་ནོ་ཞེ་ན། སྐྱོན་འདི་ནི་མེད་དེ།
གང་གི་ཕྱིར་གཞན་གྱི་དངོས་པོ་ཐམས་ཅད་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་འདོད་དེ། དེ་ལྟ་བས་ན་དངོས་པོ་ཉིད་ལ་སོགས་པའི་སྤྱིའི་ཐམས་ཅད་རིགས་མི་མཐུན་པ་ཞེས་བརྗོད་ལ། དེ་ཉིད་ཁྱད་པར་གྱི་ངོ་བོས་ནི་རིགས་མི་མཐུན་པར་འདོད་པའི་ཕྱིར་དེ་ལ་ལྟོས་ན་ཡང་མི་མཚུངས་པ་ཞེས་
བརྗོད་པའི་ཕྱིར་སྐྱོན་མེད་དོ། །མཐུན་པ་དང་གཞན་གྱི་དངོས་པོ་ཞེས་བྱ་བ་ལ། འདི་ནི་མཐུན་པ་ཡང་ཡིན་ལ། གཞན་ཡང་ཡིན་པས་མཐུན་པ་དང་གཞན་པའི་དངོས་པོ་སྟེ་གཞན་ཞེས་བྱ་བ་ནི་མི་མཚུངས་པའོ། །ལྷག་མ་ནི་གོ་སླ་བའི་ཕྱིར་རྣམ་པར་མི་ཕྱེའོ། །གཅིག་ཏུ་རྟོགས་པའི་རྒྱུ་ཞེས་

བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རང་བཞིན་དེ་ཉིད་ཀྱིས་མཚུངས་པ། །ཞེས་བརྗོད་དེ། གཅིག་རྟོགས་པའི་ཤེས་པ་རྒྱུ་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་པ་ཡིན་ཏེ། གང་དག་གཅིག་ཏུ་རྟོགས་པ་ལ། །རྒྱུ་ཡི་དངོས་པོར་མི་འགྱུར་བ། །དེ་དག་ཉིད་ནི་མི་མཚུངས་
པ། །ཞེས་བྱ་བ་ཐ་སྙད་དུ་བྱ་བ་གང་དག་འགྱུར་བ་དེ་དག་ནི་མཚུངས་པ་ཞེས་བྱའོ། །ཡང་ཅིའི་ཕྱིར་ཐམས་ཅད་གཅིག་ཏུ་རྟོགས་པ་དེའི་རྒྱུར་མི་འགྱུར་ཏེ། ཐ་དད་པར་ཁྱད་པར་མེད་པའི་ཕྱིར་རོ་ཞེས་དོགས་པ་ལ། འགའ་ཞིག་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་
ཕྱིར་མེ་ནི་སྲེག་པར་བྱེད་པའམ་དྲོ་བ་ཡིན་གྱི་ཆུ་ནི་མ་ཡིན་ནོ་ཞེས་རང་བཞིན་ནི་བརྒལ་ཞིང་བརྟག་པར་འོས་པ་ནི་མ་ཡིན་ནོ། །འདིའི་རང་བཞིན་འདི་ག་ལས་བྱུང་བ་ཡིན་ཞེས་དེ་སྐད་དུ་བརྗོད་པར་རིགས་ཏེ། རྒྱུ་མེད་པ་ཉིད་ཡིན་ན་ལྟོས་པ་མེད་པ་ནི་ངེས་པར་མི་རུང་བས་ཧ་ཅང་ཐལ་བར་
འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རང་གི་རྒྱུ་ལས་ཞེས་བརྗོད་པར་བྱ་ལ། དེ་ཡང་ག་ལས་ཤེ་ན་ནི་རྒྱུའི་བརྒྱུད་པ་ཐོག་མ་མེད་པ་ཅན་ཡིན་ནོ། །དབང་པོ་ནི་དབང་པོའོ། །བདུད་རྩི་ནི་སླེ་ཏྲེས་སོ། །སོགས་པའི་སྒྲས་རེ་རེ་དང་སྦྱར་བར་བྱའོ། །དཔེར་ན་སླེ་ཏྲེས་ལ་སོགས་པས་རིམས་ལ་
སོགས་པ་ཞི་བ་དང་ཡུལ་དང་དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཡང་ཁྱད་པར་ཅན་གྱི་ཤེས་པ་སྐྱེད་པ་ལ་ནུས་ཀྱི་གཞན་དག་ལ་ནི་མ་ཡིན་པ་དེ་བཞིན་དུ་གཅིག་ཏུ་རྟོགས་པ་ལ་ཡང་འགའ་ཞིག་ཁོ་ན་ནུས་པ་ངེས་པ་ཡིན་ནོ། །ཡང་ན་དབང་པོའི་སྒྲས་བ་རུ་ར་བརྗོད་ལ་སོགས་པའི་
