Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 11 / 22 (50.000 ký tự/trang)
ལང་སྟེ། རྐང་པས་རེག་པར་མི་བྱའོ་ཞེས་སྨྲས་པ་དང་། སྐྱེས་བུ་འགའ་ཞིག་གིས་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་བཟུང་ནས་འབྲེལ་པ་སྔོན་

དུ་འགྲོ་བ་ཅན་གྱིས་དོན་རྟོགས་པ་ཡིན་ལ། གཞན་དག་འབྲེལ་པ་མི་ཤེས་པ་ནི་རང་གི་ངོ་བོ་ཉིད་ཤེས་ཀྱི་དོན་མ་ཡིན་ནོ། །དེ་ལ་གལ་ཏེ་འབྲེལ་པ་དངོས་པོར་གྱུར་པ་མ་ཡིན་ན་དེའི་ཚེ་སྐྱེས་བུ་ཐམས་ཅད་ཐ་སྙད་ལ་བྱང་ཡང་དོན་ངེས་པར་འཛིན་པར་མི་འགྱུར་རོ། །གཅིག་ལ་ཡོད་པ་དང་མེད་པ་
ཕན་ཚུན་འགལ་བ་དག་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་འབྲེལ་པ་རྟག་ཏུ་གནས་པ་ཉིད་ཡིན་ནོ། །གལ་ཏེ་འབྲེལ་པ་རྟག་ཏུ་གནས་པ་ཡིན་ན། ཅིའི་ཕྱིར་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་དོན་རྟོགས་པར་མི་འགྱུར་སྙམ་པའི་རྩོད་པའི་དོགས་པ་བསུ་ནས་རྒྱས་པར་ལན་གདབ་པར་བྱ་བའི་ཕྱིར། གལ་ཏེ་
ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་ཡིན་ཞེས་བྱ་བ་ནི་ཧ་ཅང་ཐལ་བར་འགྱུར་བ་ཟློག་པར་བྱེད་པ་ཡིན་ནོ། །ག་ལས་ཤེ་ན། དེ་ལ་ལས་མ་བཟུང་བའི་ཕྱིར་རོ། །གལ་ཏེ་མ་བཟུང་བ་དེ་ལྟ་ན་ཡང་ཅིའི་ཕྱིར་རང་གི་འབྲས་བུ་སྐྱེད་པར་མི་བྱེད། གཡུལ་གྱི་སེར་ག་ལ་སོགས་པའི་ནང་དུ་ཞུགས་པའི་
ཕྱིར་ས་བོན་ལ་སོགས་པ་བདག་ཉིད་ཀྱི་འབྲས་བུ་མི་སྤོང་ངོ་ཞེ་ན། འབྲེལ་པ་རང་བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་པར་བྱེད་པའི་ཆོས་ནི་གཞན་ཡིན་ལ། སྐྱེད་པར་བྱེད་པ་ཡང་གཞན་ཡིན་ཏེ། སྒྲ་ནི་དུ་བ་བཞིན་དུ་དོན་ཤེས་པར་བྱེད་པ་ཡིན་གྱི། ས་བོན་ལ་སོགས་པ་བཞིན་
དུ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འོན་ཏེ་ཇི་ལྟར་ཡོད་པ་དང་མེད་པའི་ཕན་ཚུན་འགལ་བའི་ཕྱིར་གཅིག་ལ་མི་རིགས་པ་དེ་བཞིན་དུ་འཛིན་པ་དང་མི་འཛིན་པ་དག་ཀྱང་མ་ཡིན་ནམ། ཅི་སྟེ་འདི་དག་མི་འགལ་ན། དེ་ནི་ཡོད་པ་དང་མེད་པ་དག་ལ་ཅི་ཞིག་སྡང་ཞེ་ན། ལ་ལར་
དོན་ནི་ཡོད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་གཅིག་ལ་ཕན་ཚུན་འགལ་བའི་ཆོས་ཞན་པ་འགལ་གྱི། ཆོས་ཅན་གཞན་ལ་ནི་མ་ཡིན་ནོ། །འཛིན་པ་དང་མི་འཛིན་པ་དག་ཀྱང་སྐྱེས་བུ་ཐ་དད་པས་ཆོས་ཅན་ཐ་དད་པའི་རྟེན་ཅན་ཡིན་པའི་ཕྱིར་མི་འགལ་གྱི། ཡོད་པ་དང་མེད་པ་
དག་ནི་མ་ཡིན་ཏེ། དེ་དག་གི་རྟེན་ཆོས་ཅན་གཅིག་ཉིད་དུ་འདོད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འོན་ཏེ་འཛིན་པ་དང་མི་འཛིན་པའི་ཕྱོགས་ལ་ཡང་ཤུགས་ཀྱིས་ཡོད་པ་དང་མེད་པ་དག་གཞི་གཅིག་ལ་ཕན་ཚུན་འགལ་བ་ཁྱོད་ལ་འབྱུང་བར་འགྱུར་བ་མ་ཡིན་ནམ། འདི་ལྟར་དངོས་པོ་ཡོད་

པ་དང་མེད་པ་དག་གིས་འཛིན་པ་དང་མི་འཛིན་པ་དག་ལ་ཁྱབ་སྟེ། དེ་དག་ནི་དེའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡུལ་རུང་བར་མཚུངས་པ་ཅན་གྱི་སྐྱེས་བུ་གཉིས་གཅིག་ཁོ་ནས་མཐོང་གི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་བརྗོད་པར་བྱ་
དགོས་སོ་ཞེ་ན། ལོང་དང་མ་ལོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ལོང་བ་དང་ཅིག་ཤོས་དག་གི་དྲུང་ན་གནས་པའི་གཟུགས་མིག་མ་ཚང་བ་མེད་པ་ཁོ་ནས་དམིགས་ཀྱི་ཅིག་ཤོས་ཀྱིས་ནི་མ་ཡིན་ཏེ། དེ་དག་ལ་དཀར་པོ་ལ་སོགས་པ་ཡོད་པ་དང་མེད་པར་འགྱུར་བ་ནི་མ་ཡིན་པ་དེ་བཞིན་
དུ་འབྲེལ་པ་ལ་ཡང་ཡིན་ནོ། །འདི་ལ་རྒྱུ་ཅི་ཞིག་ཡོད་སྙམ་དུ་རྟོགས་པ་བཟློག་པའི་ཕྱིར་འཐད་པ་སྨྲས་པ་ནི། མི་ཡི་ནུས་དང་ནུས་མེད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་འཆད་དེ་དོན་ཡོད་པ་ཁོ་ན་དམིགས་པའི་རྒྱུ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེས་བུ་ལ་ཡོད་
པའི་ནུས་པ་ཡང་ཡིན་ནོ། །དེས་ན་དོན་ཡོད་ན་ཡང་སྐྱེས་བུ་འགའ་ཞིག་ལ་ནུས་པ་ཡོད་པའི་ཕྱིར། མི་འཛིན་པ་འགལ་བ་མེད་པས་མི་འཛིན་པ་ལ་དོན་མེད་པས་མ་ཁྱབ་པོ། །གལ་ཏེ་དེ་ལྟ་ན་འབྲེལ་པ་ཡོད་ན་ཡང་སྐྱེས་བུ་རྣམས་ཀྱི་ནུས་པ་དང་། ནུས་པ་མེད་པ་ཐ་དད་པའི་ཕྱིར་
སྒྲ་ལས་དོན་འཛིན་པ་དང་མི་འཛིན་པ་དག་ཏུ་འགྱུར་བའི་ཕྱིར་ཐམས་ཅད་མཚུངས་སོ་ཞེ་ན། འབྲེལ་པ་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་རྟོགས་པ་ནི་འབྲེལ་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཞེས་བྱ་བ་ནི་རྒྱུ་དང་
འབྲེལ་ལོ། །མཐོང་བའི་ཞེས་བྱ་བ་ནི། སྒྲ་དང་དོན་རྟོགས་པར་ཏེ་ཞེས་བྱ་བ་འདི་ལ་ལྟོས་ནས་འདི་དྲུག་པ་ཡིན་ནོ། །འབྲེལ་པ་ལས་ཞེས་བྱ་བ་ནི་གཞན་ལ་ལྟོས་ནས་ལྔ་པའོ། །འདིར་ཞེས་བྱ་བ་ནི་སྒྲ་དང་དོན་གྱི་ཐ་སྙད་ལའོ། །གཞན་དག་ནི་མི་རྣམས་ཀྱི་ནུས་པ་དང་ནུས་པ་མེད་པ་འདིར་
རྒྱུ་ཐ་དད་པའི་ཕྱིར་འགལ་བ་མེད་པས་ཞེས་བྱ་བ་འདི་ཉིད་ལ་འཐད་པའི་ངོ་བོར་སྨྲས་ན་རྗོད་པར་བྱེད་དོ། །འབྲེལ་པ་ལས་ཞེས་བྱ་བ་ནི་སྐྱེས་བུའི་ནུས་པ་ལས་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་དཀར་པོ་ལའོ། །དཔེ་ལས་བྱུང་བའི་དོན་མཇུག་བསྡུ་བར་བྱ་བའི་ཕྱིར། དེ་ཁོ་ན་བཞིན་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ཐ་སྙད་དུ་བྱེད་པས་ན་ཐ་སྙད་དེ་སྒྲ་དང་དོན་གྱི་འབྲེལ་པའོ། །དེ་དམིགས་པ་ནི་ཡོངས་སུ་ཤེས་པའོ། །དེ་ནི་དབང་པོ་དང་མཚུངས་ཏེ། འདི་ལྟར་གང་དག་ལ་དབང་པོ་དེ་ཡོད་པ་དེ་དག་ཁོ་ནས་དོན་རྟོགས་ཀྱི་གང་དག་ལ་མེད་པ་དེ་དག་ནི་དོན་ཡོད་ན་མི་དམིགས་སོ། །
དེ་བཞིན་དུ་གང་དག་ལ་འབྲེལ་པ་ཡོངས་སུ་ཤེས་པ་ཡོད་པ་དེ་དག་སྒྲ་དང་དོན་རྟོགས་ཀྱི། གང་དག་མེད་པ་དེ་དག་ནི་འབྲེལ་པ་ཡོད་ན་ཡང་མི་དམིགས་པའི་ཕྱིར། ཐམས་ཅད་དུ་མཚུངས་སོ། །གཞན་ཡང་ཐོག་མར་འབྲེལ་བའི་བྱེད་པ་པོ་གང་ཡིན་པ་དེ་ལ་སུ་ཞིག་གིས་འབྲེལ་པ་བསླབས་ཞེས་བྱ་བ་
འདི་ཡང་བརྗོད་པར་བྱ་དགོས་སོ། །རང་ཉིད་ཀྱིས་སོ་ཞེ་ན། མ་ཡིན་ཏེ། དེ་ཁོ་ན་བཞིན་དུ་གཞན་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་གཞན་ལས་ཡིན་ན་དེ་ཡང་གང་ལས་ཡིན། དེའི་ཡང་གཞན་ལས་ཡིན་ནོ་ཞེ་ན། འོ་ན་དེ་ལྟར་ན་ཐོག་མ་མེད་པའི་ཕྱིར་སུས་ཀྱང་བྱེད་པ་མ་ཡིན་ནོ་
ཞེས་སྟོན་པ་ནི། མི་ཤེས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་སྒྲ་དང་དོན་གྱི་འབྲེལ་པ་ཡིན་པ་དེ་ནི་རྒན་པོའི་ཐ་སྙད་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། འབྲེལ་པ་ཡིན་པའི་ཕྱིར་ད་ལྟར་བའི་འབྲེལ་པ་བཞིན་ནོ། །རྩོད་པའི་གཞིར་གྱུར་པ་ཡང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་རང་
བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་རེ་ཞིག་སྐྱེས་བུ་སོ་སོ་ལ་བརྡ་མི་སྲིད་དོ་ཞེས་བསྟན་ཟིན་ཏོ། །ད་ནི་བརྗོད་པ་རེ་རེ་ལ་ཞེས་སྨྲས་པ་གང་ཡིན་པ་དེ་བསལ་བར་བྱ་བའི་ཕྱིར། བརྗོད་པ་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་སྙད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐ་སྙད་འཇུག་པའི་ཕྱིར་རོ། །དེ་ལྟ་
མ་ཡིན་ན་སྔར་བརྡ་བྱས་པའི་ཕྱིར་ཐ་སྙད་འཇུག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་འགྲོ་བའི་དང་པོར་ཞེས་གང་སྨྲས་པ་དེ་དགག་པའི་ཕྱིར། འབྱིན་པའི་དང་པོ་ཞེས་བྱ་བ་སྨོས་ཏེ། དེ་འདྲ་བའི་ཞེས་བྱ་བ་ནི་སྒྲ་དང་དོན་གྱི་འབྲེལ་བས་སྟོང་པའི་འབྱིན་པ་དང་སྡུད་པའི་བདག་ཉིད་དོ། །འདི་འདྲའི་
མིན་ཞེས་བྱ་བ་ནི་ཐམས་ཅད་རྒྱུན་ཆད་པའི་བདག་ཉིད་དེ། དེ་ལ་ཚད་མ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་འཇིག་རྟེན་ན་འཇིག་པ་ལ་སོགས་པའི་ཐ་སྙད་རབ་ཏུ་གྲགས་པ་ཡིན་ཞེ་ན། འཇིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་པའི་དོན་དུ་ཞེས་བྱ་བ་ནི་ཐམས་ཅད་རྒྱུད་ཆད་པའི་བདག་

ཉིད་དེ། ཀུན་ཏུ་བརྟགས་པ་ནི་མི་དགག་གོ་ཞེས་བསམས་པ་ཡིན་ནོ། །ཤེས་མ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་གྱིས་སོ། །དེ་སྐད་སྟོན་པ་ནི་ལས་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཡང་ཅིའི་ཕྱིར་དོན་དམ་པར་མི་འདོད་ཅེ་ན་ཐམས་ཅད་ཞིག་པ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། འཇིག་པ་དོན་དམ་པ་པ་ཡིན་དུ་ཆུག་མོད། དེ་ལྟར་ན་ཡང་དེའི་ཚེ་དྲན་པ་དང་ཤེས་རབ་ལ་སོགས་པའི་འདུ་བྱེད་ཉམས་པའི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་འགའ་ཡང་མེད་པའི་ཕྱིར་འབྲེལ་པ་བྱེད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་འབྲེལ་པ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། མི་རིགས་ཞེས་བྱ་བ་ནི་དེ་ནི་རྒྱས་པར་བཀག་ཟིན་པའི་ཕྱིར་རོ། །གོ་རིམས་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་དེ། ཡི་གེའི་གོ་རིམས་ཉིད་ཚིག་ཏུ་འདོད་ཀྱི་གསལ་བ་ནི་མ་ཡིན་ནོ། །དེ་ཡང་སྐྱེས་བུའི་འདོད་པ་ལ་རག་ལས་པའི་ཕྱིར་མི་རྟག་པ་ཉིད་
ཡིན་ལ། དེའི་ཕྱིར་ཡི་གེ་རྣམས་ཀྱང་མི་རྟག་པར་འགྱུར་ཏེ། གོ་རིམས་ནི་ཡི་གེ་དག་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གང་ཕྱིར་ཚིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡི་གེའི་བདག་གི་ཚིག་ཉིད་རྗོད་པར་བྱེད་པར་འདོད་དོ། །གང་གི་ཕྱིར་ཚིག་གི་བློ་ནི་ཡི་གེའི་
རིམ་པས་བྱས་ཀྱིས་གསལ་བས་བྱས་པ་ནི་མ་ཡིན་ལ། རིམ་པ་དེ་ཡང་སྐྱེས་བུས་བྱས་པ་ཡིན་ནོ། །འདི་ཉིད་རྣམ་པར་འགྲེལ་པ་ནི། །ཁྱེད་ལ་ཡི་གེ་ཀུན་འགྲོའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ལ་སྟེ་ཁྱེད་ཅག་སྤྱོད་པ་པ་རྣམས་ཀྱི་ལྟར་ན། ཡི་གེ་དེ་ཐམས་ཅད་དུ་འགྲོ་བ་ཡིན་
པའི་ཕྱིར། རིམ་པ་ཡུལ་གྱིས་བྱས་པ་མ་ཡིན་ཞིང་། དུས་ཀྱིས་བྱས་པ་ཡང་མ་ཡིན་ཏེ། དེ་དག་ནི་རྟག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གསལ་བར་བྱེད་པའི་སྒྲ་ཙམ་གྱིས་བྱས་པ་ཡིན་ལ། དེ་ཡང་མི་རྟག་པའི་ཕྱིར། དེས་བྱས་པ་ཡང་མི་རྟག་པ་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སྦྱོར་བ་
ནི་གང་ཞིག་མི་རྟག་པས་བྱས་པ་དེ་ནི་མི་རྟག་པ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །ཡི་གེའི་རིམ་པ་ཡང་མི་རྟག་པས་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་སྐྱེས་བུས་བརྗོད་པར་འདོད་པའི་དབང་གིས་བྱུང་བ་དེ་ནི། རྟོག་པ་དང་ལྡན་པས་སྐྱེས་བུས་བྱས་

