Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 12 / 22 (50.000 ký tự/trang)
ི་རྒྱུ་ཡིན་པའི་ཕྱིར་
སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཚད་མ་ཉིད་དུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདེན་པའི་དོན་ཅན་གྱི་སྒྲ་དོན་གྱི་འབྲེལ་པ་བརྟག་པ་ཙམ་གྱིས་སོ། །དེ་ཡང་སྐྱེས་བུས་མ་བྱས་ན་ཡང་འགྱུར་བ་ཡིན་ནོ་སྙམ་དུ་སེམས་ན། འདི་ཡང་མ་ངེས་པ་ཉིད་ཡིན་ཏེ། སྐྱེས་བུས་མ་བྱས་པས་བདེན་པའི་དོན་ཅན་དུ་
འགྱུར་བར་བྱ་དགོས་སོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ངེས་པའི་རྒྱུ་ཅི་ཞིག་ཡོད། ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་སྐྱོན་ཅན་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡང་ན་བདེན་དོན་འབྲེལ་བརྟགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདེན་དོན་ཡང་ཡིན་ལ་འབྲེལ་པ་བརྟགས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་
པར་སྦྱར་རོ། །འབྲེལ་པ་བརྟག་པ་བརྟགས་པ་ཡིན་ན་ཡང་གལ་ཏེ་འདི་དོན་རྟོགས་པའི་རྒྱུར་མི་འགྱུར་བ་དེའི་ཚེ་དེ་བརྟགས་པ་དོན་མེད་པ་ཡིན་ནོ། །དོན་རྟོགས་པར་བྱེད་པ་ཡིན་སྐྱེད་པར་བྱེད་པ་ཉིད་ལས་མ་གཏོགས་པ་དེའི་ངོ་བོ་གཞན་ཡོད་པ་ནི་མ་ཡིན་ནོ། །འབྲེལ་པའི་བྱ་བ་ནི་འདི་ཙམ་ཉིད་ཡིན་ཏེ། རྟོགས་པ་
སྐྱེད་པར་བྱེད་པ་གང་ཡིན་པའོ། །དེ་མི་བྱེད་ན་ཇི་ལྟར་འབྲེལ་བར་འགྱུར། འདི་ཡོད་པ་ཙམ་གྱིས་དོན་རྟོགས་པའི་རྒྱུ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་པ་ཡོད་ནའོ། །དེ་ལྟ་མ་ཡིན་ན་འབྲེལ་པ་མ་བཟུང་བ་ལ་ཡང་དེ་ལས་རྟོགས་པར་འགྱུར་རོ། །འདི་སུས་ཀྱང་ཤེས་པར་ནུས་པ་ཡང་མ་ཡིན་ཏེ། འབྲེལ་
བ་ཅན་མཐོ་རིས་ལ་སོགས་པ་དབང་པོ་ལས་འདས་པ་ཉིད་ཀྱིས་ཏེ་དེ་ཡང་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །འོ་ན་དེ་དབང་པོ་ལས་འདས་པའི་དོན་མཐོང་བས་ཤེས་པར་འགྱུར་རོ་ཞེ་ན། སྐྱེས་བུ་འདི་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི། དེའི་ཕྱིར་དབང་པོ་ལས་འདས་དོན། །དངོས་སུ་མཐོང་བ་ཡོད་
མ་ཡིན། །ཚིག་ནི་རྟག་པ་ཉིད་ཀྱིས་ན། །གང་གིས་མཐོང་བ་དེས་མཐོང་ངོ་། །ཞེས་བཤད་དེ། ལྐོག་མིན་མཐོང་ཞེས་བྱ་བ་ནི་དབང་པོའི་དོན་མཐོང་བའོ། །ཐོས་པ་རང་ཉིད་སྨྲ་བར་འགྱུར་རོ་ཞེ་ན། འདི་ནི་བདག་གི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲམ་ཟེ་ཁྱོད་ཚུར་ཤེག་བདག་གི་དོན་འདི་ཡིན་པར་

ཟུང་ཤིག་ཅེས་བོས་ནས་སྙིང་རྗེ་ཆེས་ཆེར་འཕེལ་བས་བསོད་ནམས་ལ་སེམས་གཅིག་ཏུ་འདུད་པ་ཅན་གཞན་ལ་ཕན་པའི་མཐར་ཐུག་པའི་བདེན་པར་སྨྲ་བ་བཞིན་དུ། རིག་བྱེད་རང་ཉིད་བྲམ་ཟེ་རྣམས་ཀྱི་དོན་དུ་རང་གི་དོན་སྟོན་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་སྐྱེས་བུ་རྣམས་རང་ཉིད་རྟོགས་པར་བྱེད་
པར་འགྱུར་རོ་ཞེ་ན། སྐྱེས་བུ་བརྟགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་མ་ཡིན་པ་དེ་ཉིད་སྟོན་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཅི་ནས་ཀྱང་མ་འཆོལ་བའི་དོན་ཤེས་པར་བྱ་བ་ཡིན་པའི་ཕྱིར་འཆོལ་བའི་རྒྱུ་སྐྱེས་བུ་སྤོང་བ་ཡིན་ནོ། །དེ་ལ་ཇི་ལྟར་སྐྱེས་བུ་དག་གིས་རང་ཉིད་ཀྱིས་སྦྱར་བའི་སྒྲ་
དག་འཆོལ་བར་འགྱུར་བ་དེ་བཞིན་དུ་དེ་དག་གིས་ཉེ་བར་བརྟགས་པའི་དོན་ཡང་ཡིན་པའི་ཕྱིར་འདི་ལ་ཁྱད་པར་ཅི་ཡོད་དེ། དོགས་པ་ཞེས་བྱ་བ་ནི་དོགས་པར་བྱ་བའོ། །དེར་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གོ། །སྔར་རིག་བྱེད་ཚད་མ་མ་ཡིན་པའི་ཕྱིར་སློབ་དཔོན་དང་སློབ་མའི་བརྒྱུད་པ་བརྟགས་པ་དོན་མེད་དོ་ཞེས་བསྟན་
ཟིན་ལ། ད་ནི་འབྲེལ་པ་བརྟགས་པའི་སྒོ་ནས་ཚད་མ་ཡིན་དུ་ཆུག་མོད། སློབ་དཔོན་དང་སློབ་མ་གཉི་གའི་བརྒྱུད་པ་བརྟགས་པ་དོན་མེད་དོ་ཞེས་སྟོན་པ་ནི། རིག་བྱེད་ཚད་མར་གནས་ན་ཡང་། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སྐྱེས་བུས་བརྟགས་པ་ལའང་། །ཅིའི་ཕྱིར་དོགས་པ་དེར་མི་འགྱུར། །ཞེས་གང་སྨྲས་
པ་འདི་ལ་གཞན་དག་དོགས་པ་མི་རིགས་པར་སྟོན་པ་ནི་འོན་ཏེ་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་གཉིས་ནི་ཐེ་ཚོམ་མོ། །སོགས་པའི་སྒྲས་ནི་ཕྱིན་ཅི་ལོག་གཟུང་ངོ་། །ཇི་སྐད་དུ་རི་ཁྲོད་པའི་བཤད་པ་ལས། མཐོ་རིས་འདོད་པས་མཆོད་སྦྱིན་བྱའོ་ཞེས་བྱ་བའི་ཚིག་འདི་ལས་མཐོ་རིས་འབྱུང་ངམ།
མི་འབྱུང་སྙམ་པའི་ཐེ་ཚོམ་རྟོགས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་དང་། ངེས་པར་རྟོགས་པ་ན་འདི་ལོག་པར་མི་འགྱུར་ལ། དེ་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་བསྐྱེད་ནས་འཇིག་པ་གང་ཡིན་པ་དེ་ནི་ལོག་པའི་ཤེས་པ་ཡིན་ཞིང་། འདི་ནི་ཡུལ་གཞན་དང་། དུས་གཞན་དང་། སྐྱེས་བུ་གཞན་ལ་ཕྱིན་ཅི་མ་ལོག་པ་
ཡིན་ནོ། །དེའི་ཕྱིར་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །གཞན་དུ་ན་མངོན་སུམ་དུ་ན་མེ་སྟག་འཕྲོ་བའི་ཚོགས་ཀྱི་རྒྱུན་བར་དུ་ཁྱབ་ཅིང་རྒྱས་པའི་མེའི་ཕུང་པོ་ཁྱེད་ཅག་གིས་ཉམས་སུ་མྱོང་ན་ཡང་ཅིའི་ཕྱིར་ཐེ་ཚོམ་གྱི་དཔྱང་ཐག་གཡོ་བའི་ཡིད་དུ་འགྱུར། དེ་ལྟ་ཡིན་དང་ཁྱོད་ལ་འགའ་ཡང་ཚད་

མར་མི་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱིས་བསམས་པའོ། །སྦྱོར་བ་ནི་གང་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བའི་ཤེས་པ་དེ་ནི་རྟོག་པ་དང་ལྡན་པའི་ཚད་མའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་མེ་ལ་འཁྲུལ་པ་མེད་པ་ཅན་གྱི་གཙོ་བོ་སྲེག་པ་ལ་སོགས་པ་དོན་དུ་གཉེར་བ་དེ་ངེས་པའི་རྒྱུའི་ཤེས་པ་བཞིན་ནོ། །མེ་
ལ་སྦྱིན་སྲེག་ལ་སོགས་པའི་ངག་ལས་འབྱུང་བའི་ཤེས་པ་ཡང་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཏེ། ཅི་ནས་ཚད་མར་འགྱུར་བ་ཡིན། །ཞེས་བྱ་བ་འདི་དང་སྦྲེལ་ཏོ། །དེ་བྱེད་པ་ན་ཞེས་བྱ་བ་ནི་བློའོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་
བྱེད་དེ། གལ་ཏེ་རེ་ཞིག་རྟོག་པ་དང་ལྡན་པའི་ཐེ་ཚོམ་ལ་སོགས་པ་དང་བྲལ་བའི་ཤེས་པ་རིག་བྱེད་ཀྱི་ཚིག་ལས་འབྱུང་བ་ཡིན་ནོ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་ནོ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་རྟོགས་པ་དང་ལྡན་པ་མེ་ལ་སྦྱིན་སྲེག་བྱས་པ་ལས་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་དེ་ལས་
གཞན་གྱི་ཚིག་ཕྱིན་ཅི་ལོག་ལ་སོགས་པ་བཞིན་དུ་མེའི་སྦྱིན་སྲེག་གིས་མཐོ་རིས་སུ་སྐྱེའོ་ཞེས་བྱ་བ་དེ་ལས་ཀྱང་ཐེ་ཚོམ་མཚུངས་པ་ཉིད་ཡིན་ཏེ། དབང་པོ་ལས་འདས་པའི་དོན་ལ་ཡོད་པ་དང་མེད་པར་ངེས་པའི་རྒྱུ་མེད་པའི་ཕྱིར་ལ། དོན་ལ་མི་སླུ་བ་ནི་གཉི་ག་ལ་ཡང་མ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་
གང་གཞན་བཞིན་ནོ། །ཞེས་བྱ་བ་ནི་བདུན་པའི་མཐའ་ཅན་ཡིན་པའི་ཕྱིར་གཞན་རྐྱེན་ཡིན་ནོ། །ཅི་སྟེ་ཡང་རིག་བྱེད་ཀྱི་ཚིག་ཉིད་ལས་ངེས་པར་འགྱུར་ཏེ། དེའི་ཕྱིར་རྒྱུ་གཞན་བཙལ་བས་ཅི་ཞིག་བྱ་སྙམ་ན། དེའི་ཕྱིར་གཞན་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་འདྲ་ཞེས་བྱ་བ་ནི་རིག་བྱེད་ཀྱི་དོན་ལས་
ཕྱིན་ཅི་ལོག་གི་དོན་ཞེན་པའི་ངེས་པའོ། །གཞན་ལས་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་ལས་སོ། །ཅིས་མི་འགྱུར་ཏེ་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་དང་དེ་ཡང་ཚད་མར་འགྱུར་ཏེ། གཉི་ག་ལ་ཡང་དེའི་ཚེ་གནོད་པ་མི་དམིགས་པར་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་རྟོག་པ་
དང་ལྡན་པ་ཐོས་པ་རྣམས་ཀྱིས་ཤེས་པ་གཡོ་བ་མེད་པ་ཉིད་སྐྱེ་བས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་ཞེ་ན། སྐྱེ་མོད་དེ་ལྟ་ན་ཡང་གལ་ཏེ་མ་གྲུབ་པ་མ་འགྱུར་ན་མ་ངེས་པ་ནི་མི་ཟློགས་སོ་ཞེས་བསྟན་པའི་ཕྱིར་དད་པའི་དབང་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་ཞེས་བྱ་བ་ནི་སངས་རྒྱས་

པ་ལ་སོགས་པ་རྣམས་ཀྱིའོ། །གཞན་ལས་ཞེས་བྱ་བ་ནི་སྲོག་ཆགས་གསོད་པ་དང་ལྡན་པའི་མཆོད་སྦྱིན་ལས་ངན་སོང་གི་སྡུག་བསྔལ་འབྱུང་ངོ་ཞེས་བྱ་བའི་ངག་ལས་སོ། །དེ་ཞེས་བྱ་བ་ནི་གཡོ་བ་མེད་པའི་བློའོ། །འདི་ཉིད་སྟོན་པ་ནི། ངན་སོང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་
བར་ཟད་དོ། །ཡང་སྐྱེས་བུས་མ་བྱས་པ་ཉིད་ཀྱི་མ་ངེས་པ་སྟོན་པ་ནི། གལ་ཏེ་སྐྱེས་བུའི་འདོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་པ་རང་དབང་ཅན་ཡིན་པའི་ཕྱིར་རིག་བྱེད་ལ་རག་ལས་པའི་བརྡ་ལས་ལྟོས་པ་དང་བཅས་པ་རང་གི་དོན་གསལ་བར་བྱེད་པ་འདོད་པའི་དོན་གསལ་བར་བྱེད་པར་མི་འགྱུར་
ཏེ། ངེས་པ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལ་ལྟོས་པ་མེད་པའི་རིག་བྱེད་ཀྱི་དོན་གསལ་བར་བྱེད་པ་དེའི་ཚེ་ཚད་མར་རིགས་ཏེ། སྐྱེས་བུའི་བཤད་པ་ཁྱད་པར་དུ་བཤད་ནས། ཆེས་མྱུར་བར་རང་གི་དོན་རྟོགས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །གཞན་དུ་འཆད་ན་ཡང་མིག་ལ་སོགས་པ་བཞིན་དུ་རང་བཞིན་
གྱིས་རང་གི་དོན་གསལ་བར་བྱེད་པ་མི་འདོར་བའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །བཤད་པ་བྱ་ན་ཞེས་བྱ་བ་ནི་རྣམ་པར་བཤད་ནའོ། །མྱུར་དུ་ཞེས་བྱ་བ་ནི་མགྱོགས་པར་ཏེ་སྐད་ཅིག་གིས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུའི་འདོད་པ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །རིག་བྱེད་སྐྱེས་བུས་མ་བྱས་པ་
ཉིད་ཀྱིས་རང་བཞིན་གྱི་དོན་དང་འབྲེལ་བ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདོད་པ་མི་འགྲུབ་པའི་ཕྱིར་མ་ངེས་པ་ཉིད་སྒྲུབ་པར་བྱེད་པ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ལ་ཡོད་པ་ནི་རང་བཞིན་ཅན་ཏེ། ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །ཚད་མར་གྱུར་པའི་སྐྱེས་བུས་བྱས་པ་ཉིད་ཚད་མའི་
རྒྱུར་ཁས་བླང་བར་བྱའི་རྨོངས་པ་ཉིད་དུ་སྟོན་པར་བྱེད་པའི་མ་བྱས་པ་ཉིད་ཀྱིས་ཅི་ཞིག་བྱ་ཞེས་བསྟན་པའི་ཕྱིར། གཞན་ཡང་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོན་མེད་བྱེད་པ་པོ་སོགས་ལ། །ཞེས་བྱ་བའི་སྒྲས་སྐྱོན་མེད་པའི་འཆད་པ་པོ་གཟུང་ངོ་། །ཡང་ན་སྐྱོན་མེད་པར་བྱས་པ་དང་འཆད་པ་
ཡང་ཇི་ལྟར་ཚད་མ་ཉིད་དུ་གྲུབ་པར་འགྱུར་ཞེ་ན། འདི་ལྟར་ཤེས་རབ་བརྩེ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རི་ཁྲོད་རྗེས། འཇིག་རྟེན་པའི་ཚིག་གང་ཡིན་པ་དེ་ཡང་གལ་ཏེ་ཡིད་ཆེས་པའི་སྐྱེས་བུ་ལས་དབང་པོའི་ཡུལ་ཉིད་ཡིད་ཡིན་ན་དེ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ་ཞེས་བཤད་པ་བཞིན་ནོ། །

