Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 2 / 22 (50.000 ký tự/trang)
་གཉི་ག་ལ་བརྟེན་པར་འདོད་པའི་མངོན་སུམ་གྱི་མཚན་ཉིད་མ་ཁྱབ་པ་ཉིད་དུ་འགྱུར་རོ། །མི་སླུ་བ་ཉིད་ཀྱང་མངོན་པར་འདོད་པའི་དོན་བྱ་བ་བྱེད་པར་ནུས་པའི་དོན་ཐོབ་པར་ནུས་
པ་ཡིན་གྱི། ཐོབ་པ་ཉིད་ནི་མ་ཡིན་ཏེ། གེགས་བྱེད་པ་ལ་སོགས་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མ་འཁྲུལ་པ་སྨོས་པ་ཉིད་ཀྱིས་ཆོག་མོད། རྟོག་པ་དང་བྲལ་བ་སྨོས་པས་ཅི་ཞིག་བྱ་ཞེ་ན། རྣམ་པར་རྟོག་པ་རྗེས་སུ་དཔག་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །
དེ་ཡང་ཁ་ཅིག་ཡིད་ཀྱིར་འདོད། །ཅེས་བྱ་བ་ནི་དེའི་དོན་དུ་མ་འཁྲུལ་པ་སྨོས་པ་ཉིད་དུ་མི་རིགས་སོ་ཞེས་བྱ་བ་ནི་དེ་དག་གི་བསམ་པའོ། །འོན་ཏེ་ཡིད་ཀྱི་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་མ་འཁྲུལ་པ་སྨོས་པར་བྱ་དགོས་པ་ཁོ་ན་སྟེ། འདིར་དབང་པོའི་ཤེས་པ་ཁོ་ནའི་མངོན་སུམ་གྱི་མཚན་ཉིད་རྩོམ་པར་
བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣལ་འབྱོར་པའི་ཤེས་པ་ལ་སོགས་པ་ཡིད་ཀྱི་ཡང་ཡིན་ཏེ། དེ་ལ་རྨི་ལམ་གྱི་མཐར་ཡང་གསལ་བར་སྣང་བའི་ཕྱིར་རྟོག་པ་མེད་པ་ཡང་ཡོད་ཀྱི། མ་འཁྲུལ་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་དེ་བཟློག་པའི་དོན་དུ་མ་འཁྲུལ་པ་སྨོས་པ་རིགས་པ་ཉིད་ཡིན་
ནོ། །འདི་ནི་བདེན་མོད་ཀྱི་འོན་ཀྱང་དབང་པོའི་འཁྲུལ་པ་ཡང་སྲིད་དེ། དེས་ན་འདི་དག་གི་ཕྱོགས་འདི་རིགས་པ་མ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཉིད་བསྒྲུབ་པའི་ཕྱིར་དེ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ཡོད་ན་ཡོད་པའི་ཕྱིར་ལ་དབང་པོར་འགྱུར་ན་ཡང་གནོད་པའི་མཚན་
ཉིད་ཀྱི་རྣམ་པར་འགྱུར་བ་ཉམས་པའི་མཚན་ཉིད་དམིགས་པའི་ཕྱིར་དེ་ལས་གཞན་པའི་དབང་པོའི་བློ་བཞིན་དུ་སྐྲ་ཤད་འཛིངས་པ་ལ་སོགས་པའི་བློ་འདི་དབང་པོ་ལས་སྐྱེས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཡིད་ཀྱི་འཁྲུལ་པར་འགྱུར་ན་དེའི་ཚེ་ཡིད་ཀྱི་འཁྲུལ་པ་བཞིན་དུ་དབང་པོའི་བློས་བསླད་པ་མ་
ལོག་པར་ཡང་རྒྱུ་ལས་ལྡོག་པར་འགྱུར་རོ། །སྦྲུལ་ལ་སོགས་པ་འཁྲུལ་པ་བཞིན། །ཞེས་བྱ་བ་ནི་དཔེའོ། །གསལ་བར་སྣང་བར་འགྱུར་ཞེས་བྱ་བ་འདི་ནི་ཐལ་བར་འགྱུར་བ་གཞན་ཡིན་ཏེ། རྣམ་རྟོག་རྗེས་སུ་འབྲེལ་པ་ལ། །དོན་གསལ་སྣང་བ་མ་ཡིན་ཏེ། །དེ་ནི་སྤྱིའི་རྣམ་པ་ཉིད་ཀྱི་འཇུག་

པའི་ཕྱིར་རོ། །དེ་ཡོད་ན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་སྐྱོན་གྱི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་གལ་ཏེ་དངོས་སུ་ཡོད་ན་ཡོད་པ་ཉིད་གཏན་ཚིགས་ཡིན་ན་དེའི་ཚེ་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པོ། །གཞན་ལ་འཁྲུལ་པ་དབང་པོ་ལས་དངོས་སུ་སྐྱེས་པར་མ་གྲུབ་སྟེ།
དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཅི་སྟེ་སྤྱིར་དེ་ཡོད་ན་ཡོད་པ་ཉིད་གཏན་ཚིགས་ཡིན་ན་དེའི་ཚེ་མ་ངེས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་སུ་གྱུར་པ་དྲན་པའི་བློ་ལ་ཡང་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཡོད་པའི་ཕྱིར་རོ། །གང་ཡང་དེ་འགྱུར་ན་འགྱུར་བ་ཉིད་དེ་ཡང་དངོས་སུ་མ་གྲུབ་ལ་
བརྒྱུད་ནས་ལེན་ན་ཡང་མ་ངེས་པ་ཉིད་ཡིན་ནོ། །གང་གི་ཕྱིར་འདི་བོང་བུ་དང་རྟ་ལས་སྐྱེས་པའི་དྲེའུ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུ་བར་ཆོད་ན་ཡང་དེའི་རྣམ་པར་འགྱུར་བ་ཕྱིས་བོང་བུའི་ངོ་བོའི་རྣམ་པའི་རྗེས་སུ་བྱེད་པར་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལས་དངོས་སུ་སྐྱེ་བར་
མ་གྲུབ་པོ། །ཡིད་ཀྱི་འཁྲུལ་པ་རྣམ་པར་དཔྱད་པ་ལས་ལྡོག་གོ་ཞེས་བྱ་བ་འདི་ཡང་དངོས་པོའི་སྤྱིའི་བློ་དག་གིས་མ་ངེས་པ་ཉིད་ཡིན་ནོ། །ཁྱེད་ཅག་གིས་རིགས་པས་སྤྱི་མེད་པར་རྟོགས་ཀྱང་བུམ་པ་ལ་སོགས་པའི་དངོས་པོ་ལས་དངོས་པོ་ཞེས་བྱ་བའི་སྤྱི་ཡང་རུང་སྟེ། སྤྱིའི་རྣམ་པ་ཅན་གྱི་རྣམ་
པར་རྟོག་པ་ལྡོག་པ་མ་ཡིན་ནོ། །ཅི་སྟེ་རིགས་པས་རྣམ་པར་དཔྱད་པ་ལས་སྤྱིའི་བློ་འདི་དག་རང་གི་མཚན་ཉིད་ལ་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ལྡོག་པ་ཁོ་ནའོ་སྙམ་དུ་སེམས་ན་ཡང་འདི་ཡང་ལན་མ་ཡིན་ཏེ། ཟླ་བ་གཉིས་ལ་སོགས་པའི་བློ་ལ་ཡང་རིག་པས་རྣམ་པར་དཔྱད་
པ་ལས་འདི་དག་རང་གི་མཚན་ཉིད་ལ་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ལྡོག་པ་ཁོ་ནའོ། །དེ་ཙམ་གྱིས་ནི་ཡིད་ཀྱི་འཁྲུལ་པར་འགྱུར་བ་ནི་མ་ཡིན་ནོ། །དེ་དག་གིས་ཡོད་པ་ལྡོག་པ་མ་ཡིན་ནོ་ཞེ་ན། དེ་ནི་སྤྱིའི་བློ་དག་དང་མཚུངས་ཏེ། དེ་དག་ཀྱང་རང་གི་ངོ་བོས་ལྡོག་པ་མ་ཡིན་ནོ། །
དེ་ཡོད་པ་ན་ཡོད་པ་ཉིད། །ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མ་གྲུབ་པ་མ་ཡིན་གྱི་འོན་ཀྱང་གྲུབ་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། མ་འཁྲུལ་པ་ཟླ་བ་གཅིག་གིས་ཤེས་པས་བར་དུ་བཅད་པར་མ་གྲུབ་པའི་ཕྱིར་ཏེ། བར་དུ་གཅོད་པ་དེ་དམིགས་སུ་རུང་བ་ལས་མ་

དམིགས་པའི་ཕྱིར་རོ། །འདི་ཉིད་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསལ་བར་བྱེད་དོ། །བར་ཆད་མེད་པ་ནི་ཟླ་བ་གཉིས་ལ་སོགས་པ་ཞེས་བྱ་བ་དང་སྦྲེལ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་འགྱུར་བ་ན་འགྱུར་བ་ཉིད་ཀྱང་འཁྲུལ་པ་མ་ཡིན་ནོ། །གང་གིས་དྲེའུ་ལ་སོགས་པ་དག་
གིས་འཁྲུལ་པར་འགྱུར་བ་དེ་ཡང་བར་ཆོད་པ་ཡོད་པ་མ་ཡིན་ནོ། །དངོས་པོའི་སྤྱིའི་བློ་རྣམས་ཀྱང་གང་གི་ཚེ་འདོད་པས་དཔྱོད་པར་བྱེད་པ་དེའི་ཚེ་རྟོག་པ་ཡོད་པ་ཉིད་ཡིན་གྱི། སྐྲ་ཤད་འཛིངས་པ་ལ་སོགས་པའི་བློ་རྣམས་ནི་འདོད་པས་ལྡོག་པ་སྲིད་པ་མ་ཡིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །
ཅི་ཞེ་ན། རེ་ཞིག་མིག་བཙུམས་པ་ནི་འདོད་པའི་དབང་པོའི་ཤེས་པ་ཡང་འདོད་པས་མིག་བཙུམས་པ་ན་འདོད་པའི་དབང་གིས་ལྡོག་པ་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདོད་པ་ལོག་པའི་དེ་མ་ཐག་ཏུ་མིག་གི་རྣམ་པར་ཤེས་པ་ལྡོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རེ་ཞིག་མིག་
བཙུམས་པ་ན་ནི་འདོད་པའི་དབང་གིས་བྱུང་ལ། དེ་ལས་མིག་ལོག་པ་ན་དེའི་ཤེས་པ་ལྡོག་པ་ཡིན་ནོ། །ཡིད་ཀྱི་འཁྲུལ་པ་ནི་དངོས་སུ་འདོད་པའི་དབང་གིས་ལྡོག་པའི་ཕྱིར་མཚུངས་པ་མ་ཡིན་ནོ། །འདི་དེ་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་མིག་ཕྱེ་བ་ནས་བལྟ་བར་མི་འདོད་ན་ཡང་
དོན་མཐོང་བ་ཉིད་ཡིན་ཏེ། དེའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་འདོད་པས་དངོས་སུ་ནུས་པ་མ་ཡིན་ནོ། །རང་གི་སྡེ་པ་ཁ་ཅིག་ཉིད་མ་འཁྲུལ་པ་སྨོས་པར་མི་འདོད་པ་དེ། དུང་སེར་པོ་ལ་སོགས་པའི་ཤེས་པ་འཁྲུལ་པ་ཡང་མངོན་སུམ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་ནི་
རྟགས་ལས་མ་སྐྱེས་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ལ། མི་སླུ་བའི་ཕྱིར་ཚད་མ་ཡང་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཚན་ཉིད་དུ་མ་འཁྲུལ་པས་སྨོས་པ་མ་མཛད་དོ། །འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་ཅེས་བྱ་བ་ལ་སོགས་པས་མངོན་སུམ་
ལྟར་སྣང་བ་བསྟན་པའི་ཕྱིར། རྟོག་པ་དང་བྲལ་ཞིང་མི་སླུ་བ་ཞེས་བྱ་བའི་རྣམ་པ་དེ་ལྟ་བུ་སློབ་དཔོན་མཚན་ཉིད་དུ་བཞེད་པ་ཡིན་ནོ། །རབ་རིབ་བཅས་ཞེས་བྱ་བའི་རབ་རིབ་ཀྱི་སྒྲ་འདི་ནི་མི་ཤེས་པའི་རྣམ་གྲངས་ཡིན་ཏེ། རྨོངས་པ་རྣམས་ཀྱི་རབ་རིབ་འཇོམས། །ཞེས་བྱ་བ་བཞིན་ནོ། །

རབ་རིབ་ལས་བྱུང་བ་ནི་རབ་རིབ་ཅན་ཏེ་བསླུ་བ་ཞེས་བྱ་བའི་དོན་ཏོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རྣམ་པ་གཉིས་ཀྱིས་ཚད་མར་འགྱུར་བ་མ་ཡིན་ཏེ། སྣང་བ་ཇི་ལྟ་བ་བཞིན་དུ་མི་སླུ་བའམ་ཞེན་པ་ཇི་ལྟ་བ་བཞིན་དུ་ཡིན། དེ་ལ་འདིར་སྣང་བ་ཇི་ལྟ་བ་བཞིན་
དུ་མི་སླུ་བ་ནི་མ་ཡིན་ཏེ། དེའི་སེར་པོར་སྣང་བ་དེ་ལྟ་བུར་མ་ཐོབ་པའི་ཕྱིར་རོ། །ཞེན་པ་ཇི་ལྟ་བ་བཞིན་དུ་མི་སླུ་བ་ཡང་མ་ཡིན་ཏེ། ཁྱད་པར་ཅན་གྱི་དོན་བྱ་བ་བྱེད་པ་ཉིད་ཀྱི་སེར་པོ་ཉིད་དུ་ཞེན་པའི་ཕྱིར་རོ། །དེའི་ངོ་བོའི་དོན་བྱེད་པ་ཐོབ་པ་མ་ཡིན་ལ། མ་ཞེན་པའི་དོན་ལ་མི་སླུ་བ་ཉིད་ཀྱིས་ཀྱང་
ཚད་མ་ཉིད་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། སྐྲ་ཤད་ལ་སོགས་པའི་ཤེས་པ་ལ་ཡང་སྣང་བ་ལ་སོགས་པ་མ་ཞེན་པ་ཐོབ་པའི་ཕྱིར་རོ། །ཡང་གལ་ཏེ་ཞེན་པའི་ཁ་དོག་མ་ཐོབ་ཀྱང་དབྱིབས་ནི་ཐོབ་པ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར་ཁ་དོག་ལས་ནི་ཐ་དད་
པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གལ་ཏེ་རྣམ་པ་གཞན་ཞེས་བྱ་བ་ལ་སོགས་པ་ཀླགས་ཏེ་བསྟན་ཏོ། །དོན་བྱེད་པ་ལ་མི་སླུ་བ་ཉིད་ཙམ་གྱིས་རྣམ་པ་ལ་མ་ལྟོས་པར་ཚད་མ་ཉིད་དུ་བརྟག་པར་མི་བྱ་སྟེ། ཡུལ་གྱི་རྣམ་པ་ལ་ཚད་མ་མ་ཡིན་པར་ཐལ་བར་འགྱུར་
བའི་ཕྱིར་རོ། །དེའི་ངོ་བོ་ཞེས་བྱ་བ་ནི་ཤེས་པ་རང་སྣང་བ་དེའི་ངོ་བོའོ། །སོགས་པའི་སྒྲས་ནི་ཇི་ལྟར་དོན་གྱི་རྣམ་པ་དང་དཀར་བ་ལ་སོགས་པ་ཉིད་དུ་སྐྱེ་བ་དེའི་ངོ་བོའི་ཡུལ་དེ་གཞལ་བྱ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སློབ་དཔོན་གྱི་ཚིག་དང་འགལ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དོན་བྱེད་པ་
ལ་མི་སླུ་བ་ནི་སྔར་གྱི་དོན་ཉམས་སུ་མྱོང་བའི་བག་ཆགས་ཡོངས་སུ་སྨིན་པའི་ཚད་མ་གཞན་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །དུང་སེར་པོར་ཤེས་པའི་བག་ཆགས་ཡོངས་སུ་སྨིན་པའི་རྒྱུ་ནི་དུང་དཀར་པོ་ཉིད་ཡིན་ཏེ། དེའི་དཀར་པོས་དེ་ཡོངས་སུ་སྨིན་པའི་ཕྱིར་རོ། །བག་ཆགས་ཡོངས་སུ་སྨིན་པའི་
རྒྱུ་ལས་མི་སླུ་བ་གང་ཞིག་ཀུན་ནས་བསླངས་པ་དེ་ལ་དེ་སྐད་ཅེས་བྱའོ། །བདེ་བ་ལ་སོགས་པ་རྣམས་ཀྱི་རང་རིག་པ་རྣམས་ཇི་ལྟར་མངོན་སུམ་ཡིན་ཞེ་ན། ཡིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པ་གང་ཞེས་བྱ་བ་ནི་བརྡ་མི་ནུས་པ་ལ་སོགས་པའོ། །འདིར་གལ་ཏེ་ཡང་ཡིད་ཀྱི་རིགས་པ་མ་བརྗོད་པ་དེ་ལྟ་