པ་ཉིད་དུ་ཐ་སྙད་དུ་བྱ་སྟེ། དཔེར་ན་ལག་པ་གཡོ་བ་དང་མིག་འཛུམས་པ་ལ་སོགས་པ་བཞིན་ནོ། །ཡི་གེ་རྣམས་ཀྱི་རིམ་པ་ཡང་སྐྱེས་བུའི་འདོད་པས་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་རང་བཞིན་ནོ། །ཡང་ཅི་སྟེ་རིམ་པ་མེད་པར་ཡང་ཡི་གེ་རྣམས་ཉིད་རྣ་བས་ཡོངས་སུ་བཅད་པས་དོན་རྟོགས་པར་
འགྱུར་རོ་སྙམ་ན། དེའི་ཕྱིར། རིམ་པ་མེད་པ་སྔོན་བྱེད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་མེད་པར་ནི་ཡི་གེ་རྣམས་དོན་རྟོགས་པའི་རྒྱུར་མ་མཐོང་སྟེ། དེ་ལྟ་བས་ན་དེ་དག་གི་རིམ་པ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ལྟ་བས་ན་སྤྱོད་པ་པ་དེ་ཁྱེད་ཅག་ལ་རིམ་པ་ཉིད་ཚིག་དང་
བརྗོད་པ་ཉིད་དུ་ཐལ་བར་འགྱུར་གྱི། ཡི་གེ་ཡན་གར་བ་རྣམས་ནི་མ་ཡིན་ཏེ། རིམ་པ་དེ་ཡང་མི་རྟག་པའི་ཕྱིར་རྗོད་པར་བྱེད་པའི་ཡང་མི་རྟག་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་སྒྲ་རྟག་པ་ཉིད་དུ་བརྟག་པ་དོན་མེད་དོ། །འདི་ལྟར་བརྗོད་པར་འདོད་པའི་སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་འདོད་ཀྱི་གཞན་ནི་མ་
ཡིན་ནོ། །དེ་བས་ན་ཁྱེད་ཅག་གི་ཡི་གེ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་སྐབས་སུ་མི་མཁོ་བ་འབའ་ཞིག་ཏུ་ཟད་དོ། །དེ་ནི་རྗོད་བྱེད་མ་ཡིན་པའི་ཕྱིར་རོ། །གང་ཡང་རྗོད་པར་བྱེད་པ་དེའི་རིམ་པའི་ངོ་བོ་དེ་ནི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རྩོམ་པ་ཐམས་ཅད་འབྲས་བུ་མེད་པ་ཡིན་ནོ། །
བརྡ་སྤྲོད་པ་པ་གང་དག་གི་ལྟར་ན། ཡི་གེ་ལས་གསལ་བའི་ཐ་དད་པ་ཞེས་བྱ་བ་ཆ་ཤས་མེད་པའི་ཚིག་སྟེ། བརྗོད་པར་འདོད་པ་དེ་དག་གི་ལྟར་ན་ཡང་སྒྲ་རྟག་པ་ཉིད་དུ་བརྟགས་པ་འདི་དོན་མེད་པ་ཡིན་ཏེ། གསལ་བ་ཞེས་བྱ་བའི་དངོས་པོ་དེ་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །འདིར་ལན་སྨྲས་པ་ནི་
རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། གོ་རིམས་ཡོད་པ་ནི་གོ་རིམས་ཅན། གོ་རིམས་ཅན་དེ་ཙམ་ཁོ་བོ་ཅག་ལ་འཛིན་པར་བྱེད་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། འཁྲུལ་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་དངོས་པོ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་
པོ་གཞན་གྱི་རྟེན་ཅན་ཞེས་བྱ་བ་ནོར་བུ་དང་མུ་ཏིག་ལ་སོགས་པའི་རྟེན་ཅན་ཏེ། ཡི་གེའི་རྟེན་ཅན་གྱི་གོ་རིམས་ཉིད་འབའ་ཞིག་རྗོད་པར་བྱེད་འདོད་པ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན་དེ་དག་གི་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཞན་དུ་ཞེས་བྱ་བ་ནི་རང་དབང་གིས་རྗོད་པར་བྱེད་པ་ཉིད་དུ་

ཞེས་དགོངས་པའོ། །དེ་ལྟ་མ་ཡིན་ན་དོན་དམ་པར་ཆོས་དང་ཆོས་ཅན་ཐ་དད་པར་མི་འགྱུར་ལ། དེ་ཡང་འདོད་པ་ཡིན་ནོ། །འོ་ན་ཅི་ཞིག་རྗོད་པར་བྱེད་ཅེ་ན། དེ་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་ཁྱད་པར་ཅན་གྱི་རིམ་པས་སོ། །འདི་སྐད་
དུ་བསྟན་པ་ཡིན་ཏེ། རིམ་པ་ཙམ་རྗོད་པར་བྱེད་པ་མ་ཡིན་ལ། ཡི་གེའི་རྟེན་ཙམ་ཡང་མ་ཡིན་ཞིང་། ཡི་གེ་ཙམ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡི་གེ་ཉིད་ཀྱི་རིམ་པ་དང་ལྡན་པ་རྗོད་པར་བྱེད་པ་ཡིན་པ་དེས་ན་རིམ་པ་ནི་རྗོད་པར་བྱེད་པ་ཉིད་ལ་གཙོ་བོ་ཡིན་ཏེ་དེ་དང་ལྡན་པ་ཉིད་ཀྱིས་རྟོགས་པ་
བཞིན་པ་དེ་ནི་སེལ་བ་ཡིན་པའི་ཕྱིར་རོ། །འོ་ན་གང་ཞེ་ན། ཡི་གེ་རྣམས་ཡིན་ཏེ། དེ་དག་ནི་ཆོས་ཅན་ཡིན་པས་རྟོགས་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །མི་རྟག་ཕྱིར་ཞེས་གཏན་ཚིགས་གཉིས་གང་སྨྲས་པ་དེ་གྲུབ་པར་སྟོན་པ་ནི། རིམ་པ་འབྲས་བུ་ཉིད་མིན་ཏེ། །ཞེས་བྱ་བ་སྨོས་
སོ། །སྔར་གྲུབ་ཡོངས་སུ་འཛིན་པའི་ཕྱིར། །ཞེས་བྱ་བ་ནི་རྣམ་པར་གནས་པ་ཉིད་ཀྱི་རིམ་པ་ཉེ་བར་ལེན་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་སྨྲ་བ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་བཞིན་དུ་རིམ་པ་ཡང་ཐོག་མ་མེད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ལ་སོགས་པས་
མཇུག་སྡུད་པར་བྱེད་དོ། །དེ་ལྟ་བས་ན་རི་ལ་སོགས་པ་བཞིན་དུ་རིམ་པ་འདི་གཅིག་གི་ངོ་བོར་མི་བདེན་ན་ཡང་རྒན་པའི་ཐ་སྙད་ཉིད་ཡིན་པའི་ཕྱིར་རྟག་པ་ཉིད་དུ་ངེས་པར་བྱའོ། །དེའི་ཕྱིར་འདིས་ནི་རིམ་པའི་ཐ་སྙད་རྟག་པ་ཉིད་དུ་བསྟན་པ་ཡིན་གྱི། རི་ལ་སོགས་པ་བཞིན་དུ་གཅིག་གི་ངོ་བོ་རྟག་
པ་ཉིད་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་རིམ་པ་བཞིན་དུ་ཡི་གེ་རྣམས་ཀྱི་ཐ་སྙད་ཀྱང་རྟག་པ་ཉིད་དུ་ཅིའི་ཕྱིར་མི་འདོད་ཅེ་ན། ཡི་གེ་དུ་མར་ཞེས་བྱ་བ་སྨོས་ཏེ། ཡི་གེ་རྣམས་རིམ་པ་བཞིན་དུ་མར་གནས་ཏེ། རྟག་པ་ཉིད་ཡིན་ན་ཡང་ཐ་སྙད་རྟག་པ་ཉིད་ཀྱིས་དོན་རྟོགས་པའི་ཐ་སྙད་འགྲུབ་པ་མ་ཡིན་
ནོ། །ཇི་ལྟར་མི་འགྲུབ་ཅེ་ན། ཡི་གེ་རྟག་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་གཅིག་གི་ངོ་བོར་གནས་པ་རྟག་པ་ཉིད་ཀྱིས་ཡི་གེ་རྣམས་རྟག་པར་འགྱུར་བ་དེ་ལྟ་ཡིན་ན། སྐྱེས་བུ་བརྒྱུད་པས་ཐ་སྙད་ཡོད་པའི་ཕྱིར་རིམ་པར་འབྱུང་སྟེ། རིམ་པའི་བདག་ཉིད་ཐོབ་པར་འབྱུང་བ་ཡིན་

ཏེ། དཔེར་ན་བུམ་པ་ལ་སོགས་པའི་བཀོད་པ་རྡུལ་ཕྲ་རབ་ཀྱི་རྒྱུ་མཚན་ཅན་ཡིན་པ་བཞིན་ནོ། །ཁ་ཅིག་ཏུ་རིམ་སོགས་ཞེས་འདོན་པ་དེར་ནི་སོགས་པའི་སྒྲས་འབྲེལ་པ་དང་ངོ་ཤེས་པ་ལ་སོགས་པ་གཟུང་ངོ་། །ཅི་སྟེ་རྟག་པ་ཉིད་མེད་པར་ཡི་གེ་དང་རྡུལ་ཕྲ་རབ་དག་གཉི་གའི་ཡང་བཀོད་པ་ཅིའི་
ཕྱིར་མི་སྲིད་ཅེ་ན། དེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ཅེས་བྱ་བ་ནི་ཡི་གེ་དང་རྡུལ་ཕྲ་རབ་གཉི་གའི་ཡང་གཅིག་གི་རང་བཞིན་དུ་གནས་པའི་རྟག་པ་ཉིད་མེད་པའོ། །འོན་ཏེ་བུམ་པ་ལ་སོགས་པ་ལ་རྩོམ་པར་བྱེད་པའི་རྡུལ་ཕྲ་རབ་ཡོད་པ་བཞིན་དུ་ཡི་གེ་རྣམས་ལ་ཡང་
ཆ་ཕྲ་མོ་ཡོད་པ་ཡིན་ཏེ། ཇི་སྐད་དུ་ཡི་གེ་རྣམས་ལ་ཡང་ཡི་གེའི་ཆ་བཞི་པ་ཡོད་དེ་ཞེས་བཤད་པ་མ་ཡིན་ནམ། དེ་ཇི་ལྟར་ཡི་གེ་རྣམས་གཅིག་གི་རང་བཞིན་དུ་གནས་པའི་རྟག་པ་ཉིད་དུ་རྗོད་པར་བྱེད་ཅེ་ན། ཉེས་པ་དེ་ནི་མེད་དོ། །ཇི་ལྟར་ཡི་གེའི་ཆ་ཡོད་པ་མ་ཡིན་ནོ་ཞེས་གསལ་བ་སུན་ཕྱུང་བར་འདི་
བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་གཅིག་གི་རང་བཞིན་རྟག་པ་ཉིད་ཀྱིས་ཡི་གེ་རྣམས་རྟག་པར་འགྱུར་ན་དེའི་ཚེ་སྨྲ་བ་པོ་ཐམས་ཅད་ལ་གཞན་གྱིས་རབ་ཏུ་དཔྱད་པའི་སྒྲ་དག་བདག་གིས་བརྗོད་དོ་ཞེས་བྱ་བའི་བརྗོད་པར་འདོད་པ་འདིར་མི་འགྱུར་བ་ཞིག་ན་འགྱུར་བ་ཡང་ཡིན་ཏེ། དེ་ལྟ་བས་
ན་ཡི་གེ་རྟག་པ་མེད་པ་མི་རིགས་སོ་ཞེས་བསྟན་པའི་ཕྱིར། གཞན་གྱིས་བརྗོད་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གལ་ཏེ་ཡི་གེ་ག་ལ་སོགས་པའི་རིམ་པ་དོན་དམ་པར་རྟོག་པ་མ་ཡིན་ཞིང་གསལ་བར་བྱེད་པའི་སྒྲ་ཙམ་ཡང་མ་ཡིན་ལ། དེ་དག་སྐུལ་བར་བྱེད་པའི་རྐན་ལ་
སོགས་པའི་ལྡན་པ་དང་རྣམ་པར་འབྱེད་པ་ཡང་རྟག་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་འདི་དག་མི་ཉན་པའི་ཕྱིར་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་མཚོན་པར་བྱ་བར་ནུས། མ་མཚོན་ན་དེ་དག་གིས་སྒྲ་དང་དོན་གྱིས་ཐ་སྙད་སོ་སོར་ངེས་པར་བྱ་བ་ནུས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་
བའི་ཕྱིར་རོ། །དེ་ལྟ་ཡིན་དང་འབྲེལ་པ་བྱེད་པ་ཉིད་ལ་སྐྱོན་བརྗོད་པ་གང་ཡིན་པ་དེ་ཐམས་ཅད་མངོན་པར་གསལ་བའི་ཕྱོགས་ལ་ཡང་མཚུངས་པ་ཡིན་ཏེ། ཇི་ལྟར་གང་དག་ཡི་གེ་རྣམས་ཀྱི་མངོན་པར་གསལ་བར་བྱེད་ཅིང་མཐོང་བའི་སྒྲ་ཙམ་དེ་དག་རེ་ཞིག་སྨྲ་བ་པོས་སྐུལ་བར་ནུས་པ་མ་ཡིན་