ཚིག་མཆོག་ཅེས་བྱ་བ་ནི་བཟང་པོའོ། །ཡང་སྐྱེས་བུས་མ་བྱས་པ་ཉིད་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། སྐྱེས་བུས་མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུའི་ཉེས་པ་ཉེ་བར་ལེན་པ་ཉིད་ལས་དོན་དག་ལ་ཤེས་པ་འཁྲུལ་པ་མ་ཡིན་ཏེ། ནགས་ཀྱི་མེ་ལ་སོགས་པ་དེ་དང་བྲལ་བ་རྣམས་ཀྱང་ཨུཏྤ་ལ་སྔོན་པོ་ལ་
སོགས་པ་ལ་ཕྱིན་ཅི་ལོག་གི་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །ནགས་ཀྱི་མེ་ནི་ནགས་ན་ཡོད་པའི་མེའོ། །དེ་ཡང་རང་ཉིད་འོད་མ་ལ་སོགས་པ་དྲུང་པ་ལས་བྱུང་བ་གང་ཡིན་པ་དེ་འདིར་འཁྲུལ་པའི་ཡུལ་ཉིད་དུ་བལྟ་བར་བྱའི་གང་གཙུབ་ཤིང་གཙུབས་པའི་སྐྱེས་བུས་བྱས་པ་དེ་ལ་སྐྱེས་བུས་མ་བྱས་པ་མི་སྲིད་པའི་ཕྱིར་
དེས་གཏན་ཚིགས་འཁྲུལ་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སོགས་པའི་སྒྲས་ནི་སྨིག་རྒྱུ་ལ་སོགས་པ་གཟུང་ངོ་། །ལོག་པའི་ཤེས་པའི་རྒྱུ་ཡིན་པ་དེ་ཉིད་སྟོན་པ་ནི། མེའི་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་དེ་ཡང་ཁོ་བོ་ཅག་གིས་སྐྱེས་བུས་མ་བྱས་པ་ཉིད་འབའ་ཞིག་རྒྱུ་ཉིད་དུ་མི་བརྗོད་
ཀྱི། འོ་ན་ཅི་ཞེ་ན། མ་བྱས་པ་ཉིད་ཡིན་ན་ཞེས་ཁྱད་པར་དང་བཅས་པ་ཉིད་ཡིན་པའམ། ཡང་ན་སྐྱེས་བུས་མ་བྱས་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། དེའི་ཕྱིར་མ་བྱས་པའི་ནགས་ཀྱི་མེས་འཁྲུལ་པ་མ་ཡིན་ནོ་སྙམ་དུ་སེམས་པའི་གཞན་གྱི་ལན་དོགས་པར་བྱས་པའི་ཕྱིར་གལ་ཏེ་མེ་ལ་སོགས་པ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། དེའི་རྒྱུ་ནི་ལོག་པའི་ཤེས་པའི་རྒྱུའོ། །དོན་རྣམས་ཀྱིས་ནི་བྱས་ཉིད་ཅི། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་རྣམ་པར་གཅོད་པར་བྱེད་པ་གང་ཡིན་པ་དེ་ཁྱད་པར་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་གལ་ཏེ་གང་ཡང་རུང་བའི་ཁྱད་ཀྱིས་
ཁྱད་པར་དུ་བྱས་པའི་གཏན་ཚིགས་མཐའ་གཅིག་ཏུ་གྱུར་པ་ཉིད་ཡིན་ན་དེའི་ཚེ་གཏན་ཚིགས་འགའ་ཡང་མ་ངེས་པར་མི་འགྱུར་ཏེ། འདོད་པ་དང་འབྲེལ་བ་ཉིད་ཀྱིས་ཐམས་ཅད་ཁྱད་པར་རྙེད་པར་བླ་བའི་ཕྱིར་རོ། །རིག་བྱེད་ཀྱིས་ཁྱད་པར་མ་བྱས་པ་ཉིད་ནི་ལོག་པའི་ཤེས་པའི་རྒྱུ་ཉིད་ཟློག་པར་བྱེད་པ་མ་ཡིན་ཏེ།
འདི་ལྟར་གལ་ཏེ་བྱས་པ་ཉིད་ལོག་པའི་ཤེས་པའི་རྒྱུ་ཉིད་དུ་གྲུབ་པར་གྱུར་ན་དེའི་ཚེ་བཟློག་པ་ན་དེ་ཡང་ཟློག་པར་འགྱུར་རོ། །གཞན་དག་རེ་འགའ་གྲུབ་པ་ཉིད་དོ་ཞེས་རྗོད་པར་བྱེད་ན། དེ་ལྟ་ཡིན་ན་དུ་བ་མེའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱས་པ་ལོག་པའི་ཤེས་པའི་རྒྱུ་ཡིན་ན་དེའི་ཚེ་མ་བྱས་

པ་ཡང་དག་པའི་ཤེས་པའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་ཐོབ་སྟེ། ཕན་ཚུན་འགལ་བའི་ཡང་དག་པ་དང་ལོག་པའི་ཤེས་པ་དག་ནི་རྒྱུ་གཅིག་ཏུ་མི་འཐད་པའི་ཕྱིར་རོ། །དྲོ་བའི་རེག་པའི་རྒྱུ་མེ་ནི་གྲང་བའི་རྒྱུ་ཉིད་དུ་རིགས་པ་མ་ཡིན་ཏེ། དེ་ལྟ་ཡིན་དང་བྱས་པའི་ཕྱིར་དུ་བ་མེ་ལ་ཅི་ལྟ་བ་
བཞིན་དུ་རྟོགས་པའི་རྒྱུར་མི་འགྱུར་རོ། །ཡང་ཅི་སྟེ་བྱས་པ་ཉིད་ལོག་པའི་ཤེས་པ་ཁོ་ནའི་རྒྱུ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་ངེས་པར་བཟུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱས་པ་ཁོ་ན་ལོག་པའི་ཤེས་པའི་རྒྱུ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གཞན་གྱི་རྒྱུ་ཅན་འགེགས་པར་བྱེད་པ་ཡིན་གྱི།
བྱས་པ་ཡང་དག་པའི་ཤེས་པའི་རྒྱུ་ཡིན་པ་འགེགས་པ་ནི་མ་ཡིན་ནོ། །གང་གིས་ཡང་དག་པའི་ཤེས་པ་དང་ལོག་པའི་རྒྱུ་དག་ཕན་ཚུན་འགལ་བའི་ཕྱིར་ཤུགས་ཀྱིས་བྱས་པ་ལས་བཟློག་པ་ཡང་དག་པའི་རྒྱུ་ཉིད་དུ་འགྱུར་བ་བྱས་པ་ཐམས་ཅད་ཁྱད་པར་མེད་པར་ལོག་པའི་རྒྱུད་ཉིད་དུ་འདོད་པ་ནི་མ་ཡིན་གྱི། འོན་
ཀྱང་བྱས་པ་རྣམ་པ་མང་པོ་ཐ་དད་པའི་ཕྱིར་ཅུང་ཟད་ཅིག་ལོག་པའི་ཤེས་པའི་རྒྱུ་ཡིན་ཏེ། དཔེར་ན་མིག་སེར་ལ་སོགས་པ་ལྟ་བུའོ། །ཅུང་ཟད་ཅིག་ནི་ཡང་དག་པའི་ཤེས་པའི་རྒྱུ་ཡིན་ཏེ། དཔེར་ན་དབང་པོ་ལ་སོགས་པའི་ཚོགས་པ་མཉམ་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་གྲང་བའི་རེག་པ་ལ་ཁ་བ་ལ་སོགས་
པས་བྱས་པའི་རྒྱུ་འགའ་ཞིག་དམིགས་པའི་ཕྱིར། ཤུགས་ཀྱིས་གྲང་བ་དང་འགལ་བའི་དྲོ་བའི་རེག་པ་ལ་མ་བྱས་པའི་རྒྱུ་ཉིད་དུ་བརྟག་པར་བྱ་བར་འགྱུར་ན། དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་བྱས་པ་ཡང་དག་པའི་ཤེས་པ་ལ་རྒྱུ་ཉིད་མ་བཀག་པའི་ཕྱིར་དུ་བ་ཡང་དག་རྒྱུ་མཚན་དུ་འགྱུར་རོ་སྙམ་པའི་
དོགས་པ་འདི་བསུ་ནས། དེ་ལྟར་སྐྱེས་བུས་མ་བྱས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱས་པ་ཡང་དག་པ་དང་ལོག་པ་ཉིད་གཉི་གའི་རྒྱུ་མཚན་ཡིན་ན། དེ་ལོག་པ་ན་ལོག་པ་དང་ཡང་དག་པའི་ཤེས་པ་གཉིས་ལྡོག་པར་བྱེད་པའི་ཕྱིར་རིག་བྱེད་མ་བྱས་པ་ཉིད་ཀྱིས་ཡང་དག་པའི་ཤེས་པའི་
རྒྱུར་གནས་པ་མ་ཡིན་ཏེ། དེ་དེ་ལ་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཁྱད་པར་དོན་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཡང་། ཅི་སྟེ་སྐྱེས་བུས་མ་བྱས་པ། །ཞེས་བྱ་བ་འདིས་ཇི་སྐད་དུ་བཤད་པའི་གཏན་ཚིགས་རྗེས་སུ་འགྲོ་བ་དང་ལྡོག་པ་སྟོན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན།

འདི་ནི་ལྡོག་པ་ཅན་གྱི་སྦྱོར་བ་ཉིད་ཡིན་ཏེ། འདི་ལྟར་གཏན་ཚིགས་ལས་བཟློག་པ་བྱས་པ་ཉིད་ཀྱིས་བསྒྲུབ་བྱ་ལས་བཟློག་པ་ལོག་པ་ཉིད་ལ་ཁྱབ་པ་ཡིན་ཏེ། སྐྱེས་བུས་བྱས་པ་ཁོ་ན་ལ་ལོག་པ་ཉིད་མཐོང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་གང་དུ་ལོག་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་དང་འགལ་བ་མ་བྱས་པ་ཉིད་
ཡོད་པ་དེ་དང་འགལ་བའི་ལོག་པ་ཉིད་ཀྱི་ཁྱབ་པར་བྱེད་པ་བྱས་པ་ཉིད་ལྡོག་པ་ན་ཁྱབ་པར་བྱ་བ་ལོག་པ་ཉིད་ཀྱང་ཤུགས་ཀྱིས་ལྡོག་པ་གྲུབ་པའི་ཕྱིར་རྗེས་སུ་འགྲོ་བ་མེད་ན་ཡང་ཤུགས་ཀྱིས་མ་བྱས་པ་བདེན་པའི་དོན་ཅན་དུ་འགྱུར་བའི་ཕྱིར་རྗེས་སུ་འགྲོ་བ་བསྟན་པ་དོན་མེད་པ་ཡིན་ནོ་སྙམ་ན། གལ་ཏེ་བཟློག་པའི་ཁྱབ་
པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་པར་གྱུར་ན། དེ་ལྟ་བུ་དེ་ཡང་བདེན་ན། །དེ་ནི་གྲུབ་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་ཡོད་པར་གྱུར་ན། དེའི་ཚེ་མི་མཐུན་པའི་ཕྱོགས་ཀྱི་ཁྱབ་པར་འགྱུར་བ་ཞིག་ན། དེ་ཡང་ཡོད་པ་མ་ཡིན་
ནོ། །མི་དམིགས་པ་ཙམ་གྱིས་མེད་པ་གྲུབ་པ་ཡང་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །འདི་སྙམ་དུ་མ་བྱས་པ་དང་འགལ་བའི་བྱས་པ་ལ་ལོག་པ་ཉིད་མཐོང་བའི་ཕྱིར་ཤུགས་ཀྱིས་མ་བྱས་པ་ལ་དེ་མེད་པར་གྲུབ་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གཅིག་ཏུ་མཐོང་བ་གཞན་
དུ་ངེས་པ་མེད་པར་བྱ་བར་ནུས་པ་མ་ཡིན་ཏེ། གཅིག་ཀྱང་འགལ་བའི་ཁྱབ་པར་བྱེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་ལྟར་མི་རྟག་པ་གཅིག་ཉིད་བརྩལ་མ་ཐག་ཏུ་བྱུང་བ་དང་། ཅིག་ཤོས་འགལ་བ་དག་ལ་ཁྱབ་པར་མཐོང་སྟེ། མི་རྟག་པ་ཉིད་རྩོལ་བ་ལས་བྱུང་བ་ལ་མཐོང་ཞེས་ཏེ། རྩོལ་བ་ལས་བྱུང་
བ་མ་ཡིན་པ་ལ་དེ་མེད་པར་མི་འགྱུར་རོ། །གཞན་ཡང་དེ་ལ་མཐོང་བ་ཞེས་བྱ་བ་དེ་ཙམ་གྱིས། གལ་ཏེ་ལོག་པ་ཉིད་ལ་བྱས་པ་ཉིད་ཀྱིས་ཁྱབ་པར་འགྱུར་ན་ལ་ལར་བདེན་པ་ཉིད་ཀྱང་སྐྱེས་བུས་བྱས་པར་མཐོང་བའི་ཕྱིར་དེ་ཡང་དེས་ཁྱབ་པར་འགྱུར་ཏེ། དེ་ལྟ་ཡིན་དང་བྱས་པ་ཉིད་ལོག་པ་ན་ལོག་པ་ཉིད་དུ་
བདེན་པ་ཡང་ལྡོག་པས་སྐྱེས་བུས་མ་བྱས་པའི་ཕྱིར་བདེན་པའི་དོན་ཅན་དུ་འགྲུབ་པར་འགྱུར་བ་མ་ཡིན་ཏེ། སྤྲོས་པས་ཆོག་གོ། །དེ་ལྟར་རེ་ཞིག་གང་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་དང་ལྡན་པ་དང་བྲལ་བ་དེ་ནི་ལོག་པའི་ཤེས་པའི་རྒྱུ་མ་ཡིན་ཞེས་བྱ་བའི་གཏན་ཚིགས་དང་། སྐྱེས་བུས་མ་བྱས་པ་དང་དེས་མཚོན་