ན་ཡང་དབང་པོའི་ཤེས་པ་ལ་བརྡ་མི་ནུས་པའི་རིགས་པ་གང་ཡིན་པ་དེ་ནི། དེ་ལ་ཡང་མཚུངས་པའམ་ཡང་ན་འདི་ལ་རྣལ་འབྱོར་པའི་ཤེས་པ་ཡང་ཡིད་ཡིན་ལ། དེ་ཡང་ཆད་པར་འགྱུར་རོ། །ལུང་ལ་གྲགས་པ་ཡིན་པའི་ཕྱིར་འདིར་ཡིད་ཀྱི་མཚན་ཉིད་མ་བྱས་ལ།
ཚད་མས་གནོད་པ་ནི་སློབ་དཔོན་གྱིས་བསྒྲུབ་པ་ཟིན་པའི་ཕྱིར་ཡང་ཁོ་བོ་ཅག་གིས་བསྒྲུབ་པར་མི་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་རིག་བྱེད་པ་ཡང་མ་ཡིན་ན་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་པའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། རང་རིག་པ་མ་ཡིན་པ་འབའ་ཞིག་ཏུ་
མ་ཟད་ཀྱི་ཕྱི་རོལ་གྱི་དོན་རིག་པར་བྱེད་པ་མ་ཡིན་པ་དེ་ནི་ཤེས་པའི་རང་བཞིན་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་གྲུབ་པའི་མཐའ་ནི་བདག་ཅག་ལ་འདུན་པའི་ཤེས་པ་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །ཕྱི་རོལ་དངོས་པོ་ཞེས་བྱ་བ་ལ་སོགས་པས་འགེགས་པར་བྱེད་
དོ། འདི་ནི་དམ་བཅའ་བ་མངོན་སུམ་དང་འགལ་བར་བཤད་དོ། །གང་གི་ཕྱིར་སྤྱིའི་དངོས་པོ་དམིགས་པའི་ཤེས་པ་དང་དུས་མཉམ་དུ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དེའི་ཚེ་གང་གིས་ན་དོན་གཅིག་ལ་སྟོན་པའི་ཤེས་པས་རིག་པར་བྱ་བར་འགྱུར། རེ་ཞིག་ཕྱི་རོལ་ལ་དམིགས་
པའི་མིག་ལ་སོགས་པའི་ཤེས་པ་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། དེའི་དམིགས་པ་ནི་ཕྱི་རོལ་ཡིན་པའི་ཕྱིར་དང་། བདེ་བ་ལ་སོགས་པ་ནི་ནང་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་དང་། ཡིད་ཀྱི་ཤེས་པས་རིག་པར་བྱ་བ་ཉིད་དུ་འདོད་པའི་ཕྱིར་རོ། །དེའི་དུས་ན་ཡིད་ཀྱི་ཤེས་པ་སྲིད་པ་ཡང་མ་ཡིན་
ཏེ། ཤེས་པ་རྣམས་ནི་རིམ་གྱིས་སྐྱེ་བ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་ཡང་ཤེས་པ་རྣམས་ཀྱི་སྐྱེ་བ་རིམ་གྱིས་ཁས་བླངས་ཀྱི་གནས་པ་ནི་མ་ཡིན་ནོ་སྙམ་ན། འདི་ཡང་ཡང་དག་པ་མ་ཡིན་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་སྐད་ཅིག་མ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །
མགྱོགས་པར་འཇུག་པས་ཅིག་ཅར་འཁྲུལ་པ་གང་ཡིན་པ་དེ་ཡང་སྔར་གསལ་བ་ཉིད་དོ། །གཞན་ཡང་བདེ་བ་ལ་སོགས་པ་རྣམ་པར་རྟོག་པའི་ཡུལ་ཉིད་ཡིན་ན་དགའ་བ་དང་ཡོངས་སུ་གདུང་བ་ལ་སོགས་པའི་ངོ་བོས་གསལ་བར་སྣང་བར་ཡང་མི་འགྱུར་ཏེ། ཡིད་ཀྱི་ཤེས་པས་རིག་པར་བྱ་བ་

ཉིད་དུ་ཁས་ལེན་པའི་ཕྱིར་དང་། དེ་ཡང་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །རྣམ་རྟོག་རྗེས་སུ་འབྲེལ་པ་ལ། །དོན་གསལ་སྣང་བ་ཡོད་པ་མ་ཡིན་ནོ། །ཁོ་བོ་ཅག་གིས་ནི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་གྱི་དབང་པོའི་ཤེས་པས་བསྐྱེད་པ་ཉིད་མངོན་སུམ་དུ་ཁས་བླངས་པའི་ཕྱིར་
རོ། །གཞན་ཡང་བདེ་བ་ལ་སོགས་པ་ལ་གཟུང་བར་བྱ་བ་ཡིན་ནོ། སྔོན་པོ་ལ་སོགས་པ་བཞིན་དུ་རྣམ་པར་ཆད་པར་སྣང་བར་འགྱུར་ན། སིམ་པ་ལ་སོགས་པའི་ངོ་བོ་ཤེས་པ་ལས་རྣམ་པར་ཆད་པར་དམིགས་པ་ཡང་མ་ཡིན་ནོ། །སིམ་པ་ལ་སོགས་པའི་ངོ་བོས་ཤེས་པ་ལས་ཐ་མི་དད་པར་
འཛིན་པ་འཁྲུལ་པ་ཡིན་ནོ་ཞེ་ན། འོན་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པའི་བདག་ཉིད་ཡང་དག་པར་རེག་པའི་ངོ་བོ་ཡོད་པར་གྲུབ་སྟེ། སིམ་པ་ལ་སོགས་པའི་ངོ་བོ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་ཤེས་པ་དེའི་ངོ་བོ་ཡིན་ནོ་ཞེ་ན་ནི་བདེ་བ་ལ་སོགས་པའི་ཤེས་པའི་རང་
བཞིན་ཡིན་པར་གྲུབ་བོ། །ཐ་དད་པར་མ་གྲུབ་པས་འཁྲུལ་པར་མི་འགྱུར་བའི་ཕྱིར་རོ། །སིམ་པ་ནི་རྗེས་སུ་མཐུན་པའོ། །དེ་ལས་ལྡོག་པ་ནི་སིམ་པ་མ་ཡིན་པ་ནི་སོགས་པའི་སྒྲས་བཏང་སྙོམས་གཟུང་ངོ་། །གལ་ཏེ་རང་གི་རྒྱུད་ལ་སྐྱེ་བའི་མཚན་ཉིད་ཀྱི་བདེ་བ་ལ་སོགས་པའི་ཡོད་པ་གང་ཡིན་པ་
དེ་ཉིད་དེ་དག་གི་ཉམས་སུ་མྱོང་བ་ཡིན་ནོ་ཞེས་ནི་ཁས་མི་ལེན་གྱི་འོན་ཀྱང་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་ཡིན་པ་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་བདེ་བ་ལ་སོགས་པ་འཛིན་པ་ན་དེ་ཉམས་སུ་མྱོང་བ་བཞིན་དུ་དཀར་བ་ལ་སོགས་པའི་གནས་སྐབས་མཚུངས་པར་འགྱུར་རོ། །རྒྱུད་ཐ་དད་
དུ་འཇུག་པའི་ཕྱིར། གནས་སྐབས་མཚུངས་པ་ཞེས་བརྗོད་པར་མི་བྱ་སྟེ། རང་གི་རྒྱུད་ལ་འཇུག་པ་ནི་དེ་དག་གི་ཉམས་སུ་མྱོང་བར་ཁས་མི་ལེན་ནོ། །འོ་ན་ཅི་ཞེ་ན། དེའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་ཡིན་ལ། དེ་ཡང་རྒྱུད་གཞན་འཛིན་པ་དག་ལ་ཡང་ཡོད་པའི་ཕྱིར་མཚུངས་པར་ཐལ་བར་
འགྱུར་རོ། །ཅི་སྟེ་བདེ་བ་ལ་སོགས་པ་རྣམས་ཀྱི་རྣམ་པ་གཉི་ག་ཉམས་སུ་མྱོང་བར་ཁས་ལེན་པར་བྱེད་ན། དེའི་ཚེ་རང་གི་རྒྱུད་ལ་འཇུག་པ་ཉིད་དུ་ཉམས་སུ་མྱོང་བ་ན་བདེ་བ་ལ་སོགས་པ་བདག་ཉིད་རིག་པར་གྲུབ་པ་ཉིད་དོ། །དེ་ལྟ་ན་ནི་རང་གི་རྒྱུད་ལ་འཇུག་པ་ཉིད་ཀྱི་རྒྱུ་མཚན་རྒྱུད་གཞན་ལ་

འཇུག་པ་ལས་ཁྱད་པར་ཅན་ཡིན་ནོ། །གལ་ཏེ་རང་རིག་པའི་ངོ་བོ་ཡིན་ན་འོ་ན་གང་དག་གི་ལྟར་ན་རྣལ་འབྱོར་པ་མ་གྲུབ་པ་དཔྱོད་པ་ལ་སོགས་པ་དེ་དག་གི་ལྟར་ན་ཇི་ལྟར་དེ་དག་གིས་ཐལ་བར་འགྱུར་བ་ཡིན་ཞེ་ན། གཞན་གྱི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སངས་རྒྱས་པ་རྣམས་བཞིན་དུ་གཞན་གྱི་ལྟར་ན་དོན་དམ་པར་རྗེས་སུ་དཔག་པ་ཡུལ་མེད་པ་ཅན་ནི་མ་ཡིན་ཏེ། དེ་ལྟ་བས་ན་གཞན་གྱི་སྡུག་བསྔལ་རྗེས་སུ་དཔག་པ་ན་རྗེས་སུ་དཔོག་པ་པོ་དང་ཡང་ཉམས་སུ་མྱོང་བ་མཚུངས་པར་འགྱུར་རོ། །བདེ་བྱེད་བདག་པོ་ནི་བདེ་བ་ལ་སོགས་པ་ནི་
ཤེས་པའི་རང་བཞིན་མ་ཡིན་ཏེ། ཤེས་པ་ཞེས་ཐ་སྙད་དུ་མ་བྱས་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །གལ་ཏེ་བརྡ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། གལ་ཏེ་བརྡ་གཞན་ཉིད་ཀྱིས་རང་བཞིན་གཞན་དུ་འགྱུར་ན་དེ་ལྟ་ན་གང་གི་ཚེ་ཤེས་པ་ཡིན་ན་
ཡང་འགའ་ཞིག་གིས་ཤེས་པ་མ་ཡིན་ཞེས་བརྡ་བྱས་པ་དེའི་ཚེ་སེམས་ལ་ཤེས་པ་ཞེས་ཐ་སྙད་དུ་བྱས་པ་མེད་པའི་ཕྱིར། ཁྱེད་ཅག་ལ་ཤེས་པ་ཡང་ཤེས་པ་མ་ཡིན་པར་འགྱུར་རོ། །ཅི་སྟེ་གསལ་བའི་བདག་ཉིད་ཀྱི་ཤེས་པ་གསལ་བར་ཉམས་སུ་མྱོང་བའི་ཕྱིར་ཤེས་པ་མ་ཡིན་པར་
མི་འགྱུར་ན། དེ་ལྟ་ན་འདི་ཐམས་ཅད་བདེ་བ་ལ་སོགས་པ་ལ་ཡང་མཚུངས་ལ། གཏན་ཚིགས་ཀྱང་འདི་ཉིད་ཀྱིས་འཁྲུལ་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །འཆད་པར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པར་གྲུབ་པར་རོ། །ཚད་མའི་འབྲས་བུ་ལ་ལོག་པར་རྟོགས་པ་
བསལ་བའི་ཕྱིར། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་གྱི་གཞལ་བྱ་ལ་ཡུལ་རྟོགས་པ་ནི་ཚད་མའི་འབྲས་བུ་ཡིན་ལ། འདྲ་བ་ནི་ཚད་མ་ཡིན་ནོ། །རང་རིག་པ་ལ་ཡང་འདི་རྣམ་པ་ཇི་ལྟ་བ་བཞིན་དུ་སྣང་བའི་ཕྱིར་ཤེས་པའི་བདག་ཉིད་ཀྱི་གཞལ་བྱ་ལ་རང་རིག་པ་
ནི་འབྲས་བུ་ཡིན་ལ། རུང་བ་ཉིད་ནི་ཚད་མ་ཡིན་ནོ། །བྱ་བ་དང་བཅས་པའི་ཤེས་པ་ཉེ་བར་བླངས་ནས་གང་གིས་དེའི་བདག་ཉིད་རིག་པར་བྱེད་ཀྱི། བུམ་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་འདྲ་བའི་རུང་བ་ཉིད་ནི་ཤེས་པ་ཁོ་ནའི་ཡིན་ནོ། །རྒྱུར་གྱུར་པའི་རུང་བ་ཉིད་ཀྱི་ཤེས་པ་བདག་

