Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 192
Văn bản gốc(Tây Tạng)
Trang 10 / 22 (50.000 ký tự/trang)
གས་པའི་ཁྱད་པར་འཛིན་པར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་འདུ་བྱེད་རྗེད་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྒྲ་ཙམ་ཆེན་པོ་དག་གིས་རྣ་བ་ལ་འདུ་བྱེད་པ་ཆེན་པོ་བྱེད་པ་དེའི་ཚེ་སྒྲ་ལ་ཆེན་པོ་ཉིད་དུ་རྟོགས་ལ། གང་གི་ཚེ་ཆུང་ངུས་ཆུང་ངུ་ཡིན་པ་དེའི་ཚེ་ཆུང་བ་ཉིད་དོ་ཞེས་བྱ་ བ་དེ་ལྟ་བུའི་འདུ་བྱེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་གོང་ནས་གོང་དུ་ཐ་དད་པ་ཡང་སྦྱར་བར་བྱའོ། །འོན་ཏེ་གང་ཆེན་པོ་ལ་སོགས་པ་འཛིན་པ་དེ་ཁྱོད་ཀྱི་ལུགས་ཀྱིས་གསལ་བར་བྱེད་པ་ལ་གནས་པ་ཉིད་ཡིན་གྱི། གསལ་བར་བྱ་བ་ལ་གནས་པ་ནི་མ་ཡིན་ནམ། དེ་ཡང་གསལ་བར་བྱེད་པ་མ་བཟུང་ བས་མི་འཛིན་པ་ཉིད་ཀྱི་ཕྱིར་དེ་ཇི་ལྟར་གསལ་བར་བྱེད་པ་ལ་གནས་པ་མ་བཟུང་བར་སྒྲ་ལ་ཆེན་པོ་ལ་སོགས་པ་སྒྲོ་འདོགས་པར་བྱེད་དེ། ཆུ་ལ་སོགས་པ་ཡུལ་དུ་མ་བྱས་པར་སྨིག་རྒྱུ་ལ་སོགས་པ་ལ་སྒྲོ་འདོགས་པར་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། དཔེར་ན་མངར་བ་ཁ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ ལྟར་མཁྲིས་པའི་ངོ་བོ་མ་ཡིན་པ་བཟུང་བ་ཉིད་དུ་མཁྲིས་པའི་སྐྱོན་གྱིས་མངར་བ་ལ་སོགས་པའི་ཡུལ་ལ་ཁ་བ་ལ་སོགས་པའི་ངོ་བོར་འཛིན་པ་དང་། ཡང་ན་ཇི་ལྟར་མྱུར་དུ་འགྲོ་བ་དང་གྲུར་ཞུགས་པ་འཁོར་བས་བསྒོས་པའི་འཁྲུལ་པ་ཅན་དྲི་ལ་སོགས་པ་འགྲོ་བ་དང་འཁོར་བར་མཐོང་བ་དང་། ཇི་ལྟར་སྦལ་བའི་ཞག་གིས་མིག་ བྱུགས་པས་གདུང་མ་སྦྲུལ་གྱི་ངོ་བོར་མཐོང་སྟེ། ཇི་ལྟར་གསལ་བར་ཆུང་བ་དང་ཆེ་བ་དག་གིས་དེ་ལ་བརྟེན་པའི་གསལ་བ་ལ་བརྟེན་པའི་སྤྱི་ཆུང་བ་དང་ཆེ་བ་དག་གིས་རྟོགས་པ་ཡིན་ནོ། །ཡོད་པ་ཞེས་བྱ་བ་ནི་སྤྱི་ཆེན་པོའོ། །ཆུང་བ་ནི་བ་ལང་ཉིད་ལ་སོགས་པའོ། །དེ་ལྟ་མ་ཡིན་ན་རྟག་ཏུ་ཐམས་ཅད་དུ་འགྲོ་བ་ ཉིད་ཀྱིས་ཐམས་ཅད་དུ་མཚུངས་པའི་ཕྱིར་སྤྱིའི་ཆུང་ངུ་དང་ཆེན་པོ་ཉིད་སུ་ཞིག་གིས་བྱས་པར་འགྱུར། དེ་ལྟ་བས་ན་ཇི་ལྟར་མཁྲིས་པ་ལ་སོགས་པ་རྒྱུ་མཚན་མེད་པར་མངར་བ་ལ་སོགས་པ་དེ་དག་ཁ་བ་ལ་སོགས་པའི་ངོ་བོར་འཛིན་པ་དེ་བཞིན་དུ་གསལ་བར་བྱེད་པ་ལ་གནས་པ་ཆེན་པོ་ལ་སོགས་པ་ མ་བཟུང་བར་སྒྲ་ལ་ཆེན་པོ་ལ་སོགས་པར་འཁྲུལ་པར་འགྱུར་རོ། །མ་རྟོགས་ནས་ཞེས་བྱ་བ་ནི་འཁྲུལ་པའི་བྱ་བ་ལ་ལྟོས་ནས་བྱེད་པོ་མཚུངས་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ཀྭའི་རྐྱེན་དུ་མི་འགྱུར་རོ། །ཅི་སྟེ་གང་དག་སྒྲ་ལ་སོགས་པའི་ཆུང་ངུ་དང་ཆེན་པོ་ལ་སོགས་པའི་བློ་དེ་གཞན་གྱི་རྒྱུ་མཚན་ ཅན་ཡིན་གྱི། ཆེན་པོ་ལ་སོགས་པ་ཐ་དད་པ་ཡོད་པའི་ཕྱིར་རང་གི་ངོ་བོས་ནི་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། རང་ལས་ཐུང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་རིང་བ་དང་འཕར་བ་དང་སྟེང་དུ་འདོན་པ་དང་། རྗེས་སུ་འདོན་པ་དང་། འབྲིང་དུ་འདོན་པ་དང་། དྲུག་སྐྱེས་པ་ལ་སོགས་པ་ཡོངས་སུ་བཟུང་ངོ་། །རྟག་པར་སྨྲ་བ་ལ་འགལ་ལོ་ཞེས་བྱ་བ་ནི་ངོ་ཤེས་པས་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྒྲ་ནི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་མངོན་པར་གསལ་བ་མ་གྲུབ་པ་དོགས་པར་བྱེད་དོ། །སྒྲའི་མངོན་པར་གསལ་བ་ དེ་ཡིན་ན། རླུང་ལས་བྱུང་བའི་ལྡན་པ་དང་རྣམ་པར་དབྱེ་བ་དག་གིས་སྒྲ་ལེགས་པར་བྱས་པ་ལས་སམ། དབང་པོ་ལེགས་པར་བྱས་པ་ལས་སམ། སྒྲ་དང་དབང་པོ་གཉིས་ཀ་ལེགས་པར་བྱས་པ་ལས་ཡིན་གྲང་། དེ་ལ་གལ་ཏེ་སྒྲ་ལེགས་པར་བྱེད་པ་ཡིན་ན། དེའི་ཚེ་གྲོང་ཁྱེར་དམར་བུ་ཅན་ལ་སོགས་པ་ཡུལ་ གཅིག་ཏུ་ལེགས་པར་བྱས་པ་ཡུལ་ཐམས་ཅད་ན་གནས་པ་རྣམས་ཀྱིས་ཅིག་ཅར་འཛིན་པར་འགྱུར་ཏེ། དེ་ནི་ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར་རོ། །ཡང་ཅི་སྟེ་ཡུལ་གཅིག་ཏུ་ལེགས་པར་བྱས་པ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ་སྙམ་ན། ཆ་ཤས་མེད་པའི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། སྒྲ་ནི་ཆ་ཤས་མེད་པ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཁྱབ་པ་ཉིད་ཡིན་ན་ཡང་ཆ་ཤས་མེད་པ་ཕྱོགས་གཅིག་གིས་འདུ་བྱེད་པར་འགྱུར། ཅི་སྟེ་ཡང་ཆ་ཤས་མེད་པ་ཡིན་ན་ཡང་རྟེན་ཐ་དད་པའི་ཕྱིར་ཐ་དད་པར་ལེགས་པར་བྱེད་པར་འགྱུར་རོ་སྙམ་ན། བརྟེན་པའི་བྱེ་ བྲག་དག་གིས་ཀྱང་ཞེས་བྱ་བ་སྨོས་ཏེ། ཁྱབ་པའི་ཕྱིར་སྒྲ་ནི་རྟེན་མེད་པ་ཡིན་ནོ། །འོན་ཏེ་སྒྲ་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་དང་། ཡོན་ཏན་ཡང་ཡོན་ཏན་ཅན་ལ་བརྟེན་པའི་ཕྱིར་སྒྲའི་ནམ་མཁའ་ཡོད་པ་ཡིན་ནོ་ཞེ་ན། འོན་ཏེ་ནམ་མཁའ་རྟེན་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་ མཁའ་དེ་ཡང་ཆ་ཤས་མེད་པའི་ཕྱིར་རྟེན་གྱི་ཕྱོགས་ཐ་དད་པས་ལེགས་པར་བྱེད་པ་ཐ་དད་པ་མ་ཡིན་ནོ། །འོན་ཏེ་གལ་ཏེ་ཡང་ནམ་མཁའ་ཆ་ཤས་མེད་པ་ཡིན་པ་དེ་ལྟ་ན་ཡང་ལྡན་པ་ཐ་དད་པའི་ཕྱིར་བུམ་པའི་ནམ་མཁའ་ལ་སོགས་པ་བཞིན་དུ་རྣ་བའི་ཁུང་བུའི་མཐར་ཐུག་པར་ཡོངས་སུ་དཔྱད་པའི་ ནམ་མཁའ་ཐ་དད་པར་འགྱུར་བ་ཡིན་ནོ་ཞེ་ན། སྒྲ་མ་ལུས་པ་རྟོགས་ཕྱིར་ཡང་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཅིག་ལེགས་པར་བྱས་མི་འགྱུར། །ཞེས་འབྲེལ་ཏོ། །སྒྲ་ནི་ཆ་ཤས་མེད་པ་ཉིད་རྟོགས་ཏེ། ནམ་མཁའི་ཕྱོགས་གཅིག་ལེགས་པར་བྱས་པ་ཡིན་ན་དེ་ཡང་རྟོགས་པར་མི་འགྱུར་རོ། ། ཇི་ལྟར་ཞེ་ན། འདི་ཉིད་མཇུག་སྡུད་པའི་ཕྱིར། ཕྱོགས་གཅིག་ལེགས་པར་བྱས་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ཁྱབ་པར་གནས་པའི་སྒྲ་དེའི་ཕྱོགས་གཅིག་གིས་ལེགས་པར་བྱས་པ་ནི། མཐའ་དག་ཤེས་པར་ནུས་པ་མ་ཡིན་ནོ། །དབང་པོ་ལེགས་པར་བྱས་པའི་ ཕྱོགས་ལ་སུན་འབྱིན་པ་བཤད་པ་ནི། ནམ་མཁའ་རྣ་བ་ཡིན་ཕྱོགས་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། གང་དག་གི་ལྟར་ན་ནམ་མཁའ་ལ་རྣ་བ་ཡིན་ནོ་སྙམ་པའི་ཕྱོགས་དེའི་ལྟར་ན་ཡང་ནམ་མཁའ་ནི་གཅིག་ཡིན་པའི་ཕྱིར་དང་ཁྱབ་པ་ཡིན་པའི་ཕྱིར་སྒྲ་ཐམས་ཅད་དང་ཕྲད་པར་མཚུངས་པའི་ཕྱིར་སྒྲ་ཐག་རིང་པོ་ན་ གནས་པ་ཡང་འཛིན་པར་འགྱུར་ལ། སྲོག་ཆགས་ཐམས་ཅད་ཀྱི་རྣ་བ་ཡང་གཅིག་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་གང་གི་ཚེ་གཅིག་ཐོས་པ་དེ་ཉིད་ཀྱི་ཚེ་ཐམས་ཅད་ཀྱིས་ཀྱང་ཐོས་པར་འགྱུར་ཏེ། རྣ་བ་ཐ་མི་དད་པའི་ཕྱིར་རོ། །གཅིག་གིས་མ་ཐོས་པ་ན་ཐམས་ཅད་ཀྱིས་མི་ཐོས་པའི་སྐྱོན་ཡང་བརྗོད་ པར་བྱའོ། །འདི་སྙམ་དུ་ཆོས་དང་ཆོས་མ་ཡིན་པས་མངོན་པར་འདུ་བྱས་པའི་རྣ་བའི་བུ་གས་ཡོངས་སུ་བཅད་པའི་ནམ་མཁའ་རྣ་བ་ཡིན་ཏེ། དེའི་ཕྱིར་གང་ལས་ཁྱབ་པའི་ཕྱིར་ཕྲད་པར་མཚུངས་པ་ཉིད་དང་། དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱི་རྣ་བ་ཡང་གཅིག་ཉིད་དུ་མཚུངས་པར་འགྱུར་ བ་རྣ་བའི་བུ་གའི་དབུས་ཀྱི་ནམ་མཁའ་ལ་རྣ་བར་རྣམ་པར་གཞག་པའི་ཕྱིར་སྐྱོན་གཉིས་པོ་འདི་ཡང་གཞི་མེད་པ་ཡིན་ནོ་སྙམ་དུ་སེམས་ན། །འདིར་བཤད་པ་ནི། དེ་ནི་ཆ་ཤས་མེད་པའི་ཕྱིར། །ཞེས་བྱ་བ་སྟེ། གང་གིས་ནམ་མཁའ་ཕྱོགས་འགའ་ཞིག་ཁོ་ན་རྣ་བར་འགྱུར་བ་ཆ་ཤས་མེད་པ་ལ་དོན་ དམ་པར་ཕྱོགས་གཅིག་ཡོད་པ་མ་ཡིན་ནོ། །རྣམ་གཞག་གཉིས་ནི་ཕྲད་པར་མི་མཚུངས་པའི་རྣམ་པར་གཞག་པ་དང་། རྣ་བ་དུ་མ་ཉིད་དུ་རྣམ་པར་གཞག་པའོ། །ཡང་ན་སྒྲ་འཛིན་པ་དང་མི་འཛིན་པའི་རྣམ་པར་གཞག་པ་གཉིས་སོ། །གཞན་ཡང་ལན་ཅིག་སྟེ། ཕྱོགས་གཅིག་རྣ་བ་ལེགས་པར་ བྱས་ན་སྒྲ་ཐམས་ཅད་རྟོགས་པར་འགྱུར་ཏེ་འཛིན་པར་འགྱུར་རོ། །དེ་ནི་སྒྲ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་ལ། སྒྲ་དེ་དག་ཐམས་ཅད་ཀྱིས་ཁྱབ་པ་ཉིད་ཀྱི་རུང་བའི་ཡུལ་ཉིད་དུ་ཐ་མི་དད་པའི་ཕྱིར་རོ། །འདི་སྙམ་དུ་གང་གིས་རྟོགས་པར་བྱ་བའི་དོན་དུ་སྨྲ་བ་པོ་ཉན་པ་པོའི་རྣ་བ་ལེགས་པར་བྱེད་ པའི་སྒྲ་དེ་ཁོ་ན་རྣ་བ་དེས་འཛིན་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་སེམས་ན། བུམ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟོགས་པར་མི་འགྱུར་གྱི། འོན་ཀྱང་རྟོགས་པ་ཁོ་ན་སྟེ། ཡུལ་རུང་བར་མཚུངས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ཉིད་ཅེས་བྱ་ནི་སྒྲ་ཐམས་ ཅད་འཛིན་པའོ། །ཇི་ལྟར་ཞེ་ན། ཡུལ་མཚུངས་པར་ནི་འཇུག་པའི་ཕྱིར། །ལེགས་བྱས་ཁྱབ་པ་མེད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། སྒྲ་ཐམས་ཅད་ཀྱང་ཁྱབ་པ་ཉིད་ཀྱི་ནམ་མཁའ་ལ་གནས་པར་མཚུངས་ལ། དེ་ལྟ་བས་ན་འདི་དག་གི་ལེགས་པར་བྱས་པ་ཡང་ཁྱབ་པར་མེད་པ་ཉིད་ཡིན་པའི་ཕྱིར་ ཐམས་ཅད་འཛིན་པར་ཐལ་བར་འགྱུར་རོ། །ཁ་ཅིག་ཏུ། ལེགས་བྱས་ལ་ནི་ཁྱབ་མེད་ཕྱིར། །ཞེས་འདོན་པ་དེར་ནི་ནིའི་སྒྲ་རྒྱུའི་དོན་ཏེ། ཁྱབ་པར་མེད་པའི་ཕྱིར་ཞེས་བྱ་བ་དང་པོ་ལ་སོགས་པ་ཡིན་པའི་ཕྱིར་གསུམ་པའི་མཐའ་ཅན་ཡིན་པས་ཏ་སི་ཡིན་ནོ། །དེ་ལྟ་ཡིན་དང་དོན་འདི་ ཡིན་ཏེ། གང་གི་ཕྱིར་སྒྲ་རྣམས་ཁྱད་པར་མེད་པར་ལེགས་པར་བྱས་པ་ཡིན་ཏེ། ཡུལ་མཚུངས་པར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་སྒྲ་ཐམས་ཅད་འཛིན་པར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ལེགས་པར་བྱས་པ་ཁྱད་པར་མེད་པར་དེ་ལྟ་ན་ཡང་ཉན་པ་པོ་སྒྲ་གང་ཁོ་ན་ཐོས་པར་འདོད་པ་དེ་ཁོ་ན་འཛིན་ གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ། བརྟན་པའི་རླུང་ནི་ཡོངས་བཀག་པ། །ཞེས་བྱ་བ་ལ་སོགས་པ་སྟེ། རླུང་ནི་རྣམ་པ་གཉིས་ཏེ། བརྟན་པ་དང་བརྟན་པ་མ་ཡིན་པའོ། །དེ་ལ་བརྟན་པ་གང་ཡིན་པ་དེ་ནི་མུན་རུམ་བཞིན་དུ་སྒྲ་སྒྲིབ་པར་གནས་ཏེ། དེ་ནི་སྨྲ་བ་པོའི་འབད་ པས་ཀུན་ནས་བསླང་བའི་རླུང་གིས་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པར་བྱེད་ལ། ལྡན་པ་དང་རྣམ་པར་དབྱེ་བ་དེ་དག་གིས་ཀྱང་བརྟན་པའི་རླུང་དེ་འགེགས་པར་བྱེད་དེ། དེ་ཉིད་སྒྲའི་ལེགས་པར་བྱས་པ་ཡིན་གྱི། རང་གི་མཚན་ཉིད་རྒྱས་པ་ལ་སོགས་པ་གཞན་ནི་མ་ཡིན་ཏེ། དེ་ནི་རྟག་པ་ཉིད་ཀྱི་ངོ་བོ་ གཅིག་ཡིན་པའི་ཕྱིར་རོ། །དེ་ལས་ཅིར་འགྱུར་ཞེ་ན། སྒྲིབ་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཅེས་བྱ་བ་ནི་འཇིག་རྟེན་དང་བསྟན་བཅོས་དག་ལའོ། །དཔེར་ན་བུམ་པ་ལ་སོགས་པའི་མུན་པ་བསལ་བ་ན་མངོན་པར་མི་འདོད་པའི་མདུན་ན་གནས་པ་དེ་ཡང་དམིགས་པར་འགྱུར་ བར་མཐོང་སྟེ། རུང་བའི་ཡུལ་ལ་གནས་པའི་ཕྱིར་རོ། །དེ་ལ་གལ་ཏེ་སྒྲ་ལེགས་བྱས། །ཐམས་ཅད་ཀྱིས་ནི་རྟོགས་པར་འགྱུར། །ཞེས་གང་སྨྲས་པ་དེ་ལ་སྐྱོན་མེད་དོ། །གང་གི་ཕྱིར་སྒྲ་གཅིག་པ་ཡིན་ན་ཡང་སྐྱེས་བུ་འགའ་ཞིག་ལ་ལེགས་པར་མ་བྱས་པ་དང་། ལ་ལ་ལ་ལེགས་པར་བྱས་པ་ ཡིན་ཏེ། དཔེར་ན་བུད་མེད་གཅིག་ལྟོས་པ་ཐ་དད་པའི་ཕྱིར་མ་ཡང་ཡིན་ལ་བུ་མོ་ཡང་ཡིན་པ་བཞིན་ནོ་ཞེ་ན། སྒྲ་གཅིག་ཡིན་ན་ཞེས་བྱ་བ་སྨོས་ཏེ། སྒྲ་གཅིག་ཉིད་ཡིན་ན་ལེགས་པར་བྱས་པ་དང་ལེགས་པར་མ་བྱས་པའི་གནས་སྐབས་གཉིས་རྣམ་གྲངས་མེད་པར་མི་འགྱུར་ཏེ། གནས་སྐབས་ རྣམས་ནི་གནས་སྐབས་ཅན་ལས་ཐ་མི་དད་པའི་ཕྱིར་གནས་སྐབས་ཅན་གྱི་རང་གི་ངོ་བོ་བཞིན་དུ་གནས་སྐབས་དག་ཀྱང་གཅིག་ཉིད་དུ་འགྱུར་རོ། །གང་ཡང་བུད་མེད་གཅིག །མ་དང་བུ་མོར་ཡང་བརྗོད་པ། །ཞེས་བྱ་བ་དེ་ལ་ནི་སྒྲ་འབའ་ཞིག་ཉིད་ཐ་དད་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །འདི་ ལ་ནི་ཐ་སྙད་ཙམ་ཐ་དད་པ་ཡིན་ཏེ། སྒྲ་སྐྱེས་བུ་ཐམས་ཅད་ཀྱིས་གཟུང་དུ་རུང་བ་ཉིད་དུ་ཁྱད་པར་མེད་པར་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འཛིན་པ་དང་མི་འཛིན་པ་དག་ཏུ་མི་འགྱུར་ལ། ཐ་སྙད་རྣམ་པ་གཞན་དུ་ཡིན་པ་ཙམ་གྱི་དོན་བྱེད་པར་ངེས་པའི་རང་བཞིན་ཉམས་པར་རིགས་པ་ ཡང་མ་ཡིན་ནོ། །ཅི་སྟེ་དེའི་རང་བཞིན་ནི་སོ་སོར་ངེས་པའི་སྐྱེས་བུས་གཟུང་བར་བྱ་བ་ཉིད་ཡིན་ལ། དེས་ན་སྐྱེས་བུའི་ནུས་པ་ཐ་དད་པའི་ཕྱིར་འཛིན་པ་དང་མི་འཛིན་པ་དག་མི་འགལ་ལོ་ཞེ་ན། གང་གིས་གཅིག་གི་ཚེ་མ་བཟུང་བའི་སྐྱེས་བུ་དེས་ནམ་ཡང་འཛིན་པར་མི་འགྱུར་ལ། དེ་ལྟར་ ཡང་མ་ཡིན་ཏེ། དེ་ལྟ་བས་ན་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་དུ་འོང་བས། ལེགས་པར་བྱས་པ་དང་ལེགས་པར་མ་བྱས་པ་དག་ལས་སྒྲའི་གནས་སྐབས་གང་ཡང་རུང་བ་ཅིག་གིས་ཁས་བླང་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། གནས་སྐབས་གཅིག་ནི་ཁས་ལེན་ན། །ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །གཉིས་ཀ་ལེགས་པར་བྱེད་པའི་ཕྱོགས་ལ་ཉེས་པ་བཤད་པ་ནི། གཉི་ག་ལེགས་པར་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་དང་། དབང་པོའི་རེ་རེ་ལེགས་པར་བྱས་པ་ལ་སྐྱོན་བརྗོད་པ་གང་དག་ནི་གཉི་ག་ལེགས་པར་བྱས་པ་ལ་ཡང་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་ མཇུག་སྡུད་པར་རོ། །བཤད་པ་བྱེད་པས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བཤད་པ་བྱེད་པས་ཞེས་བྱ་བ་ནི་ཇི་སྐད་དུ་གང་གི་ལྟར་ན་རྣ་བ་ལ་མངོན་པར་གསལ་བར་བྱེད་པ་དེའི་ལྟར་ན་ཡང་ཉེས་པ་འདི་མེད་དེ། ལྡན་པ་དང་རྣམ་པར་དབྱེ་བ་དག་ནི་ཐག་རིང་པོ་ན་ཡོད་པའི་ རྣ་བའི་བུ་ག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། དེས་ན་ཐག་རིང་བའི་རྣ་བ་གང་ཡིན་པ་དེས་མི་དམིགས་པ་ཡིན་ནོ་ཞེས་བཤད་དོ། །དེའི་དབྱེ་བས་ཞེས་བྱ་བ་ནི་རྣ་བའི་བུ་གའི་རྣ་བ་ཐ་དད་པས་སོ། །ཐོས་པ་ཐ་དད་པ་ནི་རྟོགས་པ་ཐ་དད་པའོ། །འོན་ཏེ་ཇི་ལྟར་གཞན་ལེགས་པར་ བྱས་པ་ན་གཞན་མངོན་པར་གསལ་བར་འགྱུར་ཞེ་ན། དཔེར་ན་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྒྲོན་མ་ལ་སོགས་པ་མིག་ལ་ཕན་འདོགས་པར་བུམ་པ་ལ་སོགས་པ་མངོན་པར་གསལ་བར་བྱེད་པར་འགྱུར་བ་དེ་བཞིན་དུ་སྒྲ་རྣ་ལེགས་བྱས་ཕྱིར་ཏེ། རྣ་བ་ལེགས་པར་བྱེད་པའི་ཕྱིར་སྒྲའི་མངོན་པར་གསལ་བར་བྱེད་པར་འགྱུར་རོ། །འོན་ཏེ་སྒྲ་ཙམ་གྱིས་རྣམ་པ་གང་གིས་གྲུབ་པའི་རྣ་བ་ལེགས་པར་བྱེད་ཅེས་བྱ་བ་འདི་བརྗོད་པར་བྱ་དགོས་སོ་ཞེ་ན། དེའི་ཕྱིར་རྣམ་པ་གང་གིས་ཞེས་བྱ་བ་སྨོས་སོ། །སྐྱེ་བ་ལ་ཡང་མཚུངས་པའི་ཕྱིར། བརྒལ་ ཞིང་བརྟག་པ་ཞེས་བྱ་བ་ལྷག་མའོ། །སྒྲ་རང་གི་རྒྱུ་དག་ལས་སྐྱེས་པ་ཡང་བརྒལ་ཞིང་བརྟག་པ་མཚུངས་པ་ཡིན་ཏེ། དེ་ལ་ཡང་སྒྲ་དང་རྣ་བ་རླུང་ལས་བྱུང་བའི་ལྡན་པ་དང་། རྣམ་པར་དབྱེ་བའི་བདག་ཉིད་ཀྱི་སྒྲ་ཙམ་གྱི་རྣམ་པ་གང་གིས་སམ། རྣམ་པ་གཞན་གྱིས་ཇི་ལྟར་བྱེད་ཅེས་ བྱ་བ་འདི་ཡང་བརྗོད་པར་ནུས་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལ་ཡང་ནུས་པ་ནི་དབང་པོ་ལས་འདས་པ་ཡིན་ཏེ། དེ་ལ་ཡང་སྒྲ་རྣམས་སྐྱེད་པར་བྱེད་པ་ན་ཇི་ལྟར་སྒྲའི་རྒྱུ་སྐྱེད་པར་བྱེད་པའི་ནུས་པ་དབང་པོ་ལས་འདས་པ་ཡིན་པ་དེ་བཞིན་དུ་མངོན་པར་གསལ་བ་ལ་ཡང་ཡིན་པས་བརྒལ་ཞིང་ བརྟག་པ་མཚུངས་སོ། །གལ་ཏེ་ནུས་པ་དབང་པོ་ལས་འདས་པ་ཡིན་ན་ཇི་ལྟར་རྟོགས་པར་བྱ་ཞེ་ན། ནུས་པ་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེད་པར་བྱེད་པའི་ནུས་པ་ཡིན་ཡང་རུང་། མངོན་པར་གསལ་བར་བྱེད་པའི་ནུས་པ་ཡིན་ཡང་རུང་སྟེ། ནུས་པ་ཇི་སྙེད་པ་དེ་ཐམས་ ཅད་ནི་རྣམ་པ་ཐམས་ཅད་དུ་རྟག་ཏུ་འབྲས་བུས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལས་དེ་གོ་བར་འགྱུར་བ་འབྲས་བུ་དེ་ཡང་གང་ཡིན་ཞེ་ན། དེ་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡོད་ན་ནི་ སྒྲ་ཙམ་ཡོད་ནའོ། །དེ་ཡོད་པ་ནི་སྒྲ་འཛིན་པ་གང་ཡིན་པ་དེ་ཉིད་དེ་ལ་སྟེ་སྒྲའི་ནུས་པ་དེ་ལ་ཚད་མ་ཡིན་ཏེ། སྒྲ་འཛིན་པའི་འབྲས་བུས་ནུས་པ་གོ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཙམ་སྨོས་པས་ནི་སྐྱེ་བ་སེལ་ཏོ། །དེས་ན་ཞེས་བྱ་བ་མཇུག་སྡུད་པར་བྱེད་དེ། དེ་ལྟ་བས་ན་སྒྲ་ཙམ་འདི་ དག་ནི་དབང་པོ་ལས་འདས་པའི་ནུས་པས་རྣ་བའི་དབང་པོའི་ནུས་པ་དབང་པོ་ལས་འདས་པ་སྐྱེད་པར་བྱེད་པ་ན་མངོན་པར་གསལ་བའི་རྒྱུར་འགྱུར་ཏེ། སྒྲ་རྣམས་ཀྱི་ཞེས་བྱ་བ་ལ་ལྟོས་པར་བྱའོ། །ཡང་ན་ཅིའི་ཕྱིར་སྒྲ་ཙམ་སྐྱེད་པར་བྱེད་པའི་རྒྱུ་ཉིད་དུ་ཤེས་པར་མི་བྱེད་ཅེ་ན། གང་དག་ ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ནི་སངས་རྒྱས་པ་རྣམས་སོ། །རྣ་བས་སྒྲ་མ་ཕྲད་པ་དང་སྐྱེས་པ་འཛིན་ཏེ། འདི་ནི་མ་ཕྲད་པ་ཡང་ཡིན་ལ་སྐྱེས་པ་ཡང་ཡིན་པས་མ་ཕྲད་པ་དང་སྐྱེས་པ་སྟེ། མིག་དང་རྣ་བ་དང་ཡིད་རྣམས་ནི་ཡུལ་དང་མ་ཕྲད་པ་དང་། སྒྲ་རྣམས་ནི་ཟིན་པ་ དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དེ་དག་གི་ལུགས་ཀྱིས་རིང་བ་དང་ཆོད་པ་དང་ཉེ་བ་ན་གནས་པའི་སྒྲ་རྣམས་རྣ་བ་དང་མ་ཕྲད་པར་མཚུངས་པའི་ཕྱིར། ཉེ་བ་དང་རིང་བ་ན་གནས་པའི་སྐྱེས་བུ་དག་གིས་འཛིན་པ་དང་མི་ འཛིན་པ་མཚུངས་པ་དག་ཏུ་འགྱུར་རོ། །ཉེ་བ་ན་གནས་པས་ཅི་འདྲ་བ་འཛིན་པ་དེ་འདྲ་བ་ཐག་རིང་པོ་ན་གནས་པས་ཀྱང་འཛིན་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་སྔར་ནི་ཉེ་བ་ན་གནས་པས་འཛིན་ལ་ཕྱིས་ཐག་རིང་བ་ན་གནས་པས་འཛིན་པ་ཞེས་བྱ་བའི་རིམ་གྱིས་འཛིན་ པར་ཡང་མི་འགྱུར་རོ། །གང་ཞིག་ཉེ་བ་ན་གནས་པ་གསལ་བར་ཐོས་པ་རིང་བ་ན་གནས་པས་ཞེན་པར་ཐོས་པས་ཞེས་བྱ་བའི་ཆེས་ཆེར་གསལ་བ་དང་། ཞེན་པ་ལ་སོགས་པའི་ཐོས་པ་ཐ་དད་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་གོང་གི་བྱེ་བྲག་ལ་ཡང་སྦྱར་བར་བྱའོ། །འོན་ཏེ་སྤྱོད་ པ་པ་གང་གི་ལྟར་ན་སྒྲ་ཕྲད་པ་དང་མ་སྐྱེས་པ་རྣ་བས་འཛིན་པ་དེའི་ལྟར་ན་ཡང་ཐལ་བར་འགྱུར་བ་འདི་ཉིད་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཞེ་ན། དེའི་ཕྱིར་ཁྱད་པར་བསྟན་པའི་དོན་དུ་རྩོམ་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོས་པ་སྨོས་པ་ནི་རྟོག་གེ་པ་མ་ཡིན་པ་ཉིད་དུ་ སྟོན་པ་ལྷུར་ལེན་པ་ཡིན་ཏེ། འདིས་ཀྱང་ཚིག་གི་ཟུར་གྱིས་རང་གི་ཕྱོགས་ཁྱད་པར་དུ་འཕགས་པར་སྨྲས་པ་ཡིན་ནོ། །རྟོག་པ་གང་ཞེ་ན། འབད་རྩོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབད་རྩོལ་ནི་རྐན་ལ་སོགས་པའི་བྱེད་པའི་བྱ་བའོ། །དེ་བཅུག་པས་ནི་བསྐུལ་བའོ། ། གསུས་པ་ན་གནས་པའི་རླུང་ནི་ལྟེ་བའི་ཕྱོགས་ནས་ལངས་ནས་བྲང་དུ་རྒྱས་ཏེ། མགྲིན་པར་བསྡུས་ནས་སྤྱི་བོར་བསྡོམས་ནས་ཁ་ནས་རྒྱུས་ཏེ་འགྲོ་བར་བྱེད་དོ། །འདི་ཉིད་སྟོན་པ་ནི་དེ་ནི་རྐན་ཞེས་བྱ་བ་ལ་སོགས་པའོ། །རླུང་དེ་འབྱུང་བ་ན་རྐན་ལ་སོགས་པའི་ལྡན་པ་ དང་རྣམ་པར་དབྱེ་བ་སྟོན་ཅིང་འགྲོ་བ་ན་ཡང་དེ་ནམ་མཁའ་ཇི་སྲིད་པར་མི་འགྲོའོ། །འོ་ན་ཅི་ཞེ་ན། ཤུགས་ཇི་སྲིད་དུའོ། །དེ་ནི་ཤུགས་ཇི་སྲིད་དུ་དེ་དང་རྗེས་སུ་མཐུན་པ་ཉིད་དུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །ག་ལས་ཤེ་ན། ཤུགས་དང་ལྡན་པའི་ཕྱིར་རོ། །རླུང་འགྲོ་བ་དེ་ཡང་ བདག་ཉིད་ཀྱི་ཡན་ལག་རྣམས་དང་བརྟེན་པའི་རླུང་སྟེ་མི་འགྱུར་བའི་རླུང་གིས་གདོན་མི་ཟ་བ་དང་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་རྣ་བའི་བུ་གར་ཕྱིན་ནས་རྣ་བ་ལ་ནུས་པ་སྐྱེད་པར་བྱེད་དོ། །དེ་ཡོད་པ་ནས་དེ་རླུང་ལས་བྱུང་བའི་བདེན་པ་ཡོད་པ་ན་སྒྲ་རྟོགས་ པའི་ཕྱིར་སྒྲའི་ལེགས་པར་བྱས་པ་མི་སྣང་བར་འདོད་དེ། དཔེར་ན་སྒྲ་སྒྲ་གཞན་དག་གིས་སམ། སྒྲ་ཙམ་གྱིས་སྐྱེད་པར་མ་མཐོང་ཡང་ཁྱེད་ཅག་འདོད་པ་དེ་བཞིན་དུ་ལེགས་པར་བྱས་པ་ཡང་ཡིན་ཏེ། ཇི་སྐད་དུ་བཤད་པ་ལས་རྩོལ་བས་བསྐུལ་བའི་རླུང་རྣམས་བརྟེན་པའི་རླུང་གཞན་ གནོད་པ་ན་ཕྱོགས་ཐམས་ཅད་དུ་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པར་བྱེད་ཅིང་ཤུགས་ཇི་སྲིད་དུ་གནས་ཏེ། རླུང་དེ་དག་ཀྱང་མངོན་སུམ་མ་ཡིན་པའི་ཕྱིར་ལྡན་པ་དང་རྣམ་པར་དབྱེ་བ་མི་དམིགས་ལ། དེ་དག་མི་འཇིགས་པ་ན་སྒྲ་དམིགས་ལ། དེ་དག་འཇིག་ན་ནི་མ་ཡིན་ནོ་ཞེས་བཤད་པ་ བཞིན་ནོ། །འོན་ཏེ་དེ་ལྟ་ན་སྐྱེ་བའི་ཕྱོགས་ལས་ལེགས་པར་བྱས་པའི་ཕྱོགས་ཀྱི་ཁྱད་པར་བརྗོད་པར་འགྱུར་རོ་ཞེ་ན། དེ་ཁྱད་པར་ཡོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཁྱད་པར་ནི་ལེགས་པར་བྱ་བའི་ཁྱད་པར་དེ་སྒྲ་འཛིན་པའི་ཁྱད་པར་ལས་རྟོགས་པ་ཡིན་ནོ། །དེའི་ ཕྱིར་ཉེ་བ་དང་རིང་བ་ན་གནས་པ་རྣམས་ཀྱིས་འཛིན་པ་དང་མི་འཛིན་པ་མཚུངས་པ་དག་ཏུ་མི་འགྱུར་ཏེ། སྐྱེས་བུ་ཐ་དད་པས་ལེགས་པར་བྱ་བ་ཐ་དད་པའི་ཕྱིར་རོ། །ཇི་ལྟར་རྩིག་པ་ལ་སོགས་པས་བསྒྲིབས་པ་ནི་སྒྲ་མི་འཛིན་ཞེ་ན། རྩིག་པ་ལ་སོགས་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། གལ་ཏེ་ཡང་སྒྲ་ཐོགས་པ་མེད་པ་དེ་ལྟ་ན་ཡང་རླུང་དང་རྩིག་པ་ལས་ཅན་ཡིན་པ་ན་ཐོག་པའི་ཕྱིར་རྣ་བའི་ཡུལ་མི་འོང་བས་རྣ་བ་ལ་སོགས་པར་བྱས་པ་སྐྱེ་བར་མི་འགྱུར་རོ། །དེས་ན་བསྒྲིབས་པ་ཐོས་པར་མི་འགྱུར་རོ། །གང་དག་གི་ལྟར་ན་མ་ཕྲད་པ་འཛིན་པ་དེ་དག་གི་ལྟར་ན་ཡང་ སྐྱོན་འདི་ཉིད་ཡིན་ནོ། །འོ་ན་ཇི་ལྟར་ཆེས་དང་ཆེས་ཆེར་གསལ་བ་དང་དམན་པར་ཐོས་པ་ཐ་དད་པར་ཇི་ལྟར་འགྱུར་ཞེ་ན། གསལ་བར་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་འཐད་པ་ཉིད་ཡིན་ནོ་ཞེས་སྐབས་དང་སྦྱར་བར་བྱའོ། །འཇིག་པ་ཤུགས་ཀྱི་བྱེ་བྲག་ཅེས་བྱ་བ་ནི་ འཇིག་པའི་བྱེ་བྲག་དང་ཤུགས་ཀྱི་བྱེ་བྲག་རིགས་པ་དག་ཡིན་ནོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ལ་སྦྱར་བར་བྱའོ། །ཡང་ན་དེ་དག་ནི་འཇིག་པ་ཡང་ཡིན་ལ་ཤུགས་ཀྱི་བྱེ་བྲག་ཀྱང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །རྣམ་པ་གཅིག་ཏུ་ན་འཇིག་པ་དང་ཤུགས་ཀྱི་བྱེ་བྲག་ཅན་གྱི་རླུང་ཞེས་འབྲུ་ མང་པོ་པའོ། །དེ་ལྟ་ཡིན་དང་ལེགས་པར་བྱས་པའི་རིམ་པ་གསལ་བ་དང་ཞེན་པ་ལ་སོགས་པའི་རྒྱུ་མཚན་ཉིད་འཐད་པ་ཡིན་ནོ་ཞེས་སྦྲེལ་བར་བྱའོ། །དེའི་ལེགས་པར་བྱས་པའི་རིམ་པ་འཐད་པ་ཡིན་ཏེ། རླུང་རིམ་གྱིས་འཇུག་པའི་ཕྱིར་རོ། །གསལ་བ་ཉིད་ཀྱང་འཐད་པ་ཡིན་ ཏེ། ཤུགས་ཀྱི་བྱེ་བྲག་དང་ལྡན་པའི་ཕྱིར་རོ། །དམན་པ་ཡང་ཡིན་ཏེ་འཇིག་པའི་ཕྱིར་རོ། །སོགས་པའི་སྒྲ་གོང་ནས་གོང་གི་ཁྱད་པར་ཡང་སྦྱར་བར་བྱའོ། །འཐད་དེ། །ནམ་མཁའ་རྣ་བ་ཡིན་ཕྱོགས་ལ། །ཁྱབ་ཕྱིར་རིང་ན་གནས་ན་ཡང་། །ཞེས་བྱ་བ་ལ་སོགས་པས་རྣ་བ་ལེགས་ པར་བྱས་པ་ལ་སྐྱོན་མང་པོ་དག་སྔར་བསྟན་པ་མ་ཡིན་ན། དེ་ཇི་ལྟར་བཤད་པ་བྱེད་པས་ལན་སྨྲས་པ། རྣ་བ་ལེགས་པར་བྱས་པ་ཡིན། །ཞེས་བརྗོད་ཅེ་ན། གདོན་མི་ཟ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་དེ་ཁས་མ་བླངས་པ་ཉིད་ཀྱི་ཕྱིར་དེའི་ཕྱོགས་ལ་ཡོད་པའི་སྐྱོན་ འཇུག་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ལ། ནམ་མཁའ་ཆ་ཤས་མེད་མིན་ཏེ། །ཞེས་བྱ་བ་ཁས་ལེན་པར་བྱེད་པ་ཞེས་འབྲེལ་ཏོ། །ག་ལས་ཤེ་ན། རྒྱལ་བ་གྲངས་ཅན་གྱིས་བཀག་ཕྱིར། །རྒྱལ་བ་པ་སྟེ་མཆོད་འོས་པ་རྣམས་དང་། གྲངས་ཅན་པ་རྣམས་ཀྱིས། ནམ་མཁའ་ ཆ་ཤས་མེད་པ་བཀག་པའི་ཕྱིར་རོ། །སྤྱོད་པ་པ་རྣམས་ཀྱིས་ནི་གཞན་གྱི་གྲུབ་མཐའ་ལ་གྲགས་པ་ཐ་སྙད་དུ་བྱེད་པ་ཡང་མ་ཡིན་ཏེ། རིགས་པས་མ་གྲུབ་པ་གང་ཡིན་པ་དེ་དག་ནི་ཁས་ལེན་པར་མི་བྱེད་དེ། དེ་ལྟ་མ་ཡིན་དང་རྒྱལ་བ་དང་གྲངས་ཅན་ལ་ གྲགས་པའི་རྣ་བ་ནམ་མཁའི་བདག་ཉིད་དུ་ཁས་ལེན་པའི་ཕྱིར་སྐྱོན་མེད་དོ། །ཡང་ན་དངོས་པོ་གཞན་དུ་འགྱུར་ཞེས་བྱ་བ་ནི་རྣ་འབྲུག་གི་མིང་ཅན་ནོ། །འབྲས་བུ་དོན་གྱི་རྟོགས་བྱ་བ། །ཞེས་བྱ་བ་ནི་སྒྲ་འཛིན་པ་གཞན་དུ་མི་འཐད་པས་གོ་བར་བྱའོ། །དེ་ལྟ་མ་ཡིན་ན་སྤྱོད་པ་པ་ ཉིད་ཉམས་པར་འགྱུར་རོ། །ཡང་ན་ཆ་མེད་པའི་ནམ་མཁའ་རྣ་བ་ཡིན་པའི་ཕྱོགས་ལ་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར། གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཁྱབ་པ་ཉིད་དང་གཅིག་ཉིད་ཅེས་བྱ་བ་ནི་རྣ་བ་ཞེས་བྱ་བ་ལྷག་མའོ། །དེ་ལྟ་ན་ཡང་སྐྱེས་བུ་ གང་གི་སྒྲ་ཙམ་དག་གི་རྟེན་ལ་སྟེ་རྣ་འབྲུག་ལ་ལེགས་པར་བྱས་པ་དེ་ཡིན་པར་འགྱུར་བ་དེ་ཉིད་སྒྲ་རྟོགས་པར་བྱེད་ཀྱི་གཞན་ནི་མ་ཡིན་ནོ། །འདིས་ནི་རྟེན་ལེགས་པར་བྱས་པ་ཉིད་བརྗོད་ཀྱི་རྣ་བ་ནི་མ་ཡིན་ཏེ། རྟེན་དེ་ཡང་སྐྱེས་བུ་སོ་སོ་ལ་ཐ་དད་པའི་ཕྱིར་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་ བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྣ་བ་ལེགས་པར་བྱེད་པ་ཡིན་ན་ཡང་ཉེས་པ་མེད་དོ་ཞེས་སྟོན་པར་བྱེད་པ་ནི། ཅི་སྟེ་ཡང་ཞེས་བྱ་བ་སྟེ། རྟེན་ནི་རྣ་འབྲུག་སྟེ་དེ་ལེགས་པར་བྱས་པའི་སྒོ་ནས་རྣ་བ་ལེགས་པར་བྱས་པ་ཡིན་གྱི་འབའ་ཞིག་པ་ནི་མ་ཡིན་ནོ། །དེས་ན་རྟེན་ ལེགས་པར་མ་བྱས་པའི་ཕྱིར། འོན་པ་དང་ཐག་རིང་པོ་ན་གནས་པ་དང་། སེམས་སྤངས་པ་དང་། གཉིད་ལོག་པ་དང་། བརྒྱལ་བ་རྣམས་ཀྱི་རྣ་བས་མ་ཐོས་ཏེ། རྣ་ཁུང་ལེགས་པར་མ་བྱས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟེན་གྱི་ངོ་བོ་ལ་ཞེས་བྱ་བ་ནི་བདུན་པའི་དོན་ལ་ཏ་སིའི་རྐྱེན་ ཡིན་ནོ། །གལ་ཏེ་སྒྲ་ཙམ་དག་གི་རྟེན་ནམ། དེའི་ཡུལ་གྱི་དབང་པོ་ལེགས་པར་བྱས་པ་མ་ཡིན་ནམ། ཅིའི་ཕྱིར་གང་རུང་བར་དམིགས་པ་ཡོད་པ་ན་སྲོག་ཆགས་ཀྱི་ཚོགས་ཐམས་ཅད་ཀྱི་དབང་པོ་རྟེན་ལེགས་པར་བྱེད་པར་མི་འགྱུར་ཞེ་ན། རྣ་བའི་ཡུལ་དུ་ཕྱིན་པའི་ཕྱིར། །ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། གལ་ཏེ་ཡང་སྒྲ་ཙམ་རྟེན་ལེགས་པར་བྱེད་དམ། དེའི་ཡུལ་དུ་དབང་པོ་ལེགས་པར་བྱེད་ཀྱང་རུང་སྟེ། དེ་ལྟ་ན་ཡང་ཕྲད་པ་ཉིད་ཡིན་པ་ན་ལེགས་པར་བྱེད་པའི་རྟེན་གྱི་དངོས་པོ་ལ་ལེགས་པར་བྱེད་པ་ཡིན་གྱི་མ་ཕྲད་པ་ལ་ནི་མ་ཡིན་པའི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱི་རྟེན་ལ་ སོགས་པའི་ལེགས་པར་བྱེད་པ་མ་ཡིན་ནོ། །རྣ་བ་ལེགས་པར་བྱེད་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། རྟེན་ལེགས་པར་བྱེད་པ་ཡང་མི་འགྱུར་བ་ཉིད་དོ། །ཁ་ཅིག་ཏུ་ཡང་ན་རྣ་བར་མ་ཕྱིན་པའི་ཞེས་འདོད་པ་དེར་ནི་རྟེན་ལེགས་པར་བྱེད་པའི་སྒོ་ནས་རྣ་བ་ལེགས་པར་བྱེད་པ་ལ་བརྟེན་ནས་ ལན་སྔར་བཤད་ཟིན་ལ། ད་ནི་རྟེན་ལེགས་པར་བྱེད་པའི་སྒོ་ནས་རྣ་བ་ལེགས་པར་བྱེད་པར་མ་གྱུར་མོད། དེ་ལྟ་ན་ཡང་ཉེས་པ་མེད་དེ། འདི་ལྟར་རླུང་རྣ་འབྲུག་གི་རྩ་བར་ཕྱིན་པ་རྣ་བ་ལེགས་པར་བྱ་བར་ནུས་ཀྱི་མ་ཕྱིན་པ་ནི་མ་ཡིན་པས་དེའི་ཕྱིར་ཕྱོགས་གཞན་བརྗོད་པ་ཡིན་ནོ། ། དེས་ན་ཞེས་བྱ་བ་ནི་མཇུག་སྡུད་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་དེ་མ་ཐག་ཏུ་བརྗོད་པའི་ཕྱོགས་གསུམ་ཆར་ལ་ཡང་གཞན་གྱིས་ཀླན་ཀ་དོགས་པར་བྱེད་དེ། རྣ་བ་གཅིག་ལ་ལེགས་པར་བྱས་པ་དང་། ལེགས་པར་མ་བྱས་པ་ཕན་ཚུན་འགལ་བའི་ཆོས་གཉིས་མི་རུང་བའི་ ཕྱིར། གཅིག་ལ་ལེགས་པར་བྱས་པས་ཐ་མི་དད་པའི་ཕྱིར་ལུས་ཐམས་ཅད་ལ་ལེགས་པར་བྱས་པ་ཉིད་ཡིན་པས་དབང་པོ་གཅིག་ཏུ་སྨྲ་བ་ལ་འོན་པ་ལ་སོགས་པའི་རྣ་བ་ཡང་རྟོགས་པར་བྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་དང་འོན་པ་ལ་སོགས་པར་རྣམ་པར་གཞག་པར་མི་ འགྱུར་རོ། །སྐྱེས་བུའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སྐྱེས་བུ་ནི་བདག་སྟེ་ཐམས་ཅད་དུ་སོང་བ་ཡིན་ན་ཡང་ཆོས་དང་ཆོས་མ་ཡིན་པས་ཡོངས་སུ་གཟུང་བའི་ལུས་ཉིད་ལ་ཤེས་པ་སྐྱེད་པར་སྤྱོད་པ་པ་དག་གིས་འདོད་དོ། །དེས་ན། གཙོ་བོ་ལུས་ཡུལ་གཞན་ཕྱིར་ཏེ། ། ཡུལ་ཐ་དད་པའི་ཕྱིར་ཐམས་ཅད་དུ་སོང་བའི་རྣ་བ་ཡང་ལེགས་པར་བྱེད་པར་མི་འཐད་དོ། །དེས་ན་ཇི་སྐད་དུ་བཤད་པའི་ཉེས་པའི་གོ་སྐབས་མེད་དོ། །ཁ་ཅིག་ཏུ། ལེགས་བྱས་དེ་འདིར་འཐད་པ་ཡིན། །ཞེས་འདོན་པ་དེར་ནི་ལེགས་བྱས་དེ་ཞེས་འབྲེལ་ཏོ། །འོན་ཏེ་བདག་ཐམས་ཅད་ དུ་སོང་བའི་ཕྱིར་སྒྲ་ཐམས་ཅད་དུ་འཛིན་པར་ཐལ་བར་འགྱུར་བ་མི་བཟློག་པ་ཉིད་མ་ཡིན་ནམ་ཞེ་ན། བདག་ལས་ཕྱོགས་གཅིག་མེད་ཅེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་དེ་ལྟར་ཡིན་པ་དེ་ལྟ་ན་ཡང་ཆོས་ལ་སོགས་པས་དབང་དུ་བྱས་པའི་ ལུས་ལ་བརྟེན་པའི་བདག་སྒྲ་འཛིན་པ་ཡིན་ཏེ། དེས་ན་སྐྱོན་མེད་དོ། །ཡང་ན་ཅི་ལྟར་ཐ་མི་དད་པའི་བདག་དང་རྣ་བ་ལ་འཛིན་པ་དང་མི་འཛིན་པ་དང་ལེགས་པར་བྱས་པ་དང་ལེགས་པར་མ་བྱས་པའི་ཆ་ཡོད་ཅེ་ན་མ་ཡིན་ཏེ། དཔེར་ན་ནམ་མཁའ་ཆ་ཤས་མེད་པ་ཡིན་ན་ཡང་ལྡན་པ་ ཅན་གྱི་དངོས་པོ་ཐ་དད་པའི་ཕྱིར་བུམ་པའི་ནམ་མཁའ་ཆོལ་ཟངས་ཀྱི་ནམ་མཁའ་ཞེས་ཐ་དད་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སྤྱིར་ཁྱབ་པ་དང་ཆ་ཤས་མེད་པའི་རྣ་བ་ལྡན་པ་ཅན་ཐ་དད་པའི་ཕྱིར་འོན་པ་ལ་སོགས་པའི་རྣམ་པར་འཇོག་པ་ཡིན་ནོ་ཞེས་སྟོན་པ་ནི། གཏན་ ཚིགས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཉིད་ཀྱིས་ཞེས་བྱ་བ་ནི་ལྡན་པ་ཅན་ཐ་དད་པའི་གཏན་ཚིགས་ཀྱིས་སོ། །གལ་ཏེ་ལྡན་པ་ཅན་ཐ་དད་པ་དེ་ལྟ་ན་ཡང་ཅིའི་ཕྱིར་འགའ་ཞིག་ཁོ་ན་འོན་པར་འགྱུར་ཞེ་ན། ཆོས་དང་ཆོས་མིན་ཞེས་བྱ་བ་སྨོས་ཏེ། རྣ་བ་དེ་ཉིད་སྐྱེས་བུ་ གཞན་གྱི་ལོངས་སྤྱད་པ་ཅན་མ་ཡིན་ནོ། །ག་ལས་ཤེ་ན་ཆོས་དང་ཆོས་མ་ཡིན་པ་དག་གིས་དབང་དུ་བྱས་པའི་ཕྱིར་རོ། །འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གྲོང་ལ་སོགས་པ་རྗེ་བོ་འགའ་ཞིག་གྲོང་ལ་སོགས་པ་དེར་གནས་ ཏེ་འདུག་ན་ཡང་རྒྱལ་པོས་དབང་ཕྲལ་ཏེ་ཕྲོགས་པ་ནི་གྲོང་དེ་ཉིད་དུ་ལོངས་སྤྱོད་མི་རྙེད་པ་དེ་བཞིན་དུ་གཞན་ལ་སྟེ། སྐྱེས་བུ་གཞན་ལ་ཐོས་ཀྱང་འོན་པས་ཐོས་པ་ནི་མ་ཡིན་ནོ། །འོན་ཏེ་རྣ་བ་དང་སྒྲ་དང་ནམ་མཁའ་གསུམ་ཆར་ཆ་ཤས་མེད་པའི་ཕྱིར་དང་། ཁྱབ་པའི་ཕྱིར་ཕྱོགས་གཅིག་འཇུག་པ་ མེད་པ་མ་ཡིན་ནམ། དེ་ཅི་ལྟར་ཕྱོགས་གཅིག་ཏུ་འཇུག་པ་ཉིད་ཀྱི་འཛིན་པ་དང་མི་འཛིན་པ་ལ་སོགས་པའི་ངེས་པའི་རྣམ་པར་བྱེད་པ་རྙེད་པར་འགྱུར་ཞེ་ན། རྣ་བ་སྒྲ་དང་རྟེན་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་དང་སྒྲ་དང་སྒྲའི་ནམ་མཁའ་སྟེ་རྟེན་ཞེས་བྱ་བ་ནི། རྣ་བ་སྒྲ་དང་རྟེན་དག་གོ། །ཆ་ ཤས་ཉིད་ཀྱི་ཡོད་མིན་ཞེས་བྱ་བ་ནི་ལྡན་པ་ཅན་ཐ་དད་པའི་ཕྱིར་ཉེ་བར་བཏགས་ནས་ནི་ཡོད་པ་ཉིད་ཡིན་པའི་ཕྱིར་རང་ཉིད་ཀྱིས་ཞེས་བཤད་དོ། །དེ་ལྟར་འདི་ལ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་འཇུག་པ་ཉིད་ཀྱིས་ངེས་པར་འཛིན་པ་ལ་སོགས་པའོ། །ཅི་ལྟར་ཞེ་ན། གསལ་བར་བྱེད་པའི་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཆ་ཤས་དང་ཡུལ་ཐ་དད་པ་རྟེན་གྱི་མིང་ཅན་གྱི་རྣ་འབྲུག་སྟེ། དེ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་ཆ་ཤས་དང་ཡུལ་ཐ་དད་པ་ཉིད་དོ། །རིགས་ཀྱང་ཐ་དད་ཅེས་བྱ་བ་ནི་རྐན་ལ་སོགས་པ་རྒྱུའི་ཚོགས་པ་ཐ་དད་པའི་ཕྱིར་རོ། །གང་ཡང་། རྣ་བ་ལན་ཅིག་ ལེགས་བྱས་ན། །སྒྲ་རྣམས་ཐམས་ཅད་རྟོགས་པར་འགྱུར། །ཞེས་བྱ་བ་འདི་ལ་ལན་བཤད་པ་ནི། གཞན་གྱི་དོན་དུ་བསྐུལ་བའི་རླུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་དུ་ཞེས་བྱ་བ་ནི་ཡི་གེ་གཞན་གྲུབ་པར་བྱ་བའི་དོན་དུའོ། །ཡི་གེ་གཞན་ལེགས་བྱེད་ནུས་པ། །ཞེས་བྱ་ བ་ནི་ཡི་གེ་གཞན་རྟོགས་པར་བྱ་བའི་དོན་དུ་གང་ཞིག་རྣ་བའི་འདུ་བྱེད་པ་ལ་ཡི་གེ་གཞན་ལེགས་པར་བྱེད་པའི་སྒྲས་བརྗོད་ཀྱི། ཡི་གེ་ལེགས་པར་བྱེད་པ་ཉིད་ནི་མ་ཡིན་ཏེ། རྣ་བ་ལེགས་པར་བྱེད་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་མི་བྱེད་ཅེས་བྱ་བ་དེ་ནི་རྣ་བ་ལ་ལེགས་པར་བྱེད་པའི་སྒོ་ ནས་ཡི་གེ་གཞན་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་རླུང་ཁོ་ན་ལ་ངེས་པ་འདི་ཡིན་ཞེ་ན། རྐན་ལ་སོགས་ཞེས་བྱ་བ་སྨོས་ཏེ། རྐན་ལ་སོགས་པའི་ལྡན་པ་ཐ་དད་པའི་ཕྱིར་གསལ་བར་བྱེད་པའི་རླུང་གི་སྒྲ་ཙམ་ཐ་དད་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཡི་གེ་གཞན་ མིན་ཞེས་བྱ་བ་ནི་བྱེད་པ་ཞེས་བྱ་བ་ཁ་བསྐང་ངོ་། །སྒྲ་ཙམ་གཞན་འཕན་པ་ནི་བསྐུལ་བ་སྟེ། སྒྲ་ཙམ་གཞན་བྱེད་པ་སྟེ་རྐན་ལ་སོགས་པའི་ལྡན་པ་དང་གཞི་མཐུན་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །སྐྱེད་དང་གསལ་བ་ཞེས་པ་ནི་བདུན་པའི་མཐའ་ཅན་ཏེ། སྒྲའི་སྐྱེ་བ་དང་མངོན་ པར་གསལ་བ་ལ་འབད་རྩོལ་དང་བརྗོད་པར་འདོད་པའི་ནུས་པ་ཐ་དད་པར་མཚུངས་སོ། །ག་ལས་ཤེ་ན། འབྲས་བུ་གཞན་དུ་མི་འཐད་པས་གོ་བར་བྱ་བ་ཡིན་པའི་ཕྱིར་ཏེ། གཉིས་ཀ་ལ་ཡང་འབྲས་བུ་དོན་གྱིས་གོ་བའི་བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རེ་ཞིག་གོ་ རིམས་བཞིན་དུ་གྲུབ་པའི་མཐའ་གཞན་གྱིས་རྟོགས་པ་དང་། རང་གི་གྲུབ་པའི་མཐའ་རྟོགས་པ་རྣ་འབྲུག་གི་མཚན་ཉིད་ཅན་གྱི་ནམ་མཁའི་རྣ་བར་ཁས་བླངས་ནས་དེ་ལེགས་པར་བྱེད་པའི་སྒོ་ནས་སྒྲ་མངོན་པར་གསལ་བ་ལ་སྐྱོན་མེད་དོ་ཞེས་བསྟན་ནས། །ད་ནི་རིག་བྱེད་ ལ་གྲགས་པའི་ཕྱོགས་ཀྱི་མཚན་ཉིད་ཅན་གྱི་རྣ་བ་ལ་བརྟེན་ནས་དེ་ལེགས་པར་བྱེད་པའི་བྱེ་བྲག་གིས་སྒྲ་མངོན་པར་གསལ་བ་ལ་སྐྱོན་མེད་པར་བསྟན་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ཕྱོགས་སུ་ཞེས་བྱ་བ་ནི་ཕྱོགས་ཉིད་རྣ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཕྱོགས་རྣ་བ་ཉིད་དུ་ ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྣ་བ་ནམ་མཁའི་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་རྣ་བ་ཕྱོགས་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡང་རིག་བྱེད་ལས་མ་བཤད་དེ། དེ་ཇི་ལྟར་རྙེད་ཅེ་ན། རྣ་བ་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་རང་བཞིན་དེ་རང་གི་ངོ་བོ་ཉིད་ལ་ཐིམ་པ་ནི་ འཇིག་པ་སྟེ། འཇིག་པའི་དུས་ན་སྲོག་ཆགས་རྣམས་ཀྱི་མིག་ལ་སོགས་པ་རང་རང་གི་རང་བཞིན་ལ་ཐིམ་པར་འགྱུར་བར་གྲགས་སོ། །དེ་ལ་འཇིག་པ་ན་ཕྱུགས་ཀྱི་དབང་དུ་བྱས་ནས་རིག་བྱེད་ལས་འདིའི་མིག་ཉི་མ་ལ་འགྲོ་ལ་རྣ་བ་ཕྱོགས་ལའོ་ཞེས་བཤད་པ་དེ་འདིར་ཡང་འགྲོའོ་ཞེས་བཤད་དོ། ། འགྲོ་ཞེས་བྱ་བས་གང་ཞིག་གང་ལས་འོངས་པ་དེ་ནི་དེར་འགྲོའོ་ཞེས་བྱ་བའི་དོན་ཏོ། །དེས་ན་གལ་ཏེ་ཡང་རྣ་བ་ནི་ཕྱོགས་སོ་ཞེས་དངོས་སུ་མ་བརྗོད་པ་དེ་ལྟ་ན་ཡང་རྣ་བ་ཕྱོགས་ལ་འགྲོའོ་ཞེས་བྱ་བའི་ཚིག་འདིས་ཤུགས་ཀྱིས་བརྗོད་པ་ཁོ་ནའོ། །ཇི་ལྟར་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། དེ་ཡང་ཕྱོགས་ལ་ཞེས་བཤད་པའི་ཕྱིར་རྣ་བ་རང་བཞིན་ལ་འགྲོ་བ་ཉིད་སྟོན་པ་ལྷུར་ལེན་པ་ཡིན་ཏེ། བྱེད་པ་པོ་རྣ་བ་ནི་རང་བཞིན་དུ་གྱུར་པ་ཕྱོགས་ལ་འགྲོའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། མིག་ལ་སོགས་པ་བཞིན་ཞེས་བྱ་བ་སྨོས་སོ། །འདི་ཉིད་རྣམ་པར་འགྲེལ་པ་ནི། ཇི་ ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འདིའི་མིག་ཉི་མ་ལ་འགྲོའོ་ཞེས་བརྗོད་པས་རྣམ་པར་ཤེས་པ་ཉི་མའི་རང་བཞིན་དུ་བརྗོད་པ་ཡིན་ཏེ། མིག་གི་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །རྣ་བ་ཕྱོགས་ལ་ཞེས་བྱ་བའི་ཚིག་འདིས་དེ་བཞིན་དུ་རྣ་བ་ནི་ཕྱོགས་ཀྱི་བདག་ཉིད་དུ་བརྗོད་དོ་ཞེས་ཚིག་ རྣམས་དེ་ལྟར་འབྲེལ་བར་བྱའོ། །རྣམ་ཤེས་ཉི་མའི་རང་བཞིན་ཏེ། །ཉི་མའི་བདག་ཉིད་དུ་ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཕྱོགས་དེ་ཅི་འདྲ་བ་ཡིན་ཞེ་ན། ཕྱོགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་དུ་འགྲོ་བ་ཉིད་ཀྱི་འབྲེལ་པ་ནི་ནམ་མཁའ་ཇི་སྲིད་བར་དུ་གནས་ཞེས་བྱ་ བ་ཡིན་ནོ། །དེ་ལྟར་ན་འོན་པ་ལ་སོགས་པ་རྣམ་པར་གཞག་པར་མི་འགྱུར་ཏེ། ཕྱོགས་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། རྣ་བའི་བུ་གས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཐམས་ཅད་ཀྱིས་ཕྱོགས་རྣ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣ་འབྲུག་གི་མཐར་ཐུག་པར་ཡོངས་སུ་ བཤད་པའོ། །འོ་ན་ཏེ་དེ་ནི་ཆ་ཤས་མེད་པ་ཡིན་པའི་ཕྱིར་ཇི་ལྟར་ཆའི་རྣམ་པར་དབྱེ་བ་དམིགས་ཤེ་ན། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའ་ལྡན་པ་ཅན་ཐ་དད་པའི་སྒོ་ནས་ཆ་ཤས་རྟོག་པ་དེ་བཞིན་དུ་ཕྱོགས་ལ་ཡང་འགྱུར་རོ། །འོ་ན་ནམ་མཁའ་རྣ་བའི་ཕྱོགས་ལས་ འདི་ཁྱད་པར་ཅི་ཡོད་ཅེ་ན། ལུང་ལས་ཁྱད་པར་འགྱུར་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་བསྡུ་བའི་སྒོ་ནས་འོན་པ་ལ་སོགས་པའི་རྣམ་པར་གཞག་པ་སྟོན་པ་ཡིན་ནོ། །ཡུལ་ལེགས་པར་བྱེད་པའི་ཕྱོགས་ལ་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར། ཡུལ་ཡང་ཞེས་བྱ་བ་ སྨོས་ཏེ། དེ་ལ་གལ་ཏེ་སྒྲ་ལེགས་བྱས། །ཐམས་ཅད་ཀྱིས་ནི་རྟོགས་པར་འགྱུར། །ཞེས་གང་སྨྲས་པ་དེ་ལ་སྐྱོན་མེད་དོ། །ག་ལས་ཤེ་ན། ཡུལ་གྱི་ནུས་པ་ཐ་དད་པའི་ཕྱིར་རོ། །ཡུལ་ལེགས་པར་བྱེད་པའི་རླུང་ཉེ་བ་དང་རིང་བ་དག་གིས་ཡུལ་ལེགས་པར་བྱེད་པ་ཐ་དད་པའི་ཕྱིར་ནུས་པ་ཐ་དད་ པ་ཡིན་ནོ། །འོན་ཏེ་རྟག་པ་དང་ཐམས་ཅད་དུ་སོང་བ་ཉིད་ཀྱིས་འདི་སྐྱེས་བུ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་འཛིན་པ་དང་མི་འཛིན་པ་མཚུངས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཇི་ལྟར་ཡུལ་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་རླུང་དག་གིས་ཡུལ་ལེགས་པར་བྱེད་པ་ཡིན་གྱི་ཡུལ་ ཉིད་ནི་མ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྒྲའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཤེས་པས་སྒྲ་ཁྱབ་པ་དང་གཅིག་པུ་ཉིད་དུ་གྲུབ་པའི་ཕྱིར་སྒྲ་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་ཤུགས་ཀྱིས་སྒྲའི་སྐྱེ་བ་ཡང་རྟག་པ་ཡིན་ནོ་ཞེས་བྱ་བར་གོའོ། །འོན་ཏེ་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་དུ་དེ་ ཡོད་ན་ཡོད་པ་ཉིད་ཀྱིས་སྒྲ་རྣམས་སྒྲ་ཙམ་གྱིས་འབྲས་བུ་ཉིད་ཡིན་པར་གྲུབ་སྟེ། དཔེར་ན་ས་བོན་ལ་སོགས་པ་ཡོད་ན་མྱུ་གུ་ལ་སོགས་པ་དམིགས་པའི་ཕྱིར་དེ་དག་དེའི་འབྲས་བུ་ཉིད་ཡིན་པ་དེ་བཞིན་དུ་སྒྲ་ཙམ་ཡོད་ན་སྒྲ་རྣམས་དམིགས་པ་ཡོད་པ་མ་ཡིན་ནམ། འབྲས་བུའི་ཐ་སྙད་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་ཅིའི་ཕྱིར་དེ་འབྲས་བུ་ཉིད་དུ་མི་འགྱུར་ཞེ་ན། འདི་ལ་དེ་ཡོད་ན་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྣ་བ་ཡོད་ན་སྒྲ་དམིགས་པ་ཡོད་དེ། དེ་ཡོད་ན་ཡོད་པ་དེ་ལས་རྣ་བ་སྒྲ་ལ་སྐྱེད་པར་བྱེད་པའི་ནུས་པ་རྗེས་སུ་ དཔོག་པར་བྱེད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཛིན་པའི་ནུས་པ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་དེ་ཡོད་ན་ཡོད་པ་ཉིད་ནི་སྒྲ་རྣམས་ཀྱི་ནུས་པ་ཡོད་པ་ཙམ་རྟོགས་པ་ཡིན་གྱི། སྐྱེད་པར་བྱེད་པའི་ནུས་པ་རྟོགས་པར་བྱེད་པ་ནི་མ་ཡིན་ནོ། །དེ་ནི་ནུས་པ་ཙམ་ལ་འབྲེལ་གྱིས་ནུས་པའི་ ཁྱད་པར་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འདིའི་ནུས་པའི་ཁྱད་པར་བསྒྲུབ་ན་འཁྲུལ་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་ཇི་ལྟར་ལེགས་པར་བྱེད་པའི་ནུས་པའི་ཁྱད་པར་རྟོགས་ཤེ་ན། དེ་རུ་བློ་ནི་ཡང་དག་བསྡུས། །ཞེས་བྱ་བ་སྨོས་ཏེ། ངོ་ཤེས་པས་རྟག་པ་ཉིད་དུ་ གྲུབ་པའི་ཕྱིར་གཞན་དུ་མི་འཐད་པས་ལེགས་པར་བྱ་བའི་ཁྱད་པར་དེ་ལ་བཤད་པ་བྱེད་པས་བློ་ཉེ་བར་བསྡུས་པ་ཡིན་གྱི། དེ་ཡོད་ན་ཡོད་པ་ཙམ་གྱིས་ལེགས་པར་བྱེད་པའི་ནུས་པ་རྗེས་སུ་དཔོག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉི་ག་ལེགས་པར་བྱས་པའི་ཕྱོགས་ལ། གཉི་ ག་ལེགས་པར་བྱས་ན་ཡང་། །རེ་རེ་ལ་བརྗོད་སྐྱོན་དུ་འགྱུར། །ཞེས་གང་སྨྲས་པ་དེ་ལ། གཉི་ག་ལེགས་པར་བྱས་ཕྱོགས་ལ། །ཁྱེད་ཀྱི་ཉེས་པ་གཉིས་ལོག་པ། །ཞེས་བྱ་བ་སྨོས་ཏེ། ཕྱོགས་གཉིས་ཀ་ལ་ཡང་ཉེས་པ་གཉིས་སྔར་བསྟན་པ་གང་ཡིན་པ་དེ་ནི་ལོག་པ་སྟེ། དོན་མེད་པ་ ཡིན་ནོ། །ཇི་ལྟར་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི། གང་གི་ཕྱིར་ཏེ། རྣ་བ་ལེགས་པར་བྱས་པའམ། སྒྲ་ལེགས་པར་བྱས་པ་གང་ཡང་རུང་བ་མ་ཚང་བའི་ཕྱིར་སྒྲ་རྟོགས་པ་མ་ཡིན་ཏེ་འདི་ལྟར་སྒྲ་ལེགས་པར་བྱས་ན་ཡང་འོན་པ་ལ་རྣ་བ་ལེགས་པར་བྱས་ པ་མ་ཚང་བའི་ཕྱིར་སྒྲ་མི་འཛིན་ལ། མ་འོན་པ་ཡང་མངོན་པར་གསལ་བར་མ་བྱས་པའི་སྒྲ་མི་འཛིན་ཏོ། །ཁ་ཅིག་ཉེས་པ་གཉིས་བརྗོད་ལོག་པ་ཡིན། །ཞེས་འདོན་ཏེ་དེ་ཡང་གོ་བླའོ། །གལ་ཏེ་སྒྲ་ཐམས་ཅད་དུ་སོང་བ་ཡིན་ན་ཇི་ལྟར་འདི་བུམ་པ་ལ་སོགས་པ་བཞིན་དུ་ཡུལ་རྣམ་པར་ ཆད་པ་སྣ་ཚོགས་པ་ཉིད་དུ་དམིགས་ཏེ། འདི་ལྟར་སྒྲ་ཐམས་ཅད་དུ་སོང་བའི་ཕྱིར་རྣམ་པར་མ་ཆད་པའི་ངོ་བོས་ཐམས་ཅད་དུ་རྟོགས་པ་རིགས་ལ། ཐམས་ཅད་དུ་སོང་བ་ལ་ནི་ཉེ་བ་དང་རིང་བའི་ཐ་དད་པ་རིགས་པ་མ་ཡིན་ལ། དེ་ནི་ཐམས་ཅད་ན་གནས་པའི་ཕྱིར་ཡུལ་འགའ་ཞིག་ནས་ འོངས་པ་ཡང་རིགས་པ་མ་ཡིན་ཞིང་། རྟག་པ་ནི་ཆེས་ཆེར་རིང་བ་དང་ཐུང་བ་དང་དམན་པ་ལ་སོགས་པའི་རང་བཞིན་ཐ་དད་པ་དང་དུས་ཐ་དད་པ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཡུལ་དང་དུས་དང་རང་བཞིན་ཐ་དད་དུ་ཡོད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་སྒྲ་ཐ་དད་པ་དང་མི་རྟག་པར་ གྲུབ་པའི་ཕྱིར་དེ་ཇི་ལྟར། སྒྲ་ཡི་སྐྱེ་བ་བཀག་པའི་ཕྱིར། །གཞན་དུ་མི་འཐད་པ་ཡིན་ན། །ཁྱད་པར་ལེགས་པར་བྱས་པའི་ཕྱིར། །སྒྲ་ཙམ་དག་ལས་སྐྱེ་བར་ངེས། །ཞེས་བརྗོད་ཅེ་ན། འདིར་སྨྲས་པ་ནི། དཔེར་ན་ཉི་མ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡུལ་ཐ་དད་དུ་ཡོད་པ་ཉིད་མ་ངེས་པ་ཉིད་དུ་བསྟན་ ཏོ། །འོན་ཏེ་ཆུ་ལ་སོགས་པ་རྟེན་ཐ་དད་པ་ཉི་མ་དུ་མ་ཉིད་དུ་རྨོངས་པའི་རྒྱུ་ཡོད་པ་ཉིད་མ་ཡིན་ནམ། འདི་ལ་ནི་འཁྲུལ་པའི་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་འཁྲུལ་པའི་རྒྱུ་མེད་པ་ན་ཞེས་བྱ་བ་འདིར་ནི་ཁྱད་པར་དང་བཅས་པ་གཏན་ཚིགས་སུ་མངོན་པར་འདོད་དེ། དེ་ཇི་ལྟར་གཏན་ཚིགས་ འཁྲུལ་པ་ཉིད་ཡིན་ཞེ་ན། གསལ་བྱེད་སྒྲ་ཙམ་ཞེས་བྱ་བ་སྨོས་ཏེ། འདི་ལ་ཡང་གསལ་བར་བྱེད་པའི་སྒྲ་ཙམ་ཐ་དད་པའི་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་མཚུངས་སོ། །གསལ་བྱེད་སྒྲ་ཙམ་རག་ལས་ཕྱིར། །ཞེས་བྱ་བ་ནི་སྒྲ་འཛིན་པ་ཞེས་བྱ་བ་ལྷག་མའོ། །དེའི་ཡུལ་དུ་ཞེས་བྱ་བ་ནི་ སྒྲ་ཙམ་གྱི་ཡུལ་ལོ། །དེ་ཞེས་བྱ་བ་ནི་སྒྲའོ། །དཔེར་ན་གསལ་བར་བྱེད་པའི་སྒྲ་ཙམ་རྣམ་པར་ཆད་པ་ལ་སོགས་པའི་སྒྲའི་འཁྲུལ་པའི་རྒྱུར་འགྱུར་བ་དེ་བཞིན་དུ་བསྒྲེ་བའི་ཕྱིར། བར་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་སྒྲའོ། །དེར་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་སུའོ། ། ཐོས་པ་ནི་སྒྲ་ཞེས་བྱ་བ་ལྷག་མའོ། །བར་དུ་མ་ཁྱབ་པའི་ཕྱིར་ནི་སྒྲ་ཙམ་དག་གིས་ཞེས་བྱ་བ་ལ་ལྟོས་པར་བྱའོ། །དེ་དག་ཅེས་བྱ་བ་ནི་སྒྲ་ཙམ་དག་གོ། །དེ་དག་དང་གང་ལས་བྱུང་ཞེས་བྱ་བ་ནི་སྒྲ་རྣམས་སོ། །འོན་ཏེ་ཉི་མ་གཅིག་ཡིན་ན་ཡང་ཡུལ་རྣམ་པར་ཆད་ནས་ འཛིན་པ་མ་གྲུབ་པ་མ་ཡིན་ནམ། འདི་ལྟར་མིག་གིས་སྣོད་ཐ་དད་དུ་སོ་སོ་སོ་སོར་ཐ་དད་པར་ཉི་མ་ལ་སོགས་པའི་གཟུགས་བརྙན་ཡོངས་སུ་གཅོད་ཀྱི་ཉི་མ་ནི་མ་ཡིན་ནོ། །ཁྱེད་ཅག་ལ་ནི་གཟུགས་བརྙན་དོན་གཞན་དུ་མི་འདོད་པས་གཟུགས་བརྙན་དུ་མི་འཛིན་པ་ན་རྒྱུ་མཚན་ཅུང་ཟད་ཀྱང་མ་ མཐོང་ངོ་ཞེས་དེ་ལྟར་སེམས་པ་ན་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲས་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །ཅིག་ཅར་ཞེས་བྱ་བ་ནི་ཅིག་ཅར་གྱིས་སོ། །འདིར་ལན་བཤད་པ་འདིར་སྨྲས་པ་ཞེས་བྱ་བ་སྨོས་ཏེ། ཆུའི་ཡུལ་དུ་གནས་པའི་ཉི་ མའི་འོད་གཡོ་བའི་ཆོས་ཅན་གྱིས་མིག་གི་འོད་སྣང་སོ་སོ་ལ་བཟློག་པ་སྟེ། ཕྱིར་བཟློག་པ་ནི་ཉི་མ་སྟེ། ཉི་མའི་དཀྱིལ་འཁོར་རང་གི་ཡུལ་ན་གནས་པ་ཉིད་དུ་འཛིན་ཏོ། །སྣོད་ཇི་བཞིན་དུ་ནི་སྣོད་ཇི་སྙེད་པར་རོ། །དེ་བས་ན་ལུས་ཐ་དད་དུ་སྣང་བའི་ཕྱིར་དེའི་ཚེ་འདི་དུ་མ་ཉིད་ག་ལས་ཡིན་ཏེ་མ་ ཡིན་པ་ཉིད་དོ། །མིག་གི་འཇུག་པ་ཐ་དད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །མིག་གི་འཇུག་པའི་དབང་གིས་མིག་ཐ་དད་ཀྱང་ཐ་དད་པ་ལྟ་བུར་འཛིན་ཏོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་སོར་མོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅུང་ཟད་ནི་བག་ཙམ་སྟེ་སོར་མོས་མིག་མནན་པ་ན་སྟེ། བཙིར་ བ་ན་ཇི་ལྟར་དངོས་པོ་གཅིག་ཡིན་ཡང་སོ་སོར་སྣ་ཚོགས་པ་ཉིད་དུ་མཐོང་ངོ་། །ག་ལས་ཤེ་ན། མིག་གི་འཇུག་པ་ཐ་དད་པའི་ཕྱིར་རོ། །དེ་ཁོ་ན་བཞིན་དུ་ཁོ་བོ་ཅག་གིས་སྒྲ་གཅིག་ཡིན་ན་ཡང་ཐ་དད་དུ་འཛིན་པའི་ཕྱིར་སྐྱོན་མེད་དོ། །གཞན་དག་ཅེས་བྱ་བ་ནི། དཔེར་ན་ཉི་མ་ཆུ་སོགས་སུ། ། གཅིག་ཀྱང་ཅིག་ཅར་སྣ་ཚོགས་དག །ཅེས་འཁྲུལ་པའི་ཡུལ་ཉིད་དུ་བསྟན་པའི་གཏན་ཚིགས་འདི་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་ན། གཟུགས་བརྙན་དོན་གཞན་འདོད་པ་དག་རྩོད་པར་བྱེད་དོ། །གལ་ཏེ་ཉི་མ་དེ་ཉིད་མཐོང་གི་གཟུགས་བརྙན་ནི་མ་ཡིན་ན། ཅིའི་ཕྱིར་འདི་སྟེང་དུ་མཐོང་ བར་མི་འགྱུར། གལ་ཏེ་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངོ་བོ་འཛིན་པ་ཡིན་ན། དེ་ལྟ་ན་དེ་མཐོང་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང་གལ་ཏེ་ཁྲོན་པ་ལ་སོགས་པ་དེར་གཟུགས་བརྙན་སྐྱེས་པར་མ་གྱུར་ན་ཉི་མ་ལ་སོགས་པ་གཏིང་ དམའ་བར་ཞུགས་པ་ཇི་ལྟར་འཛིན་པར་འགྱུར། དེར་ཉི་མ་ལ་སོགས་པ་དེ་ལྟར་གནས་པ་ནི་མ་ཡིན་ནོ། །གཞན་ཡང་ཤར་དུ་ཁ་བལྟས་པ་མེ་ལོང་ལ་ལྟ་བ་ན་ཇི་ལྟར་ནུབ་ཏུ་ཁ་བལྟས་པར་འགྱུར། དེའི་ཚེ་རྒྱབ་ཏུ་བལྟས་པའི་གདོང་པ་ཉེ་བར་སྐྱེ་བ་མཐོང་བ་ནི་མ་ཡིན་ནོ། །ཆུ་དང་ཉི་མ་ཞེས་བྱ་བ་ལ་ སོགས་པས་ལན་འདེབས་པར་བྱེད་དོ། །འདི་སྙམ་དུ་སེམས་ཏེ། གལ་ཏེ་དབང་པོ་ཕྱི་རོལ་དུ་སོང་བ་ན་ཉི་མ་རྟོགས་པར་བྱེད་ན། དེའི་ཕྱིར་སྟེང་དུ་གནས་པ་ཉིད་དུ་མཐོང་བ་འདིར་འགྱུར་གྱི། འོག་ཏུ་ཞེས་བྱ་བར་ནི་མ་ཡིན་ནོ། །གང་གི་ཕྱིར་ཆོས་དང་ཆོས་མ་ཡིན་པས་དབང་དུ་བྱས་པའི་ལུས་ ཉིད་ཀྱི་དབང་པོ་དེས་འཛིན་པར་བྱེད་པར་འདོད་ཀྱི། སྟེང་ན་གནས་པ་ནི་མ་ཡིན་ཏོ། ཇི་སྐད་དུ། གལ་ཏེ་དབང་པོས་དེ་ཉིད་དམ། །ཡང་ན་ཕྱི་རོལ་ཏུ་དོན་ཏེ། །རྟོགས་བྱེད་དེས་འདི་ལུས་ལ་འདི། །རྟོགས་བྱེད་དེ་ལྟར་འགྱུར་བ་ཡིན། །འདི་ལྟར་རིམ་པ་ནི་འདི་ཡིན་ཏེ། གང་དག་ཆུ་སྣོད་དུ་ ཆུ་དང་ཉི་མ་མཐོང་བ་དེ་དག་གི་ཆུ་དང་ཉི་མ་ལྟ་བའི་མིག་གཅིག་ཉིད་སྟེང་དང་འོག་གི་ཆ་རྣམ་པ་གཉིས་ཀྱིས་འཇུག་གོ། །དེ་ལ་སྟེང་གི་ཆར་གསལ་བའི་ཉི་མ་བདག་གིས་ཏེ་སྐྱེས་བུ་མི་འཛིན་ཏོ། །ག་ལས་ཤེ་ན། རྟེན་ཡོན་པོར་གནས་པའི་ཕྱིར་ཏེ། དེའི་ཚེ་མིག་གི་དབང་པོ་རྟན་དྲང་པོར་མི་ གནས་པའི་ཕྱིར་རོ། །བརྒྱུད་པས་འཇུག་པའི་ཉི་མའི་འོད་ཟེར་གྱིས་བསྐྱེད་པའི་ཉི་མ་ལོག་ནས་འཇུག་པ་སྟེ། རྒྱུར་འགྱུར་བས་རྟོགས་ཏེ། འདི་ལྟར་ཉི་མའི་འོད་ཟེར་གྱིས་འོད་དག་གི་འཇུག་པ་སྐྱེད་ལ། འཇུག་པ་ནི་མིག་གིས་སོ། །མིག་དག་གིས་སོ་ཞེས་བྱ་བ་འདི་ནི་ཉི་མའི་བརྒྱུད་ནས་ བསྐྱེད་པ་ཡིན་ནའོ། །འོད་བདག་ནི་ཉི་མའོ། །སྟིང་ནས་ཏེ་གོང་ན་གནས་པའི་ཉི་མའི་འོག་ཉིད་དེ་འོག་ཕྱོགས་ན་གནས་པ་ལྟ་བུར་རློམ་མོ། །གང་ཞིག་ཅེ་ན་བདག་གོ། །འོག་གི་ཉི་མ་གཞན་ཉིད་ནི་མ་ཡིན་ནོ། །ག་ལས་ཤེ་ན། དེ་གཅིག་ཕྱིར་ཏེ། ཉི་མ་དེ་ནི་ཐ་མི་དད་པའི་ཕྱིར་རོ། །གཞན་ དག་ནི་མིག་ཅེའོ། །དེ་ལྟ་བས་ན་དེ་མ་ཐག་ཏུ་བཤད་པའི་མིག་འཇུག་པའི་དབང་ཁོ་ནས་ཁྲོན་པ་ལ་སོགས་པ་དང་ཆུ་ལ་སོགས་པའི་སྣོད་ཐ་དད་པར་ཉི་མ་མཚམས་དང་བཅས་པར་མཐོང་སྟེ། གཞན་དུ་ན་ཇི་ལྟར་ཐ་མི་དད་པ་ཐ་དད་དུ་འཛིན་པར་འགྱུར། ཤར་བལྟས་ མེ་ལོང་ལྟ་བ་ན། །ནུབ་ཏུ་བལྟས་པས་ཇི་ལྟར་འགྱུར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་མིག་གི་འོད་ཟེར་གྱིས་བྱད་ཁྱེད་ནས་མེ་ལོང་ལ་སོགས་པའི་ཡུལ་གྱི་བར་དུ་ཕྱིན་པའི་འཇུག་པ་དེ་ནི་མདུན་ན་གནས་པ་ཞེས་བྱའོ། ། དེ་དག་ཀྱང་ཡུལ་དེར་གཏུགས་ཏེ་ལོག་པ་ན་རང་གི་གདོང་ཇི་ལྟར་གནས་པར་འོང་བ་དེ་ཡང་ཕྱིར་ལོག་པ་ཡིན་ནོ། །དེ་ལ་མདུན་ན་གནས་པར་འཇུག་པའི་གདོང་གིས་ཕྱིར་ལོག་པར་འཇུག་པ་ནི་བདག་ཕྱིར་ལོག་པར་འཇུག་པ་ཡིན་ནོ། །དེའི་ཕྱིར་བདག་གིས་ཕྱིར་ལོག་པར་འཇུག་པ་སྐྱེད་ པའི་གདོང་དུ་འགྲོ་སྟེ། འཁྲུལ་པས་ཕྱིར་ལོག་པའི་གདོང་མཐོང་ངོ་སྙམ་དུ་རློམ་པ་ཡིན་ཏེ། མིག་གི་འཇུག་པ་སྣ་ཚོགས་པ་ཉིད་འཁྲུལ་པའི་ས་བོན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཟུགས་བརྙན་སྐྱེ་བར་ཁས་བླངས་ནས་ལན་གདབ་པའི་ཕྱིར། དུ་མའི་ཡུལ་དུ་འཇུག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་བརྙན་དོན་གཞན་དུ་འགྱུར་བ་ཡིན་ན་ཡང་གཟུགས་དེ་དག་སྣ་ཚོགས་པ་ཉིད་ནི་ཡོད་པ་མ་ཡིན་ནོ། །ག་ལས་ཤེ་ན། མཚུངས་པས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། བློ་གཅིག་གིས་ ཡོངས་སུ་གཅད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ཡང་བློ་གཅིག་གིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་གཅིག་ཉིད་དུ་གྲུབ་པོ། །དེའི་ཕྱིར་ཡུལ་ཐ་དད་པས་རིག་པར་བྱ་བ་ཡང་སྣ་ཚོགས་པ་ཉིད་དུ་ག་ལས་འགྱུར། འོན་ཏེ་གང་གི་ཕྱིར་ཡུལ་ཐ་དད་པས་རིག་པར་བྱ་བ་ཉིད་ཡིན་པའི་ ཕྱིར་ཐ་དད་པ་ཉིད་དུ་གྲུབ་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་བློ་གཅིག་གིས་གནོད་ཅེ་ན། ཡུལ་གྱི་དབྱེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་བྱེད་ཡིན་ཞེས་བྱ་བ་ནི་མངོན་སུམ་ནི་ཚད་མ་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡུལ་དང་དུས་ཐ་དད་པས་རིག་པར་ བྱ་བ་ཉིད་འཁྲུལ་པ་ཡིན་པའི་ཕྱིར་ཚད་མ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དཔེར་ན་ལྷ་སྦྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་སྒྲ་ཡང་ཐ་དད་མིན། །ཞེས་བྱ་བ་ནི་ཡུལ་དང་དུས་ལས་ཞེས་བྱ་བ་ཁ་བསྐང་ངོ་། །དེ་ལྟར་ཡུལ་འཁྲུལ་པའི་སྒོ་ནས་གཉི་ག་ཡང་འཁྲུལ་པ་ ཡིན་པར་བསྟན་ནས། ད་ནི་དུས་ཐ་དད་པ་འཁྲུལ་པ་ཡིན་པའི་སྒོ་ནས་ཡུལ་དང་དུས་ཐ་དད་པས་དམིགས་པ་དག་གཉི་ག་ཡང་འཁྲུལ་པར་འཆད་དེ། ངོ་ཤེས་པའི་ཤེས་པ་ལས་གཅིག་ཉིད་དུ་ཤེས་པ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །ཡུལ་གྱིས་མིན་ཞེས་བྱ་བ་ནི་ཉེ་བར་མཚོན་ པ་སྟེ། དེ་བཞིན་དུ་དུས་ཀྱིས་ཀྱང་ཐ་དད་པ་མ་ཡིན་ཏ། འགལ་བ་མེད་པའི་ཕྱིར་རོ། །གཅིག་འཁྲུལ་པའི་སྒོ་ནས་གཞན་ཡང་འཁྲུལ་པར་སྟོན་པ་ཡིན་ནོ། །གལ་ཏེ་རིམ་གྱིས་ཞེས་བྱ་བ་ལ་སོགས་པས་དཔེ་མི་འདྲ་བ་ཉིད་དུ་དོགས་པར་བྱེད་དེ། འདི་ལྟར་ལྷ་སྦྱིན་ཡུལ་དང་དུས་ ཐ་དད་པས་དམིགས་ན་ཡང་ཐ་དད་པ་མ་ཡིན་པ་གང་ཡིན་པ་དེར་ནི་མི་འགལ་བའི་རྒྱུ་རིམ་པར་ཡོད་པ་ཡིན་ལ། སྒྲ་ལ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་དེའི་ཕྱིར་དཔེ་དང་དོན་མི་འདྲ་བ་ཡིན་ནོ། །འདི་ལ་ཡང་མི་འགལ་བའི་རྒྱུ་སྨྲས་པ་ནི། ཁྱབ་པའི་ཕྱིར་ཡང་བལྟ་བར་གྱིས་ཞེས་བྱ་ བ་སྟེ། མི་འགལ་བ་ཞེས་འབྲེལ་ཏོ། །སྒྲ་ཙམ་རྣམ་པ་དུ་མ་ཁྱབ་པའི་ཕྱིར་ཞེས་སྔར་བསྟན་པ་དེ་ཡང་གི་སྒྲས་ཡང་བསྟན་ཏོ། །ཅིའི་ཕྱིར་ཁྱབ་པ་ཉིད་དུ་ཁས་ལེན་པར་བྱེད་ཅེ་ན། ཆོས་གང་ཞེས་བྱ་བ་སྨོས་ཏེ། ཡུལ་དང་ཕྱོགས་ཐ་དད་པ་དག་ལ་ཐ་མི་དད་པའི་སྒྲ་འཛིན་པར་གྲུབ་པར་བྱ་ བའི་དོན་དུ་ཆོས་གང་འཐད་པ་དེ་ཉིད་གཞན་དུ་མི་འཐད་པས་ཁས་བླངས་པར་བྱ་བ་ཡིན་ལ། འདིར་ཡང་སྒྲ་རྟག་པ་དང་ཁྱབ་པ་མེད་པར་ཡུལ་དང་དུས་ཐམས་ཅད་དུ་འཛིན་པ་གྲུབ་པར་མི་འགྱུར་བས་དེའི་ཕྱིར་སྒྲའི་རྟག་པ་དང་ཁྱབ་པ་ཉིད་གཞན་དུ་མི་འཐད་པས་གྲུབ་བོ། །རང་བཞིན་ཐ་ དད་པར་བྱ་བ་ཉིད་ཀྱང་འཁྲུལ་པ་ཉིད་དུ་བསྟན་པའི་ཕྱིར། དཔེར་ན་ས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསམ་པ་ནི་མ་ཡིན་ནོ། །གལ་ཏེ་སྒྲར་རྟོགས་པ་གསལ་བ་དང་མི་གསལ་བའི་ཐ་དད་པ་གཏན་ཚིགས་ཉིད་དུ་ཁས་ལེན་པར་བྱེད། དེའི་ཚེ་གཏན་ཚིགས་མ་གྲུབ་པ་ ཡིན་ཏེ། གང་ཞིག་སྒྲ་རྟག་པར་འདོད་པ་དེ་ཇི་ལྟར་དེའི་རང་བཞིན་ཐ་དད་པ་གཞན་གྱི་ཁྱད་པར་དུ་སྨྲ་བར་བྱེད། ཅི་སྟེ་གསལ་བ་དང་མི་གསལ་བ་ལ་སོགས་པའི་རྣམ་པ་ཅན་དེའི་ཡུལ་ཅན་གྱི་བློ་གཏན་ཚིགས་ཉིད་དུ་བརྗོད་ན། དེ་ནི་རང་བཞིན་ཐ་དད་པ་མེད་པར་མི་ སྲིད་པའི་ཕྱིར་དེའི་ཚེ་གཏན་ཚིགས་མ་ངེས་པ་ཡིན་ཏེ། དཔར་ན་ས་ཆེན་པོ་བརྐོས་ནས་ནམ་མཁའ་སྟེ། ནམ་མཁའི་སྣང་བ་ལ་རང་ཉིད་ཀྱི་ས་ཆེན་པོ་ལ་སོགས་པ་མེད་ན་ཡང་དེ་ལ་བརྟེན་པ་ཉིད་ཀྱི་ས་ཆེན་པོ་ཉིད་ལ་སོགས་པའི་ཤེས་པ་སྐྱེ་བ་དེ་བཞིན་དུ་སྒྲ་ཡང་ཤིན་ཏུ་མ་བྱས་པ་ཡིན་ན་ ཡང་གསལ་བར་བྱེད་པའི་སྒྲ་ཙམ་ཐ་དད་པའི་ཕྱིར་རྣམ་པ་དེ་ལྟ་བུའི་རང་བཞིན་ཐ་དད་པ་མེད་ན་ཡང་བློ་ཐ་དད་པ་འདི་འབྱུང་བ་ཡིན་ནོ། །དེ་ཉིད་བཤད་པ་ནི་དེས་འདིར་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཡང་འདི་ནི་གཞན་གྱི་ཁྱད་པར་ཡིན་གྱི་རང་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ཇི་ ལྟར་རྟོགས་པར་བྱ་ཞེ་ན། སྒྲ་འཇུག་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འདི་བསྟན་ཏེ། བློ་ལ་ཡོད་པ་ཉིད་ཀྱི་གསལ་བ་དང་མི་གསལ་བ་དག་སྒྲ་ལ་སྒྲོ་བཏགས་ནས་འཁྲུལ་པ་ཡིན་གྱི་སྒྲ་རང་ཉིད་ཀྱིས་རག་པ་ལ་སོགས་པ་སྲིད་པ་མ་ཡིན་ཏེ། དེ་ནི་ངོ་ཤེས་པས་གཅིག་ ཉིད་དུ་གྲུབ་པའི་ཕྱིར་རོ། །ཡང་ཅི་སྟེ་གལ་ཏེ་ཡུལ་དེ་ལྟར་རང་བཞིན་ཐ་དད་པར་མ་གྱུར་ན་བློ་ཡང་ག་ལས་འགྱུར་སྙམ་ན། བུམ་པ་ལ་སོགས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བུམ་པ་ལ་སོགས་པ་ལ་རང་བཞིན་ཐ་དད་པ་མེད་ན་ཡང་གསལ་བར་བྱེད་པ་ཐ་དད་པའི་ཕྱིར། བློ་ གསལ་བ་དང་གཞན་པ་ལ་སོགས་པ་ཐ་དད་པར་འགྱུར་བ་དེ་བཞིན་དུ་སྒྲ་ཡང་རང་ལས་རང་བཞིན་ཐ་དད་པ་མེད་ན་ཡང་གསལ་བར་བྱེད་པའི་སྒྲ་ཙམ་ཐ་དད་པའི་ཕྱིར་རིང་པོ་ལ་སོགས་པ་ཐ་དད་པར་འགྱུར་རོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །གཞན་ཡང་སྒྲ་རྟོག་པར་བྱེད་པའི་ནུས་པ་གཞན་དུ་མི་འཐད་པས་ སྒྲ་མི་རྟག་པ་ཉིད་དམ་བཅའ་བའི་གནོད་པ་བསྟན་པའི་ཕྱིར་དོན་དང་འབྲེལ་བ་མཐོང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དོན་གྱིས་གོ་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ཡིན་ཏེ། འདི་ལྟར་སྒྲ་ལས་བྱུང་བའི་ཤེས་པ་གཞན་དུ་མི་འཐད་པས་སྒྲའི་རྗོད་པར་བྱེད་པའི་ནུས་པ་གྲུབ་པོ། ། ནུས་པ་དེ་ཡང་སྒྲ་རྟག་པ་མེད་པར་མི་འཐད་པའི་ཕྱིར་དོན་གྱིས་གོ་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ཡིན་ནོ། །དེ་ཉིད་རྒྱས་པར་སྟོན་པར་བྱེད་དེ། རེ་ཞིག་འབྲེལ་པ་མ་བཟུང་བར་སྒྲ་ཡོད་པ་ཙམ་གྱིས་རྗོད་བྱེད་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་གལ་ཏེ་དོན་དང་འབྲེལ་བ་ མ་མཐོང་ཡང་རྗོད་བྱེད་དུ་འགྱུར་ན་དེའི་ཚེ་སྔ་ན་མེད་པ་ཡང་སྟེ་དང་པོ་ཐོས་པ་རྒྱ་གར་གྱི་གླིང་ན་གནས་པའི་བ་ལང་གི་སྒྲ་ཡང་རང་གི་དོན་གསལ་བར་བྱེད་པར་འགྱུར་རོ། །འོན་ཏེ་འདི་ཐམས་ཅད་ལ་རྩོད་པ་མེད་པའི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནམ། །འབྲེལ་པ་མི་ཤེས་པའི་སྒྲ་ནི་རྗོད་པར་བྱེད་ པ་འགའ་ཡང་འདོད་པ་མ་ཡིན་ཏེ། རྟག་པ་དེ་ཇི་ལྟར་འབྲེལ་པ་ཤེས་པ་འདིས་རྟོགས་པར་འགྱུར་ཞེ་ན། འདིའི་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དང་དོན་མདུན་དུ་གཞག་ནས་དེ་དག་གི་འབྲེལ་པ་བྱེད་ཅིང་བྱས་ནས་ཀྱང་དེ་ལས་དུས་ཕྱིས་དོན་ཤེས་པར་བྱེད་ལ། སྒྲ་ནི་ བརྗོད་མ་ཐག་ཏུ་འཇིག་པའི་ཕྱིར་འདི་མི་རིགས་སོ། །འདི་ཉིད་འཆད་པ་ནི། མི་རྟག་པ་ནི་འཐད་མ་ཡིན། །ཞེས་བྱའོ། །ཅི་སྟེ་དུས་དེ་ཙམ་ཉིད་དུ་གནས་པ་ཡིན་ན་ཨའི་འོ་ན་དུས་གཞན་དུ་གནས་པ་ཡང་མི་ཟློགས་པ་ཉིད་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །ཇི་སྐད་དུ། དེ་སྙེད་དུས་ སུ་བསྟན་པ་འདི། །སུ་ཞིག་ཕྱི་ནས་འཇིག་པར་བྱེད། །ཅེས་བཤད་པ་ལྟ་བུའོ། །ཡང་ཅི་སྟེ་འབྲེལ་བའི་དུས་ཀྱི་བར་དུ་གནས་ལ་ཕྱིས་རང་ཉིད་ཀྱིས་འཇིག་གོ་སྙམ་ན། གཞན་ལ་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ནི་བརྡའི་དུས་ན་ཡོད་པའོ། །ལྷག་མ་ནི་དོན་ གོ་བར་ཟད་དོ། །ཅི་སྟེ་ཞེས་བྱ་བས་གཞན་གྱིས་བསམ་པ་རྟོགས་པར་བྱེད་པ་ཡིན་ཏེ། གཞན་འགའ་ཞིག་ཀྱང་ཞེས་བྱ་བ་ནི་སྦྱོར་བའི་དུས་ན་བརྡའི་དུས་ན་ཡོད་པའི་སྒྲ་བཞིན་དུ་རང་བཞིན་གྱི་རྗོད་པར་བྱེད་པ་འགྱུར་བ་ཉིད་དོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། རྒྱུ་མཚན་མེད་པར་ སྒྲ་འདི་ནི་དོན་འདིའི་རྗོད་པར་བྱེད་པ་ཡིན་ནོ་ཞེས་ངེས་པ་མེད་པའི་ཕྱིར་རོ། །འོན་ཏེ་ངེས་པ་མེད་དོ་ཞེས་ཇི་ལྟར་བརྗོད། ཇི་ལྟར་ག་ལས་དོན་རྟོགས་པར་འགྱུར་བ་དེ་ཉིད་རང་བཞིན་གྱིས་དོན་རྟོགས་པར་བྱེད་དོ་ཞེས་གསལ་པོ་ཉིད་དུ་ངེས་པར་བྱེད་པ་མ་ཡིན་ནམ་ཞེ་ན། ག་ལས་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། འདི་ནི་དོན་གྱིས་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ཉན་པ་པོ་རྣམས་ལ་འགྱུར་བ་བདེན་ཏེ། དེ་དག་ལས་དོན་རྟོགས་པ་སྐྱེ་བའི་ཕྱིར་རོ། །སྦྱོར་བ་པོ་རྣམས་ལ་ནི་འདི་རྙེད་པར་དཀའ་སྟེ། འདི་དག་སྒྲ་དེ་ལས་དོན་རྟོགས་པར་ བྱེད་པ་མ་ཡིན་ནོ། །དེ་དག་ནི་གཞན་གྱིས་རྟོགས་པར་བྱ་བ་ཁོ་ནའི་ཕྱིར་སྒྲ་སྦྱོར་བ་ཡིན་ན། དེ་གང་ལས་སྨྲ་བ་པོ་རྣམས་ཀྱི་དེས་པ་འཐད་པ་ཡིན། དེ་ཉིད་སྟོན་པར་བྱེད་པ་ནི། འདི་མི་ཤེས་པས་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་དེ་ལྟར་ན་མི་ཤེས་པའི་ཕྱོགས་ལ་ཉེས་པ་འདི་ཡིན་ ནོ། །ཤེས་པའི་ཕྱོགས་ལ་ཡང་འདི་དེས་སྔར་ངེས་པར་ཤེས་པའི་ཕྱིར་འདི་བསྟན་པའི་སྟོབས་ཀྱིས་འོངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཤེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཇི་ལྟར་སྒྲོན་མེ་ལ་སོགས་པའི་འོད་ཟེར་སར་པ་ཡིན་ཡང་དོན་གསལ་བར་བྱེད་པ་ དེ་བཞིན་དུ་སྒྲ་ཡང་འདྲ་བར་བྱེད་པར་འགྱུར་རོ་ཞེ་ན། མངོན་སུམ་ལྷག་མ་ཡིན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། སྒྲོན་མ་མངོན་སུམ་གྱིས་ལྷག་མ་ཉིད་ནི་ཡན་ལག་གི་དངོས་པོ་སྟེ། དེ་ནི་ཡུལ་ལེགས་པར་བྱས་པས་སམ་དབང་པོ་ལེགས་པར་བྱས་པས་མངོན་སུམ་གྱིས་ཤེས་པའི་ཡན་ ལག་ཏུ་འགྲོ་བ་ན་གསར་པ་ཡིན་ཡང་གསལ་བར་བྱེད་པར་འགྱུར་ལ། སྒྲ་ནི་དངོས་སུ་དབང་པོ་ལས་འདས་པའི་དོན་སྟོན་པར་བྱེད་པའི་ཕྱིར་གཙོ་བོ་ཡིན་ཏེ། དེའི་ཕྱིར་མི་འདྲའོ། །ཡང་ན་མངོན་སུམ་གྱི་ཡན་ལག་གང་ཡིན་པ་དེ་འབྲེལ་པ་ཤེས་པ་ལ་ལྟོས་པ་མེད་པ་ཡང་གསལ་བར་ བྱེད་དེ་མིག་ཡིན་ནོ། །སྒྲོན་མ་ཡང་མངོན་སུམ་གྱི་ཡན་ལག་ཡིན་ཏེ། དེ་ལྟ་བས་ན་སར་པ་ཡིན་ཡང་གསལ་བར་བྱེད་པ་ཡིན་ལ། སྒྲ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་མངོན་སུམ་གྱི་ཡན་ལག་མ་ཡིན་པས་མི་མཚུངས་སོ། །འོན་ཏེ་ཡང་སྒྲ་གསར་པ་ཡིན་ཡང་སྔ་མ་དང་འདྲ་བའི་ རྗེས་སུ་འབྲངས་ནས་སྤྱོད་པར་བྱེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདྲ་བ་ཉིད་ནི་མ་རྟོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་མ་རྟོགས་པར་དེའི་སྒོ་ནས་རྗོད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་འདྲ་བ་རྟོགས་པ་ཞེས་བྱ་བ་རེ་ཞིག་ ལྟ་ཞོག །འདྲ་བ་ཉིད་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་གཅིག་པ་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་གིས་རྗོད་པར་བྱེད་པ་གྲུབ་ན། དེ་དང་འདྲ་བའི་ཕྱིར་ཅིག་ཤོས་དེ་ལྟ་བུ་ཁོ་ནའོ་ཞེས་བྱ་བར་བརྟག་པར་བྱས་ན་དེ་ཡང་སྲིད་པ་མ་ཡིན་ཏེ། སྒྲ་ཐམས་ཅད་དོན་དང་འབྲེལ་པ་ཉིད་དུ་མ་ རྟོགས་པའི་ཕྱིར་རོ། །ཡང་ཅི་སྟེ་སྔར་བརྡའི་དུས་སུ་མཐོང་བ་གང་ཡིན་པ་དེ་ཉིད་དོན་དང་ལྡན་པ་ཉིད་ཡིན་ཏེ། དེས་ན་ཅིག་ཤོས་དང་འདྲ་བར་འགྱུར་རོ་ཞེ་ན། དེ་ཚེ་ཙམ་ལོང་ཁོམ་ག་ལས། །ཞེས་བྱ་བ་སྨོས་ཏེ། སྔར་མཐོང་བའི་སྒྲ་དེ་སྲིད་དུ་གནས་པའི་ལོང་ཁོམ་ག་ལས་ཏེ། དེ་ནི་བརྗོད་ མ་ཐག་ཏུ་འཇིག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་བརྗོད་མ་ཐག་ཏུ་འཇིག་པ་དེ་ལྟ་ན་ཡང་ཅིའི་ཕྱིར་དོན་དང་ལྡན་པར་མི་འགྱུར་ཞེ་ན། གཉིས་སམ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ནས་ཡང་དུ་འབྱུང་བར་མཐོང་བ་ནི་སྒྲ་དང་དོན་གྱིས་འབྲེལ་པ་ཤེས་པ་ཡིན་གྱི། ལན་ཅིག་ དམིགས་པས་ནི་མ་ཡིན་ནོ། །ཅི་སྟེ་རིས་མཐུན་པ་གཞན་འཛིན་པ་ན་དེ་ཉིད་དོན་དང་བཅས་པར་འགྱུར་རོ་ཞེས་བརྗོད་ན། དེ་ནི་མི་རིགས་ཏེ་དེའི་ཕྱིར་སྒྲ་གཞན་མ་རྟོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་པོ་གང་དག་སྒྲ་གཞན་མ་རྟོགས་པ་དེ་དག་ཐོས་པའི་དུས་ན་འདི་ དོན་རྟོགས་པར་བྱེད་པ་མ་ཡིན་ཏེ། དེའི་ཚེ་ཐ་དད་པའི་རྟེན་ཅན་གྱི་འདྲ་བ་མེད་པའི་ཕྱིར་རོ། །ཡང་དེ་ཉིད་སྒྲ་གཞན་མ་རྟོགས་པའི་རྟོགས་པ་པོ་དེ་དག་གི་དོན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། ཅི་ལྟར་གཅིག་ལ་བྱེད་པ་དང་མི་བྱེད་པ་ཕན་ཚུན་འགལ་ བ་དག་ཏུ་འགྱུར། གཞན་ཐོས་པ་ལ་ཞེས་བྱ་བ་ནི་གཞན་རིས་མཐུན་པའི་སྒྲའི་ཡུལ་ཅན་གྱི་ཐོས་པ་རྟོགས་པ་པོ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་རེ་ཞིག་རྗོད་པར་བྱེད་པ་ཉིད་གཞན་དུ་མི་འཐད་པས་སྒྲ་རྟག་པ་ཉིད་དུ་བསྒྲུབས་ནས་ད་ནི་འབྲེལ་པ་བྱེད་པ་གཞན་དུ་མི་ འཐད་པ་སྒྲུབ་པའི་ཕྱིར། རེ་ཞིག་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་བརྗོད་ལ་དེ་ལས་འབྲེལ་པ་བྱེད་ཅིང་དེ་ལས་ཐ་སྙད་དུ་བྱེད་དོ་ཞེས་བྱ་བའི་རིམ་པ་འདིས་ཐ་སྙད་བརྗོད་མ་ཐག་ཏུ་འཇིག་པའི་རིམ་ཅན་མ་ཡིན་པ་ལ་ཇི་ལྟར་འགྱུར། ཞིག་པ་ལ་འབྲེལ་པར་བྱ་བར་མི་ནུས་པ་འབའ་ཞིག་ ཏུ་མ་ཟད་དེས་རྟོགས་པ་ཡོད་པ་ཡང་མ་ཡིན་ཏེ། ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་ཕྱིར་དང་། བརྡ་ཡང་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། གང་ལ་འབྲེལ་པ་ཡོད་པ་མ་ཡིན་པ་འདི་ནི་མ་འབྲེལ་ བ་སྟེ། མ་འབྲེལ་བའི་ཕྱིར་དང་ཞེས་པའི་ཕྱིར་རེ་ཞིག་སྔ་མ་སྟེ། བརྡའི་དུས་ན་ཡོད་པའི་སྒྲ་ནི་དོན་མེད་པ་ཡིན་ནོ། །འོ་ན་ནི་ཐ་སྙད་ཀྱི་དུས་ན་ཡོད་པ་དོན་དང་བཅས་པར་འགྱུར་རོ་ཞེ་ན། ཕྱི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་གལ་ཏེ་རིམ་ཅན་མ་ཡིན་པ་རིམ་གྱིས་བརྗོད་པ་ལ་ སོགས་པ་མི་འཐད་ན་འོ་ན་ཅིག་ཅར་བ་ཡིན་ལ་རག་མོད་ཅེ་ན། སྒྲ་བརྗོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་བརྗོད་པ་དང་འབྲེལ་པ་བྱེད་པ་དང་འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བ་གསུམ་པོ་འདི་དག་ནི་བྱ་བ་ཡིན་ནོ། །རང་གི་ངོ་བོ་ཉིད་ཀྱིས་རིམ་པ་དང་ལྡན་པ་དེ་དག་ནི་ཅིག་ཅར་བྱ་བར་ ནུས་པ་མ་ཡིན་ཅིག་ཅར་མ་ཡིན་པར་ཡང་འབྲེལ་པ་བྱེད་པར་མི་འཐད་དོ། །རིམ་པ་ལ་སྡོད་ན་ནི་སྒྲ་ངེས་པར་དུས་གཞན་དུ་གནས་པར་ཁས་བླངས་པར་འགྱུར་རོ། །ཡུལ་དང་དུས་སོགས་ཞེས་བྱ་བས་མཇུག་སྡུད་པར་བྱེད་དེ། སོགས་པའི་སྒྲས་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་ སྐབས་གཟུང་ངོ་། །སྔོན་དུ་ཞེས་བྱ་བ་ནི་སྒྲ་གཞན་མ་ཐོས་ཕྱིར་ཞེས་བྱ་བ་དང་སྦྲེལ་བར་བྱའོ། །དེས་ན་དོན་འགྱུར་ཏེ་སྔར་བརྡའི་དུས་སུ་དོན་དང་ལྡན་པའི་སྒྲ་གཞན་མ་ཐོས་པའི་རྒྱུའི་ཕྱིར། ཁྱེད་ཀྱི་ལུགས་ཀྱིས་ཡུལ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཐ་སྙད་དུ་བྱེད་པ་པོ་རྣམས་ འབྲེལ་པ་མ་བྱས་པའི་སྒྲ་གཅིག་ཀྱང་གྲུབ་པར་འགྱུར་པ་མ་ཡིན་ནོ། །དེ་ལྟ་བས་ན་འབྲེལ་བ་མ་བྱས་པར་ཁས་བླང་བར་བྱའོ། །དེ་ནི་འབྲེལ་པ་བརྗོད་པ་གཞན་དུ་མི་འཐད་པས་སྒྲ་རྟག་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་འབྲེལ་པ་བྱེད་པ་སྐྱོན་གང་ཡིན་པ་དེ་བརྗོད་པ་ལ་ཡང་ཡིན་ནོ་ཞེས་བསྒྲེ་ བ་ནི། འདི་ཡི་འབྲེལ་བ་བརྗོད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཞེས་རྟོགས་ན། ཞིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞིག་པ་ནི་འདས་པའོ། །མེད་པ་ནི་མ་འོངས་པ་སྟེ། དེ་དག་ན་མེད་པའི་ཕྱིར་འབྲེལ་པ་བརྗོད་པ་སྲིད་པ་མ་ཡིན་ནོ། །དེ་ལྟར་བྱུང་བ་ཡང་དེ་ནི་བརྗོད་མ་ ཐག་ཏུ་འཇིག་པ་ཉིད་ཀྱིས་གང་ལས་དུས་དེ་སྙེད་པ་ཡིན། དེ་ཉིད་སྟོན་པ་ནི། སྨྲ་བ་པོ་ཉན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། སྨྲ་བ་པོས་སྔར་ཐོས་པའི་སྒྲ་ཉན་པ་པོ་ལ་བསྟན་པར་ནུས་པ་མ་ཡིན་ཏེ། དེ་ནི་སྔར་འགགས་ཟིན་པའི་ཕྱིར་རོ། །གང་ཡང་སྟོན་པར་བྱེད་པའི་དོན་དང་ལྡན་པ་དེ་ཡང་ བསྟན་པར་བྱ་བར་མི་ནུས། དེ་ལ་སྔར་འབྲེལ་པ་མ་བྱས་པའི་ཕྱིར་རོ། །འདྲ་བར་བརྗོད་ཅེས་བྱ་བ་དེ་ཙམ་ཞིག་སྲིད་པ་ཡིན་ལ། དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ཡི་ཚེ་ན་འདྲ་བའི་སྒྲ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་གང་ཅི་ཡང་རུང་བས་འདྲ་བར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་དང་ལྡན་པ་ཡིན་ལ་དེ་ཡང་མི་འཐད་དོ། །གལ་ཏེ་ཉན་པ་པོས་དོན་དང་ལྡན་པའི་སྒྲ་འགའ་ཞིག་དམིགས་པར་གྱུར་ན་དེའི་ཚེ་དེ་དང་འདྲ་བར་འཐད་པར་འགྱུར་ཏེ། གང་གི་ཕྱིར་སྔར་བརྡའི་དུས་སུ་དོན་དང་ལྡན་པར་འཛིན་པ་མེད་པའི་ཕྱིར་འདི་རིགས་པ་མ་ཡིན་ནོ། །འོ་ན་བརྗོད་བཞིན་པ་ གང་ཡིན་པ་དེ་དོན་དང་ལྡན་པར་འགྱུར་རོ་ཞེ་ན། རང་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་བརྗོད་བཞིན་པ་ན་ཡང་དོན་དང་ལྡན་པ་མ་ཡིན་ཏེ། དེ་ལ་སྔར་འབྲེལ་པ་མ་བྱས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །སྨྲ་བ་པོ་ཞེས་བྱ་བ་ལ་སོགས་པས་གང་གི་ཚེ་སྨྲ་བ་པོ་ཡང་རིམ་གྱིས་ཉན་པ་ པོར་འགྱུར་བ་དེའི་ཚེ་དེ་ལ་ཡང་སྔ་མར་ཐོས་པའི་སྒྲ་ནི་དོན་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཉེས་པའི་ཚོགས་དེ་དག་ཉིད་འཐོབ་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །དེའི་ཕྱིར་འདིས་ནི་སྨྲ་བ་པོ་ཐམས་ཅད་ཀྱི་སྒྲ་དོན་དང་ལྡན་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེའི་ཕྱིར་ ཞེས་བྱ་བ་མཇུག་སྡུད་པ་ཡིན་ནོ། །བརྗོད་བྱ་རྗོད་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ཕྱོགས་སྔ་མའི་དོགས་པ་བསུ་བ་ཡིན་ནོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དག་གོ། །ཕན་ཚུན་གོ་རིམས་བཞིན་དུ་བརྗོད་བྱ་རྗོད་བྱེད་ཀྱི་ནུས་པ་རང་བཞིན་དུ་གྱུར་པ་ཡོད་པ་ཉིད་མ་ཡིན་ནོ། །འོ་ན་ ཇི་ལྟར་སྒྲ་ལས་རྟོགས་པ་སྐྱེ་བར་འགྱུར་ཞེ་ན། གལ་ཏེ་མིག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་དུ་བརྡ་ལ་ལྟོས་ཏེ་རྒྱུའི་དངོས་པོ་ཡིན་པ་དེ་ནི་རང་བཞིན་མ་ཡིན་ཏེ། དཔེར་ན་མིག་གི་བརྡ་ལས་བྱུང་བ་བཞིན་ནོ། །སྒྲའི་རྟོགས་པས་རྒྱུའི་དངོས་པོ་ཡང་བརྡ་ལ་ལྟོས་པ་ ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱད་པ་འགལ་བ་དམིགས་པའོ། །འདིས་ཀྱང་རྟག་པ་ཉིད་དུ་དམ་བཅའ་བའི་གནོད་པ་རྒྱས་པར་བཤད་པས་འཇིག་པར་བྱེད་པ་ཡིན་ནོ། །བརྡ་ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་འདིའི་མིང་ཡིན་ནོ་ཞེས་བྱ་བ་ནི་བརྡ་ སྟེ། དེ་སྐྱེས་བུ་སོ་སོ་སྟེ་མི་སོ་སོ་ལ་བྱེད་དམ་སྐྱེས་བུ་སོ་སོའི་བརྗོད་པའི་འབྲེལ་པ་སོ་སོ་ལའམ། ཡང་ན་འགྲོ་བའི་དང་པོའི་སྟེ་འགྲོ་བ་ཆགས་པའི་དུས་སུ་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་ལ་ལན་ཅི་ཞིག་སྟེ། དུས་གཅིག་གིས་བྱེད་ཅེས་བྱ་བ་རྣམ་པར་རྟོག་པ་གསུམ་མོ། །འབྲེལ་པའི་རེ་ རེར་ཞེས་བྱ་བ་ལ། སྒྲ་དང་དོན་དག་གི་འབྲེལ་པ་བྱེད་པ་ན་ཡང་རེས་འགའ་སེམས་ཅན་རེ་རེ་ལ་ཐ་དད་པའམ། ཡང་ན་གཅིག་ཁོ་ན་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གཉིས་སོ། །གཅིག་ཉིད་ཀྱི་ཕྱོགས་ལ་རིགས་བཞིན་དུ་ཡུལ་དང་དུས་ཐ་དད་དུ་རྗེས་སུ་འགྲོ་བའི་ཕྱིར་བྱས་པར་མི་འགྱུར་ ཏེ། རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་སེམས་ཅན་སོ་སོ་ལ་ཐ་དད་པ་དེའི་ཚེ་སེམས་ཅན་རེ་རེ་བློ་ཐ་དད་པར་འགྱུར་ཏེ། ཤེས་པ་ཐ་དད་པའི་རྒྱུ་མཚན་ནི་ཤེས་བྱ་ཐ་དད་པ་ཡིན་པའི་ཕྱིར་རོ། །བ་ལང་ལ་སོགས་པའི་སྒྲ་རྣམས་ལན་བརྒྱར་སྦྱར་ན་ཡང་ཐ་སྙད་འདོགས་ པ་པོ་རྣམས་ཀྱིས་བློ་ཐ་དད་པར་མི་འགྱུར་ཏེ། ཐ་མི་དད་པར་ཞེན་པ་ཉིད་ཀྱིས་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་འབྲེལ་བ་སེམས་ཅན་རེ་རེ་ལ་ཐ་དད་པ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་བློ་ཐ་དད་པར་འགྱུར་བར་བྱ་དགོས་ཏེ། དེ་ལྟ་ཡིན་དང་ཐ་སྙད་ཆད་པར་འགྱུར་རོ་ཞེས་བསྟན་པའི་ ཕྱིར། སྨྲ་བ་པོ་ཉན་པ་པོའི་བློ་ཞེས་བྱ་བ་སྨོས་ཏེ། ཐ་དད་ཕྱིར་ན་ཞེས་བྱ་བ་ལ་ཡུལ་གྱི་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །དེས་ན་དོན་འདིར་འགྱུར་ཏེ། སྨྲ་བ་པོ་དང་ཉན་པ་པོའི་བློའི་ཡུལ་གང་ཡིན་པ་དེ་ཐ་དད་པའི་ཕྱིར་དོན་གཅིག་ཏུ་ཞེས་པས་ཐ་སྙད་དུ་བྱེད་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། སྨྲ་ བའི་བློ་ལ་ཞེས་བྱ་བ་སྨོས་སོ། །བརྡའི་སྐྱེས་བུ་སོ་སོ་ལའམ་ཞེས་གང་སྨྲས་པ་འདི་ལས་སུན་འབྱིན་པ་བརྗོད་པ་ནི། ཉན་པ་པོ་ལ་ཞེས་བྱ་བ་རྒྱས་པར་རོ། །ཉན་པ་ལ་ཕྱེད་མིན་ཞེས་བྱ་བ་ནི་དེ་ནི་ཞིག་ཟིན་པའི་ཕྱིར་རོ། །སྟོན་བྱེད་དེ་ཡང་མ་མཐོང་ངོ་། །ཞེས་བྱ་བ་ནི་སྔར་མ་མཐོང་བའི་ཕྱིར་རོ། ། བུམ་པ་ལ་སོགས་པ་ལ་ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་བ་བསྟན་པས་སུན་འབྱིན་པ་མ་ངེས་པ་ཉིད་དུ་དོགས་པར་བྱེད་པ་སྟེ་བུམ་པ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བ་མཚུངས་ཏེ། འདི་ལྟར་བུམ་པ་དོན་བྱེད་པར་ནུས་པ་མཐོང་བ་གང་ཡིན་པ་དེ་ནི་བྱ་བར་ནུས་པ་མ་ཡིན་ཏེ། དེ་ནི་གྲུབ་པ་ ཉིད་ཀྱིས་ཞིག་པའི་ཕྱིར་རོ། །གང་ཡང་ད་ལྟར་བྱེད་པའི་དོན་བྱེད་པར་ནུས་པར་མཐོང་བ་ཡང་མ་ཡིན་ཏེ། དེ་ནི་མ་གྲུབ་པའི་ཕྱིར་རོ། །ལན་སྨྲས་པ་ནི། མ་ཡིན་སྤྱི་ནི་མ་གྲུབ་ཕྱིར། །ཞེས་བྱ་བ་སྟེ། མ་ཡིན་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྤོང་བ་ཡིན་ནོ། །གང་ལས་ཤེ་ན། སྤྱི་བསྒྲུབས་ཟིན་ པའི་ཕྱིར། དེའི་སྒོ་ནས་ནུས་པ་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་ཆུ་འཛིན་པ་ལ་སོགས་པ་ལ་ནུས་པར་མཐོང་བའི་བུམ་པ་ནི་གསལ་བར་བྱ་བར་ནུས་པ་མ་ཡིན་ཏེ། གྲུབ་ནས་ཞིག་ པའི་ཕྱིར་རོ། །གང་ཡང་ད་ལྟར་ཡོད་པ་དེའི་དོན་བྱེད་པར་ནུས་པ་མ་བཀག་པ་ནི་དེ་ལྟ་ན་ཡང་གསལ་བ་ཐམས་ཅད་ལ་རྣམ་པའི་སྒོ་ནས་དོན་བྱེད་པར་ནུས་པར་གྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་རྣམ་པ་ལའོ། །ཁ་ཅིག་ཏུ་དེ་ ལ་ཐོག་མ་དང་ལྡན་ཏེ་ཅེས་འདོན་པ་དེའི་དོན་ནི་འདི་ཡིན་ཏེ། ཆུ་འཛིན་པ་ལ་སོགས་པའི་ནུས་པ་དེ་ལ་ཐོག་མ་དང་ལྡན་པ་ཡོད་དེ། རྣམ་པ་ནི་རྟག་པ་ཡིན་པའི་ཕྱིར་དང་། དེ་ཡང་རྟེན་དང་ཤིན་ཏུ་ཐ་མི་དད་པའི་ཕྱིར་རོ། །ཇི་སྐད་དུ། རིགས་ལ་སོགས་པ་གསལ་བ་ལས། །ངེད་ལ་གཞན་ཉིད་དུ་ གནས་མིན། །ཞེས་བཤད་པ་བཞིན་ནོ། །འོ་ན་འབྲེལ་བ་ཡང་རྣམ་པའི་སྒོ་ནས་ཐོག་མ་མེད་པ་ཉིད་དུ་འགྱུར་རོ་ཞེ་ན། འདི་ནི་མི་རིགས་ཏེ། དེའི་ཕྱིར། ཁྱོད་ཀྱི་འབྲེལ་པ་ཐོག་མ་ཅན། །ཞེས་བྱ་བ་སྨོས་སོ། །གཞན་ཡང་གལ་ཏེ་དེའི་ཡང་སྟེ། སྒྲ་དང་དོན་གྱིས་འབྲེལ་པའི་ཕྱིར། །རྟག་ པར་ཁས་ལེན་པ་དེ་ལྟ་ན་རྟག་པ་ཞེས་བྱ་བའི་དངོས་པོ་ཡོད་པའི་ཕྱིར་ཁོ་བོ་ཅག་གི་འདོད་པ་གྲུབ་པོ། །སྐབས་སུ་བབ་པའི་སྒྲ་ཉིད་ནི་མི་འགྲུབ་པོ་ཞེ་ན། རྣམ་པ་གཉིས་མི་སྲིད་དོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གཉིས་ནི་འབྲེལ་པ་དང་། །དེའི་སྤྱིའོ། །རྣམ་པ་གཅིག་ཁོ་ན་ཡོད་ཀྱི་སྤྱི་ནི་མ་ཡིན་ཏེ། དེ་ནི་གསལ་ བ་དུ་མའི་མཐར་ཐུག་པའི་ཕྱིར་དང་འབྲེལ་པ་ཡང་གཅིག་ཡིན་པའི་ཕྱིར་རོ། །ཇི་ལྟར་འབྲེལ་པ་གཅིག་ཡིན་ཞེ་ན། འབྲེལ་པ་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་ལས་མ་གཏོགས་པའི་འབྲེལ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེ་ལས་ཅིར་འགྱུར་ ཞེ་ན། འདིའི་ཐ་དད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ནི་དུ་མ་ཉིད་དོ། །ཅིའི་ཕྱིར་མི་མཐོང་ཞེས་བྱ་བ་འདི་ལ་རྒྱུ་སྨྲས་པ་ནི། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རྟག་ཏུ་འབྲས་བུས་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། ཇི་སྐད་དུ། དངོས་པོ་རྣམས་ཀྱི་ནུས་པ་ནི། །འབྲས་ བུ་དོན་གྱིས་གོ་བས་བསྒྲུབ། །ཅེས་བཤད་པ་ཡིན་ནོ། །དེའི་ཕྱིར་འདི་འབྲས་བུ་ཐ་དད་པའི་རྗེས་སུ་འཇུག་སྟེ། རྗེས་སུ་འབྲང་བ་བཞིན་ནོ། །བདག་ཉིད་ལ་ཡོད་པའི་ཐ་དད་པ་ཤེས་པར་བྱ་བའི་དོན་དུ་འབྲས་བུ་ཐ་དད་པ་མཐོང་བ་མེད་པར་ནུས་པ་ཐ་དད་པར་ཤེས་པར་ནུས་པ་མ་ཡིན་ནོ། ཞེས་བྱ་བའི་ ཐ་ཚིག་གོ། །འདིར་ནི་འབྲས་བུ་ཐ་དད་པ་ཡོད་པ་ཡང་མ་ཡིན་ཏེ། འདི་ལྟར་དེའི་འབྲས་བུ་ནི་རྟོག་པ་ཉིད་ཡིན་ལ། དེ་ཡང་སྒྲ་ལ་དམིགས་པའམ། དོན་ལ་དམིགས་པ་ཡིན་གྲང་། རེ་ཞིག་དང་པོ་ན་ཐ་དད་པ་མ་ཡིན་ཏེ། སྒྲ་ནི་རྟག་ཏུ་ངོ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དོན་ལ་ དམིགས་པ་ཡང་མ་ཡིན་ཏེ། ལན་བརྒྱར་བརྗོད་ཀྱང་བ་ལང་གི་སྒྲ་ལ་སོགས་པ་ལས་གཞན་དང་འདྲ་བའི་རྟོགས་པ་སྐྱེ་བ་མ་ཡིན་ནོ། །ཀླགས་ཏེ་བཤད་པ་ནི་གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྟེ། དོན་རྟོགས་པ་གཞན་དུ་མི་འཐད་པས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་ནུས་པ་ རྟོགས་ལ། ནུས་པ་གཅིག་ཉིད་ཀྱིས་བརྗོད་པར་འདོད་པའི་དོན་གྲུབ་པའི་ཕྱིར་ནུས་པ་དུ་མ་རྟོགས་པ་དོན་མེད་དོ། །གཞན་དུ་མི་འཐད་པའི་ནུས་པ་ཐ་དད་པ་རྗེས་སུ་དཔག་པར་མི་ནུས་ཏེ། དེ་ནི་ནུས་པ་ཙམ་ཉིད་ལ་མཐུ་ཡོད་པའི་ཕྱིར་རོ། །འདི་ལས་ཀྱང་འབྲེལ་པ་བྱེད་པར་རིགས་པ་མ་ཡིན་ཏེ། དེས་ན་འབྲེལ་པ་རྟོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲེལ་པ་བརྗོད་པའི་དུས་སུ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་ནི་བ་