ཏེ། དེ་དག་ནི་ཞིག་པའི་ཕྱིར་རོ། །གང་ཡང་སྐུལ་བར་བྱེད་པ་དེ་དག་ནི་མངོན་པར་གསལ་བར་བྱེད་པ་མ་མཐོང་ངོ་། །དེ་བཞིན་དུ་གང་དག་རྐན་ལ་སོགས་པའི་ལྡན་པ་དང་རྣམ་པར་དབྱེ་བ་ལས་སྒྲ་ཙམ་སྐུལ་བར་བྱེད་པ་མཐོང་བ་དེ་དག་ནི་བྱ་བར་ནུས་པ་མ་ཡིན་ལ་གང་
ཡང་གསར་དུ་བྱེད་པ་དེ་དག་ནི་སྐུལ་བར་བྱེད་པ་མ་མཐོང་། དེ་ལྟ་ཡིན་དང་རིམ་གྱིས་མངོན་པར་གསལ་བའི་ཡི་གེ་རྣམས་དོན་ཐ་དད་པ་རྟོགས་པའི་རྒྱུར་ཅི་ལྟར་འགྱུར་ཞེས་བྱ་བ་འདི་ཐམས་ཅད་རྟོགས་པར་བྱས་ནས་ལན་གདབ་པའི་ཕྱིར། ཇི་ལྟར་བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་
ལྟར་བུམ་པ་ལ་སོགས་པ་མི་རྟག་པ་ཉིད་ཡིན་ན་ཡང་རིགས་ལ་བརྟེན་ནས་ཐ་སྙད་བསྒྲུབ་པ་དེ་བཞིན་དུ་གོ་རིམས་ལ་སོགས་པ་མི་རྟག་པ་ཉིད་ཡིན་ཡང་ཐ་སྙད་དུ་ཉེ་བར་མཚོན་པར་གྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན་རེ་ཞིག་རྐན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྐན་ལ་
སོགས་པའི་གནས་ཀྱི་རིགས་རྣམས་ནི་སྐྱེས་བུ་ཐམས་ཅད་དང་འདུ་བའི་རྐན་ལ་སོགས་པ་དང་ལྡན་པའི་ཕྱིར། སྐྱེས་བུ་ཐམས་ཅད་ལ་རྣམ་པར་གནས་པ་ཡིན་ནོ། །སྨྲ་བ་པོ་ཡང་རྐན་ལ་སོགས་པའི་རིགས་དེ་དག་གིས་རྐན་ལ་སོགས་པའི་མཚོན་ནས་ཏེ། ངེས་པར་བཟུང་ནས་ཕྱིས་སྒྲ་
ཙམ་སྟེ། གསལ་བར་བྱེད་པའི་རླུང་རྣམས་རྗོད་པར་བྱེད་པ་སྐུལ་བར་བྱེད་དེ། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློར་མི་འགྱུར་རོ་ཞེས་བྱ་བའི་རིགས་པས་སོ། །སྒྲ་ཙམ་དེ་དག་གལ་ཏེ་ཡང་མི་རྟག་པ་ཡིན་པ་དེ་ལྟ་ན་ཡང་བ་ལང་དང་རྟ་ལ་སོགས་པའི་རིགས་བཞིན་དུ་ཇི་སྲིད་དུ་སྟེ། ཡི་
གེ་ཇི་སྙེད་པ་དེ་སྙེད་ཀྱི་རིགས་ཡོད་པ་ཡིན་ཏེ། དེ་དག་ཉིད་གསལ་བས་གྲོགས་བྱས་པ་ན་སྒྲ་མངོན་པར་གསལ་བའི་རྒྱུར་འགྱུར་བ་ཡིན་ནོ། །ཡང་ན་སྒྲ་ཙམ་གྱིས་གསལ་བ་ཉིད་རིགས་ཀྱིས་གྲོགས་བྱས་པ་ན་ཡི་གེ་དང་རྗེས་སུ་མཐུན་པའི་ངོ་བོས་གསལ་བར་བྱ་བའི་ཕྱིར་འཇུག་པ་ཡིན་ནོ་
ཞེས་བྱ་བ་ནི་ཕྱོགས་གཞན་ཡིན་ནོ། །འོན་ཏེ་གལ་ཏེ་ཡང་སྒྲ་ཙམ་རྣམས་ཀྱིས་རིགས་ཐ་དད་པ་ཡོད་པ་དེ་ལྟ་ན་ཡང་སྒྲ་ཙམ་དེ་དག་གིས་མཚོན་པ་ན་ཡང་རིམ་པ་མེད་པར་ཡི་གེ་མངོན་པར་གསལ་བའི་གོ་རིམས་བསྒྲུབ་པར་ནུས་པ་མ་ཡིན་ཏེ། འདི་ལྟར་དེ་དག་རིགས་ཀྱི་ཁྱད་པར་ཐ་དད་མ་ཡིན་ཡང་

རང་ལས་རིམ་པ་ཡོད་པ་མ་ཡིན་ཏེ་ཆ་ཤས་མེད་པའི་ཕྱིར་རོ། །དེ་ཇི་ལྟར་ཡི་གེ་རྣམས་ཀྱིས་རིམ་པ་གསལ་བར་བྱེད་པའི་རིམ་པས་བྱས་ཞེས་དོགས་པ་བསུ་ནས་དེ་ལ་སྒྲ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྒྲ་ཙམ་རྣམས་ཀྱི་གོ་རིམས་རང་ལས་མ་ཡིན་པ་དེ་ལྟ་ན་ཡང་དེ་
དག་གིས་རྐན་ལ་སོགས་པའི་ལྡན་པ་དང་རྣམ་པར་དབྱེ་བ་རྣམས་ནི་གོ་རིམས་སྒྲུབ་པར་བྱེད་པ་ཡིན་ཏེ། རྐན་ལ་སོགས་པའི་ལྡན་པ་ལ་སོགས་པའི་རིམ་པ་དང་། སྒྲ་ཙམ་གྱི་རིམ་པ་གཉི་ག་རང་གི་རྟེན་ལ་འདུ་བའི་རིགས་ཀྱི་སྒོ་ནས་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་རང་གིས་དེ་ལྟར་
མཚོན་པ་ན་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་བས་གོ་རིམས་མི་རྟག་པ་ཡིན་ན་ཡང་རིགས་ཀྱིས་རྟག་པ་ཉིད་དུ་མཚོན་པར་ནུས་ཤེ་ན། ཇི་ལྟར་བསྐོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བསྐོར་བ་དང་གཡབས་པ་ལ་སོགས་པ་ནི་གར་ལ་སོགས་པའི་བྱ་བའི་ཁྱད་པར་ཡིན་ཏེ། སོགས་པའི་སྒྲས་
གྲོག་མོ་ལ་སོགས་པ་གཟུང་སྟེ་ཇི་ལྟར་དེ་དག་གི་གོ་རིམས་རྗེས་སུ་འཇུག་པའི་ཆའི་རིགས་ལ་སོགས་པས་མཚོན་པ་ནི་ཐ་སྙད་ཀྱི་ཡན་ལག་ཡིན་ཏེ། འདིར་ཡང་སོགས་པའི་སྒྲས་གྲོག་མོ་ལ་སོགས་པའི་རིགས་བཟུང་ངོ་། །དེ་བཞིན་དུ་རྐན་ལ་སོགས་པའི་སྒྲ་ཙམ་གྱི་ཡི་གེ་ལ་བརྟེན་པའི་རིམ་པ་རྗེས་སུ་འཇུག་
པ་རྐན་ལ་སོགས་པའི་རིགས་ཀྱིས་མཚོན་པ་ན་ཐ་སྙད་ཀྱི་དོན་དུ་བྱེད་པ་ཡིན་ནོ་ཞེས་སྦྱར་རོ། །རྐན་སོགས་སྒྲ་ཙམ་ཡིག་རྟེན་འགྱུར། །ཞེས་བྱ་བ་ནི་རྐན་ལ་སོགས་པ་དང་། སྒྲ་ཙམ་ཡི་གེ་ཞེས་བྱ་བ་ནི་ཚིག་རྣམ་པར་སྦྱར་བའི་བསྡུ་བ་ཡིན་ཏེ་དེ་ལ་བརྟེན་པའི་ཕྱིར་དེ་སྐད་ཅེས་བྱའོ། །འདིས་ནི་རྐན་ལ་
སོགས་པའི་ལྡན་པ་ལ་སོགས་པའི་རིམ་པ་སྒྲ་ཙམ་བརྗོད་པའི་རྒྱུ་དང་རང་གི་རིགས་ཉེ་བར་མཚོན་པ་དང་། སྒྲ་ཙམ་གྱི་རིམ་པ་ཡང་རྐན་ལ་སོགས་པའི་ལྡན་པ་དང་དབྱེ་བའི་རིམ་པ་སྔོན་དུ་འགྲོ་བ་ཅན་རང་གི་རིགས་ཉེ་བར་མཚོན་པ་དང་ཡི་གེ་མངོན་པར་གསལ་བའི་རིམ་པ་དང་། དེ་ཡང་དོན་རྟོགས་པའི་རྒྱུ་མཚན་
ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ཆ་ཞེས་འདོན་པ་དེར་ནི་འདི་ལྟར་སྦྱར་བར་བྱ་སྟེ། དཔེར་ན་བསྐོར་བ་ལ་སོགས་པའི་བྱ་བའི་ཡན་ལག་རིམ་པ་དང་ལྡན་པ་རིགས་སམ་དེ་ལས་གཞན་པའི་ཆོས་འགའ་ཞིག་གིས་ཉེ་བར་མཚོན་པ་ན་ཐ་སྙད་ཀྱི་རྒྱུར་འགྱུར་བ་དེ་བཞིན་དུ་རྐན་ལ་སོགས་པ་ལ་བརྟེན་པའི་རིམ་པ་

རྗེས་སུ་འཇུག་པའི་ཐ་སྙད་ཀྱི་ཡན་ལག་ཀྱང་ཡིན་ནོ། །ཁ་ཅིག་ཏུ། རིམ་པ་རྗེས་སུ་དྲན་གྱུར་ཏེ། །དེ་ལྟར་ཞེས་འདོན་པ་དེར་ནི་འདི་ལྟར་སྦྱར་བར་བྱ་སྟེ། ཇི་ལྟར་གཡབས་པ་ལ་སོགས་པའི་ཆའི་རིགས་ལ་སོགས་པ་དེ་ལྟར་རྐན་ལ་སོགས་པའི་སྒྲ་ཙམ་ཡི་གེ་ལ་
བརྟེན་པ་རྐན་ལ་སོགས་པའི་སྒྲ་ཙམ་གྱིས་ཡུལ་ཅན་རྐན་ལ་སོགས་པའི་རིགས་མཚོན་ནས་རིམ་པ་རྗེས་སུ་དྲན་པར་འགྱུར་བ་ཡིན་ནོ། །ཡང་སྒྲ་ཙམ་རྣམས་ཀྱིས་གོ་རིམས་རྐན་ལ་སོགས་པའི་ལྡན་པ་དང་རྣམ་པར་ཕྱེ་བའི་རིམ་པས་བྱས་པ་མ་ཡིན་གྱི། འོན་ཀྱང་རང་ཉིད་ཀྱིས་ཡིན་ཏེ། ཆ་
ཤས་དང་བཅས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། ཡང་ན་ཕྲ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་རྣམས་ཀྱི་ཞེས་བྱ་བ་ནི་སྒྲ་ཙམ་རྣམས་ཀྱིའོ། །དེ་དག་གི་རིམ་པ་དང་ལྡན་པ་རྩོམ་པར་བྱེད་པའི་ཆ་ཕྲ་མོ་གང་དག་ཡིན་པ་དེ་དག་གིས་ཐ་སྙད་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་དེ་
དག་ལ་རིགས་ཀྱི་རང་བཞིན་གྱི་ཆོས་རྟག་པ་ཉིད་ལ་སོགས་པ་སོ་སོར་ངེས་པ་སྟེ། མངོན་པར་གསལ་བ་གསལ་བའི་རྒྱུ་རྣམས་ངེས་པར་དཔྱད་པར་ཏེ། ངེས་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། དེའི་དབང་གིས་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཁྱབ་པ་ཉིད་ཡིན་ན་ཡང་རིམ་པ་བཞིན་དུ་སྒྲ་ཙམ་གྱི་དབང་གིས་ཡི་གེ་རྣམས་རིམ་པ་དང་ལྡན་པའོ་སྙམ་དུ་སྣང་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྐབས་ཀྱི་དོན་ཉིད་མཇུག་སྡུད་པར་བྱེད་དེ། སྒྲ་ཙམ་གྱིས་ཡོན་ཏན་ནི་རིམ་པ་དང་གསལ་བ་དང་ཞན་པ་དང་ཕྱོགས་
གཅིག་ཏུ་འཇུག་པ་ལ་སོགས་པའོ། །རྟག་པ་ཉིད་དུ་རྣམ་གནས་པ། །ཞེས་བྱ་བ་ནི་རིགས་ཀྱི་སྒོ་ནས་སོ། །རྗེས་སུ་བྱེད་པ་ནི་རྗེས་སུ་འཇུག་པའོ། །དེ་ལྟར་གལ་ཏེ་རྟག་པ་དང་ཐམས་ཅད་དུ་སོང་བ་དག་གི་ཕྱིར་ཡི་གེ་རྣམས་ཀྱི་རིམ་པ་ལ་སོགས་པ་རང་ལས་ཡོད་པ་མ་ཡིན་ཏེ། དེ་སྐད་
དུ་ཡང་དག་གསལ་བར་བྱེད་པའི་སྒྲ་ཙམ་ཡོད་པ་ན་འདི་དག་ཡི་གེ་ལ་དོན་གྱི་རྟོགས་པའི་ཡན་ལག་ཡིན་ནོ་ཞེས་རྒྱས་པར་བསྟན་ཟིན་ཏོ། །ད་ནི་ནང་ན་དུས་སུ་གཏོགས་པ་ཉིད་ཀྱི་སྒྲ་ཙམ་གྱི་ཁྱད་པར་ཅན་རྣམ་པར་དབྱེ་བའི་ཆ་དག་ནི་ཡི་གེ་རྣམས་འཛིན་པ་ན་རྟོག་པའི་ཡན་ལག་ཡིན་ནོ་ཞེས་ཕྱོགས་གཞན་

བསྟན་པའི་ཕྱིར་ཡི་གེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཙམ་སྟེ་གསལ་བར་བྱེད་པའི་རླུང་རྣམས་ཁྱད་པར་ཏེ་བྱེ་བྲག་ཏུ་གྱུར་པ་དུས་རྣམ་པར་དབྱེ་བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འོན་ཏེ་དུས་སྨྲས་པ་རྣམས་ཀྱི་དུས་གཅིག་དང་ཁྱབ་པ་དང་རྟག་པ་ཉིད་དུ་འདོད་པ་
མ་ཡིན་ནམ། ཇི་སྐད་དུ། བྱ་བ་ལས་ནི་ཐ་དད་པའི། །བྱ་བ་དང་ལྡན་པ་ཡི་ཆད། །རྟག་པ་གཅིག་ཏུ་ཁྱབ་པའི་རྫས། །དུས་སུ་ཁ་ཅིག་རྗོད་པར་བྱེད། །ཅེས་བཤད་པ་བཞིན་ཏེ། དེའི་ཕྱིར་ཇི་ལྟར་རྣམ་པར་དབྱེ་བར་རིགས་ཤེ་ན། དུས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དག་
པ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ནི་རིམ་པ་གཞན་ཡིན་པའི་ཕྱིར། གཅིག་ན་ཡང་ཁྱབ་ན་ཡང་ཞེས་བྱ་བ་འདིར་སྦྲེལ་བར་བྱའོ། །ཇི་ལྟར་རྣམ་པར་ཕྱེ་བ་ཡིན་ཞེ་ན། དངོས་པོ་ཀུན་ལ་ཡི་གེ་བཞིན། །ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། དཔེར་ན་ག་ལ་སོགས་པའི་ཡི་གེ་
རྟག་པ་གཅིག་པུ་ཡིན་ཡང་གང་གི་ཚེ་སྒྲ་ཙམ་གྱི་ཁྱད་པར་འབའ་ཞིག་གིས་ཡུལ་འབའ་ཞིག་ཏུ་གསལ་བར་བྱེད་པ་དེའི་ཚེ་ཡུལ་ལ་སོགས་པ་རྣམ་པར་ཕྱེ་ནས་རྣམ་པར་དབྱེ་བ་རྟོགས་པར་འགྱུར་ལ་དུས་ཀྱང་དེ་བཞིན་ནོ། །གལ་ཏེ་ཡང་འདི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་པ་དེ་ལྟ་ན་ཡང་གང་
གི་ཚེ་བྱས་པའི་ཁྱད་པར་འགའ་ཞིག་གིས་དངོས་པོ་འགའ་ཞིག་ལ་གསལ་བར་བྱེད་པ་དེའི་ཚེ་རྣམ་པར་དབྱེ་བ་འཛིན་པ་ཡིན་ལ། གང་གི་ཚེ་ཡི་གེ་རྣམས་ལ་གསལ་བར་བྱེད་པ་དེའི་ཚེ་དོན་རྟོགས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །འོ་ན་གལ་ཏེ་རྣམ་པར་ཕྱེ་བ་ཡིན་ན་དེ་ཇི་ལྟར་རྟག་པ་དང་ཁྱབ་
པ་ཉིད་རྟོགས་ཤེ་ན། གཞན་དག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྕུག་མ་དང་མེ་ཏོག་ལ་སོགས་པ་གཞན་དག་ལ་ཡང་ཡོད་པའི་ཕྱིར་ཡོད་པ་བཞིན་དུ་དེ་རྟག་པ་དང་ཁྱབ་པ་ཉིད་དུ་འགྲུབ་སྟེ། རྟག་པ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །དེའི་ཕྱིར་ཚིག་གིས་ཞེས་བྱ་བ་ལ་སོགས་པ་རང་
གི་ཕྱོགས་གྲུབ་པར་མཇུག་སྡུད་པར་བྱེད་པ་ཡིན་ནོ། །འདི་འདྲ་འགའ་ཡང་ཞེས་བྱ་བ་ནི་གོ་རིམས་ལ་སོགས་པའི་ངོ་བོའོ། །འོ་ན་གལ་ཏེ་གོ་རིམས་ནི་དུས་ཀྱི་ཆོས་སམ། གསལ་བར་བྱེད་པའི་སྒྲ་ཙམ་གྱི་ཆོས་ཡིན་གྱི་དོན་དམ་པར་ཡི་གེའི་ཆོས་ནི་མ་ཡིན་ན་དེ་ཇི་ལྟར་འདི་རྟོགས་པའི་ཡན་ལག་ཉིད་ཡིན་ཏེ།