ཉིད་གསལ་བ་ཉིད་དུ་མཚོན་པའི་ཕྱིར་རུང་བ་ཉིད་ཀྱིས་རང་རིག་པ་ཚད་མ་ཡིན་ནོ། །དེ་ཡང་། དེ་ལའང་ཉམས་མྱོང་བདག་ཉིད་ཕྱིར། །རང་བདག་རིག་པ་དེ་རུང་ཉིད། །དེ་ཕྱིར་རུང་ཉིད་དེ་ཚད་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་བཤད་དོ། །ཇི་ལྟར་སེང་ལྡེང་བཅད་གྱུར་ན། །ཞེས་
བྱ་བ་ལ་སོགས་པས་ཀུ་མཱ་ལ་རི་ལའི་ཀླན་ཀའི་དོགས་པ་བསུ་བ་ཡིན་ཏེ། ཚད་མའི་འབྲས་བུ་ཐ་དད་པར་སྨྲ་བ་རྣམས་ལ་སངས་རྒྱས་པས་གལ་ཏེ་ཚད་མ་དང་འབྲས་བུ་དག་ཐ་དད་པས་ཁས་ལེན་ན། དེའི་ཚེ་ཚད་མ་དང་འབྲས་བུ་དག་ཡུལ་ཐ་དད་པར་འགྱུར་ན། དེ་ཡང་རིགས་པ་མ་
ཡིན་ཏེ། གཅོད་པར་བྱེད་པའི་སྟ་རེ་སེང་ལྡེང་ལ་བབ་པ་ན། པ་ལ་ཤ་འཆད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཚད་མ་དང་འབྲས་བུ་དག་ཡུལ་གཅིག་པའི་ཕྱིར་ཐ་མི་དད་པ་མ་ཡིན་ནོ་ཞེས་སྨྲས་སོ། །འདིར་ཀུ་མཱ་ལ་རི་ལས། གང་ཞིག་ཡུལ་གཅིག་འདོད་པ་ན། །ཚད་མ་འབྲས་བུ་
ཉིད་སྨྲ་བ། །དེ་ལ་བསྒྲུབ་བྱ་སྒྲུབ་བྱེད་དག །ཐ་དད་འཇིག་རྟེན་པ་ཡིས་གནོད། །ཇི་ལྟར་གཅོད་བྱེད་སེང་ལྡེང་ལ། །བབ་པས་པ་ལ་ཤ་མི་འཆད། །དེ་བཞིན་འཇིག་རྟེན་ན་གཅོད་དང་། །སྟ་རེ་ལྷན་ཅིག་གཅིག་མ་ཡིན། །ཞེས་སྨྲས་སོ། །འདིས་གཅོད་པར་བྱེད་པས་ན་གཅོད་པའོ། །མ་ཡིན་
ཞེས་བྱ་བ་ལ་སོགས་པས་ལན་བཤད་དོ། །འདི་ནི་སྔོན་པོ་རིགས་པ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་ཡུལ་རྟོགས་པ་རྣམ་པར་འཇོག་པའི་རྒྱུ་མཚན་ནི་དོན་དང་འདྲ་བ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་རྣམ་པར་གཞག་པར་བྱ་བ་དང་རྣམ་པར་འཇོག་པར་བྱེད་པའི་ངོ་བོས་བསྒྲུབ་པར་བྱ་བ་དང་
སྒྲུབ་པར་བྱེད་པར་རྣམ་པར་གཞག་གི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོས་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་དམ་པར་བྱེད་པ་པོ་དང་བྱེད་པ་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་སྐད་ཅིག་མ་ཉིད་ཀྱིས་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །ཤེས་པ་ཡུལ་
གྱི་རྣམ་པར་སྐྱེ་བ་ན་ཡུལ་ཡོངས་སུ་གཅོད་བཞིན་པ་ན་བྱ་བ་དང་བཅས་པ་ལྟ་བུར་སྣང་སྟེ། དོན་ལ་ཤེས་པའི་ཆོས་ཤེས་པར་བྱེད་པའི་བྱ་བ་ནི་འདི་ཉིད་ཡིན་གྱི། མེད་ན་མི་འབྱུང་བ་ཙམ་ནི་མ་ཡིན་ནོ། །གང་གིས་ཤེས་པ་ཉིད་ཚད་མར་འགྱུར་བ་མྱུ་གུ་ལ་སོགས་པ་ས་བོན་ལ་སོགས་པ་མེད་

ན་མི་འབྱུང་བར་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཤེས་པ་རྣམ་པ་དང་བཅས་པ་ཉིད་ཚད་མ་མ་ཡིན་གྱི། རྣམ་པ་མེད་པ་ནི་མ་ཡིན་ནོ་ཞེས་རྣམ་པར་གཞག་པ་ཚད་མ་ཉིད་ཀྱིས་བསྟེན་པར་བྱ་བ་ཡིན་ལ། རྣམ་པར་འཇོག་པ་ཡང་དེའི་རྗེས་ལ་ཐོབ་པའི་རྣམ་པར་
རྟོག་པས་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་རྟོག་པ་ཐ་དད་པ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ན་གྲགས་པ་ཉིད་ཀྱིས་གནོད་པ་བཤད་དོ། །གཞུ་ལ་སོགས་པ་བཞིན་ཞེས་བྱ་བ་ནི་གཞུས་འབིགས་སོ། །གཞུ་ལ་བརྟེན་ནས་མདས་འབིགས་སོ་ཞེས་ཇི་ལྟར་གཞུ་གཅིག་
ལ་བྱེད་པ་པོ་ལ་སོགས་པ་བརྟག་པ་མི་འགལ་བ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ། །སྟ་རེས་ཤིང་ལ་སོགས་པ་བཅད་དོ་ཞེས་བརྗོད་པ་ན་གཅད་པར་བྱ་བའི་རྫས་ལ་ཞུགས་པ་ཉིད་གནས་པ་ཡིན་ནོ། །ཞུགས་པ་དེ་ལ་ཡང་སྟ་རེའི་བདག་ཉིད་དུ་རྟོགས་པའི་ཆོས་ཡིན་པའི་ཕྱིར་དོན་
དམ་པར་གཅོད་པ་དང་ལྷན་ཅིག་གཅིག་ཡིན་པའི་ཕྱིར་འགལ་བ་མེད་དོ། །རྣམ་པར་གཞག་པ་གྲུབ་པ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་པ་ཡིན་ནོ། །ཇི་ལྟར་ཀུ་མཱ་ལ་རི་ལས། ཡོངས་སུ་གཅོད་པའི་འབྲས་བུ་ཡིས། །ཞེས་བྱ་བ་ལ་སོགས་པས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་
པའི་ངོ་བོས་ཚད་མའི་འབྲས་བུ་རྣམ་པར་གཞག་པ་བྱས་པ་དེ་བཞིན་དུ་ཁོ་བོ་ཅག་ལ་ཡང་མི་འགལ་བ་ཉིད་དོ། །ཇི་སྐད་དུ་སློབ་དཔོན་གྱིས་དེ་ལ་ཡང་མིག་ལ་སོགས་པ་དེའི་རྒྱུ་ལ་མངོན་སུམ་ཉིད་དུ་བཏགས་པས་འགལ་བ་མེད་དོ་ཞེས་བཤད་དོ། །གདོན་མི་ཟ་བར་ཐོག་མར་རྣམ་པར་གཞག་
པའི་སྒོ་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་རྣམ་པར་བཞག་པར་བྱ་དགོས་སོ་ཞེས་བྱ་བ་འདི་ཙམ་ཞིག་སྨྲ་བ་ཡིན་ནོ། །རིག་པ་ཐ་དད་པ་ཡུལ་ཐ་དད་པར་རྣམ་པར་མ་བཞག་པར་ངེས་པར་འཇུག་པར་མི་རིགས་ལ། རིག་པ་ཐ་དད་པར་རྣམ་པར་འཇོག་ན་ཡང་འདྲ་བ་ཉིད་རྒྱུ་
མཚན་ཡིན་པའི་ཕྱིར་ཤུགས་ཀྱིས་འདྲ་བ་སྒྲུབ་བྱེད་དམ་པ་ཉིད་དུ་ཐོབ་པོ། །ཤེས་པ་ནི་འདྲ་བ་ཉིད་ཀྱིས་འཇུག་པར་བྱེད་པ་ཡིན་ལ། འཇུག་པར་བྱེད་ན་ཡང་ཚད་མ་ཉིད་དུ་འཇུག་པར་འདོད་པས་དཔྱད་པར་བྱའི་ཞེན་པས་ནི་མ་ཡིན་ནོ། །ཇི་སྐད་དུ་དོན་བྱེད་པ་དོན་དུ་ཉེ་བར་རྟོག་པ་དང་

ལྡན་པ་ཐམས་ཅད་ཚད་མའམ་ཚད་མ་མ་ཡིན་པ་ཚོལ་གྱིས་ཞེས་བཤད་པ་བཞིན་ནོ། །དེའི་ཤེས་པ་ཆ་གང་གིས་འཇུག་པར་འགྱུར་བ་དེ་ཉིད་བསྟན་པར་བྱའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ངོ་བོས་ཚད་མ་རྣམ་པར་འཇོག་ན་འཇུག་པར་བྱེད་པའི་ཡན་ལག་འདྲ་བ་ཉིད་
རྟོག་སྟེ། དེ་ལྟ་ཡིན་དང་སྐྱེ་བའི་སྒོ་ནས་ཚད་མ་རྣམ་པར་འཇོག་པ་འབྲས་བུ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སློབ་དཔོན་གྱིས་དེའི་སྒོ་ནས་ཚད་མ་རྣམ་པར་འཇོག་པ་ནི་འཇུག་པའི་ཡན་ལག་མ་ཡིན་ནོ་སྙམ་དུ་དགོངས་ནས། འདིས་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་ནོ། །དེ་ལྟ་
བས་ན་རྣམ་པར་གཞག་པ་གྲུབ་ན། དེ་རྣམ་པ་གཞན་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོས་རྟོག་པ་དེ་ལྟ་ན་ཡང་སྐྱོན་མེད་པ་ཉིད་དོ་ཞེས་བྱའོ། །ཚད་མའི་ཤེས་པ་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ལ་རི་ལའི་འབྲས་བུ་རྣམ་པར་འཇོག་པ་དེ་ཉིད་སྟོན་ཏོ། །འཇུག་པའི་ཞེས་བྱ་བ་ནི་རབ་
ཏུ་འཇུག་པ་སྟེ་མིག་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གཞན་ཡིན་ནོ་ཞེས་བྱ་བ་ནི་དོར་བ་དང་བླང་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱི་བློའོ། །གཞན་འདི་ཡང་ཀུ་མཱ་ལ་རི་ལ་ཉིད་ཀྱིས་སྨྲས་པ་ཡིན་ཏེ། རང་རིག་པ་ནི་བཀག་པའི་ཕྱིར་ཚད་མའི་འབྲས་བུ་ཉིད་དུ་མི་རིགས་ལ་
ཡུལ་གྱི་རྣམ་པ་ཅན་ཡང་ཚད་མ་ཡིན་ན་ཚད་མ་དང་འབྲས་བུ་དག་ཡུལ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་ཏེ། འདི་ལྟར་ཡུལ་གྱི་རྣམ་པ་ནི་ཕྱི་རོལ་གྱི་ཡུལ་ཡིན་ལ། རང་རིག་པ་ནི་ཤེས་པས་རང་རིག་ངོ་བོས་ཡུལ་ཡིན་ནོ་ཞེས་བྱའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་
པར་བྱེད་དོ། །དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་བྱ་བས་དོན་ཐམས་ཅད་མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རང་རིག་པ་དགག་པར་མི་ནུས་ལ། ཡུལ་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་བ་ཡང་རིགས་པ་མ་ཡིན་ཏེ། གང་གི་
ཕྱིར་དེའི་འབྲས་བུ་ཡིན་པའི་ཕྱིར་རང་རིག་པ་ཡིན་ཡང་དོན་རིག་པར་འདོད་ལ། རང་རིག་པ་ནི་དེ་དང་འདྲ་བའི་ཕྱིར་དེའི་རང་བཞིན་ཉིད་ནི་མ་ཡིན་པས་འགལ་བ་མེད་དོ། །ཚད་མ་རང་ལས་ཞེས་བྱ་བ་ལ་སོགས་པ་ནི་བདེ་བྱེད་བདག་པོ་ཚད་མ་བྱེད་པ་ཡིན་ཏེ། ཚད་མ་ནི་བདག་ལས་ཐ་དད་པའི་ཕྱིར་

བྱ་བ་བྱེད་པ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་སྟེའུ་ལ་སོགས་པ་བཞིན་ནོ་ཞེ་ན། དོན་མེད་ཅེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དེ། དོན་མེད་པ་ནི་བསྒྲུབ་པ་ལ་སྒྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ། །གང་ཕྱིར་ཡོངས་སུ་གཅོད་པས་ཞེས་བྱ་བ་ལ་སོགས་པས་
སྐྱེད་པར་བྱེད་པའི་འབྲས་བུ་གཞན་ཡང་སྨྲས་པ་ཡིན་ནོ། །ནིའི་སྒྲ་ནི་གཏན་ཚིགས་སོ། །སྟེའུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་དཔེ་ཡང་བསྒྲུབ་བྱ་མ་ཚང་བ་ཡིན་ཏེ། གཅོད་པ་དང་ལྷན་ཅིག་ཉིད་དུ་བསྟན་ཟིན་པའི་ཕྱིར་རོ། །བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡང་སྐྱེད་པར་བྱེད་
པ་ཉིད་དུ་བརྗོད་པར་འདོད་ན་ཡང་གཏན་ཚིགས་མ་གྲུབ་སྟེ། སྒྲུབ་པར་བྱེད་པ་ནི་རྣམ་པར་འཇོག་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །འཇོག་པར་བྱེད་པ་ཉིད་བརྗོད་པར་འདོད་ན་ཡང་མ་ངེས་པ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །སྤྱིར་བརྗོད་པར་འདོད་ན་ཡང་མ་ངེས་པ་ཡིན་
ཏེ། འགལ་བ་ཉེ་བར་མ་བསྟན་པའི་ཕྱིར་རོ། །གལ་ཏེ་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་གྱུར་ན་དེའི་ཚེ་ཡུལ་དང་འདྲ་བ་ཚད་མ་ཉིད་དུ་འགྱུར་ན། ཇི་སྲིད་དུ་གཟུང་བར་བྱ་བའི་ཡུལ་དང་མཚུངས་པའི་རང་བཞིན་གྱིས་ཤེས་པ་སྐྱེ་བ་མ་ཡིན་ཏེ། གཟུང་བར་བྱ་བ་དེ་ལས་རིགས་གཞན་ཡིན་
པའི་ཕྱིར། གཟུགས་དང་རོ་དག་བཞིན་ནོ་ཞེས་བཤད་པ་ནི། གལ་ཏེ་ཤེས་པ་གཟུང་བ་དང་། །ཞེས་བྱ་བ་ལ་སོགས་པའོ། །ཁོ་བོ་ཅག་རྣམ་པར་ཤེས་པ་སྨྲ་བ་རིག་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་འདི་འདོད་པ་ཉིད་ཡིན་པའི་ཕྱིར་ཆད་པ་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་གང་ཅུང་
ཟད་ཁྱེད་ཅག་གིས་བརྗོད་པར་གཟུང་བར་བྱ་བའི་སུན་འབྱིན་པ་མི་གསོལ་བ་འདི་ནི་ཁོ་བོ་ཅག་གིས་གཟུང་བར་བྱ་བ་རྣམ་པར་དཔྱད་པའི་དོན་དུ་སྒྲུབ་པར་བྱེད་པ་གསལ་པོར་བརྗོད་དོ། །གཟུང་བར་བྱ་བ་ལ་འཛིན་པ་ནི་མངོན་པར་ཞེན་པ་སྟེ། དེ་རྣམ་པར་དཔྱད་པ་ནི་སེལ་བའོ། །སྒྲུབ་པར་བྱེད་པ་གསལ་
པོ་དེ་ཡང་གང་ཞེ་ན། བདག་ཉིད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་རིགས་མི་མཐུན་པ་ཇི་སྙེད་ཅིག་ལས་ལྡོག་པ་དེ་སྙེད་ཅིག་ཁོ་ན་ལས་ཤེས་པ་གང་ཡིན་པ་ཞེས་བྱ་བ་འདི་ནི་བདག་ཉིད་ཐམས་ཅད་ཀྱིས་འདྲ་བའོ། །དངོས་པོ་ཅུང་ཟད་ཙམ་ལས་ལྡོག་པ་ནི་ཆ་ཤས་ཀྱིས་མཚུངས་