སྒྲ་ཚོགས་པ་དང་སྦྱར་བར་བྱའོ། །གལ་ཏེ་སྔོན་པོ་སོགས་ལས་ཞེས་བྱ་བ་ལ་སོགས་པས་དཔེ་མ་གྲུབ་པར་དོགས་པ་ཡིན་ཏེ། གལ་ཏེ་མིག་སྔོན་པོ་ལ་སོགས་པ་ལས་ལྡོག་པའི་ངོ་བོ་བསྟན་པར་འདོད་ཀྱི་རྗེས་སུ་འཇུག་པ་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་གཟུང་བས་བསྟན་ཏོ། །
དེའི་ཚེ་མིག་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པར་མི་འགྱུར་རོ། །དེ་སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པའི་ཕྱིར་རོ། །གང་ཞིག་གང་སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པའི་

སྔོན་པོ་ལ་སོགས་པ་ལས་ལྡོག་པའི་རྣམ་པ་ནི་སྔོན་པོ་ལོག་པའི་ཤེས་པ་དེ་སྐྱེད་པར་བྱེད་པ་མ་ཡིན་པའོ། །མིག་ཀྱང་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པའི་སྔོན་པོ་ལྡོག་པ་ལས་སྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །དེ་ལྟ་
ཡང་མ་ཡིན་ཏེ། དེའི་ཕྱིར་ལྡོག་པ་ཡིན་ནོ་ཞེས། གང་ཞིག་གང་སྐྱེད་པར་བྱེད་པ་དེ་ནི་སྐྱེད་པའི་རང་བཞིན་ལས་ལྡོག་པ་མ་ཡིན་ཏེ། དཔེར་ན་སྔོན་པོའི་ཤེས་པ་སྐྱེད་པར་བྱེད་པའི་སྔོན་པོའི་རང་གི་རང་བཞིན་ལས་མི་ལྡོག་པ་བཞིན་ནོ། །མིག་ཀྱང་སྔོན་པོའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་
ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དེ་ལྟར་སྔོན་པོ་ལ་སོགས་པ་ཡང་ཕྱོགས་སུ་བྱས་ནས་བརྗོད་པར་བྱའོ། །དེ་ལྟ་བས་ན་དངོས་པོ་རྣམས་ཀྱི་རྗེས་སུ་འགྲོ་བ་ཡོད་པའི་ཕྱིར་ཐལ་བ་ལས་བཟློག་པའི་སྒོ་ནས་དཔེ་མ་བཟུང་བ་ཉིད་དུ་བཤད་དོ། །ཅི་སྟེ་ཡང་དེ་ལས་ལྡོག་པར་ཡང་གྱུར་ལ་དེ་སྐྱེད་
པར་བྱེད་པ་ཡིན་མོད། དེའི་ཕྱིར་ཐལ་བ་སྒྲུབ་པ་མ་ངེས་པ་ཡིན་ནོ་སྙམ་ན། གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ལ་སོགས་པ་ཡང་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པར་བྱེད་པ་དེ་ཉིད་དུ་ཐལ་བ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་སྟེ། ཐ་དད་པར་ཁྱད་པར་མེད་པའི་ཕྱིར་རོ། །མིག་སྔོན་པོ་
ལ་སོགས་པ་ལས་ཐ་དད་པ་གང་ཡིན་པའི་ཐ་དད་པ་དེས་རྣ་བ་ལ་སོགས་པ་ཡང་མིག་ལ་སོགས་པ་དང་མཚུངས་པའི་ཕྱིར། ཅི་ལྟར་མིག་གི་སྔོན་པོ་ལ་སོགས་པ་ལས་ལྡོག་པ་དེ་བཞིན་དུ་རྣ་བ་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མིག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་
པར་བྱེད་དེ། གལ་ཏེ་ཁྱད་པར་མེད་པར་དེ་སྐྱེད་པར་བྱེད་པའི་རང་བཞིན་ལས་ལྡོག་པ་ཙམ་གཏན་ཚིགས་ཉིད་དུ་བརྗོད་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། མིག་ལ་སོགས་པ་ནི་སྔོན་པོ་ལ་སོགས་པའི་ཤེས་པ་སྐྱེད་པའི་རང་བཞིན་ལས་ཁྱད་པར་མེད་པར་ལྡོག་པར་མ་གྲུབ་པོ། །