པའི་སྐྱེས་བུས་མ་བྱས་པ་ཉིད་དམ། རང་གི་སྒྲས་གཟུང་བ་ཉིད་རྒྱས་པར་མ་ངེས་པ་ཉིད་དུ་བསྟན་ནས། མ་གྲུབ་པ་ཉིད་དུ་བསྟན་པར་འདོད་དེ་མཇུག་བསྡུ་བར་བྱ་བའི་ཕྱིར། དེས་ན་སྐྱེས་བུས་མ་བྱས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུས་མ་བྱས་པ་ཉིད་དང་གསལ་བ་དང་།
རྟག་པ་ཉིད་ཅེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ཉིད་གསལ་རྟག་ཉིད་དེ། དེ་དག་གི་སྒྲུབ་བྱེད་ཅེས་བསྡུའོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་བྱེད་དེ་གཏན་ཚིགས་སོ། །དེ་ཡང་རྣམ་པ་སྣ་ཚོགས་པ་སྔར་བཤད་པའོ། །དེ་ནི་ཡོད་པ་ན་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ལ་སོགས་པ་ཡོད་པ་ནའོ། །འདི་ཞེས་བྱ་བ་
ནི་རིག་བྱེད་དོ། །མི་འཐད་ཅེས་བྱ་བ་ནི་མི་རིགས་པར་རོ། །རྒྱས་པར་ཞེས་བྱ་བ་ནི་རྣམ་པར་ཕྱི་ནས་སོ། །འདི་སྤོང་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ལ་སོགས་པ་སུན་འབྱིན་པ་སྟེ། དེ་ཡོད་ན་ཡང་མངོན་པར་འདོད་པའི་དོན་མི་འགྲུབ་པའི་ཕྱིར་རོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །དེ་སུན་འབྱིན་
པར་བྱེད་ན་ཡང་སྐབས་སུ་ཉེ་བར་མི་མཁོ་བར་བྱེད་པར་འགྱུར་རོ། །འདི་ཉིད་སྟོན་པ་ནི། འདིར་ནི་ཐོས་པ་ཅི་བཞིན་ཞེས་པ་ལ་སོགས་པ་སྟེ། བློ་ཉིད་མཐོང་བ་ཡིན་པས་བློས་མཐོང་བའོ། །དེ་ཕྲ་བའི་བློས་མཐོང་བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མངོན་པར་རློམ་པ་ནི། གང་ལ་
རློམ་པ་ཡོད་པ་དེ་ནི་མངོན་པར་རློམ་པ་སྟེ། དེའི་ཕྱིར་དེའི་དངོས་པོ་ནི་མངོན་པར་རློམ་པ་ཅན་ནོ། །དེ་ནི་ལྔ་པོས་མ་རྟོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཚད་མ་རྣམས་ནི་ལོག་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྩ་བའི་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྟོན་
པར་བྱེད་པ་ཡིན་ནོ། །ཁྱབ་པར་བྱེད་པའི་རང་བཞིན་ནམ། རྒྱུ་ལྡོག་པ་ན་ཁྱད་པར་བྱ་བའམ། འབྲས་བུ་ལྡོག་པར་བྱེད་དེ། དེ་དག་དེར་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འབྲེལ་བའི་ཕྱིར་ལ། དེ་མེད་པར་ཡང་ཡོད་པ་ནི་འབྲས་བུ་དང་ཁྱབ་པར་བྱ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཚད་
མ་དེ་དག་དངོས་པོ་དེ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དང་རྒྱུ་ཉིད་དག་ཏུ་སྲིད་པ་ཡང་མ་ཡིན་ཏེ། འདི་ལྟར་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དངོས་པོ་ཚད་མ་མེད་པར་ཡོད་པའི་ཕྱིར་དེས་ཁྱབ་པ་མ་ཡིན་ལ། ཚད་མ་རྒྱུ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཚད་མ་ཉིད་གཞལ་བྱའི་འབྲས་བུ་ཡིན་

པའི་ཕྱིར་འབྲས་བུ་ལྡོག་པ་ན་རྒྱུ་ཙམ་ལྡོག་པ་མ་ཡིན་ཏེ། འཁྲུལ་པར་མཐོང་བའི་ཕྱིར་རོ། །རྒྱུ་མ་ཡིན་པ་དང་ཁྱབ་པར་བྱེད་པ་མ་ཡིན་པ་དག་ནི་ཟློག་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གཞལ་བར་བྱ་བ་ཙམ་མེད་པར་བསྒྲུབ་པར་བྱ་བ་ལ། ཚད་མ་
ཙམ་མེད་པ་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །འཁྲུལ་པ་དེ་ཉིད་མི་མཐུན་པའི་ཕྱོགས་ལ་ཡོད་པར་བསྟན་པའི་སྒོ་ནས་བསལ་བར་བྱ་བའི་ཕྱིར། དེས་ན་ཐོས་པའི་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ལྔ་པོ་རྣམས་ཀྱིས་མ་རྟོགས་ཀྱང་། །
ཞེས་བྱ་བ་ནི་ཐོས་པའི་བྱེད་པ་པོ་ཞེས་བྱ་བ་ཆོད་པ་དང་འབྲེལ་ཏོ། །བྱེད་པ་པོ་མི་ཤེས་པའི་སྲུང་བ་རྒྱུད་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱ་དེའི་འོག་ཏུ་སྲུང་ལ་སོགས་པ་ལས་འཛིན་པའི་བསྡུ་བའོ། །དེའི་ཕྱིར་དྲུག་པའི་མཐའ་ཅན་ལ་བཞིན་ཞེས་བྱའོ། །འོན་ཏེ་ཞེས་བྱ་བ་ལ་
སོགས་པས་གཏན་ཚིགས་ཀྱི་འཁྲུལ་པའི་ཡུལ་མ་གྲུབ་པ་ཉིད་དུ་དོགས་པར་བྱེད་དེ། དེ་དག་ཅེས་བྱ་བ་ནི་སྲུང་བརྒྱུད་ལ་སོགས་པའོ། །ཐོས་པའང་དེ་བཞིན་ཅིས་མ་ཡིན། །ཞེས་བྱ་བ་ནི་རིག་བྱེད་ཀྱང་། དེ་ཁོ་ན་བཞིན་དོན་རྣམ་པར་ཕྱེ་བ་དང་དོན་དང་བཅས་པ་དག་གིས་ཅིའི་ཕྱིར་བྱེད་པ་པོའི་རྗེས་སུ་
དཔོག་པར་མི་བྱེད་དེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཚད་མ་མེད་པར་མ་གྲུབ་པོ། །གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་ཚད་མ་ལོག་པའོ། །བདག་ཉིད་ཚད་ཀྱི་མ་ལོག་པར་གཏན་ཚིགས་སུ་ལེན་པར་བྱེད་ཅེས་བྱ་བ་ཕྱོགས་གཉིས་སོ། །དེ་ལ་ཕྱོགས་དང་པོ་ལ་གཏན་ཚིགས་ཐེ་
ཚོམ་ཟ་བའི་མ་གྲུབ་པ་ཡིན་ལ་གཉིས་པ་ལ་ཡང་མ་ངེས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་སེམས་ཅན་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་རིག་བྱེད་ཀྱི་བྱེད་པ་པོ་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་སོ་ཞེས་བྱ་བ་དེ་ལྟ་བུའོ། །འདི་ལྟ་བུར་ཞེས་བྱ་བ་ལ་སོགས་པས་སྐྱེས་བུ་གཞན་ལ་
ཡོད་པའི་ལང་ཚོ་ལ་སོགས་པའི་ཀུན་དུ་རྟོག་པ་དག་གིས་འཁྲུལ་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །རེ་ཞིག་བྱེད་པ་པོ་མ་མཐོང་ན་ཞེས་གང་སྨྲས་པ་འདི་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། འདོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱེད་པ་པོ་གང་ཡང་རུང་བ་མ་མཐོང་བ་ཞེས་ཁས་

ལེན་པར་བྱེད་པ་དེའི་ཚེ། འདོན་པར་བྱེད་པ་པོ་མཐོང་བའི་ཕྱིར་མ་གྲུབ་པ་ཉིད་གསལ་རབ་ཏུ་འཇུག་པ་ཡིན་ནོ། །ཅི་སྟེ་དང་པོའི་བྱེད་པ་པོ་མ་མཐོང་ངོ་ཞེས་བྱ་བར་འདོད་ན། དེའི་ཚེ་ཡང་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ཏེ། རེས་འགའ་འགའ་ཞིག་གིས་མཐོང་བར་འགྱུར་ཏེ་ཞེས་བྱ་བ་
སྲིད་པའི་ཕྱིར་རོ། །ཡང་ཅི་སྟེ་འདོན་པ་པོ་བྱེད་པ་པོར་ནི་མ་གྲུབ་བོ། །འོ་ན་ཅི་ཞེ་ན། གསལ་བར་བྱེད་པ་ཡིན་ནོ་སྙམ་ན། དེ་དག་གསལ་བར་བྱེད་མིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་འདོན་པར་བྱེད་པ་རྣམས་སོ། །ཇི་ལྟར་རྟག་པ་རྣམས་ལ་གསལ་བ་མི་སྲིད་པ་དེ་ལྟར་
ནི་འཆད་པར་འགྱུར་རོ། །བུམ་པ་ལ་སོགས་པ་མི་རྟག་པ་ཡང་ཇི་ལྟར་གསལ་བར་བྱེད་ཅེ་ན། བདེན་ཏེ། དེ་ལ་ཡང་གསལ་བར་བྱེད་པ་འགའ་ཡང་མི་སྲིད་དོ། །འོ་ན་ཇི་ལྟར་སྒྲོན་མེ་ལ་སོགས་པ་གསལ་བར་བྱེད་པ་ཉིད་དུ་གྲགས་ཤེ་ན། མ་ཡིན་ཏེ། དེ་ལ་སྒྲོན་མ་ལ་སོགས་པ་རྣམ་པར་ཤེས་པ་སྐྱེད་
པར་རུང་བའི་བུམ་པ་བསྐྱེད་པ་ན་སྐྱེད་པར་བྱེད་པ་ཉིད་ཁྱད་པར་ཅན་གྱི་སྐྱེད་པར་བྱེད་པའི་རང་བཞིན་གསལ་བར་བྱ་བའི་ཕྱིར་འཇིག་རྟེན་ན་གསལ་བར་བྱེད་པ་ཞེས་གྲགས་ཀྱི། དེ་བཞིན་དུ་འདིར་རིག་བྱེད་ཀྱི་གསལ་བར་བྱེད་པ་འགའ་ཞིག་སྲིད་པ་མ་ཡིན་ཏེ། དེའི་རང་བཞིན་ནི་སྔ་མ་དང་ཕྱི་མ་དོར་བ་དང་མ་སྐྱེས་པའི་
ཕྱིར་རོ། །རྟག་པ་གསལ་བར་བྱེད་པ་མ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདི་བྱེད་པ་པོ་ལས་ཁྱད་པར་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དམིགས་པར་འགྱུར་བའི་རང་བཞིན་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅུང་ཟད་ཀྱང་མི་བྱེད་པ་ནི་གསལ་བར་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །ཅུང་ཟད་བྱེད་ན་ཡང་། འདི་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པར་འགྱུར་ཏེ། བསྐྱེད་པར་བྱ་བའི་ཁྱད་པར་གྱི་རང་བཞིན་གཞན་སྐྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དམིགས་པར་འགྱུར་བའི་རང་བཞིན་རྣམས། །ཞེས་བྱ་བ་ནི་རིག་བྱེད་རྣམས་སོ། །ཅི་སྟེ་ཡང་
དམིགས་པའི་རང་བཞིན་གྱི་རིག་བྱེད་རྣམས་སྔར་ཡང་གནས་པ་ཉིད་ཡིན་ན་དེ་ཇི་ལྟར་དེ་དག་དེའི་བྱེད་པའི་སྒོ་ནས་འབྱུང་བ་ཡིན་སྙམ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་དམིགས་པའི་རང་བཞིན་གྱི་རིག་བྱེད་རྣམས་སོ། །དེས་ན་རིག་བྱེད་ཅེས་བྱ་བ་ལ་སོགས་པས་ཚད་མ་བྱེད་

པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་བྱེད་པ་ཡོད་ན་འབྱུང་བ་དེ་ནི་དེའི་འབྲས་བུའི་ཐ་སྙད་ལ་སོགས་པར་རུང་བ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པའི་བྱེད་པ་ཡོད་ན་འབྱུང་བའི་མྱུ་གུ་ལ་སོགས་པ་ནི་དེའི་འབྲས་བུ་ཡིན་པ་བཞིན་ནོ། །དམིགས་པའི་རང་བཞིན་གྱི་རིག་བྱེད་ཀྱང་འདོན་པ་པའི་བྱེད་པ་
ཡོད་ན་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྤོང་བ་དང་ལེན་པའི་མཚན་ཉིད་རྗེས་སུ་བསྒྲུབ་པ་ནི་ཐ་སྙད་དོ། །སོགས་པའི་སྒྲས་བརྗོད་པ་དང་ཤེས་པ་གཟུང་ངོ་། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། སྔར་ཡང་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མ་ངེས་པ་ཡང་མ་
ཡིན་ཏེ། འབྲས་བུའི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །སྔོན་དུ་འབྲེལ་པ་མ་མཐོང་བ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་གསལ་བྱེད་རིམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དང་གང་གསལ་བྱེད་རིམ་པ་ཅན་ཡིན་པ་དེ་དང་དེ་ནི་སྐྱེས་བུས་བྱས་པ་ཡིན་ཏེ།
དཔེར་ན་ཟློས་གར་གྱི་སྲུང་བརྒྱུད་ལ་སོགས་པ་བཞིན་ནོ། །རིག་བྱེད་གང་གསལ་བར་བྱེད་པ་རིམ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། ཡི་གེ་རྣམས་རིམ་གྱིས་སྣང་བའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར།
གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་ཞེས་བྱ་བ་ནི་གལ་ཏེ་སྐྱེས་བུས་བྱས་པ་ཉིད་དུ་མི་འགྱུར་གྱི། འོན་ཀྱང་རྟག་པ་ཉིད་དང་ཁྱབ་པ་ཉིད་དུ་བརྗོད་པ་དེའི་ཚེ་རིམ་ཅན་དུ་མི་འགྱུར་ཏེ། འདི་ལྟར་རེ་ཞིག་ས་བོན་དང་མྱུ་གུ་དང་ལྕུག་མ་ལ་སོགས་པ་བཞིན་དུ་དུས་ཀྱིས་བྱས་པའི་རིམ་པ་རིགས་
པ་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་ཐམས་ཅད་དུས་མཚུངས་པའི་ཕྱིར་རོ། །གྲོགས་མ་ལ་སོགས་པའི་ཕྲེང་བཞིན་དུ་ཡུལ་གྱིས་བྱས་པ་ཡང་མ་ཡིན་ཏེ། ཁྱབ་པ་ཉིད་ཀྱིས་ཐམས་ཅད་ན་ནམ་མཁའི་ཡུལ་གཅིག་ཏུ་གནས་པའི་ཕྱིར་རོ། །མངོན་པར་གསལ་བས་བྱས་པ་ཡང་མ་ཡིན་ཏེ། ཁྱད་པར་བོགས་
དབྱུང་དུ་མེད་པ་ཉིད་ཀྱིས་རྟག་པ་ལ་གསལ་བར་མི་རུང་བའི་ཕྱིར་རོ། །དེ་གྲུབ་དོན་དུ་བྱས་པ་དང་། །མ་བྱས་ལུང་ཡང་ངེད་ལ་མེད། །ཅེས་གང་སྨྲས་པ་འདི་ལ། ལུང་དང་ཞེས་བྱ་བ་སྨོས་ཏེ། བཀག་སྟེ་ཞེས་བྱ་བ་ནི་ཚད་མ་བརྟག་པར་རོ། །དེ་དག་ཅེས་བྱ་བ་ནི་ལུང་དང་ཉེ་བར་འཇལ་བ་དང་། དོན་