གཞན་གྱི་ཆོས་ནི་གཞན་གྱིར་གྱུར་པ་མ་ཡིན་ནོ་ཞེ་ན། གཞན་གྱི་ཆོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྗོད་ཅེས་བྱ་བ་ནི། གྲུར་ཞུགས་པ་ཡང་འགྲོ་བ་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། གྲུར་ཞུགས་པའི་ཚིག་ནི་བཞོན་པ་ལ་ཞོན་པ་ཐམས་ཅད་
མཚོན་པ་ཡིན་ནོ། །རྟ་ཡི་ཤུགས་ལ་སོགས་པ་བཞིན། །ཞེས་བྱ་བ་ནི་དཔེར་ན་རྟ་ལ་སོགས་པ་ལ་ཡོད་པའི་ཤུགས་དེ་ལ་ཞོན་པའི་སྐྱེས་བུ་ཡུལ་གཞན་དུ་ཕྱིན་པ་དང་ཤིང་ལྗོན་པ་ལ་སོགས་པ་འགྲོ་བར་ཤེས་པའི་ཡན་ལག་ཏུ་འགྱུར་བ་དེ་བཞིན་དུ་སྒྲ་ཙམ་ལ་ཡོད་པའི་གོ་རིམས་ཀྱང་ཡི་གེས་དོན་
རྟོགས་པར་བྱེད་པའི་ཡན་ལག་ཡིན་ནོ། །དེ་ལྟར་རྒྱས་པར་སྒྲ་མི་རྟག་པ་ཉིད་དུ་དམ་བཅའ་བ་ལ་དོན་གྱིས་གོ་བའི་ཚད་མས་གནོད་པ་ཉིད་དུ་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། ཐམས་ཅད་རྟག་པ་ཉིད་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་འདིར་མཇུག་སྡུད་པར་བལྟ་བར་བྱའོ། །
ཐམས་ཅད་ཅེས་བྱ་བ་ནི་དོན་རྟོགས་པ་བཞིན་དུ་མི་འཐད་པས་ཡི་གེ་རྟག་པ་ཉིད་དུ་གྲུབ་པ་འབའ་ཞིག་ཏུ་མ་ཟད། འོ་ན་ཅི་ཞེ་ན། རྐན་ལ་སོགས་པ་དང་སྒྲ་ཙམ་ལ་སོགས་པ་ཡང་མ་ཡིན་ནོ། །ཇི་སྐད་དུ་བཤད་པ་ལས་བརྗོད་པ་ཙམ་ཉིད་ན་འཇིག་པ་ན་ཁྱེད་ལ་གཞན་གྱི་སྒྲས་གཞན་གྱིས་དོན་རྟོགས་
པར་མི་ནུས་ཏེ། དེས་ན་གཞན་གྱི་དོན་བརྗོད་པར་མི་འགྱུར་རོ། །འོན་ཏེ་མི་འཇིག་ན་དེའི་ཕྱིར་སྔར་མང་དུ་དམིགས་པས་དོན་རྟོགས་སོ་ཞེས་བྱ་བར་རིགས་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །དམ་བཅའ་བ་ལ་རང་གི་ཚིག་དང་ཁས་བླངས་པ་དང་། ལུང་དང་། གྲགས་པས་གནོད་པ་ཡང་བསྟན་
པའི་ཕྱིར། རང་གི་ཚིག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་ཏེ། སོགས་པའི་སྒྲས་ཁས་བླངས་པ་དང་འགལ་བ་ལ་སོགས་པ་གཟུང་ངོ་། །བསྟན་ཟིན་ཏེ་ཞེས་བྱ་བ་ནི་དོན་དང་འབྲེལ་པ་མ་མཐོང་བའོ། །སྒྲ་ནི་རྗོད་བྱེད་དུ་མི་འགྱུར། །ཞེས་བྱ་བ་ལ་སོགས་པས་སོ། །དེས་ན་དོན་རྟོགས་པའི་
ཞེས་བྱ་བ་ནི་དོན་རྟོགས་པ་སྟེ་དོན་ཤེས་པས་ཐོབ་པ་སྟེ་གྲུབ་པ་ནི་དོན་རྟོགས་ཐོབ་པའོ། །དོན་རྟོགས་པ་གཞན་དུ་མི་འཐད་པར་གྲུབ་པས་རྟག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཁས་བླངས་པས་གནོད་པ་བཤད་པ་ནི། དོན་གྱི་རྗོད་བྱེད་ནུས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

སྒྲུབ་པ་ན་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་བརྗོད་པ་ཞེས་བྱ་བ་ཤུགས་ཀྱིས་ཐོབ་སྟེ་དེ་ལྟ་མ་ཡིན་ན་གཞན་ལ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །ལུང་གིས་གནོད་པ་སྨྲས་པ། བསྟན་བཅོས་སོ་སོ་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲ་རྣམས་ཀྱིས་དོན་རྟོགས་པའི་ནུས་པ་གང་དག་ཡིན་པ་དེ་དག་གི་དམ་བཅའ་བ་ལ་གནོད་པའི་ཕྱིར་ཞེས་
ཁ་བསྐང་ངོ་། །གྲགས་པས་གནོད་པ་བཤད་པ་ནི། སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་བཤད་པའི་རིགས་པ་ནི་དེ་མ་ཐག་ཏུ་བཤད་པའི་ཚིགས་སུ་བཅད་པའོ། །འདི་ལྟར་གནོད་པར་བྱ་སྟེ། འཇིག་རྟེན་ཀུན་གྱིས་ངེས་བཟུང་བའི། །དོན་རྟོགས་པ་ཡིས་ནུས་རྣམས་ཀྱིས། །རྒོལ་བ་ཀུན་གྱི་འཇིག་རྟེན་གྱི། །གྲགས་པས་
འཇིག་པ་ལ་གནོད་དོ། །ཞེས་བྱ་བ་ཡིན་ནོ། །རྗེས་སུ་དཔག་པ་ལ་སོགས་པ་དང་འགལ་བ་སྔར་བཤད་པ་དྲན་པར་བྱ་བའི་ཕྱིར། སྔར་བཤད་གཏན་ཚིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་གཏན་ཚིགས་ནི་ཡུལ་དང་དུས་སོགས་ཐ་དད་པའོ། །བ་ལང་སྒྲ་ཡི་གསལ་བའི་བློ། །ཐམས་ཅད་མཚུངས་པའི་ཡུལ་ཅན་ནམ། །
སྣ་ཚོགས་དོན་གྱི་ཡུལ་ཅན་ཡིན། །བ་ལང་སྙམ་དུ་སྐྱེས་པའི་ཕྱིར། །དེ་ལྟར་སྐྱེས་པའི་བློ་བཞིན་ནོ། །ཞེས་བྱ་བའི་ཚོགས་ཀྱི་དང་། གཞན་ཡང་རྣ་བ་ལས་བྱུང་བའི། །ངོ་ཤེས་པ་ཡིས་སྒྲ་རྟག་དང་། །ཁྱབ་པ་ཉིད་དུ་གནས་ན་དེ། །ཕྱིན་ཅི་ལོག་ཏུ་སུ་ཞིག་ངེས། །ཞེས་བྱ་བ་འདིས་སོ། །ལྷག་མ་ཕྱོགས་ཀྱི་སྐྱོན་དང་གཏན་
ཚིགས་ཀྱི་སྐྱོན་འགའ་ཞིག་བསྟན་པར་འདོད་ནས་དེ་འཇིག་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ལ་འཇུག་པའི་རྣམ་པར་རྟོག་པ་གྲུབ་པའི་མཐའ་ཐ་དད་པས་འཆད་དེ། དེ་གྲངས་ཅན་རྣམས་ཀྱིས་སྒྲ་དང་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཡོན་ཏན་གསུམ་དུ་འདོད་དོ། །ནམ་མཁའི་
གོས་ཅན་དག་གིས་ནི་གང་ཟག་སྟེ། གང་ཟག་ནི་རྡུལ་ཕྲ་རབ་ཙམ་ལས་བརྗོད་དེ། དེ་དག་གི་འདི་ནི་གང་ཟག་ཅན་ཏེ། དེའི་བདག་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གཟེགས་ཟན་པ་དག་གིས་ནི། ནམ་མཁའི་ཡོན་ཏན་དུ་འདོད་དོ། །འཇིག་རྟེན་པ་རྣམས་ཀྱིས་ནི། ཡི་གེ་ལས་ཐ་དད་པའི་སྒྲ་ཙམ་གྱི་བདག་ཉིད་དུ་སྟེ། ཇི་སྐད་དུ་སྙིམ་
པར་ལྷུང་གི་བཤད་པ་ལས་ཡང་ན་འཇིག་རྟེན་ན་ཚིག་གི་དོན་རྟོགས་པའི་སྒྲ་ཙམ་ནི་སྒྲ་ཡིན་ནོ་ཞེས་བཤད་པ་བཞིན་ནོ། །སློབ་བྱེད་པ་རྣམས་ཀྱིས་ནི་རྗོད་པར་བྱེད་པ་མ་ཡིན་པའི་རླུང་གི་ངོ་བོ་སྟེ། ཇི་སྐད་དུ་རླུང་ནི་སྒྲར་འགྱུར་རོ་ཞེས་བཤད་པ་ལྟ་བུའོ། །བརྡ་སྤྲོད་པ་རྣམས་ཀྱིས་ནི་ཚིག་གསལ་བའི་བདག་ཉིད་དམ་ངག་གསལ་

བའི་བདག་ཉིད་འདོད་དོ། །ཇི་སྐད་དུ། མཐའ་ཡི་སྒྲ་དང་ལྷན་ཅིག་ཏུ། །སྒྲ་ཙམ་གྱིས་བསྐོས་ས་བོན་གྱིས། །ཡོངས་སུ་སྨིན་པར་འགྱུར་བ་ཡི། །བློ་ལ་སྒྲ་ནི་ངེས་པར་གཟུང་། །ཞེས་བཤད་པ་ལྟ་བུའོ། །འབིགས་བྱེད་ན་གནས་པ་ནི། འདྲ་བ་སྟེ་མཚུངས་པར་འདོད་དོ། །སངས་རྒྱས་པ་རྣམས་
ཀྱིས་ནི་གཞན་ལ་ལྟོས་པ་སྟེ། གཞན་སེལ་བ་ཞེས་རྗོད་པར་བྱེད་པ་གང་འདོད་པ་དེ་ལ། གལ་ཏེ་གྲངས་ཅན་ལ་སོགས་པས་འདོད་པའི་སྒྲ་དེ་དག་མི་རྟག་པ་ཉིད་དུ་བསྒྲུབ་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ཏེ། རང་གི་ངོ་བོར་བསྟན་བྱ་བ། །ཞེས་བྱ་བ་འདིས་གྲུབ་པ་ངོ་བོར་བཀག་པའི་ཕྱིར་རོ། །སྤྱོད་པ་བ་
རྣམས་ཀྱིས་འདི་འདྲ་བའི་སྒྲ་རྟག་པ་ཉིད་དུ་བསྒྲུབ་པར་འདོད་པ་ཡང་མ་ཡིན་ནོ། །གཞན་ཡང་ཁོ་བོ་ཅག་ལ་ཡོན་ཏན་གསུམ་ལ་སོགས་པའི་བདག་ཉིད་ཀྱི་ཁྱད་པར་གྱི་སྒྲ་ཆོས་ཅན་མ་གྲུབ་པའི་ཕྱིར་ཁྱད་པར་མ་གྲུབ་པ་ཉིད་ཀྱི་ཕྱོགས་ཀྱི་སྐྱོན་ཡིན་ནོ། །གཏན་ཚིགས་ཀྱང་གཞི་མ་གྲུབ་པའི་སྐྱོན་ཡིན་ཏེ། རྣམ་པ་དེ་ལྟ་བུའི་
ཆོས་ཅན་མ་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཞེས་བྱ་བ་ནི་ཅི་སྟེ་འདོད་ཆགས་དཔྱོད་པ་པ་རྣམས་ཀྱིས་མངོན་པར་འདོད་པའི་གལ་སོགས་པའི་ཡི་གེ་ཉིད་སྒྲ་ཡིན་གྱི་ཐ་དད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདིར་འགྱུར་ན། དེ་ལྟ་ཡིན་ན་སངས་རྒྱས་པ་ལ་སོགས་པ་ལ་ཁྱད་པར་མ་གྲུབ་པ་ཉིད་ཀྱི་དམ་བཅའ་བའི་སྐྱོན་དང་གཞི་མ་གྲུབ་
པའི་གཏན་ཚིགས་ཀྱི་སྐྱོན་འདི་གཉིས་འབྱུང་བར་འགྱུར་རོ། །ཅི་སྟེ་སྒྲ་ཙམ་བརྗོད་གྱུར་ན་སྟེ། བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་དུ་ཞེས་བྱ་བ་ལྷག་མའོ། །དེ་ལྟ་ཡིན་དང་སྒྲ་ཉིད་ཀྱི་སྤྱི་ཁྱེད་ཅག་གིས་སྒྲ་ཉིད་སྟེ་ཁྱད་ལ་མི་རྟག་ཉིད་དེ་ཐོབ་བོ་ཞེས་ཁོང་ནས་དབྱུང་ངོ་། །འདི་ལྟར་ཙམ་གྱི་སྒྲས་ཁྱད་པར་ཐམས་ཅད་དོར་བར་བྱས་ན་
སྤྱི་ལས་གཞན་པའི་སྒྲ་ཙམ་གཞན་ཅི་ཞིག་ཏུ་འགྱུར། དེ་ལྟ་བས་ན་ཤུགས་ཀྱིས་ཁྱེད་ཅག་གིས་སྒྲ་ཉིད་མི་རྟག་པ་ཉིད་དུ་དམ་བཅའ་བར་འགྱུར་རོ། །དེ་ལྟར་འགྱུར་མོད་ཅེ་ན་མ་ཡིན་ཏེ། དེ་ཡང་ཐམས་ཅད་རྟག་པར་འདོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་ཡང་གཞན་སེལ་བར་སྨྲ་བ་སངས་རྒྱས་པ་རྣམས་ཀྱིས་
ཀྱང་རིགས་ཀྱི་ཆོས་གནས་པའི་ཕྱིར་རོ་ཞེས་བཤད་དོ། །འདིས་ནི་ཁས་བླངས་པས་གནོད་པ་བཤད་དོ། །དེ་ཉིད་སྟོན་པ་ནི། གང་ཅུང་ཟད་གྲུབ་པའི་མཐའི་རྗེས་སུ་འབྲེལ་ནས་སྤྱི་རྣམ་པར་འཇོག་པ་དེ་ཐམས་ཅད་ནི་རྒོལ་བ་ཐམས་ཅད་ཀྱི་བརྟག་པར་འདོད་དོ། །དེ་ལྟ་མ་ཡིན་ན་གསལ་བ་བཞིན་དུ་གཞན་དང་གཞན་སྐྱེ་བས་གསལ་