པའོ། །འོ་ན་ཇི་ལྟར་འདི་ཚད་མ་ཉིད་དོན་དང་འདྲ་བར་བརྗོད་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་འདྲ་བ་ཡོད་པའམ་རྣམ་པའོ། །ཡུལ་དང་འདྲ་བའི་རྣམ་པ་དེ་གང་ལ་ཡོད་པ་དེ་ནི་རྣམ་བཅས་སོ། །གཟུང་བ་ལས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལས་སོ། །གཟུགས་བརྙན་ཞེས་
བྱ་བ་ནི་ཤེས་པའི་རྣམ་པའོ། །དེ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ནི་ཡུལ་དང་འདྲ་བའི་ཕྱིར་རོ། །བཏགས་ནས་ཞེས་བྱ་བ་ནི་ཉེ་བར་བཏགས་ནས་སོ། །རིག་བྱེད་ཉིད་དུ་འགྱུར་ཞེས་བྱ་བ་ནི་དོན་གྱི་ཞེས་བྱ་བ་ལྷག་མའོ། །སྟོན་པ་ནི་རྟེན་ནོ། །ཡུལ་ལ་ལོག་པར་རྟོགས་པ་ནི་སྤྱི་དངོས་པོར་གྱུར་པ་བཀག་པའི་
ཕྱིར་ལ། དངོས་པོའི་ཡུལ་ཅན་དུ་འདོད་པའི་མངོན་སུམ་ཡང་རང་གི་མཚན་ཉིད་ལས་གཞན་པའི་ཡུལ་ཡོད་པ་མ་ཡིན་ཞེས་བྱ་བའི་ཤུགས་ཀྱིས་བསྟན་པའི་ཕྱིར། ལོགས་ཤིག་ཏུ་གསལ་བ་མ་བྱས་སོ། །གང་དག་འདི་མངོན་སུམ་གྱི་མཚན་ཉིད་དུ་མི་རིགས་ཏེ། ཚད་མའི་མཚན་ཉིད་བྱེད་
པ་ནི་ཅི་ནས་ཀྱང་དེའི་ངོ་བོས་མཚོན་པའི་ཕྱིར་དེ་ལས་གཞན་དག་འཇུག་པར་འགྱུར་རོ་སྙམ་པས་ཡིན་གྱི་ཞེན་པས་ནི་མ་ཡིན་ནོ། །རྟོག་པ་དང་བྲལ་བ་ཉིད་ལ་སོགས་པ་མཚོན་པ་ནི་འཇིག་རྟེན་འཇུག་པ་དང་ལྡོག་པར་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་མཚན་ཉིད་
གཞན་དུ་བྱེད་པར་འགྱུར་བ་རང་གི་འདོད་པ་དངོས་པོ་རྣམས་ཀྱི་རང་བཞིན་རྣམ་པར་གཞག་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཇི་ལྟ་བ་བཞིན་དུ་གཞག་པ་ཉིད་ཀྱི་དངོས་པོའི་རང་བཞིན་རྗེས་སུ་བརྗོད་ནས་གྲགས་པ་དང་མ་གྲགས་པའི་རང་བཞིན་གྱི་ཁྱད་པར་བསྟན་པར་འདོད་པས་དཔེར་ན་ས་ནི་སྲ་བ་
ཉིད་ལྟ་བུར་དེ་རིགས་པ་མཚན་ཉིད་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་སྲིད་པའི་སྐྱོན་གྱིས་སུན་ཕྱུང་བར་འགྱུར་རོ། །མངོན་སུམ་གྱིས་མཚོན་པར་བྱེད་པའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དག་ལས་གཞན་ཡོད་པ་མ་ཡིན་ཏེ། འདི་ལྟར་དེ་ལ་གདོན་མི་ཟ་བར་མ་འཁྲུལ་པར་ཁས་བླང་བར་བྱ་
དགོས་ཏེ། ཚད་མ་ཡིན་པའི་ཕྱིར་རོ། །རྟོག་པ་དང་བྲལ་བ་ཡང་ཡིན་ཏེ། དངོས་སུ་རང་གི་མཚན་ཉིད་ཡུལ་ཅན་ཡིན་པའི་ཕྱིར་དང་རང་གི་མཚན་ཉིད་ལ་ཡང་བརྡ་མི་ནུས་པ་ཉིད་ཀྱིས་ཏེ་རིག་པ་ནི་མངོན་པར་མ་བརྗོད་པ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་རིགས་

པའི་རྗེས་སུ་འགྲོ་བ་ཉིད་ཀྱི་མཚན་ཉིད་བརྗོད་པ་བསྟན་པ་ཡིན་ནོ། །རྟོག་པ་དང་ལྡན་པ་རྣམས་མཚན་ཉིད་འདི་ལས་འཇུག་པ་དང་ལྡོག་པ་དག་ཏུ་མི་འགྱུར་བ་ཡང་མ་ཡིན་ཏེ། འདི་ལྟར་བུམ་པའི་འདེགས་པ་དང་སྤྱི་དང་གྲངས་ལ་སོགས་པའི་ཤེས་པ་དང་ངོ་བོ་ཤེས་པའི་ཤེས་
པ་དང་དེ་བཞིན་དུ་དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་གཞན་དག་གིས་མངོན་སུམ་ཉིད་དུ་བཏགས་པ་ནི་ཅི་རིགས་སུ་རྟོག་པ་དང་བཅས་པ་ཉིད་དང་འཁྲུལ་པ་ཉིད་ཀྱི་མངོན་སུམ་ཡིན་པ་ངེས་པར་བཟུང་ན་དེའི་ཡུལ་ཅན་ཉིད་དུ་ཉེ་བར་བཏགས་པའི་གྲངས་ལ་སོགས་པའི་དངོས་པོ་ཉིད་དུ་མངོན་པར་
ཞེན་པ་ལས་ལྡོག་པར་བྱེད་དེ། གང་ཡང་བསྟན་པར་བྱ་བ་མ་ཡིན་པའི་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་དེ་ཉིད་དངོས་པོ་སྙམ་དུ་ཞེན་ནས་དེ་ལ་འཇུག་པར་བྱེད་དེ། ཇི་ལྟར་མངོན་སུམ་རྟོག་པ་མེད་པ་ཡིན་ཡང་འཇུག་པར་བྱེད་པ་ཉིད་ཡིན་པ་དེ་ལྟར་ནི་དང་པོ་ཉིད་དུ་བསྟན་ཟིན་ཏོ། །
གལ་ཏེ་དེ་ལྟར་ན་རྟོག་པ་དང་བྲལ་བའི་མཚན་ཉིད་གཅིག་ཉིད་བྱ་བར་རིགས་ཀྱི་མ་འཁྲུལ་པ་མ་ཡིན་ཏེ། འདི་ལྟར་འཇུག་པ་ལས་སྔར་རབ་ཏུ་གྲགས་པ་གང་ཡིན་པ་དེ་ཉིད་འཇུག་པར་འདོད་པ་རྣམས་ཀྱི་མཚན་ཉིད་དུ་བྱ་བར་རིགས་ཀྱི་མ་གྲགས་པ་ནི་མ་ཡིན་ཏེ། དེ་ནི་མེད་པ་དང་མཚུངས་
པའི་ཕྱིར་རོ། །མ་འཁྲུལ་པ་ཉིད་དུ་ངེས་པ་ནི་དོན་བྱ་བ་ལ་མི་སླུ་བ་ལས་སྔར་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཚུ་རོལ་མཐོང་བ་རྣམས་ཀྱིས་དེའི་འབྲས་བུ་རྟོག་པ་མེད་པར་ཤེས་པའི་དོན་ཇི་ལྟ་བ་ཉིད་ཤེས་པར་མི་ནུས་ཏེ། དེ་དག་གི་དངོས་པོའི་ནུས་པ་ནི་རྟག་ཏུ་འབྲས་བུ་ལས་རྗེས་སུ་དཔག་པར་
བྱ་བ་ཡིན་པའི་ཕྱིར་དང་། དོན་ཇི་ལྟ་བ་བཞིན་དུ་ཇི་ལྟར་ཉེ་བར་བཏགས་པའི་དོན་ཐོབ་པར་ནུས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དུས་ཕྱིས་དོན་ཇི་ལྟ་བ་བཞིན་དུ་ངེས་པར་བཟུང་ན་ཡང་འབྲས་བུ་དང་བཅས་པ་མ་ཡིན་ཏེ། དེ་ལ་ཡང་མི་འཇུག་པའི་ཕྱིར་རོ་ཞེ་ན། དེ་ནི་ཀླན་ཀ་མ་
ཡིན་ཏེ། ཇི་ལྟར་སྐྲ་ཤད་འཛིངས་པ་ལ་སོགས་པའི་བློ་རྣམས་ཀྱང་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཧ་ཅང་ཁྱབ་པའི་སྐྱོན་དུ་འགྱུར་དུ་འོང་བ་དེའི་ཕྱིར་གདོན་མི་ཟ་བར་མ་འཁྲུལ་པར་སྨོས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །གང་ཡང་འཇུག་པ་ལས་སྔར་མི་ངེས་པའི་རྒྱུ་ནི་ཚུ་རོལ་མཐོང་

བ་ཉིད་ཡིན་པར་བརྗོད་པ་དེ་ཡང་མ་ངེས་པ་ཉིད་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་འགའ་ཞིག་ཏུ་མ་ངེས་པར་འགྱུར་དུ་དོགས་སོ་ཞེས་པ་གང་ཡིན་པ་འདི་ལ་སུ་ཞིག་གིས་གེགས་བྱས། དེ་ལྟ་ན་ནི་དེ་དག་གིས་ཅུང་ཟད་ཀྱང་མི་ངེས་སོ་ཞེས་བྱ་བར་འགྱུར་ལ། དེ་ལྟ་ཡིན་དང་དེ་དག་སེམས་པ་མེད་
པ་ཅན་ཉིད་དུ་འགྱུར་རོ། །གང་གི་ཕྱིར་གོམས་པའི་སྟོབས་ཀྱིས་སྐྱེས་པའི་ཤེས་པའི་བག་ཆགས་འཇུག་པའི་ཕྱུགས་ཀྱི་ཕྲུ་གུ་དག་ཀྱང་འདི་ནི་བདེ་བའི་སྒྲུབ་པར་བྱེད་པ་ཡིན་ནོ། །འདི་ནི་བདེ་བ་མ་ཡིན་པའོ་སྙམ་དུ་འཇུག་པ་ལས་སྔར་དེས་ན་གཡང་ས་ལ་སོགས་པ་སྤོང་བ་དང་ནུ་མ་ལ་སོགས་
པ་ལེན་པར་བྱེད་པར་མཐོང་བ་ཉིད་དོ། །འདི་ལྟར་ཡང་དག་པ་མ་ཡིན་པ་གོམས་པའི་འདོད་པ་དང་མྱ་ངན་དང་འཇིགས་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱང་གོམས་པས་ཆོས་མཐུན་པ་ལ་སོགས་པ་དྲན་པ་ལ་ལྟོས་པ་མེད་པར་ཤེས་པ་གསལ་བར་སྣང་བ་སྐྱེད་པའི་ནུས་པ་དམིགས་པ་ཉིད་
དོ། །གང་དུ་གོམས་པ་མེད་པ་དེར་ནི་དེ་དག་གི་ནུས་པ་ཉིད་འབྲས་བུ་དཔག་པར་བྱ་བ་ཉིད་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །འདིས་ནི་དུ་བ་ལ་སོགས་པའི་རྟགས་ངེས་པ་ཡང་བཤད་པ་ཡིན་ནོ། །གང་གི་ཕྱིར་དེ་ལ་ཡང་དེ་དང་དེ་མ་ཡིན་པའི་འབྲས་བུ་དུ་བ་ལ་སོགས་པ་རང་བཞིན་གྱིས་
ཕན་ཚུན་ཞིག་ཏུ་དབེན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་དབེན་པར་ངེས་པའི་རྒྱུ་ཡང་གོམས་པ་ལ་སོགས་པ་ཡིན་པའི་ཕྱིར་རྟགས་ངེས་པ་སྲིད་པས་དེས་ན་རྗེས་སུ་དཔག་པ་མི་སྤོང་ངོ་། །འོན་ཏེ་ཐོག་མར་འཇུག་པ་ཡོད་ན་སྒོམ་པ་གྲུབ་པར་འགྱུར་བ་མ་ཡིན་ནམ། གང་གི་ཕྱིར་དེ་ཉིད་ཇི་
ལྟར་འགྱུར་བ་བརྗོད་པར་བྱ་དགོས་སོ་ཞེ་ན། སྨྲས་པ། ཐེ་ཚོམ་ལས་སོ། །མངོན་སུམ་ཐེ་ཚོམ་གྱི་རྒྱུ་ཡིན་ན་ཇི་ལྟར་དེ་ལ་ཚད་མ་ཉིད་ཡིན་ཞེ་ན། ངེས་པའི་རྒྱུ་ཡང་ཇི་ལྟར་ཚད་མ་ཉིད་ཡིན། ངེས་པ་སྐྱེད་པར་བྱེད་པས་དོན་དུ་གཉེར་བ་རྣམས་དེ་ལ་འཇུག་པར་བྱེད་པའི་ཕྱིར་རོ་ཞེ་ན། འདི་ནི་ཐེ་
ཚོམ་གྱི་རྒྱུ་ལ་ཡང་མཚུངས་སོ། །གལ་ཏེ་ཡང་དེ་ལ་རྟོག་པ་དོན་དུ་གཉེར་བ་དོན་གྱི་རྣམ་པ་ལས་བཟློག་པ་ངེས་པ་དེ་ལྟར་ན་ཡང་མངོན་སུམ་དེ་རྣམ་པ་དེས་འཇུག་པར་བྱེད་པ་མ་ཡིན་ཏེ། དེ་ལྟར་ངེས་པའི་དོན་དོན་དུ་མི་གཉེར་བའི་ཕྱིར་རོ། །ཟློག་པར་བྱེད་པ་ཡང་མ་ཡིན་ཏེ། རྟོག་པ་དོན་དུ་གཉེར་བའི་

དོན་ངེས་པའི་རྒྱུ་ཉིད་ཀྱིས་དོན་དུ་གཉེར་བ་འཇུག་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ཏེ་ཐེ་ཚོམ་གྱི་རྒྱུ་ཡིན་ན། མངོན་སུམ་ལས་དོན་དུ་གཉེར་བར་འཇུག་པར་ཡང་མི་འགྱུར་ལ། ལྡོག་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ཐོབ་ན་དེ་ལྟ་ན་ཡང་མ་ཡིན་གྱི། འོན་ཀྱང་དོན་དུ་
གཉེར་བ་རྣམས་ལ་དོན་མེད་པར་འབྱུང་བ་མི་སྲིད་པ་ཡིན་ཏེ། དོན་དུ་གཉེར་བ་ཉིད་ཀྱིས་འཇུག་པ་སྟོབས་དང་ལྡན་པ་ཡིན་ནོ། །འདིས་ནི་མངོན་སུམ་ངེས་པའི་རྒྱུ་ཡིན་པ་ལས་འདི་ཁྱད་པར་འགའ་ཡང་མེད་དོ། །གང་དུ་མཐའ་གཅིག་ཏུ་རྟོགས་པའི་དོན་ལས་བཟློག་པའི་རྣམ་པ་ངེས་
པའི་རྒྱུ་ཉིད་དམ། ངེས་པ་མི་སྐྱེད་པ་དེར་ནི་དེས་རྣམ་པ་ཐམས་ཅད་དུ་དོན་དུ་གཉེར་བ་མི་འཇུག་པའི་ཕྱིར་ཚད་མ་མ་ཡིན་པ་བརྗོད་པར་རིགས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཧ་ཅང་སྤྲོས་པས་ཆོག་གོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་མངོན་སུམ་གྱི་མཚན་ཉིད་བརྟག་པ་སྟེ།
ཉི་ཤུ་གཉིས་པའོ།། །།ད་ནི་རྗེས་སུ་དཔག་པའི་མཚན་ཉིད་བཤད་པ། རང་གཞན་ཞེས་བྱ་བ་ལ་སོགས་པའོ། །རྗེས་སུ་དཔག་པ་ནི་རང་གི་དོན་དང་གཞན་གྱི་དོན་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་རང་གི་དོན་ནི་ཕྱོགས་ཀྱི་ཆོས་ཉིད་དུ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་
མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ལྡོག་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཚུལ་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་སྟེ། དེའི་བདག་ཉིད་དུ་རིག་པར་བྱའོ། །གཞན་གྱི་དོན་ནི་ཇི་སྐད་དུ་བཤད་པའི་ཚུལ་གསུམ་པའི་རྟགས་གསལ་
བར་བྱེད་པ་སྟེ། ཚིག་གི་བདག་ཉིད་དུ་བལྟ་བར་བྱའོ། །ཡང་ན་རྗེས་སུ་དཔག་པ་ལྟར་སྣང་བའི་མཚན་ཉིད་གང་ཡིན་པ་མ་བསྟན་པས། དེའི་ཕྱིར་ཚུལ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྟག་ཅེས་བྱས་པའི་ཕྱིར་ལུས་ཅན་ཡིན་པའི་ཕྱིར། གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ཚུལ་རེ་རེ་བ་
ཡིན་ཏེ། གོ་རིམས་བཞིན་དུ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཙམ་ཡོད་པའི་ཕྱིར་རོ། །དེ་ལ་ཚུལ་གཉིས་པ་ནི་སྒྲ་མི་རྟག་སྟེ། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར། མཉན་པར་བྱ་བ་ཡིན་པའི་ཕྱིར་ལུས་ཅན་མ་

ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། གོ་རིམས་བཞིན་དུ་ཕྱོགས་ཀྱི་ཆོས་ཉིད་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཙམ་མེད་པའི་ཕྱིར་རོ། །དེ་སྐད་དུ། སྒྲ་ནི་རྟག་སྟེ་བྱས་པའི་ཕྱིར། །ལུས་ཅན་གཞལ་བྱ་མ་ཡིན་ཕྱིར། །མི་རྟག་མིག་གིས་གཟུང་
བྱའི་ཕྱིར། །ལུས་ཅན་མ་ཡིན་མཉན་བྱའི་ཕྱིར། །ཞེས་བཤད་དོ། །གཞན་དུ་ཞེས་བྱ་བ་ལ་སོགས་པས་སྣོད་ཀྱི་རྗེའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། གཞན་དུ་མི་འཐད་པ་ཉིད་གཏན་ཚིགས་བཟང་པོ་ཡིན་གྱི་མཚན་ཉིད་གསུམ་པ་ནི་མ་ཡིན་ཏེ། འདི་ལྟར་གཞན་དུ་མི་
འཐད་པ་ཉིད་མེད་ན་དེའི་བུ་ཉིད་ལ་སོགས་པ་ཡན་ལག་གསུམ་པ་ཅན་གཏན་ཚིགས་བཟང་པོར་མ་མཐོང་སྟེ། དེ་ལྟ་བས་ན་མཚན་ཉིད་གསུམ་པ་ཅན་གྱི་གཏན་ཚིགས་ནི་དོན་མེད་པ་སྟེ་ནུས་པ་མེད་པ་ཡིན་ནོ། །གཞན་དུ་ཞེས་བྱ་བ་སྟེ། གཏན་ཚིགས་བསྒྲུབ་བྱ་མེད་ན་མི་འཐད་པ་སྟེ།
བསྒྲུབ་བྱ་ཁོ་ན་ལ་ཡོད་པ་ཞེས་བྱ་བའི་དོན་ཏོ། །གང་ལ་གཞན་དུ་མི་འཐད་པ་ཞེས་བྱ་བ་ལ་སོགས་པས་རྒྱས་པར་རྗེས་སུ་འགྲོ་བ་དང་ལྡོག་པར་བསྟན་པའི་སྒོ་ནས་གཞན་དུ་མི་འཐད་པ་ཉིད་ཅེས་བྱ་བའི་གཏན་ཚིགས་མཚན་ཉིད་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་དོ། །གཞན་དུ་མི་འཐད་པ་
ཉིད་ཀྱི་མཚན་ཉིད་གཅིག་གང་ལ་ཡོད་པ་དེ་ནི་མཚན་ཉིད་གཅིག་སྟེ། དེ་ཉིད་འཇིག་རྟེན་པའམ་ཡོངས་སུ་རྟོགས་པ་པོ་རྣམས་ཀྱིས་གཏན་ཚིགས་སུ་འདོད་ཀྱི་གཞན་ནི་མ་ཡིན་ནོ། །ཤུགས་ཀྱིས་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་གསུམ་པོ་འདི་ཉིད་ཀྱིས་འཕེན་པའི་ཕྱིར་མཚན་ཉིད་བཞི་པ་
ཡང་ཡིན་ལ་རག་པའམ་ཡང་མཚན་ཉིད་བཞི་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་ཏུ་མཚན་ཉིད་གཅིག་པ་ཅན་དང་། མཚན་ཉིད་གཉིས་པའམ། མཚན་ཉིད་གསུམ་པར་ཡང་རིགས་ཏེ། འདི་ལྟར་གཞན་དུ་མི་འཐད་པ་ཉིད་ཀྱི་མཚན་ཉིད་གཅིག་པོ་དེས་མཚན་ཉིད་གཅིག་ཅེས་
བསྟན་ལ། གཞན་དུ་མི་འཐད་པ་དང་ལྷན་ཅིག་པའི་རིགས་མཐུན་པ་ལ་གྲུབ་པ་དང་རིགས་མི་མཐུན་པ་ལས་ལྡོག་པ་མངོན་པར་དཔྱད་ནས་མཚན་ཉིད་གཉིས་པའོ། །གཉི་ག་གཞན་དུ་མི་འཐད་པ་ཉིད་དང་རིགས་མཐུན་པ་ལ་འཇུག་པ་ཉིད་དང་། བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་

ལས་ལྡོག་པ་ཞེས་བྱ་བའི་མཚན་ཉིད་གསུམ་པ་ཡིན་གྱི། །ཕྱོགས་ཀྱི་ཆོས་ལ་སོགས་པའི་མཚན་ཉིད་གསུམ་དང་ལྡན་པས་ནི། གཏན་ཚིགས་མཚན་ཉིད་གསུམ་དུ་མི་འདོད་དེ། དེ་དག་ནི་ཡང་དག་པའི་ཤེས་པ་ལམ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་གཙོ་
བོ་ཡིན་པའི་ཕྱིར་གཞན་དུ་མི་འཐད་པ་ཉིད་ཅེས་བྱ་བས་མཚན་ཉིད་གཅིག་པ་ཉིད་དུ་བསྟན་གྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་ནི་གཙོ་བོ་མ་ཡིན་པའི་ཕྱིར་རམ། ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
འོན་ཏེ་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པའི་ཕྱིར་ཚུལ་གསུམ་པ་ཉིད་གཏན་ཚིགས་བཟང་པོར་རིགས་པ་མ་ཡིན་ནམ་ཞེ་ན། ཚུལ་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་མི་སྲིད་པའི་ཡན་ལག་གཅིག་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ་དེ་དག་ཀྱང་ཡིན་གཏན་ཚིགས་ཀྱང་
ཡིན་པས་གཞན་དུ་མི་སྲིད་པའི་ཡན་ལག་གཅིག་གི་གཏན་ཚིགས་སོ། །གང་ལ་གཞན་དུ་ཞེས་བྱ་བ་ལ་སོགས་པས་ཇི་སྐད་དུ་བཤད་པའི་དོན་ཉིད་མཇུག་སྡུད་པར་བྱེད་པ་ཡིན་ནོ། །དཔེ་གཉིས་ཞེས་བྱ་བ་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པའི་མཚན་ཉིད་དག་གོ། །རྒྱུ་མ་ཡིན་ཞེས་བྱ་བ་
ནི་བསྒྲུབ་བྱ་རྟོགས་པའོ། །གང་ལ་གཞན་དུ་མི་འཐད་ཡོད། །དེ་ལ་གསུམ་གྱིས་ཅི་ཞིག་བྱ། །ཞེས་བྱ་བའི་མཇུག་ཐོགས་སོ། །གང་ལ་གཞན་དུ་མི་འཐད་མེད། །དེ་ལ་གསུམ་གྱིས་ཅི་ཞིག་ཕན། །ཞེས་བྱ་བ་འདི་ནི་ཕྱེད་གདོན་པར་བྱའོ། །ཚུལ་གསུམ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་མེད་པར་
བསྟན་པའི་ཕྱིར་དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཀྱི་མཚན་ཉིད་གཅིག་བསྒྲུབ་པའི་ཕྱིར་སྤྲོས་ནས་དཔེར་བརྗོད་པ་སྟོན་ཏེ། དངོས་དང་དངོས་པོ་མེད་པ་ནི་ཅི་ལྟར་ཡོད་པའི་བདག་ཉིད་ཡིན་ཏེ། ཇི་ལྟར་ཡང་དམིགས་པའི་ཕྱིར་
རོ། །འདི་ལ་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་དག་ལས་ཕྱི་རོལ་དུ་གྱུར་པའི་སྦྱོར་བ་བདག་ཉིད་དམ་དོན་གྱི་བདག་ཉིད་ཡོད་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པའི་ཚོགས་ཐམས་ཅད་ཕྱོགས་སུ་བྱས་པའི་ཕྱིར་རོ། །དེ་ལས་མ་གཏོགས་པ་གཞན་མེད་པའི་ཕྱིར་དང་། ཕྱོགས་ཀྱི་

ཆོས་གཞན་དུ་མི་འཐད་པས་ལྡོག་པ་མེད་པའི་ཕྱིར་འདི་ནི་མཚན་ཉིད་གཅིག་པ་ཡིན་ནོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཁ་ཅིག་གིས་ཞེས་བྱ་བའི་དོན་ཏོ། །ཡོད་བདག་ཉིད་ཅེས་བྱ་བ་འདིར་ཡང་ཇི་ལྟར་ཡང་ཞེས་སྦྲེལ་བར་བྱའོ། །དེས་ན་དོན་འདི་ཡིན་ཏེ། ཇི་ལྟར་
ཡང་ཡོད་པ་མ་ཡིན་ཏེ། ཇི་ལྟར་ཡང་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ད་ནི་གཏན་ཚིགས་ཀྱི་མཚན་ཉིད་གཉིས་པའི་དཔེར་བརྗོད་པ་གཞན་བསྟན་པའི་ཕྱིར། བཤད་པ། ཟླ་བ་རི་བོང་ཅན་མ་ཡིན་པའམ། རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སོ། །འཇིག་རྟེན་ན་བརྡ་རབ་ཏུ་
གྲགས་པའི་ཟླ་བ་བསྟན་པའི་ཕྱིར་རམ། ཟླ་བ་ཉིད་དུ་ཐ་སྙད་དུ་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཆོས་མི་མཐུན་པ་ནི་བུང་བ་ལ་སོགས་པའོ། །མཚན་ཉིད་གཉིས་པ་གཞན་འདི་ཡང་བརྗོད་པར་བྱ་སྟེ། བདག་གིས་ཉམས་སུ་མྱོང་བ་འདི་ནི་སྦྲང་བུ་འདིས་བྱས་པ་ཡིན་ཏེ། སྦྲང་བུ་བབས་
པའི་རིགས་པས་འབྱུང་བ་རྙེད་པ་ཅན་ཡིན་པའི་ཕྱིར་རོ། །སྦྲང་བུ་སྟེ་པ་ཏང་ཀ་བབས་པའི་རེག་པས་འབྱུང་བ་རྙེད་པ་སྟེ་སྐྱེ་བ་གང་ལ་ཡོད་པ་ཞེས་བྱ་བའི་དོན་ཏོ། །སྤྱི་བརྗོད་པར་འདོད་པ་ན་གཞན་གྱི་ཚིག་གི་དོན་དུ་བལྟ་བར་བྱའོ། །མིག་ནི་ཡོད་པའི་གཟུགས་འཛིན་པའི་སྒྲུབ་བྱེད་དམ་པའི་ནུས་
པ་ཅན་ཡིན་ཏེ། ཉམས་པ་མེད་ཅིང་གཟུགས་བལྟ་བར་འདོད་པ་ན་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཉིད་ཀྱིས་བྱ་བ་བྱེད་པའི་ཕྱིར་དང་། གཟུགས་ཡོངས་སུ་གཅོད་པའི་ཕྱིར་ཏེ། ཆོས་མི་མཐུན་པ་ནི་རྣ་བ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་གཟུགས་སོ། །འདིར་གཏན་ཚིགས་གསུམ་ཀ་ལ་ཡང་
མཐུན་པའི་ཕྱོགས་མེད་པའི་ཕྱིར་ཚུལ་གཉིས་པ་ཡིན་ནོ། །བདག་དང་བུམ་པ་ལ་སོགས་པ་ནི་ཇི་ལྟར་ཡང་མེད་པ་ནི་བདག་ཉིད་ཡིན་ཏེ། ཇི་ལྟར་མ་དམིགས་པའི་བོང་བུའི་རྭ་བཞིན་ནོ། །འདི་ལ་ཆོས་མི་མཐུན་པ་ནི་དཔེ་ཡོད་པ་མ་ཡིན་ནོ། །བུམ་པ་ལ་སོགས་པའི་དངོས་པོའི་ཚོགས་ཐམས་ཅད་
ནི་ཆོས་ཅན་ནོ། །ཇི་ལྟར་ཡང་མེད་པའི་བདག་ཉིད་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅའ་བའོ། །མེད་པ་ཡང་ཆོས་མཐུན་པའི་དཔེ་ཉིད་དུ་བཀོད་པའོ། །གང་ལ་བསྒྲུབ་བྱ་རྣམ་པར་བཅད་པ་སྔོན་དུ་འགྲོ་བ་ཅན་གྱི་སྒྲུབ་པར་བྱེད་པ་རྣམ་པར་གཅོད་པས་སྟོན་པར་འགྱུར་བ་དངོས་པོ་དང་དངོས་པོ་མེད་པ་དེ་

ལས་མ་གཏོགས་པ་གསུམ་པ་ཡོད་པ་ནི་མ་ཡིན་ནོ། །ཡང་ན་བོང་བུའི་རྭ་ལ་སོགས་པ་ནི་ཇི་ལྟར་ཡང་ཡོད་པའི་བདག་ཉིད་ཡིན་ཏེ། ཇི་ལྟར་ཡང་དམིགས་པའི་ཕྱིར་བདག་དང་བུམ་པ་ལ་སོགས་པ་བཞིན་ནོ། །འདིར་ཡང་རིགས་པ་སྔ་མ་ཉིད་ཀྱི་ཆོས་མི་མཐུན་
པའི་དཔེ་མེད་པ་སྦྱར་བར་བྱའོ། །ཁྱིམ་འདི་ན་ཁྱོད་ཀྱི་ཕ་ཡོད་པར་ཤེས་པར་བྱ་སྟེ། ཁྱོད་ཀྱིས་ཕའི་སྒྲ་ཐོས་པའི་ཕྱིར་རོ། །འདི་ལ་ཆོས་མཐུན་པའི་དཔེ་མེད་པའི་ཕྱིར་ཚུལ་གཉིས་པ་ཡིན་ནོ་ཞེས་གྲག་གོ། །དཔེར་ན་ཕྱོགས་ཀྱི་ཆོས་མེད་ན་ཡང་དུ་བ་ལ་སོགས་པའི་རྟགས་བཞིན་
དུ་སྒྲ་དང་སྒྲོན་མ་ལ་སོགས་པ་ཤེས་པར་བྱེད་པ་ཉིད་དུ་མཐོང་ངོ་། །སྒྲ་དང་སྒྲོན་མ་ལ་སོགས་པ་ནི་བུམ་པ་ལ་སོགས་པའི་དོན་དུ་རྟོགས་པའི་ཆོས་མ་ཡིན་ལ། ཡང་སྒྲ་ལ་སོགས་པ་ལས་དོན་རྟོགས་པ་ཡང་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མེད་པ་དང་གཞན་དུ་མི་འདྲ་བ་ཉིད་ཅེས་བྱ་བ་
གཏན་ཚིགས་ཚུལ་གཉིས་པ་ཡིན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་གཏན་ཚིགས་བསྒྲུབ་པར་བྱ་བ་དང་། མེད་ན་མི་འབྱུང་བ་ཉིད་ཆོས་ཅན་གྱི་ཁྱད་པར་ཡོངས་སུ་མ་བཟུང་བས་དེའི་སྤྱིའི་སྒོ་ནས་སམ། ཆོས་ཅན་གྱི་ཁྱད་པར་ཡོངས་སུ་བཟུང་བས་སྟེ།
ཁྱད་པར་གྱི་སྒོ་ནས་ཡིན། ཁྱད་པར་གྱི་ཡིན་ན་ཡང་ཤེས་པར་འདོད་པའི་བྱེ་བྲག་སྟེ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡིན་ནམ་དཔེའི་ཆོས་ཅན་ལ་ཡིན་ཞེས་བྱ་བའི་ཕྱོགས་གསུམ་སྲིད་དོ། །དེ་ལ་ཕྱོགས་དང་པོ་ལ་སྐྱོན་བཤད་པ་ནི། དེ་ནི་སྤྱིའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
ཕྱོགས་ཀྱི་ཆོས་མེད་ན་མི་འབྱུང་བ་ཙམ་གྱིས་མིག་གིས་གཟུང་བར་བྱ་བ་ཉིད་ནི་ཆོས་ཅན་སྒྲ་ལ་མི་རྟག་པ་ཉིད་གོ་བར་བྱེད་པ་མ་མཐོང་བའི་ཕྱིར་ཕྱོགས་དང་པོ་མི་རིགས་སོ། །བརྗོད་པར་འདོད་པ་གྲུབ་མི་བརྟེན། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་བརྗོད་པར་འདོད་པ་གྲུབ་པ་བརྟེན་པ་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་ཅེ་ན། དཔེར་ན་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་མིག་གིས་གཟུང་བར་བྱ་བ་ཉིད་དོ། །དེ་ནི་ཞེས་བྱ་བ་ནི་འཇིག་པའོ། །སྒྲུབ་བྱེད་ནི་གོ་བར་བྱེད་པའོ། །ཅི་སྟེ་ཇི་སྐད་དུ་བཤད་པའི་སྐྱོན་དུ་འགྱུར་ན་མི་རུང་ངོ་སྙམ་པས་གཏན་ཚིགས་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་