གྱིས་གོ་བ་རྣམས་སོ། །ཚད་མ་ཡིན་པ་བཟློག་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ལ། ཚད་མ་མིན་ཉིད་ལྡོག་དོན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དེ་དངོས་པོ་ཉིད་ཡིན་ཞེ་ན། ཐོས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུས་མ་བྱས་པ་ཉིད་
ཅེས་བྱ་བ་འདིས་ཐོས་པ་རང་དབང་ཅན་དུ་བརྗོད་དོ། །སྐྱེས་བུའི་བྱེད་པ་ལ་ལྟོས་པ་མེད་པའི་ཐོས་པ་ནི། རང་བཞིན་ཉིད་ཀྱི་ཚད་ཡིན་ནོ། །ཞེས་བསམས་ནས་སྦྱོར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེས་བུས་བྱས་པ་ཉིད་ལོག་པ་ཙམ་བརྗོད་པ་ན་ཁྱད་པར་ཅི་ཞིག་བསྟན་པར་འགྱུར། གང་གི་ལྟར་ན་
དོན་དམ་པར་ཆོས་ཅན་ཐ་དད་པ་དེ་ཡང་སྐྱེས་བུས་མ་བྱས་པ་ཉིད་དངོས་པོའི་ཆོས་ཡིན་ནོ། །དོན་དམ་པར་ནི་དངོས་པོའི་རང་བཞིན་ཉིད་ཁྱབ་པར་གཞན་སྤངས་ནས། ཤེས་པར་འདོད་པ་ན། དེ་སྐད་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། དངོས་བདག་ཉིད་ཅེས་བྱ་བ་སྟེ། དེ་ལྟའི་ཞེས་བྱ་བ་ནི་རང་དབང་ཅན་ནོ། །
དངོས་པོའི་ཕྱོགས་ནི་སྒྲུབ་དོན་དུ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དངོས་པོའི་ཕྱོགས་ནི་གྲུབ་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ཞིག་གཏན་ལ་དབབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་གང་ཞིག་ཉེ་བར་བླངས་པ་དེ་བཀག་པ་ན་དངོས་པོ་དེ་ལས་ངེས་པར་མི་
འགྱུར་རོ་ཞེས་བྱ་བ་དེ་ཙམ་དུ་འགྱུར་གྱི། དངོས་པོ་ལྡོག་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཚད་མ་ལོག་ཀྱང་གཞལ་བྱ་མི་ལྡོག་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དེ་ལ་རྒྱུ་དང་ཁྱབ་པར་བྱེད་པ་ཉིད་དག་མ་ཚང་བའི་ཕྱིར་རོ། །བཀག་པ་ཞེས་བྱ་བ་ནི་སྤངས་པའོ། །ཕྱོགས་གཉི་ག་ཡང་འགྲུབ་པ་མེད་དོ་ཞེས་
བྱ་བ་འདི་ཙམ་ཞིག་བརྗོད་པར་རིགས་ཏེ། འདིར་ཞེས་བྱ་བའི་སྒྲ་ཞིག་ཁོང་ནས་དབྱུང་སྟེ། དེ་ཡང་འགྲུབ་བྱེད་ཅེས་བྱ་བ་འདིའི་རྗེས་ཐོགས་སུ་བལྟ་བར་བྱའོ། །འདི་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ལུས་ཅན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྟག་པར་སྨྲ་བས་སྒྲ་དངོས་པོར་གྱུར་པའི་
རྟག་པ་ཉིད་དུ་བསྒྲུབ་པར་འདོད་པས་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ནམ་མཁའི་བཞིན་ནོ་ཞེས་སྦྱོར་བ་བཀོད་པ་ལ། ཕྱིར་རྒོལ་བས་ལུས་ཅན་མ་ཡིན་པའི་ཕྱིར་སྒྲ་རྟག་པར་རིགས་པ་མ་ཡིན་ཏེ། བདེ་བ་ལ་སོགས་པས་མ་ངེས་པའི་ཕྱིར་དེ་ཙམ་གྱིས་དངོས་པོར་འགྱུར་བའི་རྟག་པ་ཉིད་ཀྱི་སྒྲུབ་པར་

བྱེད་པ་བཀག་ན་ཡང་སྒྲ་མི་རྟག་པ་ཉིད་དུ་གྲུབ་པ་མ་ཡིན་པ་དེ་བཞིན་དུ་འདི་མ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྟེ། བརྗོད་ན་ཡང་ཞེས་བྱ་བའི་མཇུག་ཏུ་བལྟ་བར་བྱའོ། །སྒྲ་ཞེས་བྱ་བ་འདིའི་རྗེས་ལ། རྟོག་པ་གྲུབ་པ་ཞེས་བྱ་བ་འདི་ཁ་བསྐང་བར་བྱའོ། །ཡང་ན་འཇིག་
པ་བཞིན་དུ་ཕྱོགས་གཅིག་སྦྱར་བར་བལྟ་བར་བྱའོ། །གཞན་གྱིས་སྔོན་དང་ཕྱི་མའི་མཐའ། །ཞེས་བྱ་བ་ལ་སོགས་པ་ལ། དེས་ན་གཞན་གྱིས་སྔ་ཕྱིའི་མཐའ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དོན་རྫོགས་མིན་ཞེས་བྱ་བ་ནི་རང་གི་ཕྱོགས་མ་གྲུབ་པའི་ཕྱིར་
རོ། །མ་བྱས་པ་དང་འཇིག་མེད་ཀྱིས། །རྟག་པ་ཉིད་དུ་བརྗོད་པར་འདོད། །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ལ། གལ་ཏེ་དགག་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་རྣམ་པར་རྟོག་པ་གཉིས་ཏེ། རེས་འགའ་མེད་པར་དགག་པའི་ངོ་བོའི་མ་བྱས་པ་དང་འཇིག་པ་དག་གིས་སམ།
མ་ཡིན་པའི་དགག་པའི་ངོ་བོ་དག་གིས་རྟག་པ་ཉིད་དུ་འདོད། །དེ་ལ་ཕྱོགས་དང་པོ་ལ་ནམ་མཁའི་པདྨ་ལ་སོགས་པས་མ་ངེས་པའི་ཕྱིར་རིག་བྱེད་ཀྱི་དངོས་པོར་གྱུར་པའི་རྟག་པ་ཉིད་གྲུབ་པ་མ་ཡིན་ཏེ། འདི་ལྟར་ནམ་མཁའི་པདྨ་ལ་བྱས་པ་དང་འཇིག་པ་ཉིད་བཀག་ན་ཡང་དངོས་པོར་གྱུར་པའི་རྟག་
པ་ཉིད་མ་གྲུབ་པ་དེ་བཞིན་དུ་རིག་བྱེད་ལ་ཡང་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་ལྟ་ཡིན་དང་ནམ་མཁའི་མེ་ཏོག་བཞིན་དུ་ཚད་མ་ཉིད་དུ་ཡང་མི་འགྱུར་རོ། །མ་གྲུབ་པར་ཡང་བསྟན་པའི་ཕྱིར། །བྱས་པ་ཉིད་དང་འཇིག་པ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པ་ཞེས་བྱ་བ་ནི་སུན་
ཕྱུང་བའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་འོ་ན། དེ་དག་དངོས་པོའི་བདག་ཉིད་ཀྱིས། །རང་གི་སྒྲུབ་བྱེད་ལ་ལྟོས་མིན། །ཞེས་བྱ་བ་འདི་བརྗོད་པར་མི་བྱའོ། །དེ་སྟོན་པ་ནི་མ་ཡིན་དགག །ཅེས་བྱ་བ་ལ་སོགས་པ་སྟེ། གོ་བར་ཟད་དོ། །གང་ཞིག་རིག་བྱེད་ཚིག་
གི་དོན། །ལོག་པར་རྗེས་སུ་དཔག་པས་བརྗོད། །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཚུལ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བྱས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་རྟོག་པར་རང་བཞིན་དང་འབྲས་བུ་དང་། མི་དམིགས་པ་ལས་བྱུང་བ་དེ་ནི་དགག་པར་མི་ནུས་ཏེ། འདི་ནི་

དངོས་པོ་དང་འབྲེལ་པའི་ཕྱིར་རོ། །དངོས་པོའི་རང་བཞིན་སུས་ཀྱང་རྣམ་པ་གཞན་དུ་བྱ་བར་མི་ནུས་ཏེ། དེའི་མཚན་ཉིད་ནི་རང་བཞིན་སྐྱེ་བ་ཡིན་པའི་ཕྱིར་རོ། །རང་བཞིན་གཞན་བྱེད་པ་ནི་དེ་ལ་ཅུང་ཟད་བྱས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཚད་མས་གྲུབ་
པའི་དངོས་པོ་གང་ཡིན་པ་དེ་ལ་སུས་ཀྱང་གནོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མའི་མཚན་ཉིད་དང་ལྡན་པ་ལ་གནོད་ན་དེའི་མཚན་ཉིད་སུན་ཕྱུང་བར་འགྱུར་བ་ཐམས་ཅད་དུ་ཡིད་བརྟན་པ་མེད་པའི་ཕྱིར་འགར་ཡང་ཚད་མར་མི་འགྱུར་རོ། །འདི་ཉིད་སྟོན་པ་ནི་སྐྱེས་བུས་གང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་
སྐད་དུ། སེམས་ཞེས་བྱ་བ་དང་། དེ་ཉིད་བདག་ཉིད་དོ་ཞེས་རང་བཞིན་གྱིས་འཇིག་པ་མེད་པས་མི་འཇིག་པར་སྨྲའོ་ཞེས་བྱ་བ་དང་། ཡང་སྨྲས་པ་ཀྱེ་བདག་ནི་འདི་ནི་འཇིག་པ་མེད་པ་རྒྱུན་མི་འཆད་པའི་ཆོས་ཅན་ནོ་ཞེས་བཤད་པ་ལྟ་བུའོ། །འཇིག་པ་མེད་པས་ན་མི་འཇིག་པ་སྟེ། རྟག་པར་བྱེད་པའི་དོན་ཏོ། །
ཀྱེའི་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །རིགས་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ཡོན་ཏན་དང་། རྫས་ལ་སོགས་པ་གཟུང་ངོ་། །རིགས་ལ་སོགས་པ་དེ་ཡང་ཇི་ལྟར་ཚད་མས་གནོད་པ་དེ་ལྟར་ཚིག་གི་དོན་དྲུག་བརྟག་པར་བསྒྲུབས་ཟིན་ལ། གང་ཡང་བདག་ལ་གནོད་པའི་འབྲེལ་པ་ཤེས་
པ་ཅན་གྱི་རྗེས་སུ་དཔག་པ་དེ་ཡང་བདག་མེད་པའི་གནས་སྐབས་སུ་བསྒྲུབས་ཟིན་ཏོ། །འོན་ཏེ་རིག་བྱེད་ཀྱང་ཚད་མ་མ་ཡིན་ནམ། དེ་ཇི་ལྟར་རྗེས་སུ་དཔག་པས་གནོད་པར་འགྱུར། ཅི་སྟེ་ཚད་མ་ལ་ཡང་གནོད་པར་འགྱུར་ན། རྗེས་སུ་དཔག་པ་ལ་ཡང་དེས་ཅིའི་ཕྱིར་གནོད་པར་མི་འགྱུར་ཞེས་དོགས་
པ་ལ། དངོས་པོ་དང་འབྲེལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །སྒྲ་ནི་འདོད་པ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། གཞལ་བྱའི་དངོས་པོ་ལ་འབྲེལ་པ་ཡོད་པ་མ་ཡིན་པས་དེ་དེ་ལ་ཚད་མ་མ་ཡིན་ལ། རྗེས་སུ་དཔག་པ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་
འབྲེལ་པའི་རྟགས་ཀྱི་སྟོབས་ཀྱིས་སྐྱེ་བ་ན་དངོས་པོ་དེ་ལས་འབྲེལ་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ཏེ། དེའི་ཕྱིར་གནོད་པར་བྱེད་པ་ཡིན་ནོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའོ། །ཅི་སྟེ་འབྲེལ་པ་མེད་ཀྱང་སྒྲ་དངོས་པོ་ལ་ཚད་མར་འགྱུར་ན་དེའི་ཚེ། ཧ་ཅང་ཐལ་བར་འགྱུར་རོ་ཞེས་སྟོན་པ་ནི་