བ་གཞན་ལ་མ་ཁྱབ་པའི་ཕྱིར། དེའི་སྤྱིའི་རང་བཞན་ཉིད་ཉམས་པར་འགྱུར་རོ། །དེ་ལྟར་རེ་ཞིག་བསྒྲུབ་བྱའི་ཆོས་ཅན་གྱི་རྣམ་པར་རྟོག་པས་ཕྱོགས་ཀྱི་ཉེས་པ་བསྟན་ནས། ད་ནི་བསྒྲུབ་བྱའི་ཆོས་ཀྱི་རྣམ་པར་རྟོག་པའི་སྒོ་ནས་བསྟན་པར་འདོད་ནས་གལ་ཏེ་གཏན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཏན་ནས་རྗེས་སུ་
འགྲོ་བ་མེད་པར་འཇིག་པའི་མཚན་ཉིད་འཇིག་པ་ཉིད་གང་ཡིན་པ་དེ་མི་རྟག་པ་ཉིད་དུ་བསྒྲུབ་པར་འདོད་པ་དེའི་ཚེ་ཁོ་བོ་ཅག་ལ་ཁྱད་པར་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་ཡིན་ཏེ། འདི་ལྟར་དཔྱོད་པ་པ་རྣམས་ནི་སེར་སྐྱ་བ་དག་བཞིན་དུ་རྗེས་སུ་འགྲོ་བ་མེད་པར་འཇིག་པ་ཉིད་ཀྱི་ཁྱད་པར་མ་གྲུབ་པ་སྟེ། བུམ་པ་ལ་སོགས་པ་རྣམས་ཞིག་
ན་ཡང་ནུས་པའི་ངོ་བོས་གནས་པའི་ཕྱིར་རོ། །སྒྲོན་མ་ལ་སོགས་པ་ཡང་དེའི་ཚེ་ཆ་ཤས་ཕྲ་མོ་རྣམས་ཡུལ་གཞན་དུ་ཕྲ་ཞིང་ཕྲ་བ་འགྲོའོ་ཞེས་འདོད་པའི་ཕྱིར་རོ། །ཅི་སྟེ་ཇི་ཞིག་ལྟར་མི་རྟག་པར་བསྟན་པ་ཉིད་དུ་བསྒྲུབ་པར་འདོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཡིན་ལ། དེ་བཞིན་དུ་རྟག་པ་རྣམས་ལ་ཡང་མངོན་པར་གསལ་
བ་དང་མངོན་པར་མི་གསལ་བའི་གནས་སྐབས་ལ་བརྟེན་ནས་སྤྱི་རྟག་པ་ཉིད་དུ་བརྟན་པར་འདོད་པ་ཁོ་ནའོ། །དེ་ལྟར་རེ་ཞིག་སྒྲ་མི་རྟག་པ་ཡིན་ནོ་ཞེས་བྱ་བའི་དམ་བཅའ་བ་ནི་རྒྱས་པར་སུན་ཕྱུང་ནས་དེ་ནི་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་སྐྱོན་བསྟན་པའི་ཕྱིར། དབང་པོ་འབའ་ཞིག་གིས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དབང་པོས་གཟུང་བ་འབའ་ཞིག་ནི་འབྲས་བུ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དང་བྲལ་བ་སྟེ། ཁྱད་པར་མེད་པ་དེ་གཏན་ཚིགས་ཡིན་ན་སྔར་བསྒྲུབ་པའི་རིགས་དེ་ཕྱིས་གཏན་ཚིགས་མ་ངེས་པར་འགྱུར་ཏེ་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཕྱིར་རྒོལ་བས་རིགས་ཁས་བླངས་པའི་ཕྱིར་ལྡོག་པ་
མ་གྲུབ་པ་དེ་ལྟ་ན་ཡང་སངས་རྒྱས་པ་ལ་སོགས་པས་རིགས་ཁས་མ་བླངས་པའི་ཕྱིར། གྲུབ་པ་ཉིད་ཡིན་ཏེ་དེའི་ཕྱིར་ཇི་ལྟར་མ་ངེས་པ་ཡིན་ཞེ་ན། དཔེར་ན་ཕྱིར་རྒོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉི་ག་ལ་ངེས་པ་གང་ཡིན་པ་དེ་ནི་དེ་ཉིད་སྒྲུབ་པ་དང་སུན་འབྱིན་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་ལས་སོ། །ཇི་ལྟར་ཕྱོགས་ཀྱི་ཆོས་
གང་ཡང་རུང་བ་ལ་མ་གྲུབ་ན་གཏན་ཚིགས་སྐྱོན་ཅན་དུ་འགྱུར་བ་དེ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་གང་ཡང་རུང་བ་ལ་མ་གྲུབ་པ་ན་སྐྱོན་ཅན་ཉིད་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་གྲུབ་ན་ཡང་ཞེས་ཚིག་རྣམ་པར་བསྒྱུར་ལ་གཉིས་ཀྱི་ཚིག་སྦྱར་བར་བྱའོ། །དེ་ལྟར་ན་གལ་ཏེ་གཉི་ག་ལ་གྲུབ་པ་གང་

ཡིན་པ་དེ་ཉིད་སྒྲུབ་པ་སུན་འབྱིན་པ་ཡིན་ན་དེ་ཇི་ལྟར་སངས་རྒྱས་པ་ལ་མ་གྲུབ་པའི་རིགས་ཀྱིས་འཁྲུལ་པར་བརྗོད་པ་ཡིན་ཞེ་ན། དེ་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྒྲུབ་པར་བྱེད་པ་སྨྲ་བ་སངས་རྒྱས་པ་ལ་རིགས་མི་མཐུན་པའི་ཕྱོགས་ཉིད་དུ་མ་གྲུབ་པ་དེ་ལྟ་ན་ཡང་དོགས་
པ་མི་ལྡོག་སྟེ། དེ་དགག་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་རྣམ་པར་རྟོག་པ་གཞན་གྱི་སུན་འབྱིན་པ་ནི་དབང་པོས་གཟུང་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྩོགས་
པའི་སྒྲས་མི་རྟག་པ་ཉིད་གཟུང་ངོ་། །དེ་ལ་དབང་པོས་གཟུང་བར་བྱ་བ་ཉིད་ལ་སོགས་པ་ཅིའི་བདག་ཉིད་ཡིན་ཞེས་དཔྱད་པར་བྱ་སྟེ། སྤྱི་གསལ་བ་ལས་ཐ་དད་པ་ཡིན་ནམ། འོན་ཏེ་ཐ་མི་དད་པ་ཡིན་གྲང་། དེ་ལ་ཐ་མི་དད་པའི་ཕྱོགས་ལ་ཡང་ཐ་དད་པ་དང་ཐ་མི་དད་པ་གསལ་བར་བྱེད་དེ། ཅི་དེ་ཐ་དད་ན་ཡང་གོང་བུ་སོ་སོ་ལ་ཐ་དད་
པའམ། འོན་ཏེ་ཐ་མི་དད་པ་ཡིན་ཏེ། གཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཐ་མི་དད་པའི་ཕྱོགས་ལ་དབང་པོས་གཟུང་བར་བྱ་བ་ཉིད་ཀྱི་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་ཡིན་ཏེ། གསལ་བ་ལ་ཐ་མི་དད་པའི་ཕྱིར་དེའི་ཕྱིར་རང་གི་ངོ་བོ་བཞིན་དུ་དེ་གསལ་བ་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཐ་དད་པའི་ཕྱོགས་ལ་ཡང་དཔྱོད་
པ་ཐ་དད་པར་མི་འདོད་པའི་ཕྱིར། གསལ་བ་རེ་རེ་དང་ཐ་དད་པའམ། ཐ་མི་དད་པ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་ཀྱི་སྐྱོན་མ་བརྗོད་དེ། ཐ་དད་དུ་གྲུབ་པ་ན་དེའི་གོ་སྐབས་ཡོད་པའི་ཕྱིར་རོ། །མི་རྟག་པ་ཉིད་ཀྱང་ཐ་དད་པའི་ཕྱོགས་ལ་མཐུན་པའི་ཕྱོགས་བསྒྲུབ་བྱ་དང་བྲལ་བ་ཡིན་ཏེ།
དཔེ་བསྒྲུབ་བྱས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་མི་དད་པའི་ཕྱོགས་ལ་ཡང་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་ཡིན་ཏེ། གསལ་བ་གསལ་བ་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ད་ནི་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཉིད་འཆད་པ་ནི་བརྩལ་མ་ཐག་ཏུ་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། བརྩལ་
བའི་མཇུག་ཐོགས་སུ་དམིགས་པ་ཉིད་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དུ་བརྗོད་ལ། དེ་ནི་མི་མཐུན་པའི་ཕྱོགས་ལ་ཡང་འཇུག་པའི་ཕྱིར་མ་ངེས་པས་བྱས་པ་དང་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འདི་ལྟར་སངས་རྒྱས་པ་རྣམས་ཀྱིས་སོ་སོར་བརྟགས་པའི་འགོག་པ་དང་ནམ་མཁའ་ཞེས་བྱ་བ་འདུས་མ་བྱས་གསུམ་པོ་དངོས་པོ་སྐད་

ཅིག་ལས་ཐ་དད་པ་མ་བྱས་པ་དང་རྟག་པར་འདོད་དེ། དེ་ལ་གཏན་ཚིགས་འདི་འཇུག་གོ་ཞེས་བསྟན་པའི་ཕྱིར་བློ་སྔོན་འགྲོ་བའི་ཞེས་བྱ་བ་སྨོས་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱི་བློ་སྔོན་དུ་འགྲོ་བའི་འཇིག་པ་གང་ཡིན་པ་དེ་ནི་སོ་སོར་བརྟག་པའི་འགོག་པའོ། །གང་ཡང་བློ་སྔོན་དུ་འགྲོ་བ་ཅན་མ་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་
འགོག་པའོ་ཞེས་བྱ་བ་འདི་ནི་སངས་རྒྱས་པའི་གཞུང་ལུགས་ཡིན་པར་གྲག་གོ། །དེ་དག་གི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་རྣམས་ཀྱིའོ། །གཉིས་ཞེས་བྱ་བ་ནི་སོ་སོར་བརྟགས་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་གོ། །མ་བྱས་པར་ཡང་ཞེས་བྱ་བའི་ཡང་གི་སྒྲ་ལས་རྟག་པ་ཡང་ངོ་། །ཇི་ལྟར་འདི་དག་གི་མ་བྱས་པ་ཉིད་དང་།
རྟག་པ་ཉིད་དག་དང་། ཡང་ཇི་ལྟར་དེ་ལ་གཏན་ཚིགས་འཇུག་པ་དེ་ལྟར་གཞན་གྱི་ལུགས་ཀྱིས་བསྒྲུབ་པའི་ཕྱིར། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་སངས་རྒྱས་པ་རྣམས་སོ། །འོན་ཏེ་མེས་བུད་ཤིང་དང་དབྱིག་པས་བུམ་པ་ཞེས་བྱ་བའི་འཇིག་པའི་རྒྱུ་དག་མཐོང་བ་མ་ཡིན་ནམ། དེའི་ཕྱིར་འདི་ལྟར་རྒྱུ་མེད་པ་ཉིད་ཡིན་
ཞེ་ན། མེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མེ་ལ་སོགས་པ་ནི་སོལ་བ་ལ་སོགས་པའི་དངོས་པོ་གཞན་གྱི་རྒྱུ་ཉིད་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་ཀྱི་འཇིག་པའི་ནི་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །འོ་ན་གལ་ཏེ་རང་བཞིན་གྱིས་འཇིག་པ་ཡིན་ན་ཅིའི་ཕྱིར་མེ་ལ་སོགས་པ་དང་ཕྲད་པ་ལས་སྔར་
ཡང་དམིགས་པར་མི་འགྱུར་རོ་ཞེ་ན། འདྲ་བའི་རྒྱུན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་གཞན་དང་གཞན་འབྱུང་བས་བསླུས་པའི་ཞན་པ་རྣམས་ཀྱིས་མི་ངེས་ལ། རྒྱུན་མི་འདྲ་བར་འབྱུང་བས་ནི་ངེས་པ་ཡིན་ནོ། །མི་མཐུན་པའི་རྒྱུ་ནི་ཐོ་བ་ལ་སོགས་པའོ། །མི་མཐུན་པའི་འབྲས་བུ་ནི་གྱོ་མོ་ལ་སོགས་པའོ། །གནས་
སྐབས་འདིར་འཇིག་པར་རིགས་པ་ཉིད་དུ་གསལ་བར་འགྱུར་རོ་ལོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །མི་འདྲ་བའི་རྒྱུན་ཞེས་བྱ་བ་ནི་མི་མཐུན་པའོ། །རྒྱུ་གང་ལས་ཞེས་བྱ་བ་ནི་གཞི་མཐུན་པ་ཉིད་དོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྒྱུས་སོ། །གང་ལས་ཞེས་བྱ་བ་བསྟན་པར་བྱ་བ་གང་ཡིན་པ་དེ་
ནི་མངོན་པར་གསལ་བ་ཞེས་བྱ་བ་ཕྱི་མ་དང་འབྲེལ་ཏོ། །གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཉིད་བསྟན་པའི་ཕྱིར། གང་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་འགོག་པ་རྣམ་པ་གཉིས་སོ། །ཐོ་བ་བརྡེགས་པ་ལ་སོགས་པ་རྩོལ་བའི་མཇུག་ཐོགས་སུ་ཤེས་པ་དམིགས་པ་ནི་ཐོ་བ་

བརྡེགས་པ་ལ་སོགས་པའི་བརྩལ་མ་ཐག་ཏུ་བྱུང་བ་ཞེས་བྱའོ། །གསུམ་གྱིས་ཞེས་སྨྲས་པ་དེ་ལ་གཉིས་ཀྱིས་འཁྲུལ་པ་བསྟན་ནས། གསུམ་པ་ནམ་མཁས་ཀྱང་འཁྲུལ་པར་བསྟན་པའི་ཕྱིར། ནམ་མཁའ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བརྩལ་བ་ཡིས་ཞེས་བྱ་བ་ནི་ས་ལ་སོགས་པ་དེ་རྐོ་བ་ལ་སོགས་པ་
བྱེད་པར་གྱུར་པས་བརྩལ་བ་ཡིས་སོ། །དེ་ལ་ཞེས་བྱ་བ་ནི་སྒྲ་ལའོ། །མཐོང་བ་ནི་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པའོ། །དེ་ལྟར་གཏན་ཚིགས་སྐྱོན་བརྗོད་ནས། །དཔེའི་སྐྱོན་བརྗོད་པར་འདོད་ནས། མཐུན་པའི་ཕྱོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུན་པའི་ཕྱོགས་ནི་དཔེ་སྟེ། དེ་ཅི་ཐོས་པའི་དོན་ཡིན་པར་འདོད་དམ། འོན་ཏེ་
གསལ་བ་ཡིན་གྲང་། གལ་ཏེ་ཐོས་པའི་དོན་ཡིན་པ་དེའི་ཚེ་བསྒྲུབ་བྱ་མ་ཚང་བའི་དཔེའི་ཉེས་པ་ཡིན་ཏེ། འདི་ལྟར་ཐོས་པ་ནི་སྒྲའོ། །དེའི་དོན་ནི་བརྗོད་བྱ་སྟེ། དེ་ཡང་བུམ་པ་ལ་སོགས་པའི་སྤྱིའི་ཡིན་ལ། དེ་ཡང་རྒོལ་བ་ཐམས་ཅད་མི་རྟག་པ་ཉིད་དུ་འདོད་པའི་ཕྱིར། དེ་ལ་མི་རྟག་པ་ཉིད་ཀྱི་བསྒྲུབ་པར་བྱ་བའི་ཆོས་
རྗེས་སུ་འགྲོ་བ་མ་ཡིན་ནོ། །ཁ་ཅིག་ཏུ་རིགས་ཀྱི་དོན་ལ་ཞེས་འདོན་པ་དེར་ནི་ལས་འཛིན་པའི་བསྡུ་བ་བྱ་སྟེ། དོན་ནི་འདྲ་བ་ཉིད་དོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཡང་དཔེ་ཉིད་དུ་འདོད་པའི་གསལ་བ་དེའི་རིགས་ལས་གཞན་ནམ་གཞན་མ་ཡིན་པར་བརྟག་པར་བྱ་སྟེ། ཅི་གསལ་བ་དེ་རིགས་ལས་
གཞན་ཡིན་ནམ། འོན་ཏེ་གཞན་མ་ཡིན། གལ་ཏེ་གཞན་ཡིན་པ་དེའི་ཚེ་དཔྱོད་པ་པ་ལ་དཔེའི་ཆོས་ཅན་མ་གྲུབ་སྟེ། དཔྱོད་པ་པ་ནི་བྱེ་བྲག་པ་ལ་སོགས་པ་བཞིན་དུ་མཐའ་གཅིག་ཏུ་རིགས་གསལ་བ་ལས་ངེད་ལ་གཞན་དུ་མི་འདོད་དེ། ཇི་སྐད་དུ། རིགས་ལ་སོགས་པ་གསལ་བ་ལས། །ངེད་ལ་གཞན་ཉིད་གནས་པ་མེད། །ཅེས་
གནས་པ་ལྟ་བུའོ། །འོན་ཏེ་གཞན་མ་ཡིན་པའི་ཕྱོགས་ཡིན་པ་དེའི་ཚེ་གཞན་སངས་རྒྱས་པ་ལ་དཔེའི་ཆོས་ཅན་མ་གྲུབ་སྟེ། གཞན་གྱི་གསལ་བ་ལས་གཞན་མ་ཡིན་པའི་རིགས་མི་འདོད་དོ། །ཅི་སྟེ་ཐ་དད་པ་ཐ་མི་དད་པའི་རྣམ་པར་རྟོག་པ་སྤངས་ནས་བུམ་པ་དཔེ་ཉིད་དུ་ལེན་པར་བྱེད་ན་དེའི་ཚེ་ཡང་ཁོ་བོ་ཅག་ལ་དཔེ་བསྒྲུབ་བྱས་སྟོང་པ་ཡིན་ནོ་
ཞེས་བསྟན་པའི་ཕྱིར། ཁྱད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་བུམ་པའི་དངོས་པོའོ། །ཇི་ལྟར་ཞེ་ན། འདིའི་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པའི་དངོས་པོ་འདིའི་རིགས་ཀྱི་མིང་ཅན་གྱི་ཆ་རྣམས་ནི་རྟག་ལ། ཅིག་ཤོས་གསལ་བའི་མིང་ཅན་རྣམས་ནི་འཇིག་པ་སྟེ་འགྱུར་བ་ཅན་ཡིན་ནོ། །འདི་སྙམ་དུ་ཇི་ལྟར་གཅིག་