ལ་བརྟེན་པ་དེ་ལྟ་ཡིན་ན་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་པོ་དེ་ཉིད་ཁྱེད་ཅག་གི་ལྟ་བ་ལ་ཡང་འགྱུར་རོ། །ཇི་ལྟར་ཞེ་ན། གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བ་ནི་མཐུན་པའི་ཕྱོགས་ལ་ཡོད་པའོ། །ལྡོག་པ་ནི་མི་མཐུན་པའི་ཕྱོགས་ལ་མེད་པའོ། །བརྟེན་
པས་ན་བརྟེན་པ་སྟེ། ཡོངས་སུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་གྱིས་ཞེས་བྱ་བ་འདིས་ནི་དེའི་ལུགས་དང་མི་འགལ་བར་སྟོན་པར་བྱེད་དོ། །གཟུང་བྱ་ཞེས་བྱ་བ་ལ་གཟུང་བར་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཏེ། ཕྱོགས་ཆོས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་ཞེས་བྱ་བར་ཕྱོགས་གཉིས་
པ་ལ་བཤད་པ། ཅི་སྟེ་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཉིད་གང་ཡིན་པ་དེ་ཉིད་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ནོ། །ཇི་སྐད་དུ། གཞན་དག་དཔེ་ལ་གཏན་ཚིགས་ནི། །བསྒྲུབ་བྱ་མེད་པར་མི་མཐོང་འདོད། །ཁོ་བོས་ཆོས་ཅན་ལ་འདི་ནི། །
མེད་ན་མི་སྲིད་པ་ཉིད་ནི། །དོན་གྱི་གོ་བས་ངེས་བཟུང་ནས། །དགེ་སློང་པ་ཡི་རྗེས་དཔག་ལས། །ངེད་ཀྱི་རྗེས་དཔག་མ་ཡིན་ནོ། །སེང་གེ་བཞིན་དུ་གཞན་དུ་འདོད། །ཆོས་ཅན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ། བསྒྲུབ་པར་བྱ་བའི་ཆོས་འདི་མི་སྲིད་པའི་
ངང་ཚུལ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ལྟ་ན་བསྒྲུབ་བྱའི་ཆོས་ཅན་ལ་ཚད་མ་གང་ཁོ་ནས་གཏན་ཚིགས་བསྒྲུབ་བྱ་མེད་ན་མི་འབྱུང་བ་གྲུབ་པ་དེ་ཁོ་ན་ལས་བསྒྲུབ་བྱ་ཡང་འགྲུབ་པའི་ཕྱིར་གཏན་ཚིགས་དོན་མེད་དོ། །ཅི་སྟེ་བསྒྲུབ་བྱ་མ་གྲུབ་པ་དེའི་ཚེ་གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་དེ། གང་གི་ཕྱིར་
གཏན་ཚིགས་ཀྱི་མཚན་ཉིད་ནི་སྒྲུབ་པར་བྱེད་པའི་ཆོས་ཅན་ལ་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་ཡིན་ལ། མེད་ན་མི་འབྱུང་བ་ཉིད་དེ་ཡང་བསྒྲུབ་བྱ་མ་གྲུབ་ན་མི་འགྲུབ་པའི་ཕྱིར་གཏན་ཚིགས་མི་འགྲུབ་སྟེ། མེད་ན་མི་འབྱུང་བ་ཉིད་ནི་གཉི་ག་གྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །ཚད་མ་
གཞན་ལས་བསྒྲུབ་བྱ་གྲུབ་པ་ན་གཏན་ཚིགས་འགྲུབ་པོ་ཞེ་ན། དེའི་ཚེ་གཏན་ཚིགས་ཀྱིས་ཅི་ཞིག་བྱ་སྟེ། བསྒྲུབ་བྱ་གྲུབ་ཟིན་པའི་ཕྱིར་རོ། །གཏན་ཚིགས་ལས་བསྒྲུབ་པར་བྱ་བ་ངེས་པར་བྱ་བ་ཡིན་ན། ཕན་ཚུན་བརྟེན་པའི་སྐྱོན་དུ་ཡང་འགྱུར་རོ། །ཇི་ལྟར་ཞེ་ན། གཉིས་ལས་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། བསྒྲུབ་བྱ་འགྲུབ་པ་ནི་གཏན་ཚིགས་གྲུབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། གཏན་ཚིགས་ནི་དེའི་དོན་དུ་ཡིན་པའི་ཕྱིར་ལ་བསྒྲུབ་བྱ་མེད་ན་ནི་མི་འབྱུང་བའི་མཚན་ཉིད་ཅན་གྱི་གཏན་ཚིགས་འགྲུབ་པ་ཡང་བསྒྲུབ་བྱ་གྲུབ་པ་སྔོན་དུ་འགྲོ་བ་ཅན་ཡིན་
པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དུ་གསལ་ལོ། །ཕྱོགས་གསུམ་པ་ལ་དཔེ་ལ་ཡང་ཞེས་བྱ་བ་སྨོས་ཏེ། དཔལ་སྟེ་བསྒྲུབ་བྱའི་ཆོས་ཅན་ལས་ཐ་དད་པའི་དཔེའི་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །དེ་གྲུབ་ཅེས་བྱ་བ་ནི་གཏན་ཚིགས་གྲུབ་ནའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་བསྒྲུབ་
བྱ་ཆོས་ཅན་ལས་མ་གཏོགས་པ་ཉིད་ཀྱི་དཔེའི་ཆོས་ཅན་གཞན་ཞིག་ལ་གཏན་ཚིགས་མེད་ན་མི་འབྱུང་བ་ཉིད་འདོད་ཀྱི། བསྒྲུབ་པར་བྱ་བའི་ཆོས་ཅན་དང་ལྷན་ཅིག་ཐམས་ཅད་ཉེ་བར་སྡུད་པ་ནི་མ་ཡིན་ན། དེ་ཇི་ལྟར་བསྒྲུབ་བྱའི་ཆོས་ཅན་ལ་གཏན་ཚིགས་ལས་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར།
ཇི་ལྟར་མི་འགྱུར་ཞེ་ན། དེའི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་གང་ཡང་ཞེས་བྱ་བ་ལ་སོགས་པས་དཔེར་བརྗོད་པ་རྣམས་སུན་འབྱིན་པར་བྱེད་དེ། ཇི་ལྟར་ཡང་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྨྲས་པ་གང་ཡིན་པ་འདི་ནི་དོན་མེད་པ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཡུལ་
མེད་པའི་ཕྱིར་ཏེ། གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གྲུབ་པའི་ཡུལ་ལ་ནི་གཏན་ཚིགས་མི་འདོད་དོ། །འོ་ན་ཅི་ཞེ་ན། ཐེ་ཚོམ་ལ་སྟེ། འདི་ལྟར་གཏན་ཚིགས་ཐེ་ཚོམ་ལ་བརྗོད་པའི་ཕྱིར་བསམས་པ་བཞིན་དུ་གྲུབ་པར་ཡང་གཏན་ཚིགས་ཀྱི་རྟེན་མ་ཡིན་པ་ཉིད་དེ། བསྒྲུབ་བྱ་
གྲུབ་ཟིན་པའི་ཕྱིར་རོ། །ཅི་སྟེ་ཡང་འདི་ལ་ཡང་གཏན་ཚིགས་ཀྱི་ཡུལ་ཐེ་ཚོམ་ཉིད་ཡོད་པ་ཡིན་ནོ་སྙམ་ན། དེའི་ཕྱིར་དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དངོས་པོའི་ཇི་ལྟར་ཡང་ཡོད་པ་ཉིད་ཐམས་ཅད་ཀྱིས་ངེས་པ་ཉིད་ཡིན་པ་དེའི་ཚེ་དངོས་པོ་ནི་ཇི་ལྟར་ཡོད་པའི་བདག་ཉིད་ཡིན་
ནོ་ཞེས་བྱ་བ་དེ་ལྟར་ཅིའི་ཕྱིར་རྗོད་པར་བྱེད། དེའི་བདག་ཉིད་ཅེས་བྱ་བ་ནི་ཡོད་པའི་བདག་ཉིད་དོ། །དངོས་པོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དངོས་པོ་མེད་པ་ཡང་གཞལ་བྱ་ལ་སོགས་པའི་ངོ་བོས་ཡོད་པའི་བདག་ཉིད་དུ་སྟོན་པ་ཡིན་ནོ། །ངེས་པའི་ཕྱིར་གཏན་ཚིགས་དོན་མེད་དོ། །

ཅི་སྟེ་གྲངས་ཅན་ལ་སོགས་པ་ལ་མ་གྲུབ་སྟེ། དེའི་ཕྱིར་བསྒྲུབ་པར་བྱའོ་ཞེ་ན། རྣམ་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་ཀུན་གཅིག་ཏུ་སྨྲ་བ་ནི་གྲངས་ཅན་པའོ། །སྨྲ་བ་དེ་ལ་གནས་པའི་གྲངས་ཅན་པ་དག་གིས་བདག་ཉིད་དེ་རང་བཞིན་འགའ་ཞིག་གིས་ཡོད་པའི་བདག་ཉིད་
དུ་སྟོན་པ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། རྣམ་འགྱུར་བདག་སོགས་བྱེ་བྲག་གིས། །ཞེས་བྱ་བ་སྨོས་ཏེ། རྣམ་པར་འགྱུར་བའི་བདག་ནི་རྣམ་པར་འགྱུར་བའི་རང་བཞིན་ནོ། །སོགས་པའི་སྒྲས་ནི་རང་བཞིན་ཏེ་མ་འདྲེས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་དང་ཕན་ཚུན་དང་
རང་བཞིན་ལས་ཐ་དད་པའི་སྐྱེས་བུ་གཟུང་ངོ་། །གང་ཡང་ཞེས་བྱ་བ་ནི་དབུ་མ་པ་རྣམས་སོ། །དེ་དག་ཀྱང་དེ་ཁོ་ན་ཉིད་དུ་ཞེས་བྱ་བའི་ཁྱད་པར་དང་བཅས་པའི་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ལ་བརྟེན་གྱི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ཏེ། མཐོང་བ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ལ་
སོགས་པ་ཁས་ལེན་པའི་ཕྱིར་རོ། །དེ་ཉིད་དུ་ཞེས་བྱ་བ་ནི་རིགས་པ་ལས་སོ། །སོགས་པའི་སྒྲས་དོན་དམ་པར་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །ཐམས་ཅད་ཀྱི་དངོས་པོ་ཇི་ལྟར་ཡང་ཡོད་པའི་བདག་ཉིད་དུ་ངེས་སོ་ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་ཡང་ཁས་བླང་བར་བྱ་དགོས་ཏེ།
དེ་ལྟ་མིན་ན་སྟེ། དེ་ལྟར་མི་འདོད་ན་ཇི་ལྟར་ཡང་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ཡང་མི་འགྲུབ་པོ། །སྔར་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་སྨྲས་ལ་ད་ལྟ་ནི་མ་གྲུབ་པར་བཤད་དོ། །ཅི་སྟེ་ཐ་སྙད་སྒྲུབ་ན་དེའི་ཚེ་གང་དུ་སྔར་ཐ་སྙད་དུ་བྱས་པ་དེ་དཔེར་གྲུབ་པ་ཡིན་པའི་ཕྱིར་ཚུལ་གསུམ་
པ་ཉིད་དུ་འགྱུར་བ་ལ་དེ་ལྟ་མ་ཡིན་ཏེ། དཔེ་མེད་པ་ཡིན་ན་ཐ་སྙད་དེ་ཡང་འགྲུབ་པར་མི་འགྱུར་རོ། །སྦྱོར་བ་གཉིས་པ་ལ་སྐྱོན་བཤད་པའི་ཕྱིར། ཟླ་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲམ་ཟེའི་ཁྱེའུ་ཞེས་བྱ་བ་ནི་སྐྱེས་བུ་ཞིག་ལའོ། །གལ་ཏེ་ཟླ་བ་བསྒྲུབ་པར་བྱ་བའི་ཕྱིར་ཚུལ་
གསུམ་པའི་གཏན་ཚིགས་སྲིད་པ་ཡིན་ན། འོ་ན་ཇི་ལྟར་སློབ་དཔོན་གྱིས་དཔེར་ན་རི་བོང་ཅན་གྱི་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུར་གང་ལ་ཡང་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་བསལ་བ་དེ་ཡང་ཕྱོགས་