སྐྱེས་བུའི་ངག་ལས་ཞེས་བྱ་བ་སྟེ། མེའི་སྦྱིན་སྲེག་ལས་མཐོ་རིས་སུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་འདི་ཅིའི་ཕྱིར་ཚད་མར་མི་འགྱུར་ཏེ། གཉི་ག་ལ་ཡང་འབྲེལ་བ་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་མེད་པ་དེ་ཉིད་བསྟན་པའི་ཕྱིར། དཔེ་ལ་ལྟོས་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་
སོ། །ཅི་སྟེ་ཡང་གལ་ཏེ་དེའི་ཕྱིར་ཉེས་པ་མི་དམིགས་པ་དེ་ལྟ་ན་ཡང་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱིས་སྲིད་པ་ཡིན་ནོ་ཞེས་བྱ་བ་དེ་ནི་རིག་བྱེད་ལ་ཡང་མཚུངས་ཏེ། འདི་ལྟར་ཇི་ལྟར་དེའི་རང་བཞིན་བདེན་པའི་དོན་ཅན་ཡིན་པ་དེ་ལྟར་ལོག་པ་ཉིད་ཀྱང་སྲིད་པའི་ཕྱིར་ཁྱད་པར་འགའ་ཡང་མེད་དོ། །དེ་ལ་ནི་ཚད་མ་
མ་ཡིན་ཞེས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ནི་མེ་ལ་སྦྱིན་སྲེག་བྱས་པས་མཐོ་རིས་སུ་མི་སྐྱེའོ་ཞེས་བྱ་བ་ལ་སོགས་པའི་ངག་སྐྱེས་བུས་བྱས་པ་ལ་ཡང་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས་སྟོན་པ་ནི་སྒྲ་ཡིས་དོན་རྟོགས་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲས་དོན་རྟོགས་པ་ན་ཡང་མཁས་པས་ཞེ་སྡང་
ཙམ་གྱིས་མེའི་སྦྱིན་སྲེག་གིས་མཐོ་རིས་སུ་མི་སྐྱེའོ་ཞེས་བྱ་བ་འདི་མིང་ཅན་དེ་སྐྱེས་བུས་བྱས་པ་ན་དེ་ལ་སྟེ་དཔྱོད་པ་པ་རྣམས་ལ་ཚད་མ་མ་ཡིན་ནོ་ཞེས་དེ་ལྟར་བརྗོད་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །འདིས་ནི་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་གཉིས་ཤིན་ཏུ་ལྐོག་ཏུ་མ་གྱུར་པའི་དོན་
ལ་རྟོགས་པའི་རྒྱུ་མཚན་མཚུངས་པ་ཉིད་དུ་བསྟན་ཏོ། །དེ་ལྟ་ཡིན་དང་རྟོགས་པའི་རྒྱུ་མཚན་མཚུངས་པ་ཉིད་ཡིན་ན་སྐྱེས་བུས་མ་བྱས་པ་ཁོ་ན་ཚད་མ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་རིགས་པ་དང་བྲལ་བ་ཡིན་ནོ། །ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་དེ་ལ་ལོག་པ་
ཉིད་དུ་རྟོགས་ཀྱི་སྐྱེས་བུས་མ་བྱས་པ་ལ་ནི་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པ་དག་ལ་ཡང་རང་བཞིན་གྱིས་ལོག་པའི་དོན་ཤེས་པའི་རྒྱུ་ཉིད་སྲིད་པ་ཡིན་པའི་ཕྱིར་རོ། །དོན་དེ་ཉིད་སྟོན་པ་ནི། དེ་ལྟར་སྒྲ་ཀུན་ཞེས་བྱ་བ་སྟེ། ཀུན་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་དང་
སྐྱེས་བུས་མ་བྱས་པའོ། །གཅིག་ཉིད་ལ་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ལའོ། །སྡང་བ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་དེ་མ་ཐག་བརྗོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་ཐག་ཏུ་བརྗོད་པ་ནི་སྒྲ་འདོད་པ་ཙམ་གྱིས་འཇུག་པ་ཉིད་ཀྱི་དངོས་པོ་ལ་འབྲེལ་བ་མེད་པའི་

ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཤེས་རབ་ཅན་དག་ཅེས་བྱ་བ་ན་བདེ་བར་གཤེགས་པ་པ་རྣམས་སོ། །གང་ཡང་བཤད་པ་བྱེད་པས་རིག་བྱེད་ཀྱི་ངག་ལས་ཤེས་པ་ནི་མངོན་སུམ་ཡིན་ལ། རྗེས་སུ་དཔག་པ་ནི་མངོན་སུམ་དང་འགལ་ན་ནི་ཚད་མར་འགྱུར་བ་མ་ཡིན་ནོ་ཞེས་
བཤད་དོ། །གང་ཡང་འདི་སྐད་དུ། སྐུར་བར་བྱེད་ནི་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བ་དང་། ཕྲ་བ་དང་། ཆོད་པ་དང་། སྐལ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་རྟོགས་པར་ནུས་ཀྱི། གཞན་དབང་པོས་ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཐམས་
ཅད་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། སྐྱེས་བུས་བྱས་པའི་ཚིག་ལ་འདི་ཐམས་ཅད་མཚུངས་པའི་ཕྱིར་རོ། །འཛིན་དང་འདོན་དང་འཆད་པའི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ལོག་པའི་རྗེས་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ལོག་པའི་རྗེས་སུ་ཆགས་པ་ལས་སྐྱེས་པ་
ཡང་ཡིན་ལ། རིག་བྱེད་སེམས་པ་ཡང་ཡིན་ནོ་ཞེས་བསྡུ་བར་བྱས་ལ། དེ་རྨོངས་པར་བྱས་པས་ཞེས་ཕྱིས་གསུམ་པའི་བསྡུ་བའོ། །སེམས་པ་ནི་མོད་ལ་སེམས་པའོ། །ལོག་པའི་རྗེས་སུ་ཆགས་པས་ཉེས་པ་ཡོད་ན་ཡང་མངོན་པར་མི་འགྱུར་ཏེ། དཔེར་ན་པར་སིག་པ་ལ་སོགས་པ་རྣམས་ཀྱིས་
མ་བག་མར་ལེན་པ་ལ་སོགས་པ་ལྟ་བུ་ཡིན་པའི་ཕྱིར་ངོ་མཚར་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་སྣང་བ་ལས་བྱུང་བའི། །ངོ་ཤེས་པ་ཡིས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ངོ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱི་མཚན་ཉིད་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་
ཡིན་ལ། ངོ་ཤེས་པ་ནི་རྟོག་པ་དང་བྲལ་བ་མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ་སྙམ་དུ་སྒྲའི་རྣམ་པ་དང་ལྡན་པར་འཇུག་པའི་ཕྱིར་རོ། །མ་འཁྲུལ་པ་ཡང་མ་ཡིན་ཏེ། སྔར་མཐོང་བ་དང་ད་ལྟ་སྐྱེས་པ་དག་གཅིག་ཏུ་མཚམས་སྦྱོར་བའི་ཕྱིར་རོ། །སྔར་མཐོང་བ་གང་ཡིན་པ་དེ་ཉིད་ཕྱིས་མཐོང་བ་
ཡང་མ་ཡིན་ཏེ། རིམ་ཅན་མ་ཡིན་པ་ལས་ཤེས་པ་རིམ་ཅན་དུ་མི་འཐད་པའི་ཕྱིར་རོ། །འགའ་ཞིག་ལས་འབྱུང་བའི་ཆོས་ཅན་གྱི་འབྲས་བུ་རེས་འགའ་མི་འགྱུར་བ་གང་ཡིན་པ་དེ་ནི་དེ་མ་ཚང་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་མ་ཚང་བ་མེད་པ་ཡིན་ན་ཅིའི་ཕྱིར་འབྲས་བུ་སྡོད་པར་འགྱུར། རྟག་

པ་ནི་ཕན་གདགས་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་རེས་འགའ་ལྟོས་པར་འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལས་བྱུང་བའི་ཤེས་པ་ཅིག་ཅར་བར་འགྱུར་རོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་རྒྱུ་མ་ཚང་བ་མེད་པ་དེ་ནི་དེའི་ཚེ་འབྱུང་བ་ཉིད་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་རྒྱུའི་ཚོགས་པ་མཐའ་དག་
གི་མཐའི་གནས་སྐབས་ཅན་གྱི་མིག་གི་རྣམ་པར་ཤེས་པ་ཡིན་ནོ། །བ་ལང་ལ་སོགས་པའི་སྒྲ་ལས་བྱུང་བའི་ཤེས་པ་ཡང་གནས་སྐབས་ཐམས་ཅད་དུ་རྒྱུ་མ་ཚང་བ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་འཁྲུལ་པའི་ཕྱིར་དང་། རྟོག་པ་དང་བཅས་པའི་
ཕྱིར་ངོ་ཤེས་པ་མངོན་སུམ་ཉིད་དུ་མ་གྲུབ་པོ་ཞེས་དང་པོ་ཉིད་དུ་བསྟན་པའི་དངོས་པོ་རྟག་པར་བསྟན་ཟིན་ཏོ། །ཐམས་ཅད་དུ་རང་གི་ངོ་བོས་ངོ་ཤེས་པ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲའི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ནེ་ཙོ་དང་རི་སྐེགས་ལ་སོགས་པ་དག་གིས་
སྒྲ་སྒྲོགས་པ་དེ་དག་ལ་འདི་ནི་རི་སྐེགས་ཀྱི་སྒྲའོ། །འདི་ནི་ནེ་ཙོའི་སྒྲའོ་ཞེས་ཕན་ཚུན་ཡུལ་ཐ་དད་པའི་ཕྱིར་ཐ་དད་པའི་ཤེས་པར་འགྱུར་བས་ཐམས་ཅད་དུ་རང་གི་ངོ་བོ་ངོ་ཤེས་པ་གྲུབ་པ་མ་ཡིན་ནོ། །ཡང་ཅི་སྟེ་གསལ་བར་བྱེད་པ་ཐ་དད་པས་ནི་ནེ་ཙོ་ལ་སོགས་པའི་སྒྲ་ལ་ཕན་ཚུན་དུ་ལྡོག་པའི་ཤེས་
པ་འདི་སྐྱེའོ་སྙམ་པ་འདི་ཡང་མི་འཐད་དེ། གསལ་བར་བྱེད་པ་སེལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་འཆད་པ་ནི་གལ་ཏེ་གསལ་བྱེད་ཅེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་ལྡོག་པའི་ངོ་བོའི་ཤེས་པའོ། །གཞན་ཡང་གལ་ཏེ་སྒྲ་རྣམས་ཀྱི་ཐ་དད་པ་གྲུབ་ན་ཡང་གསལ་བྱེད་ཀྱིས་
བྱས་པའམ། ཐ་དད་པ་ཡིན་གྱི། རང་གི་ངོ་བོ་ནི་མ་ཡིན་པ་དེའི་ཚེ་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ་ཞེས་ཧ་ཅང་ཐལ་བར་འགྱུར་བ་བསྟན་པའི་ཕྱིར། ཁྱེད་ལ་རིག་པ་འདི་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཅེས་བྱ་བ་ནི་སྣ་ཚོགས་པའོ། །དེ་ལྟར་འགྱུར་མོད་
ཅེ་ན། དེའི་ཕྱིར་ཁྱེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་གསལ་བར་བྱེད་པའོ། །འདི་ནི་གསལ་བར་བྱ་བའོ་ཞེས་བྱ་བའི་ཐ་དད་པའི་རྒྱུ་མཚན་གྱི་ཐ་སྙད་དུ་མི་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་འདི་དག་ནི་སྐྱེས་བུས་བྱས་པ་ཡིན་ལ། བདག་ཅག་རིག་བྱེད་ལྷས་ཞི་

བར་བྱས་སོ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་ཁྱེད་ཅག་ལ་ངོ་ཤེས་པའི་མཐར་ཐུག་པའི་རྣམ་པར་གཞག་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གསལ་བྱེད་རིམ་པ་ཞེས་བྱ་བ་ལ་སོགས་པས་གཞན་དག་འཇིག་རྟེན་པ་དང་རིག་བྱེད་ཐ་དད་པར་
རྣམ་པར་གཞག་པ་སྟོན་པ་ཡིན་ནོ། །གསལ་བྱེད་རིག་པས་གནས་པའི་ཕྱིར། །ཞེས་བྱ་བ་ནི་ངེས་པའི་ཕྱིར། ཁ་ཅིག་ནི་བདག་ཅག་ལྷས་ཞི་བར་བྱས་སོ་ཞེས་བྱ་བ་ལ་སོགས་པ་རིམ་པ་ངེས་པ་ཉིད་རྟོགས་པར་བྱེད་དེ། དེའི་ཕྱིར་རིམ་པ་ངེས་པ་དང་ལྡན་པ་དེ་དག་སྐྱེས་བུས་མ་བྱས་པར་འདོད་ལ།
ཤུགས་ཀྱིས་བཟློག་པ་ནི་སྐྱེས་བུས་བྱས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །རྐན་སོགས་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བྱེད་དེ། རིམ་པ་ངེས་པ་དང་ལྡན་པར་མ་གྲུབ་སྟེ། གསལ་བར་བྱེད་པའི་རིམ་པ་ངེས་པའི་ཕྱིར་དེ་འདོད་ལ། རྐན་ལ་སོགས་པ་གསལ་བར་བྱེད་པའི་རིམ་པ་དེ་ཡང་སྐྱེས་
བུའི་འདོད་པ་ལ་རག་ལས་ནས་འཇུག་པའི་ཕྱིར་མ་ངེས་པ་ཡིན་ལ། སྐྱེས་བུའི་འདོད་པ་ཡང་རང་དགའ་བ་ཡིན་པའི་ཕྱིར་ཏེ། གང་ལ་འདོད་པ་རང་དབང་ཅན། །དེ་ལ་ངེས་པ་ཞེས་བྱ་གང་། །ཞེས་གང་བཤད་པ་ཡིན་ནོ། །དེ་ལྟ་ཡིན་དང་བདག་ཅག་ལྷས་ཞི་བར་བྱས་སོ་ཞེས་བྱ་བ་ལ་སོགས་པའི་
རིམ་པ་འདི་ཉིད་དུས་ཐམས་ཅད་དུ་བྱུང་བ་དང་འབྱུང་བར་འགྱུར་རོ་ཞེས་བྱ་བ་འདི་ལ་ངེས་པ་གང་ཞིག་ཡིན། ཚད་མ་མེད་པའི་རེས་འགའ་རིམ་པ་གཞན་དུ་ཡང་སྲིད་པ་ཡིན་ནོ། །མེ་ལྕེ་ལ་སོགས་སྐད་ཅིག་མ། །ཡིན་ཡང་ངོ་ཤེས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་མེ་ཉིད་ལ་སོགས་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །འདི་ཐམས་ཅད་ཡི་གེ་རྣམས་ལ་ཡང་བརྟག་པར་ནུས་སོ་ཞེས་བསྟན་པའི་ཕྱིར། སྐད་ཅིག་རེ་རེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ཞེས་བྱ་བ་ནི་གཞན་ལས་ལྡོག་པའི་མཚན་ཉིད་དོ། །ཡུལ་དང་དུས་སོགས་ཐ་དད་པའི། །བ་ལང་སྒྲ་ཡིས་གསལ་བའི་བློ། །ཞེས་བྱ་བ་ལ་
སོགས་པ་དེ་ལ། སྒྲ་གཅིག་གྲུབ་པར་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་སྒྲ་གཅིག་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་རྗེས་སུ་དཔག་པའི་སྦྱོར་བ་སྨྲས་པ་དེ་དག་ཐམས་ཅད་ལ་བསྒྲུབ་བྱ་ལས་བཟློག་པ་ལས་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་མ་བསྟན་པའི་ཕྱིར། ཐམས་ཅད་མ་ངེས་པ་ཉིད་