ལ་ཕན་ཚུན་འགལ་བའི་རང་བཞིན་གཉིས་རིགས་པ་ཡིན་སྙམ་དུ་སེམས་ན། དངོས་གཅིག་འདྲེན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་བསྒྲུབ་བྱའི་ཆོས་རྣམ་པར་བརྟགས་པའི་སྒོ་ནས་དཔེའི་སྐྱོན་བརྗོད་པར་འདོད་ནས། དེ་ལྟར་མི་རྟག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྗེས་སུ་འགྲོ་བ་མེད་པར་
འཇིག་པའི་མཚན་ཉིད་ཀྱི་མི་རྟག་པ་ཉིད་བསྒྲུབ་བྱ་ཉིད་དུ་འདོད་པ་དེའི་ཚེ་ཁོ་བོ་ཅག་དཔྱོད་པ་པ་ལ་དཔེ་བསྒྲུབ་བྱ་མ་ཚང་བ་ཡིན་ཏེ། ཁོ་བོ་ཅག་གིས་ནི་དངོས་པོ་རྣམས་ཀྱི་འཇིག་པ་བསྟན་ནས་ཆད་པར་མི་འདོད་དེ། ནུས་པའི་ངོ་བོར་གནས་པའི་ཕྱིར་རོ། །གལ་ཏེ་ཡང་འཇིག་པའི་ཞེས་བྱ་བ་སྤྱིའི་སྒྲ་ཡིན་པ་དེ་ལྟ་ན་ཡང་སྐབས་ཀྱི་རྗེས་
སུ་འགྲོ་བ་མེད་པར་འཇིག་པའི་བདག་ཉིད་ཀྱི་དོན་གྱི་ཡུལ་འདི་ལ་འཇུག་པར་ཤེས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་ཐལ་བར་འགྱུར་བར་རིགས། འོན་ཏེ་གལ་ཏེ་གཏན་ནས་འཇིག་པ་ཉིད། མི་རྟག་པ་ཉིད་དུ་བརྗོད་པ་ན་ཞེས་བྱ་བ་ལ་སོགས་པས་མི་རྟག་པ་ཉིད་རྣམ་པར་བརྟགས་ཟིན་མ་ཡིན་ནམ། དེ་ཅིའི་
ཕྱིར་ཡང་རྟོག་པར་བྱེད་ཅེ་ན། བདེན་ཏེ་དེར་ནི་ཕྱོགས་ཀྱི་སྐྱོན་བསྟན་པའི་དོན་དུ་ཡིན་ལ་ད་ལྟ་ནི་དཔེའི་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །ཡང་རྗེས་སུ་འགྲོ་བ་མེད་པར་འཇིག་པའི་མཚན་ཉིད་ཀྱི་མི་རྟག་པ་ཉིད་མི་འདོད་ཀྱི། འོན་ཀྱང་གསལ་བ་དང་མི་གསལ་བའི་མཚན་ཉིད་ཡིན་ནོ་ཞེ་ན། འདིར་སྨྲས་པ། གཞན་ཡིན་ཞེས་བྱ་བ་སྟེ།
མི་རྟག་པ་ཉིད་ཅེས་བྱ་བ་དང་འབྲེལ་ཏོ། །ཁྱེད་ལ་ཞེས་བྱ་བ་ནི་བསྒྲུབ་བྱས་སྟོང་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེ་ལ་ཡང་དཔེའི་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཁྱེད་ཅག་སངས་རྒྱས་པ་རྣམས་ཀྱིས་ནི་གྲངས་ཅན་བཞིན་དུ་རྗེས་སུ་འགྲོ་བ་དང་བཅས་པའི་འཇིག་པ་མི་འདོད་དེ། དེ་ལྟ་བས་ན་ཁྱེད་ཀྱི་ཕྱོགས་ལ་དཔེ་བསྒྲུབ་བྱ་མ་ཚང་
བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པ་ལ་སྐྱོན་གྱི་ལམ་འདི་མཁས་པ་རྣམས་ལ་བཤད་པ་ཡིན་ལ། གཞན་ཡང་ཤེས་རབ་ཅན་རྣམས་ཀྱིས་རང་ཉིད་ཀྱིས་བརྟག་པར་བྱའོ། །གལ་ཏེ་ཚིག་དོན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཀླན་ཀའི་དོགས་པ་བསུ་བ་ཡིན་ཏེ། ཁྱད་པར་ཅན་གྱི་སྒྲུབ་པར་བྱེད་པ་རྣམ་པར་
ཆད་པའི་བྱ་བའི་ཁྱད་པར་བསྒྲུབ་པ་དང་དགག་པའི་མཚན་ཉིད་ཀྱི་ངག་གི་དོན་ཏེ། དེ་ཉིད་ལ་སྐུལ་བར་བྱེད་པ་ནི་ཚད་མ་ཡིན་གྱི་དངོས་པོ་ལ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རིག་བྱེད་ཚད་མ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཚིག་དང་ཚིག་གི་དོན་དང་དེ་དག་གི་འབྲེལ་པ་གསུམ་པོ་རྟག་པ་ཉིད་དུ་བསྒྲུབ་པ་གང་ཡིན་པ་དེ་ནི་སྐབས་སུ་ཉེ་བར་མཁོ་བ་

མ་ཡིན་ནོ། །གཞན་ཡང་གང་དང་གང་དག་གི་དོན་རྟོགས་པ་དེ་ནི་བརྡ་ལས་བྱུང་བ་ཅན་ཡིན་ཏེ། དཔེར་ན་ཨ་ཨེ་ཨོ་ཞེས་བྱ་བའི་ངག་ལས་ཡོན་ཏན་འཕེལ་བ་ལ་སོགས་པའི་བློ་བཞིན་ནོ། །སྐུལ་བར་བྱེད་པའི་ངག་ལས་བྱུང་བ་ཡང་དག་གི་དོན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །
འདི་ཉིད་སྟོན་པ་ནི་སྐྱེས་བུ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཡོན་ཏན་འཕེལ་སོགས་བློ་བཞིན་ནི་འདུན་པའི་དོན་ལ་འདྲ་བ་ཡིན་ནོ། །འདི་ཉིད་བསྒྲུབ་པའི་ཕྱིར་རྒྱུ་མཚན་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མེད་པ་ཡིན་ཡང་སྟེ། རག་ལས་པ་མེད་པ་ཡིན་ན་ཡང་མཆོད་སྦྱིན་བྱེད་པ་མེད་པ་རྣམས་ཀྱིས་ལྕགས་ཀྱུ་
མེད་པ་རང་ཉིད་ཀྱི་བརྟགས་པས་འཚོ་བའི་དོན་དུ། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན། །ཞེས་བྱ་བ་ལ་སོགས་པ་རིག་བྱེད་ཀྱི་ངག་གི་དོན་བརྟགས་པ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །གཞན་ཡང་ངག་འདུས་པའི་ངོ་བོ་ཡིན་པ་དེ་ནི་སྐྱེས་བུས་བྱས་པ་ཡིན་ཏེ། དཔེར་ན་ཟློས་གར་གྱི་སྒྲུང་ལ་སོགས་པའི་གཏམ་རྒྱུད་བཞིན་ནོ། །རིག་
བྱེད་ཀྱང་ཚིག་འདུས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་ཡིན་དང་སྐྱེས་བུས་བྱས་པའི་ཕྱིར་ལམ་པོ་ཆེའི་སྐྱེས་བུའི་ངག་བཞིན་དུ་རིག་བྱེད་ཚད་མ་མ་ཡིན་པར་འགྱུར་རོ། །ཡིད་ཆེས་པས་བྱས་པའི་ཕྱིར་སྐྱེས་བུས་བྱས་པ་ཡིན་ན་ཡང་ཚད་མར་འགྱུར་རོ་ཞེ་ན། འདིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲེལ་
བ་མི་བྱེད་ཅེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། ཉན་པ་པོ་ལ་འབྲེལ་བྱེད་ན། །སྨྲ་བ་པོ་ཡིས་གང་རྟོགས་འགྱུར། །ཞེས་བྱ་བ་ལ་སོགས་པས་ཚིག་དང་ཚིག་གི་དོན་གང་གི་འབྲེལ་བ་མི་རིགས་པ་བརྗོད་པ་གང་ཡིན་པ་དེ་ཉིད་ཀྱིས་རིག་བྱེད་ཀྱི་ཚིག་རྟག་པ་ཉིད་དུ་བརྗོད་པར་བྱའོ། །སྐྱེས་བུ་རྣམས་ཀྱི་བརྡ་ལས་ནི། །ཡོན་ཏན་
འཕེལ་སོགས་བློ་བཞིན་དུ། །ཞེས་བྱ་བ་འདི་མ་ངེས་པ་ཉིད་དུ་སྟོན་པ་ནི། བརྡ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྟེ། ཨ་དང་ཨི་ལ་སོགས་པའི་མཐོང་བའི་དོན་དེ་ལ་བརྡ་ལས་ཡོན་ཏན་ལ་སོགས་པའི་ཐ་སྙད་རྟོགས་པ་སྲིད་པ་ཉིད་ཡིན་གྱི། རིག་བྱེད་ལས་ནི་མ་ཡིན་ཏེ། མཐོ་རིས་ལ་སོགས་པ་དབང་པོ་ལས་འདས་པ་ཉིད་ཀྱིས་བརྡ་
བྱ་བར་མི་ནུས་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་འདི་དོན་མེད་པར་འགྱུར་རོ་ཞེ་ན། འདི་ཡང་དོན་མེད་མ་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་རིག་བྱེད་དོ། །འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་དེ་ལ་ཡང་སྒྲུབ་པར་བྱེད་པ་གཞན་གྱིས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་འདུས་པ་ཉིད་ལ་ཡང་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འོན་ཏེ་བྷ་ར་ཏ་འདོན་པར་བྱེད་པ་ལ་ཡང་དེ་སྐད་དུ་བརྗོད་པར་ནུས་པ་མ་ཡིན་ནམ། གང་བྷ་ར་ཏ་འདོན་པར་བྱེད་པ་དེ་ཐམས་ཅད་ནི་བླ་མ་འདོན་པར་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། བྷ་ར་ཏ་འདོན་པ་ཡིན་པའི་ཕྱིར་ད་ལྟར་བ་བཞིན་ནོ་ཞེས་དེ་སྐད་དུ་བརྗོད་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དེ་བཞིན་དུ་སྒྲུབ་བྱེད་
གཞན་ཡང་མ་ངེས་པ་ཡིན་ནོ་ཞེས་དོགས་པ་བསུ་ནས། བྷ་ར་ཏ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཐལ་བར་འགྱུར་བའོ། །འོན་ཀྱང་དེ་ལ་བྱེད་པ་པོ་རྒྱས་པར་དྲན་ཞེས་བྱ་བ་བྱེད་པ་པོ་དྲན་པ་དེས་དམ་བཅའ་བའི་དོན་ལ་གནོད་པའི་ཕྱིར་ཐལ་བར་འགྱུར་བ་མ་ཡིན་ནོ། །རིག་བྱེད་ལ་ནི་དྲན་པ་མེད་དེ་བྱེད་པ་པོ་ཞེས་བྱ་བ་ལྷག་
མའོ། །འོན་ཏེ་རིག་བྱེད་ལ་ཡང་བྱེད་པ་པོ་དྲན་པ་ཉིད་མ་ཡིན་ནམ། འདི་ལྟར་དྲང་སྲོང་མེ་ཁྲོས་ངེས་བརྗོད་ཀྱི་རིག་བྱེད་བྱས་ལ་སྙན་ཚིག་གི་རིག་བྱེད་པ་ནི་སྙན་དངགས་ཀྱི་རིག་བྱེད་དོ། །ལེགས་ལྡན་ལ་མཚུངས་པའི་བློ་ཅན་དྲང་སྲོང་ཕུག་རོན་མཇུག་གིས་བྱས་པ་ནི་སྲིད་སྣང་གི་རིག་བྱེད་དོ། །སྙན་དངགས་ཀྱི་རིག་བྱེད་བྱས་པའམ། ཡང་
ན་ཉི་མའི་གཉེན་གྱིས་བྱས་པ་ཡིན་ནོ་ཞེ་ན། དེའི་ཕྱིར། གང་དེ་དོན་བརྗོད་རྒྱུ་མཚན་ཅན། །ཞེས་བྱ་བ་སྨོས་ཏེ། གང་ཡང་རིག་བྱེད་བྱེད་པ་པོ་དྲན་པ་དེ་ནི་དོན་བརྗོད་པའི་རྒྱུ་མཚན་ཅན་ཡིན་ནོ། །དོན་གཞན་བརྗོད་པ་ལྷུར་ལེན་པ་ནི། དོན་བརྗོད་པ་སྟེ་དེ་རྒྱུ་མཚན་དུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ལྟར་བྱས་ཞེས་བྱ་བ་བྱེད་
པའི་དོན་ལྷུར་ལེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དྲན་པའི་དོན་ཡིན་ནོ། །བྱས་ཏེ་དྲན་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དོན་འདི་ཇི་ལྟར་ངེས་ཤེ་ན། འདས་དང་མ་འོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་གཉིས་ནི་གོ་བར་ཟད་དོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ལ་སོགས་པས་སྐབས་སུ་བབ་པའི་དོན་མཐའ་དག་མཇུག་བསྡུས་
ནས་ཚད་མ་བྱེད་པ་ཡིན་ཏེ། གང་ཞིག་གང་ལ་བྱེད་པ་པོར་གྱུར་པའི་སྨྲ་བ་པོ་ལ་ལྟོས་པ་མེད་པར་ཤེས་པ་སྐྱེད་པ་དེ་ནི་དེ་ལ་བརྫུན་པར་མི་འགྱུར་ཏེ། དཔེར་ན་ཚིག་གི་དོན་ལ་ཚིག་བཞིན་ནོ། །རིག་བྱེད་ཀྱི་ཚིག་ཀྱང་བྱེད་པ་པོར་གྱུར་པའི་སྐྱེས་བུ་སྨྲ་བ་པོ་ལ་ལྟོས་པ་མེད་པར་རང་གི་དོན་ལ་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་
ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ཏེ། བྱེད་པ་པོར་གྱུར་པའི་སྐྱེས་བུ་ལ་ལྟོས་པ་དང་བཅས་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་བརྫུན་པ་ལ་ཁྱབ་པའི་ཕྱིར་ལ། དེ་དང་འགལ་བ་སྨྲ་བ་པོ་ལ་ལྟོས་པ་མེད་པ་ཉིད་དོ། །ཚིག་བློ་བཞིན་ཞེས་བྱ་བ་ལ། འདི་ནི་ཚིག་རྣམས་ཀྱིས་མི་སླུ་བའི་ཤེས་པའི་རྒྱུ་མཚན་ཉིད་སྟོན་པ་