མ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་རི་བོང་ཅན་ཟླ་བ་མ་ཡིན་པར་དམ་འཆའ་བ་གང་ཡིན་པ་དེ་ཡང་ཟླ་བ་ཉིད་དུ་བསྒྲུབ་པའི་ཕྱིར་འཇིག་རྟེན་གྱི་རྗེས་སུ་དཔག་པ་མེད་པར་བཤད་ཅེས་དོགས་པ་བསུ་ནས། རབ་ཏུ་གྲགས་པ་ཞེས་སྨོས་སོ། །དངོས་པོའི་ངོ་བོ་ལ་བརྟེན་ཏེ། །
ཞེས་བྱ་བ་ནི་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་འདི་ལ་ཐུན་མོང་མ་ཡིན་པར་བཤད་ཀྱི། གྲགས་པ་མཚན་ཉིད་ཀྱི་གཏན་ཚིགས་ལ་ནི་མ་ཡིན་ཏེ། འདི་ནི་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་རྗེས་སུ་འགྲོ་བ་ཡོད་པ་ཉིད་དོ། །གང་གི་ཕྱིར་གྲགས་པ་ཐམས་ཅད་ལ་བསྙོན་པའི་
ལོག་པར་རྟོག་པའི་གྲགས་པའི་མཚན་ཉིད་ཀྱི་རྟགས་ཀྱིས་ཟླ་བ་ཉིད་དུ་རྟོགས་པར་མི་ནུས་ལ། གང་གིས་རི་བོང་ཅན་ཟླ་བ་ཉིད་དུ་རྟོགས་པར་འགྱུར་བ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་གཏན་ཚིགས་གཞན་ཡང་ཡོད་པ་མ་ཡིན་ཏེ། ཟླ་བ་ལ་སོགས་པའི་ཐ་སྙད་ནི་འདི་འདོད་པ་ཙམ་གྱི་
རྗེས་སུ་བྱེད་པ་ཉིད་དངོས་པོའི་ཆོས་མ་ཡིན་པའི་ཕྱིར་རོ། །དེ་ལ་རྗེས་སུ་དཔག་པ་དཔེ་མེད་པ་ཉིད་དུ་བཤད་དེ། ཇི་སྐད་དུ། རི་བོང་ཅན་ཟླར་མི་འདོད་པ། །དེ་གྲགས་གང་ཞིག་འདོད་པར་འགྱུར། །དེ་ལྟར་དེ་ལ་དཔེ་མེད་དེ། །དེ་ནི་ཐུན་མོང་མ་ཡིན་འདོད། །ཅེས་བཤད་པ་ལྟ་བུའོ། །ཁ་ཅིག་ལས།
ཟླ་བ་མིན་བསྒྲུབ་གཏན་ཚིགས་ལ། །ཞེས་འདོན་ཏེ། དེར་འདི་ལྟར་སྦྲེལ་བར་བྱ་སྟེ། ཕྱོགས་སྔ་མ་སྨྲ་བས་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སྨྲས་པ་གང་ཡིན་པ་བསྒྲུབ་པའི་གཏན་ཚིགས་ཕྱོགས་སྔ་མ་སྨྲ་བས་སྨྲས་པ་དེ་ལ་ཞུགས་པའི་ཕྱོགས་ཕྱི་མ་སྨྲ་
བས་ཟླ་བ་ཉིད་དུ་བསྒྲུབ་པའི་ཕྱིར། སློབ་དཔོན་གྱིས་གང་ལ་ཡང་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པས་ཞེས་བྱ་བ་ལ་སོགས་པས་གྲགས་པ་ལས་མ་གཏོགས་པའི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ལ་བརྟེན་ནས་དེ་རྗེས་སུ་དཔག་པ་མེད་པའི་རྒྱུ་ཐུན་མོང་བ་ཉིད་
དུ་བཤད་དོ། །གཏན་ཚིགས་གསུམ་པ་ལ་ཡང་སྦྲང་བུ་འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གཏན་ཚིགས་དང་དམ་བཅའ་དག་སྟེ། དམ་བཅའ་བ་ནི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་འདིར་

ཉམས་སུ་མྱོང་བའི་རྒྱུ་ཁྱད་པར་ཅན་གྱི་སྦྲང་བུ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་ཉིད་སྒྲ་གཞན་གྱིས་གཏན་ཚིགས་ཉིད་དུ་བསྟན་པའི་ཕྱིར། གཏན་ཚིགས་དང་དམ་བཅའ་བ་དག་ཁྱད་པར་མེད་དོ། །གང་གི་ཚེ་བབས་པ་ཞེས་བྱ་བའི་ཁྱད་པར་མི་ལེན་གྱི་སྐྱེ་བ་ཐོབ་པའི་ཕྱིར་ཞེས་བྱ་བ་སྤྱིར་གཏན་ཚིགས་
སུ་བརྗོད་པ་དེའི་ཚེ་དམ་བཅའ་བའི་ཕྱོགས་གཅིག་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན་འདི་ལ་བབས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྲང་བུ་གཞན་གྱིས་བྱས་པའི་ཚོར་བས་འཁྲུལ་པར་འགྱུར་དུ་འོང་བའི་ཕྱིར་གདོན་མི་ཟ་བར་ཁྱད་པར་བྱ་དགོས་སོ། །ཅི་སྟེ་རྒྱུ་དང་འབྲས་བུའི་ཐ་སྙད་བརྗོད་པ་དེ་
ལ་བསྒྲུབ་པ་དེ་ལྟར་ཡིན་ན་གཏན་ཚིགས་ཚུལ་གསུམ་པར་འགྱུར་ཏེ། རྒྱུ་དང་འབྲས་བུར་རབ་ཏུ་གྲགས་པའི་མེ་དང་དུ་བ་ལ་སོགས་པ་དཔེ་ཉིད་དུ་ཡོད་པའི་ཕྱིར་རོ། །མིག་ནི་གཟུགས་འཛིན་བྱ་བ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། ཆོས་ཅན་རང་བཞིན་མིག་ལ་ནི། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་ནི་སྒྲུབ་བྱེད་ཉིད་མི་རིགས་ཞེས་བྱ་བར་གཅོད་དོ། །མ་གྲུབ་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་འཁྲུལ་པ་དང་འགལ་བ་དག་བཟུང་ངོ་། །ཡོད་པ་བསྒྲུབ་པར་བྱ་བ་ཡིན་ན་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་གསུམ་ལས་མི་འདའ་སྟེ། འདི་ལྟར་
ཡོད་པའི་ཆོས་གཞན་གཏན་ཚིགས་ཡིན་ནམ་མ་གྲུབ་ལ། གཉི་གའི་ཆོས་ཡིན་ན་མ་ངེས་པ་ཡིན་ཞིང་། མེད་པའི་ཆོས་ཡིན་ན་འགལ་བ་ཉིད་ཡིན་ཏེ། ཇི་སྐད་དུ། མ་གྲུབ་པ་ལ་ཡོད་ཆོས་མེད། །གཉི་ག་ལ་བརྟེན་འཁྲུལ་པ་དང་། །མེད་པའི་ཆོས་ནི་འགལ་ཡིན་ན། །ཇི་ལྟར་ཡོད་
དེ་བསྒྲུབ་བྱ་ཡིན། །ཞེས་བཤད་པ་བཞིན་ནོ། །ཅི་སྟེ་ཆོས་ཅན་མིག་ལ་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་ཡང་ནུས་པ་དང་ཡོད་པ་ལ་སོགས་པ་རྣམ་གྲངས་ཡིན་པའི་ཕྱིར། དེ་བསྒྲུབ་པ་ན་ཡོད་པ་བསྒྲུབ་པར་ཐལ་བར་འགྱུར་རོ། །ཐ་དད་ན་ཡང་དེ་ནི་
དབང་པོ་ལས་འདས་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གཟུགས་འཛིན་པའི་ཕྱིར་ཞེས་བྱ་བ་འདི་ཡང་ཕྱོགས་ཆོས་མེད་པའི་ཕྱིར་མ་གྲུབ་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར་ཁྱེད་ཅག་ལ་ཡང་མིག་ལ་སོགས་པ་འགྲུབ་པར་འགྱུར་ཞེ་ན། འོན་

ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་ཞེས་བྱ་བ་ནི་མིག་བཙུམས་པའི་གནས་སྐབས་ནའོ། །ཁོ་བོ་ཅག་གི་དངོས་སུ་མིག་ལ་སོགས་པ་འདི་ལྟ་བུ་ཞིག་གོ་ཞེས་གྲུབ་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་ཤེས་པ་གཟུགས་ལ་སོགས་པ་འགའ་ཞིག་ལ་རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པར་མཐོང་བ་དེ་ནི་རྒྱུ་གཞན་ལ་ལྟོས་པ་དང་དེ་ཙམ་གྱིས་མི་འབྱུང་བར་བསྒྲུབ་པར་བྱ་བ་ཡིན་པས་ཤེས་པ་དེ་ཉིད་ཆོས་ཅན་ཡིན་པའི་ཕྱིར་མ་གྲུབ་པ་ལ་སོགས་པའི་སྐྱོན་མེད་དོ། །རྒྱུ་གཞན་གང་ཡིན་པ་དེ་ཡང་མིག་ཅེས་ཐ་སྙད་འདོགས་ལ། གྲུབ་པའི་མཐའ་ལ་བརྟེན་ན་ནི་ཐ་
སྙད་ཐ་དད་དོ། །འདི་སྙམ་དུ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྣམ་པར་ཤེས་པའི་ཆོས་ཅན་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་གཏན་ཚིགས་ཚུལ་གཉིས་པ་ཉིད་དོ་སྙམ་དུ་སེམས་ན། དེ་ལ་དཔེ་ནི་རང་རྒྱུ་ལས། །ཞེས་བྱ་བ་སྨོས་ཏེ། རང་གི་རྒྱུ་ལས་ངེས་པ་སྟེ་རང་གི་རྒྱུ་དང་འབྲེལ་པར་འབྱུང་བ་གང་ལ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུར་གྱུར་པའི་རང་གི་རྒྱུ་ལ་རག་ལས་པའི་སྐྱེ་བ་ཅན་མྱུ་གུ་ལ་སོགས་པ་རེས་འགའ་པ་དཔེ་ཉིད་དུ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ཡང་འདི་ལྟར་བྱ་སྟེ། གང་དག་གང་ཉེན་ཡང་རེས་འགའ་བ་ཡིན་པ་དེ་དག་ནི་དེ་ཙམ་གྱིས་འབྱུང་བ་མ་ཡིན་
པ་དང་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ཏེ། དཔེར་ན་ནས་ལ་སོགས་པ་ཡོད་ན་ཡང་ས་བོན་ཉེ་བ་དང་མི་ཉེ་བ་དག་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་མྱུ་གུ་ལ་སོགས་པ་བཞིན་ནོ། །གཟུགས་ལ་སོགས་པ་ཡོད་ན་ཡང་བཙུམས་པ་དང་མ་བཙུམས་པའི་གནས་སྐབས་ན་
མིག་གི་རྣམ་པར་ཤེས་པ་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་དགག་པ་ལ་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །བསྒྲུབ་པ་ལ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ན། བདག་དང་བུམ་པ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ལ་བུམ་པ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། འདིར་
ཡང་གྲུབ་པ་ལ་བསྒྲུབ་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་རྣམ་པ་འགའ་ཞིག་གིས་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །འོན་ཏེ་མ་གྲུབ་ན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ཡང་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ་ཞེས་ཇི་ལྟར་ཡོད་པའི་བདག་ཉིད་དུ་བསྒྲུབ་པའི་

གཏན་ཚིགས་ལ་སྨས་པ་སུན་འབྱིན་པ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མི་མཐུན་པའི་ཕྱོགས་མེད་པའི་ཕྱིར། ཆོས་མི་མཐུན་པའི་དཔེ་མེད་དོ་ཞེས་གང་སྨྲས་པ། འདི་ལ་ཡང་ཆོས་མི་མཐུན་པའི་དཔེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ངོ་བོ་གང་གིས་བུམ་པ་ལ་སོགས་པ་དམིགས་པའི་
ངོ་བོ་དེས་དེ་དག་ཡོད་པའི་བདག་ཉིད་དུ་འདོད་པ་དེའི་ཚེ་དེ་དག་གི་རང་བཞིན་ཆོས་མི་མཐུན་པའི་དཔེ་ཉིད་དུ་འགྱུར་ཏེ། རང་བཞིན་དེ་ལ་མི་དམིགས་པའི་གཏན་ཚིགས་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་ཡང་ཞེས་བྱ་བའི་སྦྱོར་བ་འདི་ལ་ཡང་འདོད་པ་གྲུབ་པ་ལ་སོགས་པ་མཚུངས་སོ། །བདག་
མེད་དག་ལ་ཞེས་བྱ་བ་ནི་དངོས་པོ་མེད་པ་དག་ལའོ། །དེ་བཞིན་ཞེས་བྱ་བ་ནི་རང་བཞིན་ཆོས་མི་མཐུན་པ་སྲིད་པས་སོ། །ཆོས་མི་མཐུན་ལ་འཐོབ་ཅེས་བྱ་བ་ནི་ཆོས་མི་མཐུན་པ་སྟེ་བསྒྲུབ་བྱ་ལྡོག་པའི་མཚན་ཉིད་ལ་བསྒྲུབ་བྱ་མེད་པས་ཀྱང་ཁྱབ་པོ། །ཁྱོད་ཀྱི་ཕ་འདི་ཁྱིམ་འདི་ན་ཞེས་བྱ་བ་ལ་
སོགས་པ་ལ། ཕའི་སྐད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཕ་དང་འབྲེལ་པ་སྟེ་ཡུལ་ཕྱོགས་གཞན་འགའ་ཞིག་ཏུ་ཉམས་སུ་མྱོང་བ་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ། །གང་དུ་ཞེས་བྱ་བ་ལ་སོགས་པས་ཚུལ་གསུམ་པ་དེ་ཉིད་སྟོན་པ་ཡིན་ཏེ། སྒྲ་ཕྱི་རོལ་གྱི་དོན་ལ་
ལྟོས་ནས་གཞན་དུ་མི་འཐད་པ་ཉིད་མ་གྲུབ་པའི་ཕྱིར་དེ་ལ་རྟགས་ཉིད་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །ཇི་སྟེ་བློ་ལ་གནས་པའི་དོན་ལ་ལྟོས་ནས་ཡིན་ན། དེའི་ཚེ་དུ་བ་བཞིན་དུ་ཚུལ་གསུམ་པ་ཉིད་ཡོད་པ་ཁོ་ན་སྟེ། གང་གི་ཕྱིར་བརྗོད་པར་འདོད་པ་མངོན་དུ་མ་གྱུར་
ན་སྒྲ་མི་སྦྱོར་བའི་ཕྱིར། དེའི་འབྲས་བུ་ཡིན་པས་དུ་བ་དང་མེ་བཞིན་དུ་གོ་བར་བྱེད་པ་འདོད་ཀྱི། རྗོད་པར་བྱེད་པའི་ངོ་བོས་ནི་མ་ཡིན་ནོ། །སྒྲོན་མ་ནི་དུ་བ་བཞིན་དུ་རྟགས་ཀྱི་སྒོ་ནས་ཤེས་པར་བྱེད་མི་འདོད་དོ། །འོ་ན་ཅི་ཞེ་ན། བུམ་པ་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་བསྐྱེད་པར་རུང་
བར་སྐྱེད་པར་ཤེས་པར་བྱེད་པ་གྲགས་ཀྱི་རྟགས་ཉིད་ནི་མ་ཡིན་པའི་ཕྱིར་རྟགས་སུ་མ་གྱུར་པ་དེའི་ཕྱོགས་ཀྱི་ཆོས་ལ་སོགས་པ་བསམ་པར་མི་རིགས་ཏེ། གཞན་དུ་ན་མིག་ལ་སོགས་པ་རྣམས་ལ་ཡང་བརྩད་པར་བྱ་བར་འགྱུར་རོ། །གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་ནི་སྐབས་ཀྱི་དོན་