ཡིན་ནོ། །འདི་འདྲ་གང་དེ་བསྟན་པར་མཐོང་། །དུ་བའི་སྤྱི་ཡི་ཆ་བཞིན་ནོ། །ཞེས་གང་སྨྲས་པའི་དཔེ་འདི་བསྒྲུབ་བྱ་མ་ཚང་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུ་བའི་སྤྱི་ཡི་ཆ་ཡང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉིད་རིགས་མི་མཐུན་པ་ལས་ལྡོག་པའི་སྤྱི་ནི་རྟགས་ཞེས་བྱའི་གཞན་ནི་མ་ཡིན་
ཏེ། དེ་ཡང་མི་རྟག་པ་ཉིད་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱ་མ་ཚང་བ་མ་ཡིན་ནོ། །རིགས་ལས་བུམ་སོགས་གཅིག་གྱུར་ན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་ཡི་གེ་རྣམས་ལ་ཡང་ལན་མཚུངས་སོ་ཞེས་སྟོན་པ་ནི། རིགས་ལ་སོགས་པ་གཅིག་ཉིད་འགྱུར། །ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་དང་
དུས་སོགས་ཐ་དད་པའི། །ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལྔས་གལ་ཏེ་གཞན་སེལ་བའི་མཚན་ཉིད་ཀྱི་སྤྱི་གཅིག་ཉིད་དུ་སྒྲུབ་པར་བྱེད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཐམས་ཅད་དེ་མ་ཡིན་པ་ལས་ལྡོག་པའི་ངོ་བོའི་སྤྱི་བློ་གཅིག་གིས་ཞེན་པའི་དབང་གིས་གཅིག་ཏུ་འདོད་པའི་ཕྱིར་རོ། །ཅི་སྟེ་
གསལ་བ་རང་གི་མཚན་ཉིད་གཅིག་ཉིད་དུ་སྒྲུབ་ན་དེའི་ཚེ་ཁྱབ་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གནོད་པའི་ཕྱིར་གཏན་ཚིགས་རྣམས་མ་ངེས་པ་ཡིན་ནོ། །དབང་ཕྱུག་སོགས་རྣམས་ཀྱིས་ཞེས་བྱ་བ་ལ་དབང་པོ་ནི་དབང་པོ་སྟེ། དེ་ལ་ཡོད་པ་ནི་དབང་པོ་ལས་བྱུང་བ་སྟེ། མངོན་སུམ་ཞེས་བྱ་བའི་
ཐ་ཚིག་གོ། །སོགས་པའི་སྒྲས་རྗེས་སུ་དཔག་པ་གཟུང་སྟེ། མང་པོའི་ཚིག་ནི་གསལ་བར་ཐ་དད་པ་ལ་ལྟོས་པ་ཡིན་ནོ། །ཇི་ལྟར་མངོན་སུམ་གྱིས་ཐ་དད་དུ་རྟོགས་ཤེ་ན། གང་ཕྱིར་སྡུག་དང་མི་སྡུག་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་པ་ནི་རྗེས་སུ་མཐུན་པ་ཡིན་ལ་ལྡོག་པ་ནི་མི་སྡུག་པའོ། །
རྗེས་སུ་དཔག་པས་ཀྱང་གནོད་པར་སྟོན་པ་ནི། བློ་རྣམས་ཞེས་བྱ་བ་ལ་སོགས་པས་ཏེ། དོན་འདིས་ནི། ཁ་རྩང་དེ་རིང་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསལ་བར་བྱེད་པར་འགྱུར་རོ། །སྦྱོར་བ་ནི་གང་དང་གང་སྣང་བ་ཐ་དད་པའི་བློ་དེ་དག་ཐམས་ཅད་ནི་ཡུལ་གཅིག་པ་མ་ཡིན་ཏེ། དཔེར་ན་རོ་དང་
གཟུགས་ལ་སོགས་པའི་ཡུལ་ཅན་བཞིན་ནོ། །ཡུལ་དང་དུས་ལ་སོགས་པ་ཐ་དད་པའི་བ་ལང་གི་སྒྲའི་གསལ་བའི་བློ་རྣམས་ཀྱི་སྣང་བ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདིའི་མ་གྲུབ་པ་ཉིད་སྤངས་པའི་ཕྱིར། དྲུག་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བློ་

རྣམས་རིམ་ཅན་དུ་འབྱུང་ཕྱིར། །མྱུ་གུ་སོགས་བཞིན་ཐ་དད་གྲུབ། །ཅེས་བྱ་བའི་དོན་ལ་ཚད་མ་བྱ་བའི་ཕྱིར། ཁ་རྩང་དེ་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དང་གང་རིམ་གྱིས་འབྱུང་བའི་ཤེས་པ་དེ་དག་ནི་ཡུལ་གཅིག་པ་མ་ཡིན་ཏེ། དཔེར་ན་རོ་དང་གཟུགས་ལ་སོགས་
པའི་ཤེས་པ་རིམ་གྱིས་འབྱུང་བ་བཞིན་ནོ། །ཁ་རྩང་དང་དེ་རིང་གི་བ་ལང་གི་སྒྲའི་ཡུལ་ཅན་གྱི་ཤེས་པ་འདི་དག་ཀྱང་རིམ་གྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་དུ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་གཉི་གའི་ཡང་མ་ངེས་པ་ཉིད་སྤོང་བར་བྱེད་པ་ཡིན་
ཏེ། བློ་རྣམས་ཐམས་ཅད་ཅེས་བྱ་བ་ནི་རོ་དང་གཟུགས་ལ་སོགས་པའི་བློ་རྣམས་ཕན་ཚུན་དམིགས་པ་ཐ་མི་དད་པ་ཉིད་དུ་ཐལ་བར་འགྱུར་བ་ནི་སྣང་བ་ཐ་དད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གནོད་པ་ཅན་གྱི་ཚད་མ་ཡིན་ལ། རིམ་གྱིས་འབྱུང་བ་འགལ་བ་ཡིན། །ཞེས་བྱ་བ་འདི་ནི། རིམ་གྱིས་འབྱུང་
ཕྱིར་ཞེས་བྱ་བ་འདིའི་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །འབྲེལ་པ་བཅོས་མ་ཉིད་ཡིན་ཡང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དངོས་པོ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་སླའོ། །ཡང་ཅིའི་ཕྱིར། འཇིག་རྟེན་པ་ཡིས་ཞེས་བརྗོད་ཅེ་ན། དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཐ་དད་ཕྱིར་ཞེས་བྱ་བ་འདིས་ནི་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་བཀག་པ་ཡིན་ནོ། །དེ་ལས་བྱུང་བ་མ་ཡིན་ཕྱིར། །ཞེས་བྱ་བ་འདིས་ནི་དེ་ལས་བྱུང་བའི་མཚན་ཉིད་བཀག་པ་ཡིན་ནོ། །འདི་དག་ལས་གཞན་པའི་འབྲེལ་པ་ཡང་མེད་ལ། འབྲེལ་པ་མེད་པར་ཡང་སྒྲ་དོན་རྟོགས་པར་བྱེད་པ་ཉིད་
དུ་ངེས་པར་འགྱུར་བ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་སྒྲ་དང་དོན་དག་གི་འབྲེལ་པ་ནི་སྒྲོ་བཏགས་པ་ཡིན་ནོ་ཞེས་དང་པོ་ཉིད་དུ་གཞན་སེལ་བ་བསམ་པར་བསྟན་ཟིན་ཏོ། །དེའི་ཕྱིར་མ་བཅོས་པ་ན་སྒྲ། །ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ། གཏན་ཚིགས་དང་དཔེ་དག་མ་གྲུབ་པ་ཉིད་དུ་
བསྟན་པའི་ཕྱིར། བ་ལང་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ཉིད་རྟག་བསལ་བ་ཡིན། །ཞེས་བྱ་བ་འདིས་ནི་རྟག་ཏུ་ཞེས་བྱ་བ་འདིས་མ་གྲུབ་པ་ཉིད་དུ་བཤད་དོ། །འབྲེལ་པ་རྟག་པ་བསལ་བ་ཡིན། །ཞེས་བྱ་བ་འདིས་རྟག་པ་དང་འབྲེལ་ཕྱིར་ཞེས་བྱ་བ་འདི་མ་གྲུབ་པར་བཤད་དོ། །རྡུལ་

ཕྲན་ནམ་མཁའ་སོགས་ཀྱང་སྤངས། །ཞེས་བྱ་བ་འདིས་ནི། རྡུན་ཕྲན་རྣམས་དང་ནམ་མཁའ་བཞིན། །ཞེས་བྱ་བ་འདི་མ་གྲུབ་པར་བཤད་དོ། །བསལ་ཞེས་བྱ་བ་འདི་སུན་ཕྱུང་བ་སྟེ། ཚིག་གི་དོན་དྲུག་བརྟག་པར་བྱའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཞེས་བྱ་བ་དགག་པའོ། །དུ་མའི་
སྤྱི་ལ་མངོན་ཕྱོགས་པ། །ཞེས་བྱ་བ་ལ་སོགས་པ་ལ། དམིགས་གཟུང་བ་ལང་ཉིད་བརྗོད་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཇི་ལྟར་འཁྲུལ་པ་ཉིད་དུ་གྲུབ་ཅེ་ན། སྐད་ཅིག་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་བུམ་སོགས་རྙིངས་པའམ། །མཚོན་ཆ་སོགས་ཀྱིས་ཞེས་བྱ་བ་ལ་སོགས་
པ་ལ། བུམ་པ་སོགས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞེས་བྱ་བ་འདི་ཡང་བསྟན་ཟིན་ཞེས་བྱ་བ་ནི་བསྟན་པའི་དངོས་པོ་བརྟག་པར་འཇིག་པ་རྒྱུ་མེད་པ་ཉིད་དུ་བསྟན་པས་སོ། །ཇི་ལྟར་བུམ་པ་ལ་སོགས་པ་ལ་ཡང་འཇིག་པའི་རྒྱུ་མེད་པའི་ཕྱིར་དེ་སྒྲ་ལ་ཅིའི་ཕྱིར་འབྱུང་བར་འགྱུར་ཏེ། འཇིག་པའི་རྒྱུ་
ཞེས་སྐབས་དང་སྦྱར་རོ། །འདིས་ནི་གྲུབ་པ་ལ་སྒྲུབ་པ་དང་ཆོས་མི་མཐུན་པའི་དཔེ་ཡང་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡུལ་དང་དུས་དང་སྦྱོར་བྱེད་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། ངོ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །གང་ཉིད་ཡང་དག་ཅེས་བྱ་བ་ལ་སོགས་པའི་
སྦྱོར་བ་ལ་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་སྐྱོན་ནི་གང་ལས་ཐ་དད་པའི་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཅེས་བྱ་བ་ནི་མིན་ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཡང་ཅི་སྟེ་གཞན་སེལ་བའི་བདག་ཉིད་ཀྱི་ཡང་རྟེན་དུ་མི་འགྱུར་རོ་སྙམ་ཏེ། དེ་ལྟར་དེ་རྣམ་པ་འདིས་བསྒྲུབ་པ་ཡིན་ཏེ། དེས་ན་གྲུབ་
པ་ལ་སྒྲུབ་པར་མི་འགྱུར་ཏེ། ཁྱེད་ཀྱི་གཞན་སེལ་བའི་རྟེན་དེ་ག་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྤོང་བ་ཡིན་ཏེ། དེ་ལྟར་སྒྲུབ་པ་ལ་གཏན་ཚིགས་མ་གྲུབ་པར་འགྱུར་ཏེ། འདི་ལྟར་གཞན་སེལ་བ་ཞེས་བྱ་བ་དགག་པའི་དངོས་པོ་ལས་མ་གཏོགས་པ་གཞན་འགའ་
ཞིག་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ག་ལ་སོགས་པ་གསལ་བའི་ངོ་བོ་རིགས་མི་མཐུན་པ་ལས་ལྡོག་པ་དེ་ཉིད་ཡིན་ཏེ། ཁྱད་པར་གཞན་སྤངས་ནས་དེ་ཙམ་ཤེས་པར་འདོད་པ་ལ་གཞན་ལས་ལྡོག་པ་དང་གཞན་སེལ་བ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་རྣམས་ཀྱིས་བརྗོད་པ་ཡིན་ནོ། །

དེ་ཆོས་ཅན་གྱི་རང་གི་ངོ་བོ་མེད་པར་བསྒྲུབ་པར་བྱ་བ་ལ། ག་ལས་གཞན་པའི་བློ་མ་བརྗོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཆོས་ཅན་གང་གི་ཆོས་སུ་འགྱུར་ཏེ། གང་གི་ཡང་མ་ཡིན་ནོ། །གང་ཡང་གཞན་གྱིས་ཀུན་དུ་བརྟགས་པའི་ག་ཉིད་བཞིན་ནོ་ཞེས་དཔེར་བྱེད་པ་དེ་ཡང་ཆོས་ཅན་
མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དངོས་པོ་པ་ཡི་རྗེས་དཔག་ཀུན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་ལ་སོགས་པས་ཞེས་བྱ་བའི་སོགས་པའི་སྒྲས་གཏན་ཚིགས་ལ་སོགས་པ་གཟུང་ངོ་། །གཞན་ཡང་མ་བརྗོད་པ་ན་ཡང་རྒོལ་བས་འདོད་པས་ཡུལ་དུ་བྱས་པ་གང་ཡིན་པ་ཁོ་ན་བསྒྲུབ་བྱར་འདོད་
ལ། འདིར་ཁྱེད་ཅག་གིས་ག་ཉིད་དགག་པ་ཙམ་བསྒྲུབ་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐབས་འདིས་ག་གཅིག་ཉིད་དུ་བསྟན་པར་འདོད་པ་ཡིན་ལ། དམ་བཅའ་བ་འདི་ལ་མངོན་སུམ་ལ་སོགས་པས་གནོད་པ་སྔར་བསྟན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁྱེད་ཀྱིས་འབད་པ་ཞེས་བྱ་བ་སྨོས་
ཏེ། འདི་དག་ཅེས་བྱ་བ་ནི་ཐ་དད་པའི་ག་ཉིད་ཀྱི་རྟེན་དགག་པའོ། །མངོན་སུམ་གྱིས་གནོད་པའང་ཞེས་བྱ་བའི་ཡང་གི་སྒྲ་རྗེས་སུ་དཔག་པས་གནོད་པ་གཟུང་ངོ་། །བརྗོད་པ་ཞེས་བྱ་བ་ནི། གང་ཕྱིར་སྡུག་དང་མི་སྡུག་སོགས། །ཞེས་བྱ་བ་ལ་སོགས་པས་བསྟན་པའོ། །གཉིས་ལ་གྲུབ་པའི་ཞེས་བྱ་བ་ལ་
སོགས་པ་གང་སྨྲས་པ་དེ་ལ། ཁ་རྩང་དེ་རིང་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞེས་བྱ་བ་ལ་འདིར་ཡང་བརྗོད་པ་ཞེས་རྟགས་དང་རྣམ་པར་དབྱེ་བ་ཡོངས་སུ་བསྒྱུར་ལ་སྦྲེལ་བར་བྱའོ། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་སྒྲ་ཐ་དད་དུ་གྲུབ་པའི་ཕྱིར་ཡི་གེ་གཅིག་གཉིས་ལ་
གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར་བརྟགས་པའི་གཞན་སེལ་བ་བརྟགས་པ་ཉིད་དུ་བརྟག་པ་ཡིན་ཏེ། མཚུངས་པར་རྟོག་པའི་ཤེས་པ་གཅིག་ཉིད་དུ་ཞེན་པའི་ཕྱིར་རོ། །གང་ཚེ་སྒྲ་ཙམ་ལེགས་བྱས་པའི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་ལ། སྒྲ་ནི་ཉེ་བར་དམིགས་དུས་སུ། །ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གལ་ཏེ་རྣ་བ་ལེགས་པར་བྱེད་པའི་རླུང་རྣམས་ཚད་མ་འགའ་ཞིག་གིས་གྲུབ་པར་གྱུར་ན་དེའི་ཚེ་སྒྲ་ཙམ་གྱིས་རྣ་བ་ལེགས་པར་བྱས་པ་ཡིན་ནོ་ཞེས་བརྗོད་པར་བྱ་བར་འགྱུར་ན། དེ་དག་གྲུབ་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་དང་འབྲེལ་པ་སྟེ་དེ་སྒྲ་དང་འབྲེལ་པས་སྒྲ་ཙམ་དེ་རྟོག་པ་མངོན་