ལྷུར་ལེན་པ་ཡིན་གྱི། ཚིག་གི་བློ་དཔེ་ཉིད་དུ་མངོན་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཚིག་རྣམ་པ་ཉིད་ཡིན་ཏེ། དེ་ལྟར་སྒྲའི་བདག་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་ལ། དེ་མི་སླུ་པའི་ཤེས་པ་སྐྱེད་པའི་རྒྱུ་མཚན་ཉིད་ཀྱིས་བརྫུན་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། དེ་ལྟ་བུར་
གྱུར་པ་ཉིད་ཀྱི་དཔེའི་ཆོས་ཅན་རིགས་པ་ཡིན་གྱི། དེ་ལྟ་མ་ཡིན་ན་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་སྦྱོར་བ་གཞན་ནི་གང་ཞིག་རྟག་པའི་ངག་ལས་སྐྱེས་པའི་ཤེས་པ་དེ་ནི་དོན་ཇི་ལྟ་བ་ཉིད་ཀྱིས་ཡང་དག་པ་ཡིན་ཏེ། དཔེར་ན་ངག་གི་རང་བཞིན་གྱི་ཡུལ་ཅན་བཞིན་ནོ། །མེ་ལ་སྦྱིན་སྲེག་
བྱས་པ་ལ་སོགས་པས་མཐོ་རིས་ལ་སོགས་པ་འགྲུབ་པར་ངེས་པ་ལ་ཡང་རྟག་པའི་ངག་གིས་བསྐྱེད་པ་ཡིན་ན་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྔར་རྒྱས་པར་ཐོས་པ་བརྟག་པར་བསྒྲུབས་ཟིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །བསྐུལ་བས་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་ཉིད་དུ་བཤད་ཟིན་
ཏོ། །དེ་བཞིན་དུ་སྦྱོར་བ་གཞན་དག་ནི་གང་ཞིག་ཡིད་ཆེས་པ་མ་ཡིན་པས་མ་བྱས་པའི་ཚིག་གིས་བསྐྱེད་པའི་ཤེས་པ་དང་། གང་ཡང་ཡུལ་དང་དུས་དང་སྐྱེས་བུའི་གནས་སྐབས་ཀྱི་ཁྱད་པར་ལ་སོགས་པ་ལ་སླུ་བ་དང་བྲལ་བ་དེ་ནི་ཚད་མ་ཡིན་ཏེ། དཔེར་ན་ཡིད་ཆེས་པའི་ཚིག་གིས་བསྐྱེད་པའི་ཤེས་པ་བཞིན་ནོ། །
སྐུལ་བར་བྱེད་པའི་ཚིག་གིས་བསྐྱེད་པའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དག་གོ། །གཏན་ཚིགས་དང་པོ་མ་གྲུབ་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པར་རྒྱ་ཆེར་བསྒྲུབས་ཟིན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། མཐོ་རིས་འདོད་པས་མཆོད་སྦྱིན་བྱའོ་ཞེས་
བྱ་བའི་ཚིག་ལས་ཐེ་ཚོམ་རྟོགས་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་བཤད་པ་ལྟ་བུ་སྟེ། ཐེ་ཚོམ་མེད་པར་རྟོགས་པ་ན་འདི་ལོག་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །གང་དག་བསྐྱེད་ནས་འཇིག་པ་འདི་དེ་ལྟ་མ་ཡིན་ནོ་སྙམ་པའི་ལོག་པའི་ཤེས་པ་འདི་ནི་ཡུལ་གཞན་ནམ་དུས་གཞན་ནམ། སྐྱེས་བུ་གཞན་ལ་ཕྱིན་ཅི་ལོག་ཏུ་
འགྱུར་བ་མ་ཡིན་པས་དེ་ལྟ་བས་ན་ཕྱིན་ཅི་ལོག་མ་ཡིན་ནོ། །དེའི་ཕྱིར་སྣང་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་བ་ཆོས་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་རིག་བྱེད་ནི་རང་ཉིད་ལས་ཚད་མ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །དེ་ལྟ་ཡིན་དང་སངས་རྒྱས་པ་ལ་སོགས་པ་དག་གིས་གང་སྨྲས་པའི་སེམས་ཙམ་

ལ་སོགས་པའི་ཚུལ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་པའི་བར་གནས་སོ། །གལ་ཏེ་ཐམས་ཅད་དུ་ཐུན་མོང་བའི་རིག་བྱེད་སྣང་བ་བཞིན་དུ་རང་ཉིད་ལས་ཚད་མ་མ་ཡིན་ནམ། ཅིའི་ཕྱིར་དེ་ལ་སངས་རྒྱས་པ་ལ་སོགས་པ་ཁ་ཅིག་ལོག་པར་རྟོག་པར་འགྱུར། དེ་དག་ལ་དེ་ཚད་མ་མ་ཡིན་པར་རིགས་པ་མ་ཡིན་ནོ་ཞེས་
དོགས་པ་བསུ་ནས། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཆེས་གསལ་བའི་འོད་ཟེར་གྱི་ཚོགས་ཀྱིས་རབ་རིབ་ཀྱི་རྒྱུ་མཐའ་དག་སེལ་བར་བྱེད་པའི་ཉི་མ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་བའི་མིག་ལྟ་བུ་ཀུན་ནས་སྣང་ཡང་རང་གི་ལས་ཀྱི་ཉེས་པ་དང་རྗེས་སུ་མཐུན་པས་བསྐྱེད་པའི་ཆོས་མི་གསལ་བའི་
མིག་ཅན་གྱི་བུམ་པ་ལ་སོགས་པའི་མཐོང་བའི་ལམ་དུ་གཟུགས་མི་འཇུག་པ་དེ་བཞིན་དུ་ཆོས་མ་ཡིན་པས་བློའི་མིག་བསླད་པ་ཤཱཀྱའི་བུ་ལ་སོགས་པ་རིག་བྱེད་འཇིག་རྟེན་མཐའ་དག་གི་མིག་གཅིག་པུར་གནས་ན་ཡང་འགལ་བ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེས་གྲག་སྟེ། ལོའི་སྒྲ་ནི་མ་རངས་པ་སྟོན་པར་བྱེད་པ་ཡིན་
ནོ། །དེ་ཉིད་གསལ་བར་བྱེད་པ་ནི་གཉིས་སྐྱེས་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུའི་ཡི་གེ་ཞེས་བྱ་བ་ནི་བྱ་རོག་དང་ཏ་ལ་ཙམ་དུ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གང་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་དང་བྲལ་བ་དེ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་རེ་ཞིག་གཏན་
ཚིགས་གྲུབ་པ་ཉིད་དུ་ཁས་བླངས་ནས་མ་ངེས་པ་བསྟན་པའི་ཕྱིར། བྱེད་པ་པོ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཅེས་བྱ་བ་ནི་ཐོས་པའོ། །ཇི་ལྟར་འདོད་ཆགས་ལ་སོགས་པ་དང་ལྡན་པ་བརྫུན་དུ་སྨྲ་བར་མཐོང་བའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཚིག་ལོག་པ་ཉིད་ཀྱིས་རྒྱུ་ཉེས་པ་ཡིན་
པར་གཏན་ལ་ཕབ་པ་དེ་བཞིན་དུ་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བདེན་པར་སྨྲ་བར་མཐོང་བའི་ཕྱིར་བརྩེ་བ་ལ་སོགས་པའི་ཡོན་ཏན་ཡང་བདེན་པ་ཉིད་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་ལོག་པ་ཉིད་བཞིན་དུ་རྒྱུ་ལོག་པས་བདེན་པ་ཉིད་ཀྱང་ལྡོག་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཡིན་ན་ཡང་བདེན་པའི་དོན་ཅན་དུ་མི་འགྲུབ་
པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཡང་ཇི་ལྟར་ཡོན་ཏན་ལྡན་པར་ངེས་ཤེ་ན། ཡོན་ཏན་ཡོད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཀྱིས་ཉེས་པ་མེད་པའི་རྒྱུར་བརྗོད་པ་གང་ཡིན་པ་དེ་ནི་དེ་ཉིད་བདེན་པ་ཉིད་ཀྱི་རྒྱུ་ཡོན་ཏན་མེད་པ་ལ་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཕྱིར་ཞེས་བྱ་བ་ལ་སོགས་

པས་མཇུག་བསྡུས་ནས་རྒྱུ་མི་དམིགས་པའི་སྒོ་ནས་བདེན་པ་ཉིད་དང་ལོག་པ་ཉིད་དག་མེད་པར་ཐལ་བ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་ཤེས་རབ་ལ་སོགས་པ་ནི་བདེན་པ་ཉིད་ཀྱི་རྒྱུའོ། །ལོག་པ་ཉིད་ཀྱི་རྒྱུ་ནི་བརྩེ་བ་མེད་པ་ལ་སོགས་པའི་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །དེ་གཉིས་ཞེས་བྱ་བ་ནི་
བདེན་པ་ཉིད་དང་ལོག་པ་ཉིད་དག་གོ། །གཉིས་མེད་པ་ནི་ཐལ་བར་འགྱུར་བ་གང་ཞིག་ཏུ་འགྱུར་བ་དེ་སྟོན་པ་ནི། དེས་ན་དོན་མེད་ཐོབ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ། ཁུར་བ་དྲུག་དང་སེའུ་བཅུ། །ཞེས་བྱ་བ་ལ་སོགས་པའི་སྨྱོན་པའི་སྨྱོན་ཚིག་བཞིན་དུ་ཁྱེད་ཅག་སངས་རྒྱས་པ་ལ་རིག་བྱེད་དོན་
མེད་པར་སྒྲུབ་པར་བྱེད་པ་ནི་དམ་བཅའ་བ་མཐོང་བས་གནོད་པར་འགྱུར་ཏེ། འདི་ལྟར་མེ་ལ་སྦྱིན་སྲེག་བྱས་པ་ལས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བའི་ངག་འདི་ལས་དོན་རྟོགས་པར་མངོན་སུམ་དུ་ཉམས་སུ་མྱོང་ན་དེ་ཇི་ལྟར་སྤོང་བར་བྱེད་ཅེས་དོགས་པ་བསུ་ནས་གཞན་གྱི་ཚིག་གོ་སྐབས་སྤོང་བར་བྱེད་པ་ནི། འདི་ནི་
ཞེས་བྱ་བ་ལ་སོགས་པ་སྟེ། འདི་སྙམ་དུ་སེམས་ཏེ། གལ་ཏེ་རང་རྒྱུད་ཀྱིས་རིག་བྱེད་དོན་མེད་པ་ཅན་བསྒྲུབ་པར་བྱ་བ་ཡིན་ན་དམ་བཅའ་བ་ལ་གནོད་པར་འགྱུར་ན། གང་གི་ཕྱིར་འདི་ནི་ཐལ་བར་སྒྲུབ་པར་བྱེད་པ་ཡིན་ལ། དེ་ལ་ཐལ་བར་འགྱུར་བ་ལ་ནི། དམ་བཅའ་བ་ལ་གནོད་པ་སྲིད་པ་ཡང་མ་ཡིན་ཏེ།
དེ་ལ་དམ་བཅའ་བར་བྱ་བ་མེད་པའི་ཕྱིར་རོ། །ཁྱབ་པར་བྱེད་པའི་ཆོས་ལོག་ན་ཡང་ཁྱབ་པར་བྱ་བ་ལྡོག་པར་མི་འདོད་པ་གཞན་དག་ཉིད་ལ་མི་འདོད་པ་ཐོག་ཏུ་བབ་པས་ཚིག་འགལ་བར་སྟོན་པ་འགའ་ཞིག་ཏུ་ཟད་དོ། །འདི་ལ་མཐོང་བས་གནོད་པ་ཉིད་ཀྱང་མེད་དེ། འདི་ལྟར་སྐྱེས་བུས་བཤད་པའི་དབང་གིས་
དོན་མེད་པ་ཅན་གྱི་རིག་བྱེད་ལ་སོགས་པ་ལ་རྟོགས་པ་འདིར་འགྱུར་བ་ཡིན་ཏེ། དཔེར་ན་མེ་ལ་སྦྱིན་སྲེག་བྱས་པ་ལས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་རིག་བྱེད་ཀྱི་ངག་འདིས་བྷ་ར་ཏ་དང་ལྷ་མོ་ལ་སོགས་པའི་སྤྱོད་པ་བརྗོད་པ་ཡིན་ནོ་ཞེས་མི་ཤེས་པ་ཁ་ཅིག་གིས་བཤད་པས་ཕྱིས་དེའི་ཚིག་དེ་ལས་
དོན་དེ་རྟོགས་པར་འགྱུར་བ་ཁོ་ན་ཡིན་ན་དེ་ནི་དོན་དེས་དོན་དང་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ་རང་བཞིན་གྱིས་དོན་མེད་པའི་རིག་བྱེད་ལས་ཀྱང་དོན་རྟོགས་པ་འདིར་འགྱུར་བ་ཡིན་པའི་ཕྱིར་དམ་བཅའ་བ་ལ་མཐོང་བས་གནོད་པ་གང་ལས་ཡིན། གཞན་ཡང་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་ཁོ་ན་ལྡོག་གི་ཡོན་ཏན་ནི་