མཇུག་སྡུད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་མིག་གིས་གཟུང་བར་བྱ་བ་ཉིད་མི་རྟག་པ་མེད་ན་མི་འབྱུང་བ་ཡིན་ན་ཡང་སྒྲ་ལ་དེ་མི་རྟག་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་གདོན་མི་ཟ་བར་ཐམས་ཅད་དུ་ཕྱོགས་ཀྱི་ཆོས་ལ་བརྟེན་པར་བྱ་བ་ཡིན་ནོ། །དེའི་ཕྱོགས་ཀྱི་ཆོས་
ལ་བརྟེན་པའི་ཕྱིར། ཚུལ་གཅིག་པ་ཉིད་དུ་བསྟན་པ་རྣམས་ནི་ཚུལ་གཉིས་པ་ཉིད་དུ་གདོན་མི་ཟ་ལ། ཚུལ་གཉིས་པ་ཉིད་དུ་བརྗོད་པ་རྣམས་ནི་ཚུལ་གསུམ་པ་ཉིད་ཡིན་ཏེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་དེ་ཉིད་ལས་ཏེ། དེའི་ཕྱིར་གཏན་ཚིགས་མཚན་ཉིད་གཅིག་པ་ཅན་ནི་དོན་མེད་པ་ཡིན་
ནོ། །གཞན་དུ་མི་འཐད་པ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ལ་སོགས་པ་འཕེན་པ་ཡིན་ཏེ། དེའི་ཕྱིར་དེ་དག་གི་མཚན་ཉིད་རང་དབང་དུ་ལོགས་ཤིག་ཏུ་མེད་དོ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། གང་གི་ཕྱིར། སྒྲ་དང་མར་མེ་སོགས་དངོས་ལ། །གཞན་དུ་མི་འཐད་པ་ཉིད་ཀྱིས། །ཕྱོགས་
ཀྱི་ཆོས་ནི་མེད་ན་ཡང་། །ཤེས་པར་བྱེད་པ་ཉིད་དུའང་མཐོང་། །ཞེས་ཕྱོགས་ཀྱི་ཆོས་མེད་པར་ཡང་གཞན་དུ་མི་འཐད་པ་ཉིད་ཡོད་པར་རང་ཉིད་ཀྱིས་སྨྲས་པ་ཡིན་ནོ། །མིག་གིས་གཟུང་བར་བྱ་བ་ཉིད་མི་རྟག་པ་ཉིད་ལས་གཞན་དུ་མི་འཐད་པ་ཉིད་ཡིན་ན་ཡང་འདི་ལ་ཕྱོགས་ཀྱི་ཆོས་མེད་
པའི་ཕྱིར་མ་ངེས་པ་ཉིད་དོ། །གང་ཡང་། དེའི་བུ་ཡིན་ཕྱིར་དེ་སྔོ་བསངས། །སྣང་བའི་སྔོ་བསངས་ཅིག་ཤོས་བཞིན། །དེ་ལྟར་ཚུལ་གསུམ་ལྡན་ནའང་འདི། །ངེས་པར་འཇུག་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ། དེའི་བུ་ཉིད་སོགས་གཏན་ཚིགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བུ་
ཡང་ཡིན་ལ་སྔོ་བསངས་ཡང་མ་ཡིན་པ་ཞེས་བྱ་བ་འདི་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར། མི་མཐུན་པའི་ཕྱིར་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་འདི་མཚན་ཉིད་གསུམ་པ་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་པ་ཡིན་ནོ། །འདི་སྙམ་དུ་འགལ་བ་ཡོད་པ་མ་ཡིན་ཏེ། གལ་ཏེ་རྒྱུ་ཐ་དད་པ་ཡིན་
ན་ཡང་འབྲས་བུ་ཐ་དད་པར་འགྱུར་ན་རྒྱུ་མེད་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་དེའི་བུ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་དང་། གྲང་བ་དང་དྲོ་བའི་ཟས་ལ་སོགས་པའི་གནས་སྐབས་ཐ་དད་པ་ལས་གཞན་དུ་གྱུར་པ་སྟེ་དཀར་ཤམ་ལ་

སོགས་པ་ཉིད་སྲིད་པའི་ཕྱིར་འགལ་བ་ག་ལས་ཡིན་ཏེ། རྒྱུ་ཐ་དད་པར་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་བྱས་པ་ཉིད་བཞིན་དུ་རང་བཞིན་གྱི་གཏན་ཚིགས་མ་ཡིན་ཏེ། བྱས་པ་དེ་ནི་མི་རྟག་པ་ཉིད་སྤངས་ནས་གཞན་དུ་མེད་པ་བཞིན་དུ་དེའི་བུ་ལ་རང་བཞིན་
གཞན་མེད་པ་མ་ཡིན་ཏེ། འདི་ལྟར་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འགའ་ཞིག་ལ་ལྟོས་ནས་དེའི་བུ་ཞེས་ཐ་སྙད་དུ་བྱས་ཀྱི་སྔོ་བསངས་ཉིད་ནི་མ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ། །མི་དམིགས་པ་ཡང་མ་ཡིན་
ཏེ། གྲུབ་པ་ཡུལ་ཡིན་པའི་ཕྱིར་རོ། །འགལ་བ་མེད་པའི་ཕྱིར་སྔོ་བསངས་ལས་གཞན་པའི་ཁ་དོག་མེད་པ་མ་གྲུབ་པོ། །དེ་དག་ལས་མ་གཏོགས་པའི་རྟགས་ཀྱང་ཡོད་པ་མ་ཡིན་ཏེ། གཞན་དུ་འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་པ་མེད་པར་ཡང་གོ་བར་བྱེད་པ་མ་ཡིན་ཏེ་ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་གཏན་ཚིགས་མ་ཡིན་ལ་མཚན་ཉིད་གསུམ་པ་ཡང་མ་ཡིན་པའི་ཕྱིར་ག་ལས་འཁྲུལ་པ་ཡིན། སྣང་བ་མ་མཐོང་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་སོ། །འོན་ཏེ་མ་འཁྲུལ་པ་ཉིད་ཅེས་བྱ་བ་ལ་སོགས་པས་མཚན་ཉིད་
མ་ཁྱབ་པའི་སྐྱོན་འཆད་དེ། དཔེར་ན་ཟླ་བ་ཤར་བ་ལས་ཀུ་མུ་ཏ་ཁ་བྱེ་བ་དང་རྒྱ་མཚོ་འཕེལ་བར་རྗེས་སུ་དཔོག་པ་དང་། སོགས་པ་སྨོས་པས་ཉི་མ་འཆར་བ་ལས་པདྨ་ཁ་བྱེ་བའོ། །ཉི་མ་ཤར་བ་ལས་རི་ལ་སོགས་པའི་ཕ་རོལ་ཕྱོགས་སུ་གྲིབ་མ་རྗེས་སུ་དཔོག་པ་དང་། དེ་བཞིན་དུ་མུན་
པར་རིང་མོ་ནས་མགལ་དུམ་ཡོག་པ་ཚིག་པའི་དུམ་བུ་མཐོང་ནས་དུ་བ་རྟོགས་པ་དང་། དེ་བཞིན་དུ་རྒྱུ་སྐར་སྨིན་དྲུག་ཤར་བ་ལ་རྒྱུ་སྐར་སྣར་མ་ཉེ་བར་རྟོགས་པར་བྱེད་དེ། འདི་ལྟར་ཐ་སྐར་ནས་བརྩམས་ནས་འདོན་པའི་རིམ་པ་ཇི་ལྟ་བ་བཞིན་དུ་རྒྱུ་སྐར་རྣམས་འཆར་རོ་ཞེས་གྲགས་སོ། །འདི་ཐམས་
ཅད་གཏན་ཚིགས་གསུམ་གྱི་ཁོངས་སུ་མ་འདུས་པའི་ཕྱིར་ཏེ། ཅིའི་ཕྱིར། དེ་དག་ལས་ནི་མ་གཏོགས་པ། །འཁྲུལ་པ་མེད་པ་ཡོད་མ་ཡིན། །ཞེས་ཅི་སྟེ་རྗོད་པར་བྱེད་ཅེ་ན། འདིར་ལན་བཤད་པ་ནི། དེ་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་གང་གི་ཕྱིར་ཁ་བྱེ་བ་ལ་སོགས་པ་དེ་དག་སྟེ་ཀུ་

མུ་ཏ་ཁ་བྱེ་བ་ལ་སོགས་པ་དེ་དག་བྱུང་བ་ནི་སྐྱེས་པའོ། །ཅི་ལྟ་བུའི་ཁྱད་པར་ཅན་ཡིན་ཞེ་ན། དེ་དང་དུས་གཅིག་སྟེ། ཟླ་བ་འཆར་བ་དང་ཉི་མ་དང་མགལ་དུམ་དེ་དག་དང་དུས་གཅིག་པའོ། །རྒྱུའི་ཆོས་དེ་འདྲ་བའི་གཏན་ཚིགས་ཀྱིས་ཡུལ་རྗེས་སུ་དཔོག་པར་འདོད་དོ། །འདི་སྐད་
དུ་བསྟན་པ་ཡིན་ཏེ། ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་དང་དུས་མཉམ་དུ་སྐྱེས་པའི་ཟླ་བ་འཆར་བ་ལ་སོགས་པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྒྱུར་འགྱུར་བའི་ཕྱིར། ཟླ་བ་འཆར་བ་ལ་སོགས་པ་དེ་དག་དེ་ལྟ་བུར་གྱུར་པའི་རང་གི་རྒྱུ་རྗེས་སུ་དཔོག་པར་
བྱེད་པ་ན་ཤུགས་ཀྱིས་དུས་མཉམ་དུ་འབྱུང་བའི་ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་ཡང་རྗེས་སུ་དཔོག་པར་བྱེད་ཀྱི་དངོས་སུ་ནི་མ་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུ་ནི་འབྲས་བུའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་རིགས་པར་བྱ་སྟེ། གལ་ཏེ་
འབྲེལ་པ་མེད་པས་ཀྱང་དེ་ལྟར་གོ་བར་བྱེད་པ་ཡིན་ན་དེའི་ཚེ་གང་ཅི་ཡང་རུང་བ་གོ་བར་བྱེད་པར་འགྱུར་ཏེ་འབྲེལ་བ་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་ཡང་འབྲེལ་པར་བརྗོད་ལ། དེ་ཡང་ཇི་སྐད་དུ་བཤད་པའི་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཁོ་ནའོ། །
འོ་ན་སྨིན་དྲུག་འཆར་བ་སྣར་མ་ཉེ་བ་དང་འབྲེལ་པ་ཅི་ཡོད་ཅེ་ན། སྐར་མ་སྨིན་དྲུག་འཆར་བའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཐོར་བྱེད་ནི་རླུང་ངོ་། །འདིར་ཡང་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རྒྱུའི་ཆོས་རྗེས་སུ་དཔག་པས་དཔོག་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། ཚོགས་
པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་སོ། །རྒྱུ་ཆོས་རྗེས་སུ་དཔག་པས་ཏེ། །དུ་བས་བུད་ཤིང་འགྱུར་པ་བཞིན། །ཞེས་བཤད་པ་ལྟ་བུའོ། །ཡང་གཟུགས་བརྙན་ལས་གཟུགས་རྟོགས་པ་གང་ཡིན་པ་དེ་གང་གི་ཡང་ཁོངས་སུ་མ་འདུས་ཏེ། གཟུགས་
བརྙན་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མཚན་ཉིད་མ་ཁྱབ་པ་ཅན་ཡིན་ནོ་སྙམ་དུ་དོགས་པ་ལ། གཟུགས་བརྙན་ཞེས་བྱ་བའི་རྟགས་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ན་ལྷན་ཅིག་ཅེས་བྱ་བ་ལ་སོགས་པས་རྩོད་པར་བྱེད་པའི་བསམ་པ་དོགས་པར་བྱེད་

པ་ཡིན་ཏེ། གཏན་ཚིགས་དངོས་པོ་མེད་པ་ཉིད་ཡིན་ཏེ། གཅིག་ན་ལྷན་ཅིག་གཉིས་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཕྱོགས་གང་ཁོ་ནར་མེ་ལོང་གི་གཟུགས་མཐོང་བ་དེ་ཁོ་ནར་གཟུགས་བརྙན་ཡང་ཡིན་ཏེ། ཐོགས་པ་དང་བཅས་པའི་ཕྱིར་ཕྱོགས་གཅིག་ཏུ་གཟུགས་གཉིས་ལྷན་
ཅིག་འབྱུང་བའི་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་ཉིད་ཡིན་ན་གཅིག་ན་གཟུགས་གཉིས་ལྷན་ཅིག་ཡོད་པར་མི་འགྱུར་བ་ཞིག་ན་ཡོད་པ་ཡང་མ་ཡིན་ཏེ། དེ་བས་ན་འདི་ནི་འཁྲུལ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན། གཅིག་ན་ལྷན་ཅིག་གཉིས་ཡོད་ཕྱིར། །ཞེས་བྱ་བ་ལ་
གཉིས་གང་ཞེ་ན། མེ་ལོང་གི་ངོས་དང་ཟླ་བའི་གཟུགས་བརྙན་ནོ། །མེ་ལོང་གི་ངོས་ནི་ཡུལ་གཞན་ཁོ་ན་ཡིན་ལ། ནང་ན་གནས་པའི་ཟླ་བའི་གཟུགས་བརྙན་ནི་གཞན་ཁོ་ནར་མཐོང་སྟེ། ཁྲོན་པའི་ཆུ་བཞིན་ནོ། །དེར་སྐྱེས་པ་ཡང་ཅིའི་ཕྱིར་གཞན་དུ་དམིགས་པར་འགྱུར་ཏེ། དེའི་ཕྱིར་
གཟུགས་བརྙན་ཞེས་བྱ་བ་དངོས་པོར་གྱུར་པ་ཅུང་ཟད་ཀྱང་མེད་ལ། ཆོས་རྣམས་ཀྱི་ནུས་པའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། གང་ཞིག་དེ་ལྟར་མཐོང་བ་དེ་ནི་ཚོགས་པ་དེའི་མཐུ་དེ་འདྲ་བ་ཡིན་ནོ། །གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་
ཤེས་པ་ཉིད་དེ་ལྟ་བུར་གྱུར་པའི་འབྲས་བུའི་རྟགས་སུ་མངོན་པར་འདོད་ཀྱི། གཟུགས་བརྙན་ཞེས་བྱ་བའི་ཕྱིའི་དངོས་པོ་ནི་མ་ཡིན་ནོ། །ཡང་ཚུལ་གསུམ་པའི་རྟགས་བརྗོད་པ་གཞན་གྱི་དོན་ཡིན་ནོ། །ཇི་ལྟར་རྗོད་པར་བྱེད། གང་གི་ཕྱིར་གཞན་དག་གིས་ཕྱོགས་དང་ཉེ་བར་སྦྱོར་བ་དང་
མཇུག་བསྡུ་བ་ཡང་གཞན་གྱི་རྗེས་སུ་དཔག་པར་བསྒྲུབ་པ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར། གཞན་གྱིས་དམ་བཅའ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲུབ་བྱེད་ཡན་ལག་མ་གྱུར་པ། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། སྒྲུབ་བྱེད་ནི་གྲུབ་པ་སྟེ་
གཞལ་བྱ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡན་ལག་ཏུ་གྱུར་པའི་རྒྱུ་སྟེ་དེ་བཀག་པ་ནི་སྒྲུབ་བྱེད་ཡན་ལག་ཏུ་མ་གྱུར་པའོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་ཡན་ལག་ཏུ་མ་གྱུར་པའི་ཕྱིར་ཉེ་བར་སྦྱོར་བ་མ་ཡིན་ཏེ། སྦྱར་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཏེ་སྦྱོར་

བ་མིན་པ་རྒྱུར་གྱུར་པ་མ་ཡིན་པར་འཆད་ན་དམ་བཅའ་བའི་དོན་གྱི་ཕྱོགས་ཀྱིས་གཅིག་ཏུ་འགྱུར་རོ། །ཇི་ལྟར་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ཞེ་ན། འབྲེལ་པ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་མེད་པ་སྟོན་པ་ནི་བསྒྲུབ་པར་བྱ་བ་ཉིད་བརྗོད་པའི་
ཕྱིར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲ་རྣམས་དོན་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་རེ་ཞིག་དངོས་སུ་སྦྱོར་བ་མ་ཡིན་ལ། གཏན་ཚིགས་བརྗོད་པ་བཞིན་དུ་ནུས་པ་སྟོན་པའི་ཕྱིར་བརྒྱུད་པས་ཀྱང་མ་ཡིན་ཏེ། ཇི་སྐད་དུ། ཕྱོགས་ཀྱི་ཚིག་དེ་སྨྲ་བ་ཡིས། །བསམ་པ་རིག་པར་
བྱེད་པ་ལ། །ཚད་མ་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་རྗེས་སུ་སྒྲུབ་བྱེད་མིན། །བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་བཤད་པ་བཞིན་ནོ། །ཁ་ཅིག་ཡན་ལག་ཏུ་མ་གྱུར་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཆོས་དག་གིས་ཡུལ་ཉེ་བར་བསྟན་
པའི་དོན་དུ་དཔེ་བརྗོད་པ་བཞིན་དུ་དམ་བཅའ་བ་རབ་ཏུ་ས