གང་གི་ཕྱིར་མིག་ལ་སོགས་པ་དེ་དག་གི་རང་བཞིན་གང་ཡིན་པ་དེར་ཡང་སྐྱེད་པར་བྱེད་པར་འདོད་དེ། དེ་ཁོ་ནས་འབྲས་བུ་དེ་བྱ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཞིག་ཡོད་དེ། གཞན་ཡང་བྱེད་ལ་དེ་ཡང་བྱེད་པ་ལ་འགལ་བ་མ་མཐོང་ངོ་། །གལ་ཏེ་ཡང་ཁྱད་པར་

མེད་པར་ལྡོག་པར་འགྱུར་ན་དེའི་ཚེ་རང་གི་རང་བཞིན་ལས་ཀྱང་ལྡོག་པར་འགྱུར་ཏེ། དེ་ལྟ་ཡིན་དང་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དངོས་པོ་རྣམས་རང་གི་ངོ་བོ་ལས་ལྡོག་པར་རིགས་པ་མ་ཡིན་ནོ། །ཇི་སྟེ་རང་གི་རང་བཞིན་སྤངས་ནས་མིག་ལ་སོགས་
པ་གཞན་གྱིས་སྐྱེད་པར་བྱེད་པ་ལས་ལྡོག་པ་དེ་གཏན་ཚིགས་ཉིད་དུ་འདོད་ན་དེའི་ཚེ་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་རང་བཞིན་གཞན་ལས་ལྡོག་པ་དེའི་རང་བཞིན་དུ་མི་འགྱུར་གྱི། དེ་སྐྱེད་པར་མི་བྱེད་པ་ནི་མ་ཡིན་ནོ། །ཐམས་ཅད་རང་གི་ངོ་བོས་སྐྱེད་པར་བྱེད་པ་
ཡིན་གྱི་གཞན་གྱི་ངོ་བོས་ནི་མ་ཡིན་ནོ། །བདག་ཉིད་ཀྱི་རང་བཞིན་གང་གིས་འདི་སྐྱེད་པར་བྱེད་པའི་ཞེས་འདོད་པ་དེ་ལས་ལྡོག་པས་ཇི་ལྟར་སྐྱེད་པར་བྱེད་པ་མ་ཡིན་པར་འགྱུར་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཅི་སྟེ་མ་ཡིན་པར་འཇུག་པས་དེའི་རང་བཞིན་མ་ཡིན་
པ་ཉིད་དུ་བསྒྲུབས་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཕན་ཚུན་དབེན་པ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་སྐྱེད་ངོ་བོས་མིན་ཞེས་བྱ་བ་འདི་ནི་དེ་ཡང་ཡིན་ལ་སྐྱེད་པ་ཡང་ཡིན་པས་དེ་སྐྱེད་པས་ཏེ། གཟུགས་ལ་སོགས་པའོ། །དེའི་རང་གི་ངོ་བོ་ནི་རང་
བཞིན་ནོ། །དེ་གང་ལ་ཡོད་པ་དེ་ནི་དེ་སྐྱེད་ངོ་བོས་མིན་ཏེ་དངོས་པོ་ནི་དེ་ཉིད་དོ། །གཞན་དེ་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་དང་འབྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཅིག་ཏུ་ན་དེ་ཡང་ཡིན་ལ་སྐྱེད་པར་བྱེད་པ་ཡང་ཡིན་པས་དེ་སྐྱེད་དོ། །དེ་ནི་དེ་སྐྱེད་པར་བྱེད་པ་ཡང་ཡིན་ལ་ངོ་བོ་
ཡང་ཡིན་ནོ་ཞེས་ལས་འཛིན་པར་བྱས་ལ་དགག་པ་དང་ཚིག་གསུམ་གྱིས་འབྲུ་འབྲས་བུ་མང་པོ་པར་བྱེད་དོ། །ཡང་གང་གི་དེ་ཉིད་འབྲས་བུ་དེ་ལ་ངེས་པར་འགྱུར་བ་འབྲས་བུ་གཅིག་བྱ་བ་ལ་མིག་ལ་སོགས་པ་ཕན་ཚུན་མ་འཆོལ་བའི་སྐྱེད་པར་བྱེད་པའི་རང་བཞིན་དེ་ཉིད་ག་ལས་འོངས་སྙམ་དུ་
དོགས་པས་དེ་ལ་ངེས་པ་ཞེས་བྱ་བ་སྨོས་ཏེ། གཞན་དུ་ཐ་དད་ཁྱད་མེད