སུམ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྟག་པ་ཙམ་ཡིན་ནོ། །དཔེར་ན་མངར་བ་ཁ་བ་དང་། །དཀར་པོ་སེར་པོའི་ངོ་བོར་འཛིན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། མངར་བ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི། དེ་ཡི་དབང་གིས་སྒྲ་ལ་བློ། །ཞེས་གང་སྨྲས་པ་དེ་གསལ་བ་ཡིན་ནོ། །གཞན་
གྱི་རྣམ་པ་ཅན་གྱི་ཤེས་པ་གཞན་གྱི་ཡུལ་ཅན་དུ་རིགས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཅི་སྟེ་གལ་ཏེ་སྒྲའི་ཤེས་པ་དེའི་ཡུལ་མ་ཡིན་ན། དེ་ཇི་ལྟར་ཡུལ་མེད་པ་ཉིད་ཡིན་ཞེ་ན། མྱུར་དང་དལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མྱུར་བ་དང་དལ་བ་དང་བར་མའི་རྣམ་པར་
ཤེས་པ་སྐྱེ་ལ། སྒྲ་ལ་ནི་མྱུར་བ་ལ་སོགས་པའི་རྣམ་པ་ཡོད་པ་མ་ཡིན་ཏེ། དེ་ནི་རྟག་པ་དང་ཁ་ཕྲ་བ་ཉིད་ཀྱིས་ངོ་བོ་གཅིག་ཉིད་ཡིན་པའི་ཕྱིར་རོ། །གང་ཞིག་སྣང་བར་འགྱུར་བ་མྱུར་བ་ལ་སོགས་པའི་རྣམ་པ་དང་ལྡན་པའི་དོན་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་རྣམ་པའི་རྗེས་སུ་བྱེད་པའི་དོན་
མེད་པའི་ཕྱིར་འདི་ཡུལ་མེད་པ་ཉིད་ཡིན་ནོ། །འདི་སྙམ་དུ་སྒྲ་དེ་ཉིད་མྱུར་བ་ལ་སོགས་པའི་ངོ་བོས་རྣམ་པ་གཞན་དུ་སྣང་བ་དེ་ནི་དེའི་དམིགས་པར་འགྱུར་ཏེ། ཇི་སྐད་དུ། ཡུལ་དང་དུས་གཞན་བདག་ཉིད་ཀྱིས། །ཕྱི་རོལ་རྣམ་ཀུན་དམིགས་པ་ཡིན། །ཞེས་ཇི་སྐད་དུ་བཤད་པ་བཞིན་ནོ་སྙམ་དུ་སེམས་ན།
འདིར་སྨྲས་པ། དོན་དེ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགལ་ཞེས་བྱ་བ་ནི་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་ཆོས་ཅན་གཅིག་ལ་མི་རུང་བའི་ཕྱིར་རོ། །གཞན་ཡང་ཤེས་པ་འདི་ཐམས་ཅད་འཁྲུལ་པ་ཡིན་པའི་ཕྱིར། རྣམ་པ་མེད་པའི་
ཕྱོགས་དང་རྣམ་པ་དང་བཅས་པའི་ཕྱོགས་ལ་ཡང་ཡུལ་མེད་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྣམ་པ་མེད་པའི་ཤེས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་རྣམ་པ་མེད་པར་སྨྲ་བའི་སྔོན་པོ་ལ་སོགས་པའི་རྣམ་པ་ནི་དོན་དུ་གཏོགས་པ་ཉིད་ཉམས་སུ་མྱོང་བ་ཡིན་གྱི། ཇི་ལྟར་འཁྲུལ་པའི་
ཤེས་པ་ལ་སེར་པོ་ལ་སོགས་པ་སྣང་བ་དེ་ལྟར་དུང་ལ་སོགས་པའི་དོན་གནས་པ་ནི་མ་ཡིན་པའི་ཕྱིར་འདི་ཡུལ་མེད་པ་ཉིད་གསལ་རབ་པ་ཉིད་དོ། །འོན་ཏེ་སེར་པོ་ལ་སོགས་པའི་རྣམ་པ་གལ་ཏེ་དོན་དུ་གཏོགས་པ་མ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་དེ་ཤེས་པར་གཏོགས་པར་འགྱུར་དགོས་ཏེ། དེ་ལྟ་མ་ཡིན་ཏེ་གཉི་

ག་ལ་ཡང་མེད་ན་ཇི་ལྟར་ཉམས་སུ་མྱོང་བར་འགྱུར། དེ་ལྟ་ཡིན་དང་ཤེས་པར་གཏོགས་པ་ཡིན་ན་ཇི་ལྟར་ཤེས་པ་རྣམ་པ་མེད་པ་ཞེས་བརྗོད་པར་བྱ་ཞེ་ན། འདི་ནི་བདེན་མོད་ཀྱི། འོན་ཀྱང་ཤེས་པ་རྣམ་པ་མེད་པར་སྨྲ་བའི་ཕྱོགས་ཁས་བླངས་ནས་ཤེས་པའི་ཡུལ་མེད་པ་འདི་བརྗོད་དེ།
གང་ཞིག་ཤེས་པ་རྣམ་པ་མེད་པར་འདོད་པ་དེ་ཉིད་ལ་འདིར་ལན་བརྗོད་པར་བྱའོ། །ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་ཡང་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ལས་དོན་ཉམས་སུ་མྱོང་བར་འཇོག་སྟེ། འཁྲུལ་པའི་ཤེས་པ་ལ་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་
སུ་མྱོང་བ་མེད་པའི་ཕྱིར་ཡུལ་མེད་པ་ཉིད་ཡིན་ནོ། །རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དག་ལས་གཞན་པའི་རྣམ་པའི་ཡུལ་འཛིན་པའི་ཤེས་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འདི་ལ་འཁྲུལ་པའི་རྒྱུ་མཚན་ཡང་སྲིད་
པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གསལ་བྱེད་ཡོད་པར་རིགས་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་བྱེད་པ་ཐ་དད་པ་ནི་སྒྲ་ཙམ་སྒྲ་ལ་ཐ་དད་འཁྲུལ་པའི་རྒྱུ་མཚན་དུ་བརྗོད་ལ། རྟག་པ་ལ་ནི་གསལ་བར་བྱེད་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་ལ་དེ་ཅུང་ཟད་ཀྱང་མི་བྱེད་པའི་
ཕྱིར་རོ། །ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པ་དེ་ནི་གསལ་བར་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་གང་སུ་ཡང་རུང་བ་གསལ་བར་བྱེད་པར་འགྱུར་རོ། །དེ་ལྟ་བས་ན་གསལ་བར་བྱེད་པའི་ལེགས་པར་བྱེད་པའི་རྗེས་སུ་བྱེད་པའི་ཕྱིར་སྒྲ་ཙམ་སྟེ། སྒྲ་ལ་བློ་ཐ་དད་པར་
རིགས་པ་མ་ཡིན་ནོ། །དཔེར་ན་སྒྲོན་མ་ལ་སོགས་པ། །མིག་གི་ཕན་འདོགས་བྱེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཚིགས་སུ་བཅད་པ་གཅིག་གིས་ཚིགས་སུ་བཅད་པ་སྔ་མ་འདིའི་དོན་ཉེ་བར་བཀོད་ནས་ཚིགས་སུ་བཅད་པ་གཉིས་པ་ལ་སོགས་པས་སུན་དབྱུང་བའི་ཕྱིར།
ཇི་ལྟར་བུམ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ལེགས་པར་བྱས་སུ་ཟིན་ན་ཡང་། ཅི་སྒྲ་རང་བཞིན་གྱི་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་ནུས་སམ། འོན་ཏེ་མི་ནུས་ཞེས་བྱ་བ་འདི་བརྗོད་པར་བྱ་དགོས་སོ། །ཕྱོགས་དང་པོ་རྣ་བ་ལེགས་པར་བྱས་པ་ལས་སྔར་ཡང་དམིགས་པར་

ཐལ་བར་འགྱུར་རོ། །འདི་ཉིད་འཆད་པ་ནི། རྣ་བ་ལེགས་པར་བྱས་ན་དོན། །ཞེས་བྱ་བ་ལ་སོགས་པ་ནི་སྨོས་ཏེ། དེས་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་སྒྲའིའོ། །སྦྱོར་བ་ནི། གང་རྒྱུ་མ་ཚང་བ་མེད་པ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བརྗོད་པར་བྱ་ལ། རྣ་བ་ལེགས་པར་བྱས་པ་དོན་
མེད་པར་ཡང་མི་འགྱུར་རོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ། རྣ་བ་ལེགས་པར་བྱས་ན་ཡང་སྒྲ་དམིགས་པར་མི་འགྱུར་ཏེ། སྒྲ་ཐམས་ཅད་ཀྱི་ཚེ་མི་རུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཕྱོགས་འདི་ལ་ཡང་རྣ་བ་ལེགས་པར་བྱས་པ་དོན་མེད་པ་ཉིད་ཡིན་ནོ། །སྦྱོར་བ་ནི་གང་དག་གང་སྐྱེད་
པར་བྱེད་པར་མི་རུང་བའི་གནས་སྐབས་ལས་ཁྱད་པར་མེད་པ་དེ་ནི་དེ་བྱེད་པ་མ་ཡིན་ཏེ། དཔེར་ན་ཀོ་ཏྲ་པས་སཱ་ལུའི་མྱུ་གུ་མི་བྱེད་པ་བཞིན་ནོ། །རྣ་བ་ལེགས་པར་བྱས་ན་ཡང་སྒྲ་ཤེས་པར་སྐྱེད་པར་མི་རུང་གནས་སྐབས་ལས་ཁྱད་པར་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདི་མ་གྲུབ་
པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། འགྱུར་ན་ཡང་ཞེས་བྱ་བ་སྟེ། རུང་བ་ཉིད་ཀྱིས་འབྲེལ་པ་གང་ལ་ཡོད་པ་དེ་ནི་རུང་བ་ཉིད་དང་ལྡན་པའོ། །གལ་ཏེ་སྒྲ་ཤེས་པ་སྐྱེད་པ་ལ་རྒྱུ་ཡིན་པར་འདོད་པར་གྱུར་ན། དེའི་ཚེ་དེ་དེ་ལ་རུང་ངམ་མི་རུང་བ་ཉིད་དུ་རྣམ་པར་རྟོག་པ་འཇུག་པར་འགྱུར་བ་མ་ཡིན་ནམ། གང་གི་
ཕྱིར་ལེགས་པར་བྱས་པའི་རྣ་བ་ཉིད་སྒྲ་དམིགས་པ་ལ་རྒྱུ་ཡིན་པར་འདོད་ཀྱི་སྒྲ་ནི་མ་ཡིན་ནོ། །དེས་ན་ཇི་སྐད་དུ་བཤད་པའི་ཐལ་བར་འགྱུར་བའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བ་འདི་དོགས་པར་བྱས་ནས། ལན་གདབ་པར་བྱ་བའི་ཕྱིར། སྒྲ་ནི་ཤེས་བྱ་མིན་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་
ལྟ་ན་རོ་ལ་སོགས་པ་བཞིན་དུ་སྒྲ་ཉེ་བར་མི་མཁོ་བའི་ཕྱིར། ཤེས་པ་དེས་ཤེས་པར་བྱ་བ་ཉིད་དུ་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་ཤེས་པ་གང་ལ་ཉེ་བར་མཁོ་བར་མ་གྱུར་པ་དེ་ནི་ཤེས་པ་དེས་ཤེས་པར་བྱ་བ་མ་ཡིན་ཏེ། དཔེར་ན་རྣ་བའི་ཤེས་པ་ལ་རོ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་རྣ་བའི་རྣམ་པར་ཤེས་
པའི་ལ། ཉེ་བར་མཁོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་མ་ངེས་པ་ཡང་མ་ཡིན། ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་ཤེས་བྱ་ཉིད་ཡིན་ན། ངེས་པ་མེད་པའི་ཕྱིར་རོ་ལ་སོགས་པ་ཡང་རྣ་བའི་རྣམ་པར་ཤེས་པའི་ཤེས་བྱ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་

ཏེ་རང་གི་རྒྱུ་ངེས་པར་བྱེད་པ་ཡིན་པའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་བ་མ་ཡིན་ནམ། འདི་ལྟར་ལེགས་པར་བྱ་བའི་རྣ་བ་དང་མཚུངས་པར་དེ་མ་ཐག་པའི་རྐྱེན་ལ་སོགས་པ་དག་ལས་ཤེས་པ་སྐྱེ་བ་ན་སྒྲ་རྟོགས་པའི་བདག་ཉིད་ཁོ་ནར་སྐྱེའི། རོ་རྟོགས་པའི་བདག་ཉིད་དུ་ནི་མ་ཡིན་ནོ། །རྒྱུའི་
ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །སྒྲ་རྒྱུ་ཉིད་དུ་ཁས་ལེན་ན་ཡང་གདོན་མི་ཟ་བར་རྒྱུའི་ནུས་པ་སོ་སོར་ངེས་པ་ཁས་བླང་བར་བྱ་དགོས་ཏེ། འདི་ལྟར་ཐམས་ཅད་རྒྱུ་ཉིད་དུ་མཚུངས་ན་ཡང་ཅིའི་ཕྱིར་ཤེས་པ་སྒྲ་རྟོགས་པའི་བདག་ཉིད་ཁོ་ནར་འབྱུང་གི་རྣ་བ་ལ་སོགས་པ་རྟོག་པའི་བདག་ཉིད་དུ་ནི་མ་ཡིན་ཞེས་རྒོལ་ན།
རྒྱུའི་ནུས་པས་སོ་སོར་ངེས་པའི་སྒོ་ཁོ་ན་ནས་ལན་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་དཔྱད་ན་མ་ངེས་པ་ཉིད་སྤང་བར་བྱ་བའི་ཕྱིར། ལེགས་བྱས་རྣ་བ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཕྱོགས་འདི་མི་འཐད་པ་དེ་ལྟར་ཕྱིས། སྒྲ་དང་ཤེས་པའི་འབྲེལ་པ་གང་། །ཞེས་
བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ། །ལེགས་བྱས་རྣ་བ་ལ་སོགས་པ། །ཞེས་བྱ་བའི་སོགས་པའི་སྒྲས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་གཟུང་ངོ་ཞེས་བྱ་བ་ནི་ཁས་ལེན་པའོ། །གལ་ཏེ་སྒྲ་རྒྱུ་མ་ཡིན་པ་དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཁོ་ན་སྟེ། འདི་ལྟར་ཅི་སྒྲ་འདི་རང་བཞིན་གྱིས་ཤེས་པ་དེས་
ཤེས་པར་བྱ་བའི་རང་བཞིན་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ལ་སྐྱོན་བཤད་པ་ནི། ཤེས་ཏེ་ཤེས་བྱའི་ངོ་བོ་ཅན། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སྒྲ་ཤེས་པ་དེས་ཤེས་པར་བྱ་བའི་རང་བཞིན་ཡིན་ན་དེའི་ཚེ། སྒྲའི་ངོ་བོ་བཞིན་དུ་དེའི་རྣམ་པར་ཤེས་པ་ཡང་
དུས་ཐམས་ཅད་དུ་རྟག་པ་ཉིད་དུ་འགྱུར་ཏེ། དེའི་ཤེས་བྱའི་རང་བཞིན་རྗེས་སུ་འཇུག་པའི་ཕྱིར་རོ། །དབྱིག་པ་དང་འབྲེལ་པའི་རང་བཞིན་གྱི་ལྷ་སྦྱིན་རྗེས་སུ་འཇུག་པ་ན་དབྱིག་པ་རྗེས་སུ་འཇུག་པར་མི་འགྱུར་བ་ནི་མ་ཡིན་ནོ། །ཤེས་དང་ཤེས་བྱའི་རང་བཞིན་ནི། །ཞེས་བྱ་བ་ལ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་
ཏེ། གང་གི་ཕྱིར་ཤེས་པ་དང་ཤེས་བྱ་དག་གི་རང་བཞིན་ལུ་གུ་རྒྱུད་བཞིན་དུ་སྦྲེལ་བ་དེའི་ཕྱིར་གཅིག་ཡོད་པ་ན་གཉིས་པ་ཡང་ཡོད་པར་འགྱུར་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་གྲུབ་པོ། །དེ་ལྟ་ཡིན་མོད་ཅི་ཉེས་ཤེ་ན། ལེགས་བྱས་རྣ་བས་བསྐྱེད་བྱ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་