མ་ཡིན་དུ་ཆུག་མདོ་དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཉིད་མི་ཟློགས་སོ་ཞེས་བསྟན་པའི་ཕྱིར། སྐྱོན་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་རྣམས་ཀྱི་བདེན་པ་ཉིད་དང་ལོག་པ་ཉིད་ལས་མ་གཏོགས་པའི་ཆུ་བོ་གཞན་ཞིག་ཡོད་པར་མ་གྱུར་ན་དེའི་ཚེ་ཕུང་པོ་གཅིག་མེད་པ་ཕུང་པོ་གཉིས་པ་ཡོད་པ་
མེད་ན་མི་འབྱུང་བར་འགྱུར་རོ། །གང་གི་ཚེ་གཞན་ཕུང་པོ་གསུམ་པ་དོན་མེད་པ་ཡང་ཡོད་པ་དེའི་ཚེ། ལོག་པ་ཉིད་ལྡོག་པས་བདེན་པ་ཉིད་དུ་ངེས་པ་མ་ཡིན་ཏེ། གཞན་ཕུང་པོ་གསུམ་པ་དོན་མེད་པ་མི་ཟློགས་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་རིག་བྱེད་ལ་བརྩེ་བ་ལ་སོགས་པ་ཡོན་ཏན་གྱི་རྒྱུ་ཅན་གྱི་བདེན་པ་ཉིད་ཁས་བླངས་
པར་གྱུར་ན། དེའི་ཚེ་ཡོན་ཏན་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱི་སྐྱེས་བུ་ལྡོག་པས་ལྡོག་པ་ན་ལོག་པ་ཉིད་བཞིན་དུ་བདེན་པ་ཉིད་ཀྱང་ལྡོག་པར་འགྱུར་ན་གང་གི་ཕྱིར་རིག་བྱེད་ནི་རང་ལས་ཆད་མ་ཡིན་པའི་ཕྱིར་རང་བཞིན་གྱིས་བདེན་པའི་དོན་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་གྱི་ཡོན་ཏན་གྱིས་བྱས་པ་ནི་མ་ཡིན་ནོ། །
དེས་ན་གཏན་ཚིགས་མ་ངེས་པ་མ་ཡིན་ལ། རིག་བྱེད་དོན་མེད་པ་ཅན་དུ་ཐལ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་ལན་འདི་དོགས་པར་བྱས་ནས་ལན་བཤད་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་རིག་བྱེད་འདི་རང་བཞིན་གྱིས་བདེན་པའི་དོན་ཅན་མ་ཡིན་པ་དེ་ལྟ་ན་ལོག་པ་ཉིད་ཀྱང་སྲིད་པ་
ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཁོ་ནའོ་ཞེས་བྱ་བ་བསམས་པའོ། །འདི་ཡང་ཐམས་ཅད་དུ་ནི་རང་བཞིན་གྱིས། །ཤེས་རྒྱུ་ཡིན་ན་ཅིག་ཅར་དུ། །དེ་ལས་བྱུང་བའི་ཤེས་པར་འགྱུར། །རྒྱུ་མ་ཚང་བ་མེད་ཕྱིར་རོ། །ཞེས་ཕྱིས་འཆད་པར་འགྱུར་རོ། །ཇི་ལྟར་དོན་མེད་པ་ཉིད་དུ་ཐལ་བར་འགྱུར། སྦྱོར་བ་ནི་གང་
ཞིག་གང་གི་ཚེ་རྒྱུ་མ་ཚང་བ་མེད་པ་དེ་ནི་དེའི་ཚེ་འབྱུང་བ་ཁོ་ན་ཡིན་ཏེ། དཔེར་ན་མངོན་པར་འདོད་པའི་གནས་སྐབས་ཀྱི་མེ་ལ་སྦྱིན་སྲེག་ལ་སོགས་པའི་ཚིག་ལས་བྱུང་བའི་ཤེས་པ་བཞིན་ནོ། །རིག་བྱེད་ཀྱི་རྒྱུ་ཅན་གྱི་ཤེས་པ་ཐམས་ཅད་ཀྱང་གནས་སྐབས་ཐམས་ཅད་རྒྱུ་མ་ཚང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་
བཞིན་གྱི་གཏན་ཚིགས་སོ། །ཤེས་པ་གཅིག་བཅད་པར་ཐལ་བར་འགྱུར་བའི་ཕྱོགས་ལ་ཡང་སྐྱོན་གཞན་བཤད་པ་ནི། དེའི་རྗེས་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་ཤེས་པ་མཐའ་དག་ཅིག་ཅར་བསྐྱེད་ནས་དུས་ཕྱིས་རིག་བྱེད་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་དེ་ལས་ཉམས་པ་ཡིན་ན་དེའི་ཚེ་ནུས་པའི་

བདག་ཉིད་དུ་གྱུར་པ་ཟད་པའི་ཕྱིར་ཉམས་པར་འགྱུར་རོ། །ཅི་སྟེ་མི་ཉམས་ན་དེའི་ཚེ་དུས་ཕྱིས་ཀྱང་ཤེས་པ་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རྟག་པ་ནི་ཅི་ཞིག་ལྟར་ཡང་དོན་བྱེད་པར་ནུས་པ་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གང་རྒྱུ་མ་ཚང་བ་མེད་པ་ཞེས་བྱ་བའི་གཏན་ཚིགས་འདི་མ་
གྲུབ་པ་ཉིད་དུ་དོགས་པར་བྱེད་དེ། བཤད་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་བརྡ་ལ་སོགས་པ་གཟུང་ངོ་། །དེ་དག་ལ་ཡང་ཞེས་བྱ་བ་ནི་བཤད་པ་ལ་སོགས་པ་ལའོ། །དེ་ལྟར་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ལས་ནུས་པའི་རང་བཞིན་བསྐྱེད་པར་འདོད་ནས་ནུས་པ་མེད་པ་ནི་གཞན་
ལ་ལྟོས་ཀྱི། གང་ནུས་པ་དེའི་རང་བཞིན་ནི་ཅུང་ཟད་ཀྱང་མ་ཚང་བ་མེད་པའི་ཕྱིར་དེའི་ལྟོས་པ་ཅི་འདྲ་བ་ཞིག་ཡིན། ཅི་སྟེ་སྔར་ནུས་པ་མེད་པ་ལྷན་ཅིག་བྱེད་པའི་རྒྱུ་དང་ལྡན་པའི་ཕྱིར་ཕྱིས་ནུས་པར་འགྱུར་རོ་ཞེས་ཁས་ལེན་པར་བྱེད་ན་དེའི་ཚེ་ཁྱེད་ཅག་གིས་རིག་བྱེད་ལ་རྟག་པར་རེ་བ་དོར་ཅིག །ཅི་ལྟར་ཞེ་ན།
གལ་ཏེ་དང་པོ་ནུས་མེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་ཐ་མི་དད་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཐ་དད་ན་ཡང་འབྲེལ་པ་མེད་པའི་ཕྱིར་རིག་བྱེད་བྱེད་པ་པོ་མ་ཡིན་པར་ཐལ་བར་འགྱུར་ཏེ། ནུས་པ་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར། །ཞེས་བརྗོད་པར་བྱའོ། །ཤེས་རྒྱུ་ཞེས་བྱ་བ་ནི་ཤེས་པའི་
རྒྱུར་འགྱུར་བའི་རིག་བྱེད་གང་ཡིན་པ་དེ་སྐྱེས་བུ་ལ་བརྟེན་ནས་སྐྱེ་བའམ་རིག་བྱེད་ཀྱི་རང་བཞིན་སྐྱེས་བུ་ལ་བརྟེན་ནས་སྐྱེ་བ་དེ་ཡང་རིག་བྱེད་དང་ཐ་མི་དད་པའི་ཕྱིར་དེ་ཡང་སྐྱེ་བ་ཁོ་ནའོ། །གཞན་ཡང་གཞན་ལ་ལྟོས་ན་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་འབའ་ཞིག་ཏུ་མ་ཟད་སྐྱེས་བུས་མ་བྱས་པ་ཉིད་དུ་བརྟགས་པ་ཡང་དོན་
མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །ཇི་སྲིད་སྒྲོན་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་འདི་སྐྱེས་བུས་མ་བྱས་པ་ཉིད་དུ་བརྟགས་ན། དེ་བརྟགས་ན་ཡང་སྐྱེས་བུ་ལ་ལྟོས་པ་མེད་པར་དེའི་ཤེས་པ་སྐྱེད་པར་བྱེད་པར་མི་ནུས་པའི་ཕྱིར་དེ་བརྟགས་པ་དོན་མེད་པ་
ཡིན་ནོ། །འཆད་པ་པོ་ཚད་མར་གྱུར་པའི་སྐྱེས་བུ་ཉིད་དོན་ཇི་ལྟ་བ་བཞིན་ཤེས་པའི་རྒྱུ་ཡིན་གྱི་ད་ནི་གྲུབ་ཟིན་པ་ཉེ་བར་འཇིག་པའི་སྐྱེས་བུས་མ་བྱས་པས་ཅི་ཞིག་བྱ། ཅི་སྟེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་དང་སྐྱེས་བུས་མ་བྱས་པ་ཉིད་རྟག་པ་ཡང་དོན་མེད་པར་འགྱུར་དུ་འོང་བས་རིག་བྱེད་ཐམས་

ཅད་དུ་ནུས་པར་ཁས་ལེན་པར་བྱེད་ན་དེའི་ཚེ་སྔ་མ་བཞིན་དུ་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་སྟོན་པ་ནི། གལ་ཏེ་ཀུན་དུ་འདི་ནུས་ན། །ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་སྐྱེས་བུ་ལ་ལྟོས་པ་ན་སྐྱེས་བུས་མ་བྱས་པ་དོན་མེད་པ་མ་ཡིན་ཏེ། འདི་ལྟར་ཇི་ལྟར་གནས་པའི་དོན་ཉིད་སྐྱེས་བུ་དག་གིས་གསལ་
བར་བྱེད་ཀྱི། སྔ་ན་མེད་པ་བྱེད་པ་ནི་མ་ཡིན་ནོ། །སྔ་ན་མེད་པ་བྱེད་པ་ཡིན་ན་འདི་དག་རང་དབང་ཅན་དུ་ཁས་ལེན་པར་འགྱུར་རོ། །དེ་ལྟ་ཡིན་དང་འདོད་ཆགས་ལ་སོགས་པས་བསླད་པར་ཐོས་པ་ཕྱིན་ཅི་ལོག་གི་དོན་དུ་འགོད་པར་བྱེད་པ་སུ་ཞིག་གིས་གེགས་བྱེད་པར་འགྱུར། སྐྱེས་བུས་འཆད་པར་བྱེད་ན་
ཡང་སྐྱོན་དེ་ཉིད་མཚུངས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་དབང་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་གང་ཞིག་རིག་བྱེད་ཀྱི་དོན་འཆད་པར་བྱེད་པ་རིག་བྱེད་ཀྱི་དོན་དབང་པོ་ལས་འདས་པར་རང་དབང་དུ་ཡོངས་སུ་ཤེས་པའི་སྐྱེས་བུ་འགའ་ཞིག་ཁས་བླངས་པ་ནི་མ་ཡིན་ཏེ། འདི་ལྟར་
འདི་རིག་བྱེད་ཀྱི་དོན་ཡོངས་སུ་ཤེས་པའི་སྒོ་ནས་དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་ཡིན་གྱི་རང་དབང་དུ་ནི་མ་ཡིན་ལ། རིག་བྱེད་ཀྱི་དོན་ཡོངས་སུ་ཤེས་པ་ཡང་དབང་པོ་ལས་འདས་པའི་དོན་མཐོང་བ་མེད་པར་མ་ཡིན་པའི་ཕྱིར་གསལ་རབ་ཏུ་ཕན་ཚུན་བསྟེན་པ་ཉིད་འཇུག་པ་ཡིན་ནོ་ཞེས་བསྟན་པའི་
ཕྱིར་སྐྱེས་བུ་གཅིག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་སྐུལ་བར་བྱེད་པ་ཡོད་པ་མ་ཡིན་པས་སྐུལ་བྱེད་མེད་པའི་ཤེས་པ་སྟེ། སྐུལ་བར་བྱེད་པ་ལ་མི་ལྟོས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་རྒྱུ་སྨྲས་པ་ནི་གང་ཕྱིར་ཞེས་བྱ་བའོ། །འདི་ཡང་ཇི་ལྟར་ཞེ་ན། འདི་ལྟར་རྟག་པའི་ཚིག་ཅེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི། དེའི་ཕྱིར་དབང་པོ་ལས་འདས་དོན། །དངོས་སུ་མཐོང་བ་པོ་ཡོད་མིན། །ཚིག་ནི་རྟག་པ་ཉིད་ཀྱིས་ནི། །གང་གིས་མཐོང་བ་དེས་མཐོང་ངོ་། །ཞེས་བཤད་དོ། །འདི་སྙམ་དུ་རིག་བྱེད་རང་ཉིད་སྐྱེས་བུའི་བྱ་བ་ལ་མ་ལྟོས་པར་སྐྱེས་བུ་འདི་ལ་རང་གི་དོན་རྟོགས་པར་བྱེད་པ།
དེའི་ཕྱིར་ཕན་ཚུན་བསྟེན་པར་ཐལ་བར་འགྱུར་བ་མི་འཇུག་གོ་སྙམ་དུ་སེམས་ན། གང་གི་ཚེ་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རིག་བྱེད་ནི་དབང་པོ་ཐོས་པ་ན་བརྡ་མི་ཤེས་པ་ལ་རང་ཉིད་རང་གི་དོན་རྟོགས་པར་བྱེད་པ་མ་ཡིན་ནོ། །ཅི་ཞིག་བྱེད་ཅེ་ན། ལོང་བ་འཁར་བ་ཐོགས་པ་ལྟར། །ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། ལོང་བ་འཁར་བ་ཐོགས་པ་ནི་བཟུང་བ་སྟེ། དེ་དང་འདྲའོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་ལྟོས་པ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ནི་དེ་ཡིས་དྲངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་རིག་བྱེད་དོ། །དེ་ཡིས་ཞེས་བྱ་བ་ནི་སྐྱེས་བུའི་བཤད་པས་སོ། །ལམ་
ལོག་པར་ནི་ལྷུང་བར་འགྱུར། །ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་གསལ་བར་བྱེད་པའི་ཕྱིར་རོ། །གང་ཡང་། དེ་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི། །མིག་གཅིག་སྣང་འདྲའི་རིག་བྱེད་ལ། །ལོང་བར་རྟོགས་པར་མི་བྱའོ། །ཞེས་སྨྲས་པ་དེ་མི་འཐད་དོ། །རང་དབང་ཅན་ཞེས་བྱ་བ་ལ་སོགས་པས་སྐབས་
ཀྱི་དོན་མཇུག་སྡུད་པར་བྱེད་པ་ཡིན་ཏེ། ནུས་པ་ནི་སྐྱེས་བུ་ལ་ལྟོས་ནས་ཤེས་པ་སྐྱེད་པར་བྱད་པ་ཉིད་དུ་མི་རིགས་སོ་ཞེས་བསྟན་ཟིན་ཏོ། །སྐྱེས་བུ་ལྟོས་ནས་ནུས་པ་ཡང་སྐྱེད་པར་བྱེད་པ་ཉིད་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་སྐྱེས་བུ་ལ་ལྟོས་པའི་ཕྱིར་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་ན་ཡང་གསལ་བར་འདིའི་ཚད་
མ་ཉིད་སྲིད་པ་མ་ཡིན་ཞེས་ཚིག་གི་དོན་སྦྱར་བར་བྱའོ། །ཡང་གི་སྒྲ་ནི་རིམ་པ་གཞན་དུ་སྟེ། ཤེས་པ་སྐྱེད་པར་བྱེད་པ་ན་ཡང་ཞེས་བྱ་བའི་མཇུག་ཏུ་བལྟ་བར་བྱའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཇི་བཞིན་དོན་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡི་ཚད་མ་བརྟག་མི་ལེགས། །ཞེས་
བྱ་བ་ནི། དེ་ནི་དེ་ཡིས་དྲངས་པ་ན། །ལམ་ལོག་པར་ནི་ལྷུང་བར་འགྱུར། །ཞེས་བྱ་བ་འདིས་སྔར་མི་ལེགས་པ་བསྟན་ཟིན་པའི་ཕྱིར་རོ། །དེ་ལྟར་ཡིན་དང་། རིག་བྱེད་ཚད་མར་གནས་པ་ན། །སློབ་དཔོན་སློབ་མའི་བརྒྱུད་པ་ནི། །ཐོག་མ་མེད་པ་རྟོགས་པ་ཡང་། །སྐྱོན་མེད་ཉིད་དུ་འགྱུར་བ་ཡིན། །ཞེས་
གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གནས་ཞེས་བྱ་བ་འདིར་དགག་པའི་ཚིག་གདོན་པར་བྱའོ། །ཇི་ལྟར་མི་རིགས་ཤེ་ན། གང་ཕྱིར་དེ་དག་ཅེས་བྱ་བ་སྨོས་སོ། །གལ་ཏེ་ལོང་བ་བརྒྱུད་པར་གྱུར་པ་ཡིན་པ་ན་དེ་ལས་ཅིར་འགྱུར་ཞེ་ན།
ལོང་བས་ལོང་བ་ཁྲིད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རི་ཁྲོད་པའི་བཤད་པ་ལས། གཟུགས་ཀྱི་ཁྱད་པར་དག་ལ་དམུས་ལོང་རྣམས་ཀྱི་ཚིག་བཞིན་དུ་དེ་ལྟ་བུའི་རིགས་ཅན་གྱི་དོན་ལ་སྐྱེས་བུའི་ཚིག་ཚད་མར་འགྱུར་བ་མ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་སློབ་དཔོན་དང་སློབ་མའི་འབྲེལ་

པ་ཐོག་མ་མེད་པ་ཉིད་དུ་གྲུབ་པར་ཁས་བླངས་ནས་སྐྱོན་བཤད་ལ། དེ་ནི་དེ་ཡང་མ་གྲུབ་པོ། །ཞེས་བསྟན་པའི་ཕྱིར། རིག་བྱེད་དེ་ཉིད་ཤེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མེད་ཅེས་བྱ་བ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་ཕྱིན་ཅི་མ་ལོག་པའི་ཤེས་པའ