བྱས་རྣ་བས་བསྐྱེད་བྱ་བ། །གང་ཕྱིར་ཤེས་པ་དང་འབྲེལ་པའི། །ཞེས་བྱ་བར་སྒྲ་རྗེས་སུ་འཇུག་ཅེས་བྱ་བ་ཁོང་ནས་འབྱུང་བར་བྱའོ། །གང་གི་ཕྱིར་ལེགས་པར་བྱས་པའི་རྣ་བས་བསྐྱེད་པར་བྱས་པའི་ཤེས་པ་དང་འབྲེལ་པའི་སྒྲ་ཐམས་ཅད་དུ་རྗེས་སུ་འཇུག་པ་དེའི་ཕྱིར་རྣ་བ་ལེགས་པར་མ་བྱས་ཀྱང་དེའི་ཤེས་པར་འགྱུར་
བའི་ཕྱིར། རྣ་བ་ལེགས་པར་བྱས་པ་དོན་མེད་དོ། །ཕྱོགས་གཉིས་པ་ལ་ཡང་སྐྱོན་འཆད་པ་ནི། སྒྲ་དེའི་ཤེས་བྱའི་བདག་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་ཟད་དོ། །འདི་ཐམས་ཅད་ནི་དེས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཤེས་པ་ཡང་དེ་རྟོགས་པའི་རང་བཞིན་དུ་ཁས་བླངས་ནས་བརྗོད་ལ། ད་ནི་ཤེས་
པའི་དེ་རྟོགས་པའི་རང་བཞིན་འབྲེལ་པ་མེད་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲ་དང་འབྲེལ་བ་ཤེས་པ་གང་། །ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཀྱི་འབྲེལ་པ་ནི་རྣམ་པ་གཉིས་ཁོ་ན་སྟེ། དེའི་བདག་ཉིད་དང་དེ་ལས་བྱུང་བའོ། །གཞན་དུ་ནི་ཕན་འདོགས་པ་མེད་པའི་ཕྱིར་རོ། །
ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མ་ཡིན་པ་དག་ནི་འབྲེལ་པ་ཡིན་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་དེ་རྣམ་པ་གཉིས་ཆར་ཡང་ཤེས་པ་དང་སྒྲ་དག་ལ་མེད་པའི་ཕྱིར། ཇི་ལྟར་འབྲེལ་པ་མེད་པར་དེ་རྟོགས་པའི་རང་བཞིན་གྱི་ཤེས་པར་འགྱུར་ཏེ། གཞན་
དུ་ན། ཧ་ཅང་ཐལ་བར་འགྱུར་རོ། །ཡང་ཅི་སྟེ་འབྲེལ་པ་མེད་པར་ཡང་དེའི་རྣམ་པར་སྐྱེས་པས་དེའི་ཤེས་པ་དེ་རྟོགས་པའི་རང་བཞིན་དུ་རྣམ་པར་གཞག་གོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཤེས་པ་རྣམ་པ་མེད་པར་ཁས་བླངས་པའི་ཕྱིར་རོ། །འདི་ལྟར་དཔྱོད་པ་པ་རྣམས་ཀྱིས་ནི་ཤེས་པ་རྣམ་པ་དང་
བཅས་པར་ཁས་ལེན་པ་མ་ཡིན་ནོ། །ཁས་ལེན་དུ་ཆུག་མོད་དེ་ལྟ་ན་ཡང་རིགས་པ་མ་ཡིན་ཏེ། སྒྲ་ལྐོག་ཏུ་གྱུར་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཡང་སྒྲ་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་གྱི། མངོན་སུམ་པ་ཉིད་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །
ཤེས་པ་དེ་ནི་དེའི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་དེ་ཉིད་དུ་ཡང་སྒྲུབ་པར་མི་འགྱུར་རོ། །འབྲས་བུ་ལྡོག་པ་ལས་ཀྱང་དེ་འགྲུབ་པ་མ་ཡིན་ཏེ། དེ་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འདི་སྙམ་དུ་ཤེས་པ་དང་བཅས་པར་སྨྲ་བ་གང་དག་གི་ལྟར་ན་སྐྱེད་པར་བྱེད་པ་ཁོ་ན་ཡུལ་ཡིན་པ་དེ་དག་

གི་ལྟར་ན་ཡང་དོན་ཐམས་ཅད་ཀྱི་ཚེ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཤེས་པ་དོན་གྱི་རྣམ་པ་ཅན་ཉིད་དུ་ཇི་ལྟར་རྟོགས་སྙམ་དུ་སེམས་ན། བདེན་ཏེ་འོན་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་འབྲས་བུ་རྟོགས་པ་ལས་རྒྱུ་གཞན་ངེས་པ་དང་ཤེས་པ་དེ་སྔོན་པོའི་རྣམ་པ་ཐ་དད་པར་བྱེད་པ་ཉིད་ཀྱིས་ངེས་པ་
གང་ཡིན་པ་འདི་ནི་དེའི་ཐབས་ཡིན་ཏེ། འདི་ལྟར་མིག་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ནི་ཤེས་པ་ཐམས་ཅད་ལ་མཚུངས་པའི་ཕྱིར་ཤེས་པའི་སྔོན་པོ་ལ་སོགས་པའི་ཐ་དད་པ་ནི་དེས་བྱས་པ་མ་ཡིན་པའི་ཕྱིར་ཤུགས་ཀྱིས་བཟློག་པ་ལས་རྒྱུ་གཞན་རྗེས་སུ་དཔོག་པ་གང་ཡིན་པ་དེ་ཐ་དད་པ་འདི་ནི་དེས་
བྱས་པ་ཡིན་ནོ་ཞེས་བྱ་བར་ངེས་ཏེ། དེའི་རྣམ་པ་འདི་དེས་བྱས་པའི་ཕྱིར་ཤེས་པས་གཟུང་བ་ཡིན་ནོ་ཞེས་རྣམ་པར་གཞག་ལ། ཐམས་ཅད་འདི་ཡང་ཁྱེད་ཅག་ལ་ཡོད་པ་མ་ཡིན་ཏེ། དེ་རྒྱུ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རོ། །འདི་སྙམ་དུ་མིག་ལ་སོགས་པ་ཡང་ཐམས་ཅད་ཀྱི་ཚེ་ལྐོག་ཏུ་གྱུར་པ་ཡིན་
པའི་ཕྱིར། ཤེས་པ་ཐམས་ཅད་ལ་ཁྱད་པར་མེད་པ་ཉིད་ཅི་ལྟར་ངེས་སྙམ་དུ་སེམས་ན། འདི་ནི་བདེན་མོད་ཀྱི་བསམ་པ་འདི་ནི་རྣམ་པར་ཤེས་པར་སྨྲ་བའི་ཡིན་ཏེ། རྣམ་པར་ཤེས་པར་སྨྲ་བ་དེ་ནི་དེ་རྨི་ལམ་ལ་སོགས་བཞིན་དུ་ཤེས་པའི་ཁྱད་པར་མཚུང་པ་དེ་མ་ཐག་པའི་རྐྱེན་གྱིས་བྱས་པར་བརྗོད་ཀྱི་ཕྱི་རོལ་
གྱིས་བྱས་པ་ནི་མ་ཡིན་ནོ། །འོན་ཀྱང་ཕྱི་རོལ་གྱི་དོན་ཡོད་ན་འདི་ཐམས་ཅད་བརྗོད་དེ། དེ་ལྟ་མ་ཡིན་ན་འབྲས་བུ་ལྡོག་ན་ཡང་ཇི་ལྟར་ཕྱི་རོལ་གྱི་དོན་འགྲུབ་པར་འགྱུར་ཞེས་བྱ་བ་འདི་བརྩད་པར་བྱ་བ་ཡིན་ནོ། །རྒྱུ་ཙམ་ཡོད་པ་ཉིད་དུ་གྲུབ་པར་འགྱུར་གྱི་ཕྱི་རོལ་ནི་མ་ཡིན་ཏེ། རྒྱུ་དེ་ཡང་རྨི་ལམ་ལ་སོགས་
པའི་ནང་དུ་ཡང་སྲིད་པའི་ཕྱིར་རོ། །སྤྲོས་པས་ཆོག་གོ། །ཡང་ཅི་སྟེ་སྒྲ་སྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པ་དེ་ལྟ་ན་སྐྱོན་ཡོད་དོ་ཞེས་བསྟན་པའི་ཕྱིར། དེ་ལས་བྱུང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་དེ་ལས་བྱུང་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །
ཡང་ན་མིན་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱོགས་ལའོ། །དེ་ལྟར་ངེས་པར་ཞེས་བྱ་བ་ནི། ཤེས་པ་རྟག་ཏུ་ཡོད་པ་དང་མེད་པའི་མཚན་ཉིད་ཡིན་པ་ནའོ། །དེ་ལྟར་རེ་ཞིག་རྣ་བ་ལེགས་པར་བྱས་པ་ཁས་བླངས་ནས་ཡུལ་སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པའི་རང་བཞིན་བསམ་པས་རྣ་བ་

ལེགས་པར་བྱས་པ་དོན་མེད་པ་བསྟན་ཏོ། །ད་ནི་རྣ་བ་ལེགས་པར་བྱས་པ་ཉིད་མི་སྲིད་པར་བསྟན་པའི་ཕྱིར། ལེགས་བྱས་རེས་འགའ་བ་ཡིན་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལེགས་པར་བྱས་པ་རེས་འགའ་བ་ཡིན་པར་གྱུར་ན། དེ་ལྟ་ན་ལེགས་པར་བྱས་པའི་འབྲས་བུ་ཤེས་པ་ཡང་རེས་
འགའ་བར་རིགས་ཏེ། གཞན་དུ་ནི་རྒྱུ་རྟག་ཏུ་མ་ཚང་བ་མེད་པར་གནས་པ་ན་ཅིའི་ཕྱིར་དེའི་འབྲས་བུ་རེས་འགའ་བར་འགྱུར། རྟག་པའི་རྣ་བ་ལེགས་པར་བྱེད་པ་རེས་འགའ་བར་རིགས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལེགས་བྱས་ནུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣ་བ་ལ་
སོགས་པའི་ལེགས་པར་བྱེད་པ་ནི་འབྲས་བུ་ཤེས་པས་ངེས་པར་བྱས་པ་ཡིན་ལ། འབྲས་བུས་ངེས་པར་བྱས་པ་ཡིན་པ་ན་ལེགས་པར་བྱས་པ་ནུས་པའི་བདག་ཉིད་ཁོ་ནར་འགྱུར་ཏེ། ནུས་པ་ཉིད་འབྲས་བུས་ངེས་པར་བྱས་པ་ཡིན་པའི་ཕྱིར་རོ། །ནུས་པ་དེ་ཡང་རྣ་བའི་བདག་ཉིད་དུ་གྱུར་པ་ཉིད་ཡིན་གྱི་ཐ་དད་པ་ནི་
མ་ཡིན་ཏེ། དེ་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར་རྣ་བ་བྱེད་པ་པོ་མ་ཡིན་པར་ཐལ་བའི་ཕྱིར་དང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །ནུས་པ་ཡོད་ན་དེ་ལས་བྱུང་བའི་ཤེས་པ་རྟག་ཏུ་ཡོད་པར་འགྱུར་ལ། ཅི་སྟེ་མེད་པར་གྱུར་ན་དེའི་ཚེ་དེ་ལས་བྱུང་བའི་ཤེས་པ་ནམ་ཡང་འབྱུང་བར་མི་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ཤེས་པ་
རེས་འགའ་བར་མི་འགྱུར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་རེས་འགའ་བ་རྣ་བའི་ནུས་པའི་མཚན་ཉིད་ཀྱིས་ལེགས་པར་བྱ་བ་ཇི་ལྟར་སྟོན་པར་བྱེད་དེ་མ་ཡིན་པ་ཉིད་དོ། །ཡང་ཅི་སྟེ་འབྲས་བུ་ཤེས་པས་རྗེས་སུ་དཔག་པར་བྱ་བའི་ནུས་པ་རང་བཞིན་དུ་གྱུར་པ་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲ་ཙམ་
རྣམས་ཀྱིས་རྣ་བའི་སྔ་ན་མེད་པའི་ནུས་པ་རེས་འགའ་བར་བྱེད་པ་ཡིན་ལ། དེ་ཉིད་ཤེས་པས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་རེས་འགའ་བ་ནུས་པ་སྟོན་པར་བྱེད་པ་འཐད་པ་ཡིན་ནོ་སྙམ་ན། རྣ་བ་ལ་ནུས་སྐྱེད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་དུ་གྱུར་པའམ།
ཐ་དད་པའམ། ཐ་དད་པ་དང་ཐ་མི་དད་པའི་ནུས་པ་བྱེད་ཅེས་བྱ་བ་ཕྱོགས་གསུམ་མོ། །ཕྱོགས་དང་པོ་ལ་ནུས་པའི་རང་གི་ངོ་བོ་བཞིན་དུ་རྣ་བ་གཉི་གའི་བདག་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །གང་ལས་ཤེ་ན་སྐྱེ་ཕྱིར་ཏེ་འབྱུང་བའི་ཕྱིར་རོ། །ཡང་ཅི་སྟེ། རྣ་བ་ནུས་པ་ལས་ག