Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 192
Văn bản gốc(Tây Tạng)
Trang 13 / 22 (50.000 ký tự/trang)
ཞན་མ་ཡིན་པ་ཉིད་དུ་ཁས་ ལེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣ་བ་ནུས་པ་ལས་གཞན་མ་ཡིན་པ་ཉིད་དོ་སྙམ་ན། ཆེས་བླུན་པའི་སྤྱོད་པ་འདི་ལ་ལྟོས་ཤིག །ཇི་ལྟར་རང་བཞིན་གཅིག་འབྱར་བ་ན་དེ་ཉིད་ཀྱི་ཚེ་གཞན་རིང་བར་འགྱུར་ཏེ། ཐ་མི་དད་པའི་མཚན་ཉིད་ཕན་ཚུན་རང་བཞིན་རྗེས་སུ་འཇུག་པ་ཡིན་ པའི་ཕྱིར་རོ། །ཆུ་དང་འོ་མ་ཡུལ་ཐག་རིང་བར་གནས་པ་ན་དེ་དང་འབྱར་བ་ཉམས་སུ་མྱོང་བ་ནི་མ་ཡིན་པའི་ཕྱིར། ཕྱོགས་འདི་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཉེས་པ་མེད་པར་བསྟན་པའི་ཕྱིར། དངོས་དང་ཐ་དད་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རང་གི་ངོ་བོ་བཞིན་དུ་ལེགས་ པར་བྱས་པ་ཡང་རྟག་པ་ཉིད་དུ་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་སྐྱོན་གཞན་འདི་ཡང་ཡིན་ནོ་ཞེས་འཆད་པ་ནི། དེས་ན་དེས་བསྐྱེད་བྱའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་གཉིས་པ་ལ་ཡང་ཉེས་པ་བསྟན་པ་ནི་ཐ་དད་ན་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་དངོས་པོ་ལས་ ཐ་དད་པ་ཉིད་དུ་ཁས་ལེན་པ་ན་འདི་དེའི་ནུས་པ་ཞེས་འབྲེལ་པ་ཉིད་དུ་མི་འགྱུར་ཏེ། ཕན་གདགས་པར་བྱ་བ་མ་ཡིན་པ་ནི་གཞན་གྱི་དབང་དུ་མི་རུང་བའི་ཕྱིར་རོ། །རྣ་བ་ནུས་པ་བྱེད་པ་མ་ཡིན་ཏེ། སྒྲ་ལ་སོགས་པའི་གསལ་བར་བྱེད་པ་ཉིད་ཕན་འདོགས་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །ཅི་སྟེ་རྣ་བ་ཡང་ཕན་ འདོགས་པར་བྱེད་པ་ཉིད་ཡིན་ན་དེ་བཞིན་དུ་ནུས་པ་ཕན་འདོགས་པར་བྱེད་པའི་ནུས་པ་ཡང་རྣ་བ་ལས་ཐ་དད་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་ན་ནུས་པ་རྣམས་ཀྱི་བརྒྱུད་པ་མ་གྲུབ་པའི་ཕྱིར་སྐབས་ཀྱི་དོན་གྲུབ་པ་མ་ཡིན་ནོ། །གཞན་ཡང་ནུས་པ་ཁོ་ན་ལས་འབྲས་བུ་སྐྱེ་བའི་ཕྱིར་རྣ་བ་བྱེད་པ་པོ་ ཉིད་དུ་མི་འགྱུར་ཏེ། དེ་ལྟ་ཡིན་དང་དངོས་པོ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །ཅི་སྟེ་ནུས་པ་ལ་ཕན་འདོགས་པར་བྱེད་པའི་ནུས་པ་ཐ་མི་དད་པར་ཁས་ལེན་པར་བྱེད་ན། དེ་ནི་དངོས་པོའི་ནུས་པ་ཐ་མི་དད་པ་ལ་ཅི་ཞིག་ཞེ་སྡང་། གཞན་ཡང་ནུས་པ་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་ཏེ། དེའི་རྒྱུ་རྣ་བ་ རྟག་པ་ཉིད་ཀྱི་ཕྱིར་རོ། །ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཕྱོགས་གསུམ་པ་ལ། ཐ་དད་ཐ་མི་དད་སྤངས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསལ་ཟིན་ཞེས་བྱ་བ་ནི་གང་ཟག་ལ་སོགས་པ་དགག་པ་རྣམས་སུ་སྟེ། གཅིག་ཉིད་གཅིག་ གི་ཚེ་བསྒྲུབ་པ་དང་དགག་པར་མི་རུང་བའི་ཕྱིར་རོ། །འདི་ལྟར་ཐ་དད་པ་དང་ཐ་མི་དད་པ་ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་དག་ལས་གཅིག་གི་རང་བཞིན་རྣམ་པར་བཅད་པ་ཉིད་ཀྱིས་གཞན་ཡོངས་སུ་གཅོད་པ་ཡིན་པའི་ཕྱིར་རོ། །གང་ཞིག་གང་བདག་ཉིད་རྣམ་པར་བཅད་པ་མེད་པར་རང་བཞིན་ཡོངས་ སུ་མི་གཅོད་པ་དེ་ནི་ཡོངས་སུ་བཅད་ནས་གནས་པའི་ཕྱིར་ཏེ། དཔེར་ན་དངོས་པོ་དང་དངོས་པོ་མེད་པ་དག་ལས་གང་ཡང་རུང་བ་བཞིན་ནོ། །གང་ཡང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དེ་དག་ནི་རང་བཞིན་གཅིག་དགག་པ་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་གཞན་ཉིད་བཀག་པ་ན་ ཤུགས་ཀྱིས་དེའི་བདག་ཉིད་སྒྲུབ་པས་དེ་ཡང་དེ་ཉིད་ཀྱི་ཚེ་དགག་པར་མི་རིགས་ཏེ། གཞན་ཉིད་ཀྱང་མ་བཀག་པར་ཐལ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་སྐྱོན་ཕྱོགས་གཉི་ག་ལ་ཡང་བརྗོད་པར་བྱའོ། །གཉི་ག་ལེགས་པར་བྱས་ཕྱོགས་ལ། །ཁྱེད་ཀྱི་གཉིས་བརྗོད་ལོག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ གང་སྨྲས་པ་འདི་ལ། དེ་ཉིད་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་ཤེས་པ་སྐྱེད་པར་རུང་བ་དང་མི་རུང་བའི་རང་བཞིན་རྣམ་པར་བརྟགས་པའི་སྒོ་ནས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །རིམ་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ལུ་ཏ་དང་སྟེང་དུ་འདོན་ པ་ལ་སོགས་པ་གཟུང་ངོ་། །གང་དག་སྒྲ་འདི་མ་ཕྲད་དང་། །སྐྱེ་བ་རྣ་བས་འཛིན་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་མ་ཕྲད་ཙམ་མཚུངས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་དང་མ་ཕྲད་པ་དེ་ལྟ་ན་ཡང་དངོས་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་ཕྱིར་ཡུལ་ ཐམས་ཅད་འཛིན་པར་མི་འགྱུར་ཏེ། དཔེར་ན་ཁབ་ལོང་ཞེས་བྱ་བའི་རྡོ་བས་ཕྲད་པའི་ལྕགས་ལེན་ན་ཡང་མ་ཕྲད་པ་ཐམས་ཅད་མི་ལེན་པ་བཞིན་ནོ། །གལ་ཏེ་ཁབ་ལོང་ཞེས་བྱ་བ་ལ་སོགས་པས་བདེ་བྱེད་བདག་པོའི་ལུགས་ཀྱིས་དཔེ་མ་གྲུབ་པ་ཉིད་དུ་དོགས་པ་ཡིན་ཏེ། དེ་ན་རེ། དེ་ལ་ཡང་ནོར་བུ་ཁབ་ ལོང་གི་འོད་རེག་པའི་དབང་གིས་ལྕགས་ལེན་པ་ཡིན་གྱི། དེ་ལྟ་མ་ཡིན་ན་ཡུལ་ཐམས་ཅད་ན་གནས་པའི་ལྕགས་ལེན་པར་འགྱུར་རོ། །གལ་ཏེ་ཡང་སྒྲོན་མ་ལ་སོགས་པའི་འོད་བཞིན་དུ་དེའི་འོད་མ་དམིགས་པ་དེ་ལྟ་ན་ཡང་ཆོད་པ་དང་རིང་བ་ལེན་པར་མ་མཐོང་བའི་ཕྱིར་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ ཞེས་ཟེར་རོ། །འོད་འདི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མི་སྣང་བ་མི་དམིགས་པས་ཡོད་པའི་ཐ་སྙད་འགེགས་པར་བྱེད་པ་ཡིན་ནོ། །གང་ཡང་ཡུལ་ཐམས་ཅད་ན་གནས་པའི་ལྕགས་རྣམས་ལེན་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐལ་བ་སྒྲུབ་པར་བྱེད་ པ་སྨྲས་པ་དེའི་ལན་གདབ་པའི་ཕྱིར། འོད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁབ་ལོང་གི་འོད་དེ་ཤིང་ལ་སོགས་པ་ཕྲད་པ་ཐམས་ཅད་ཅིའི་ཕྱིར་མི་ལེན་ཞེས་བྱ་བ་ནི་ཕྲད་པའི་ཕྱོགས་ལ་ཡང་ཐལ་བར་འགྱུར་བ་མཚུངས་སོ། །དངོས་པོ་རྣམས་ཀྱི་རང་བཞིན་སོ་སོར་ངེས་པའི་ཕྱིར་ཧ་ཅང་ཐལ་བར་མི་ འགྱུར་རོ་ཞེ་ན། མ་ཕྲད་པའི་ཕྱོགས་ལ་ཡང་གང་གིས་ན་དེ་ལ་མི་འདོད་པ་དངོས་པོ་རྣམས་ཀྱི་རང་བཞིན་སོ་སོར་ངེས་པ་ཉིད་སུས་ཕྲོགས། དེ་ལྟ་བས་ན་མ་མཐོང་བའི་འོད་རྟོགས་པ་དོན་མེད་པ་ཡིན་ནོ། །དེ་ལ་རིང་དང་ཉེར་གནས་པའི། །འཛིན་དང་མི་འཛིན་མཚུངས་པར་འགྱུར། །ཞེས་གང་སྨྲས་པ་དེ་ལ། རིང་དང་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་གྱིས་འཛིན་པར་མ་གྲུབ་སྟེ། སྒྲ་སྦྱོར་བའི་དེ་མ་ཐག་ཏུ་ཐམས་ཅད་ཀྱི་ཤེས་པ་ཅིག་ཅར་སྐྱེ་བའི་ཕྱིར་རོ། །གསལ་གཞན་ལ་སོགས་འབྱུང་བའང་མིན། །ཞེས་གང་སྨྲས་པ་དེ་ལ། ཇི་ལྟར་ཉེ་རིང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཟུགས་མ་ཕྲད་པ་དང་། མ་ཁྱབ་པ་འཛིན་པ་ན་གསལ་བ་དང་མི་གསལ་བར་མཐོང་བ་དེ་བཞིན་དུ་སྒྲ་ཡང་མ་ཁྱབ་པ་དང་མ་ཕྲད་པ་འཛིན་པ་ན་གསལ་བ་དང་གཞན་པ་ལ་སོགས་པ་རིགས་པར་འགྱུར་རོ། །འོན་ཏེ་གཞན་ལ་གཟུགས་ཀྱང་མ་ཕྲད་པར་འཛིན་པར་མ་གྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་དཔེ་ཉིད་དུ་བརྗོད་ཅེ་ན། ཉེས་པ་འདི་ནི་མེད་ དེ། གལ་ཏེ་ཡང་གཞན་ལ་ཚིག་ཙམ་གྱིས་མ་གྲུབ་པ་དེ་ལྟ་ན་ཡང་ཚད་མས་གྲུབ་པ་གང་ཡིན་པ་དེ་ནི་གཉི་ག་ལ་ཡང་གྲུབ་པ་མ་ཡིན་ནོ། །འདི་ལ་ཡང་ཚད་མ་གང་ཡིན་ཞེ་ན། ཉེ་བ་དང་བསྐལ་པ་དག་དུས་མཚུངས་པར་འཛིན་པའོ། །གང་འགྲོ་བ་དང་ལྡན་པ་དེ་ནི་ཉེ་བར་མྱུར་དུ་ཕྱིན་ཅིང་བསྐལ་པར་ཡུན་ རིང་པོ་ནས་ཕྱིན་ཏེ། དཔེར་ན་ལྷ་སྦྱིན་གྲོང་ནས་གཞན་དུ་འགྲོ་བ་ལྟ་བུའོ། །ཤིང་གི་ཡལ་ག་དང་ཟླ་བ་ཡང་དུས་མཚུངས་པར་མིག་ཕྱེ་བའི་དེ་མ་ཐག་ཏུ་འཛིན་པར་མཐོང་ངོ་། །དེ་ལྟ་བས་ན་མིག་ནི་མ་ཕྲད་པར་འཛིན་པ་ཡིན་ནོ་ཞེས་བྱ་བར་གོའོ། །འདི་འོད་བྱེད་པ་ན་རེ། ཤེས་པ་མྱུར་དུ་སྐྱེ་བས་དུས་ཐ་དད་དུ་ མི་འཛིན་པའི་ཕྱིར་ལོག་པའི་ཤེས་པ་ཉིད་ཡིན་ཏེ། ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་བཞིན་ནོ་ཞེས་ཟེར་ཏེ། དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ལྟ་ན་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རིམ་པར་ཞེན་པར་མི་འགྱུར་ཏེ། མགྱོགས་པར་འབྱུང་བར་མཚུངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྟོགས་པ་ཐ་ དད་པར་མི་འགྱུར་རོ། །བློ་ཐམས་ཅད་ལ་ཡང་མགྱོགས་པར་འབྱུང་བ་ཡོད་པའི་ཕྱིར་ནམ་ཡང་རིམ་ཅན་དུ་འཛིན་པར་མི་འགྱུར་རོ་ཞེས་བྱ་བ་འདི་རྒྱས་པར་དཔྱད་ཟིན་ཏོ། །ཡང་དེ་ཉིད་ན་རེ། གལ་ཏེ་ཡང་མིག་མ་ཕྲད་པར་འཛིན་པར་གྱུར་ན། དེའི་ཚེ་རྩིག་པ་ལ་སོགས་པ་ལ་སྒྲིབ་པའི་ནུས་པ་མེད་པའི་ཕྱིར་སྒྲིབ་ པ་མི་འཐད་པ་དང་། གང་ཡང་ཐག་ཤིན་ཏུ་རིང་བ་མི་འཛིན་ལ་ཉེ་བར་འཛིན་པ་དེར་ཡང་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འདི་སྙམ་དུ་དོན་གང་ཁོ་ན་མིག་གི་ཡུལ་དུ་འགྱུར་བ་དེ་ཁོ་ན་དམིགས་ལ། གང་མི་འགྱུར་བ་དེ་མི་དམིགས་སོ་སྙམ་དུ་སེམས་ན། དེ་ཡང་དེ་ལྟར་མ་ཡིན་ཏེ། འབྲེལ་པ་མེད་ པར་ཡུལ་དུ་འགྱུར་བ་ཉིད་མི་འཐད་པའི་ཕྱིར་ཏེ། འབྲེལ་པ་མེད་པར་ཡུལ་གྱི་དངོས་པོ་ཡིན་པ་འདི་ཡང་ཅི་ཞིག་ཡིན། གང་ཞིག་ཁྱེད་ཅག་གིས་ཡུལ་གྱི་དངོས་པོ་ཞེས་བརྗོད་པ་དེ་ནི་འབྲེལ་པ་ཞེས་བརྗོད་པ་འབའ་ཞིག་ཏུ་ཟད་པས་ཁྱད་པར་འགའ་ཡང་མེད་དོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། གང་ གི་ཕྱིར་ཁོ་བོ་ཅག་གིས་རྒྱུའི་དངོས་པོ་ཡུལ་གྱི་ངོ་བོ་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་གཟུགས་ལ་སོགས་པའི་ཡུལ་ལྷན་ཅིག་བྱེད་པ་ཉིད་དུ་སྟོན་པ་ན་ཡུལ་གྱི་དངོས་པོ་ཞེས་བརྗོད་ཀྱི། དེ་དང་ལྷན་ཅིག་འདྲེས་པ་ནི་མ་ཡིན་ནོ། །ལྷན་ཅིག་བྱེད་པའི་དོན་ཡང་རྣམ་ པ་གཉིས་ཏེ། ཕན་ཚུན་དུ་ཕན་པ་བྱེད་པ་སྟེ། དཔེར་ན་སྣང་བ་ནས་གྲིབ་ཁང་དུ་ཞུགས་པ་ལྟ་བུའོ། །དོན་གཅིག་ལ་བྱེད་པ་སྟེ་དཔེར་ན་མིག་ཕྱེ་བ་ཙམ་གྱིས་གཟུགས་འཛིན་པ་ལྟ་བུ་ཡིན་ན། གཉི་ག་ལྟར་ན་ཡང་རྣམ་པར་ཤེས་པའི་རྒྱུའི་ཁྱད་པར་ཉིད་ཡུལ་དུ་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ནོ། །རྒྱུའི་ ཁྱད་པར་སོ་སོར་ངེས་པ་དེ་ཉིད་འབྲེལ་པ་མེད་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་གི་རྒྱུའི་ནུས་པ་ལས་ངེས་པ་འགྲུབ་པའི་ཕྱིར་རོ། །གང་གིས་ཁ་ཅིག་ཉིད་ཤེས་པ་སྐྱེད་པར་བྱེད་པར་འགྱུར་གྱི། གཞན་ནི་མ་ཡིན་པ་འདི་ལ་རང་གི་རྒྱུ་ལས་སྐྱེ་བ་ན་དེ་ལྟ་བུར་གྱུར་པ་ཁོ་ན་སྐྱེ་བ་ཡིན་ཏེ། དངོས་པོ་ཐམས་ ཅད་ནི་རྒྱུ་ཐ་དད་པས་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར་རོ། །དཔེར་ན་ཁྱེད་ཅག་ལ་འབྲེལ་པར་འདྲ་བཞིན་དུ་ཡང་ཅིའི་ཕྱིར་མིག་གིས་གཟུགས་ཁོ་ན་དམིགས་ཀྱི་རོ་ནི་མ་ཡིན། དེ་དང་མ་འབྲེལ་པའི་ཕྱིར་མི་དམིགས་སོ་ཞེ་ན། འབྲེལ་པ་ཉིད་དུ་ཅིའི་མི་འགྱུར་ཏེ། ཡུལ་ཐ་མི་དད་པའི་ཕྱིར་ རོ། །གང་གིས་ཡུལ་ཐ་མི་དད་ན་ཡང་མིག་གིས་གཟུགས་ཉིད་འཛིན་གྱི་དེའི་ཡུལ་ན་གནས་ན་ཡང་རོ་ནི་མ་ཡིན་པ་ངེས་པར་བྱེད་པའི་རྒྱུ་གཞན་ཅུང་ཟད་ནི་ཡོད་པ་མ་ཡིན་ལ། ཡུལ་ཤིན་ཏུ་རིང་བ་ན་གནས་པ་ཡང་མ་ཡིན་ནོ། །རང་གི་རྒྱུ་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། འདི་ནི་མ་ཕྲད་པའི་ཕྱོགས་ལ་ ཡང་མཚུངས་པའི་ཕྱིར་ཏེ། སྤྲོས་པས་ཆོག་གོ། །སྣང་བ་ཐ་དད་བློ་རྣམས་ནི། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཀླན་ཀ་དོགས་པར་བྱེད་པ་ཡིན་ཏེ། ཇི་ལྟར་སྣང་བ་ཐ་དད་པའི་བློ་རྣམས་ཡུལ་གཅིག་པར་འགྱུར་ཏེ། དེ་ལྟ་ན་ནི་རོ་དང་གཟུགས་ལ་སོགས་པའི་བློ་རྣམས་ཀྱི་དམིགས་པ་ཡང་གཅིག་ ཏུ་འགྱུར་ཞེས་བྱ་བ་ནི་གཞན་གྱིས་བསམ་པའོ། །ལན་འཆད་པ་ནི། ཕྱི་རོལ་དོན་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ཀྱི་བློ་ནི་གཟུགས་ཀྱི་ཡུལ་ཅན་གྱི་བློ་རྣམས་སོ། །ཉེ་བ་དང་རིང་བ་ལ་སོགས་པའི་བྱེ་བྲག་གི་གསལ་བ་ལ་སོགས་པར་སྣང་བའི་ཕྱིར་ཇི་ལྟར་ཡུལ་གཅིག་པ་ཉིད་དུ་འགྱུར་ ཞེས་བྱ་བའི་ཀླན་ཀ་འདི་མཚུངས་སོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་གང་དག་རྣམ་པ་ནི་ཡུལ་དུ་གཏོགས་པ་ཉིད་ཡིན་གྱི་རྣམ་པར་ཤེས་པར་གཏོགས་པ་ནི་མ་ཡིན་པར་བརྗོད་པ་དག་ལ་ཀླན་ཀ་འདི་ཡིན་གྱི། ཡང་རྣམ་པར་ཤེས་པར་སྨྲ་བ་གང་དག་ཡིན་པ་དེ་དག་གི་ལྟར་ན་ཤེས་པ་ཐམས་ཅད་ཡུལ་མེད་པ་ ཡིན་ཞིང་བདག་རིག་པས་གསལ་བ་ལ་སོགས་པའི་རྣམ་པ་ཐ་དད་པ་དང་ལྡན་པ་ཐ་དད་པ་ཉིད་དུ་སྐྱེ་བས་དེ་དག་ལ་ནི་ཀླན་ཀ་འདི་མེད་དོ། །ཡང་གང་དག་ཕྱི་རོལ་གྱི་དོན་ཡོད་པར་སྨྲས་པ་ཤེས་པ་རྣམ་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་པ་དེ་དག་གི་ལྟར་ན་བདག་ཉིད་ཀྱི་ཡུལ་དང་འདྲ་བར་ཁས་མི་ ལེན་པའི་ཕྱིར་དང་། ཆ་འགའ་ཞིག་གིས་འདྲ་བའི་ཕྱིར་སྣང་བ་ཐ་དད་པའི་བློ་རྣམས་ཡུལ་གཅིག་པ་ཉིད་དུ་མི་འགལ་བའི་ཕྱིར་ཀླན་ཀ་མེད་དོ། །འོ་ན་སྒྲ་ཕྲད་ནས་འཛིན་པ་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཡོད་ལ། མ་ཕྲད་པར་འཛིན་པ་ལ་ཡང་སྒྲུབ་པར་བྱེད་པ་ཅི་ཡོད་ཅེས་འདྲི་ན། ཕྲད་ནས་འཛིན་ པའི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བའི་ནང་གི་སྒྲ་གཞན་དུ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །དཔེར་ན་རྣ་བ་འབྲུག་པར་བྱེད་པའི་བྱའི་གཤོག་པའི་སྒྲ་རྣམ་པར་ཆད་པར་དམིགས་པ་དེ་བཞིན་དུ། འབྲུག་ལ་སོགས་པའི་སྒྲ་ཡང་ཕོ་ལོང་བརྡབ་པའི་ཚུལ་གྱིས་སོང་ནས་རྣ་བའི་ཡུལ་དུ་ འོངས་པ་ཉིད་འཛིན་པའི་ཕྱིར། མཚུངས་པ་ཉིད་དུ་འཛིན་པར་འགྱུར་རོ། །རང་གི་རྒྱུ་དང་ལྡན་པ་དང་འདུ་བའི་ཡུལ་གྱི་དབང་གིས་འདི་རྣམ་པར་ཆད་པར་འཁྲུལ་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་དག་རྣ་བས་མི་འཛིན་པའི་ཕྱིར་རོ། །ཤེས་པ་ནི་འགའ་ཞིག་ཏུ་ཡུལ་དུ་ འགྱུར་བའི་དངོས་པོའི་རྣམ་པ་སྒྲོ་བཏགས་ནས་སྐྱེད་པ་མ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་གཟུགས་ལ་རོ་དང་འདྲ་བ་སྒྲོ་འདོགས་པར་བྱེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྲད་ནས་འཛིན་པ་ལ་གནོད་པར་བྱེད་པའི་ཚད་མ་བརྗོད་ནས། མ་ཕྲད་པར་འཛིན་པ་ལ་སྒྲུབ་པར་བྱེད་པ་འཆད་པ་ནི། དེ་ལྟར་ཆད་དོ་སྙམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་དེའི་ཕྱིར་རོ། །རེག་སོགས་བཞིན་དུ་གཞན་དུ་མིན། །ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དཔེར་ན་རེག་པའི་དབང་པོ་རྣམ་པར་འཆད་པར་མི་འཛིན་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ ལྟར་ན་ཞེས་བྱ་བ་ལ་སོགས་པས་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་དོགས་པ་བསུ་ནས་ལན་འདེབས་པ་ཡིན་ནོ། །འདིར་འོད་བྱེད་པ་དང་གཞོན་ནུ་མ་ལེན་ལ་སོགས་པ་རྣམས་ཚད་མ་བྱེད་པ་ནི་མིག་དང་རྣ་བ་ནི་ཕྲད་ནས་འཛིན་པ་ཡིན་ཏེ། ཕྱི་རོལ་གྱི་དབང་པོ་ཡིན་པའི་ཕྱིར་སྣ་ལ་སོགས་པ་བཞིན་ནོ། །ཕྱི་ རོལ་གྱི་དབང་པོ་ནི་ནང་གི་ཡིད་ཀྱི་དབང་པོས་འཁྲུལ་པ་བསལ་བའི་དོན་དུའོ། །དེ་བཞིན་དུ་དབང་པོའི་དོན་ཡིན་པ་ན་ཆོད་པའི་དོན་མི་དམིགས་པའི་ཕྱིར་སྣ་ལ་སོགས་པ་བཞིན་ནོ། །ཡུལ་བཟློག་པའི་དོན་དུ་དབང་པོ་ཡིན་པ་ན་ཞེས་ཁྱད་པར་དུ་བྱས་སོ། །དེ་བཞིན་དུ་གཟུགས་དང་སྒྲ་དག་ནི་ཕྲད་ནས་ འཛིན་པའི་དབང་པོའི་གཟུང་བར་བྱ་བ་ཡིན་ཏེ། ཕྱིའི་དབང་པོའི་དོན་ཡིན་པའི་ཕྱིར་དྲི་དང་རོ་བཞིན་ནོ། །དེ་བཞིན་དུ་གཟུགས་དང་སྒྲའི་ཤེས་པ་དག་ནི་ཕྲད་ནས་འཛིན་པའི་ཕྱིར་དབང་པོའི་གཟུང་བར་བྱ་བའི་ཡུལ་དམིགས་པར་བྱེད་པ་ཡིན་ནོ། །ཕྱིའི་དབང་པོའི་དོན་དམིགས་པར་བྱེད་པའི་ཕྱིར་ དྲི་དང་རོའི་ཤེས་པ་བཞིན་ནོ་ཞེའོ། །འདིར་སུན་འབྱིན་པ་འཆད་པ་ནི་གང་ཡང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ། །དེ་ལྟ་བས་ན་ཐོས་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། ལྡན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་ཚིག་གི་དོན་དྲུག་བརྟགས་པར་རོ། །འོ་ན་ ཐ་མི་དད་པ་འགྱུར་ཞེ་ན། རླུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་རྣམས་ཁོ་ན་ལྡན་པ་དང་བྲལ་བར་སྐྱེ་བ་ན། ལྡན་པ་དང་རྣམ་པར་དབྱེ་བ་ཐ་མི་དད་པར་བརྗོད་ཀྱི། སྐད་ཅིག་མ་མ་ཡིན་པ་ནི་རིམ་གྱིས་ཀྱང་ལྡན་པ་དང་བྲལ་བར་རིགས་པ་མ་ཡིན་ཏེ། དེ་དག་ནི་རང་བཞིན་གཅིག་ཡིན་པའི་ཕྱིར་རོ། ། རྣ་བའི་ནམ་མཁར་ཕྱིན་པ་ན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རྣ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཕྱོགས་གཉིས་ཏེ། རླུང་འདི་རེས་འགའ་དམིགས་པའི་རང་བཞིན་དུ་གྱུར་པའམ། མི་དམིགས་པའི་རང་བཞིན་དུ་གྱུར་པ་ཞིག་ཡིན་གྲང་། ཕྱོགས་དང་པོ་ལ་སྒྲ་རིགས་པའི་ དུས་སུ་ལྕག་གིས་བསྣུན་པ་བཞིན་དུ་རླུང་ཡང་རྟོགས་ཏེ་དམིགས་པར་འགྱུར་རོ། །ཡང་ཅི་སྟེ་རྣམ་པར་ཤེས་པ་གཉིས་ཅིག་ཅར་བར་མི་འབྱུང་བའི་ཕྱིར་སྒྲ་རྣམ་པར་གསལ་བ་སྟེ། སྒྲ་དམིགས་པ་ཉིད་ཡིན་ཏེ། རླུང་དེ་མྱོང་བར་འགྱུར་བ་དེ་བཞིན་དུ་རྣ་བའི་སྟེ་དམིགས་པའི་གེགས་བྱེད་པ་ཡིན་ནོ་སྙམ་ན། འདི་ནི་སྒྲ་དམིགས་པའི་དུས་ན་ལྕག་གིས་བསྣུན་པ་དང་རླུང་གཞན་མྱོང་བར་བརྗོད་པར་རིགས་པ་མ་ཡིན་ཏེ། ཇི་ལྟར་སྒྲ་དམིགས་པའི་དུས་ན་རླུང་ཡབ་ལ་སོགས་པས་བྱས་པའི་རླུང་གཞན་དང་ལྕག་གིས་བསྣུན་པ་ཉམས་སུ་མྱོང་བར་འགྱུར་བ་དེ་བཞིན་དུ་རྣ་བའི་ཡུལ་དུ་ཕྱིན་པའི་རླུང་གི་རེག་བྱ་ཡང་རིགས་པར་ འགྱུར་རོ། །འདིས་ནི་ཤེས་པ་ཅིག་ཅར་མི་སྐྱེ་བར་དམ་བཅས་པ་ལ་མངོན་སུམ་དང་འགལ་བར་བཤད་དོ། །མྱུར་བར་འབྱུང་བའི་སྟོབས་ཀྱིས་ཅིག་ཅར་འཛིན་པ་ཉིད་དུ་འཁྲུལ་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །རིམ་གྱིས་འབྱུང་ན་ཡང་མགྱོགས་པས་བྱས་ པའི་ཅིག་ཅར་པར་འཁྲུལ་པ་ཡིན་ལ་རག་མོད། དེ་ལྟ་ན་ཡང་འདིར་ལེན་སྐབས་སུ་ཉེ་བར་མི་མཁོ་བའི་ཕྱིར་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་སྟོན་པ་ནི། རིམ་གྱིས་འབྱུང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རྣམ་པར་ཤེས་པ་མགྱོགས་པར་འབྱུང་བའི་ཕྱིར་ཅིག་ཅར་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་ འགྱུར་གྱི། དམིགས་པའི་མཚན་ཉིད་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་མ་དམིགས་པ་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། འདི་ལྟར་འདིར་རྣམ་པ་ཐམས་ཅད་དུ་རིམ་གྱིས་སམ། ཅིག་ཅར་གྱི་རྣ་བའི་ཡུལ་དུ་ཕྱིན་པའི་རླུང་མ་དམིགས་པ་ཉིད་ཡིན་ཏེ། དེ་ལྟ་བས་ན་མགྱོགས་པས་བྱས་པའི་རྣམ་པར་ཤེས་པ་ལ་ ཅིག་ཅར་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཅུང་ཟད་ཀྱང་ལན་མ་ཡིན་ཏེ། གསོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཉིས་པ་ལ་འཆད་དོ། །གཟེགས་ཟན་པ་ནི་བྱེ་བྲག་པ་རྣམས་སོ། །དེ་དག་གི་ལྟར་ན་རླུང་ནི་རེག་པའི་རྟགས་ཅན་ཡིན་ལ། བཤད་ པ་བྱེད་པ་རི་ཁྲོད་པས་ཀྱང་། མངོན་སུམ་མ་ཡིན་པའི་རླུང་གི་རླུང་དང་ལྡན་པ་དང་རྣམ་པར་དབྱེ་བ་རྣམས་རྣ་བུག་གི་ཕྱོགས་ནས་འབྱུང་བ་ན་མི་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །འདིར་ཉེས་པ་བཤད་པ་ནི། དེ་ཡི་རེག་ཐོབས་སུ་ཡིས་བྱས། །ཞེས་བྱ་བ་སྟེ། རེག་པ་ནི་རེག་བྱའོ། །རེག་བྱ་ཐོབ་པ་ ནི་རེག་བྱ་ཐོབ་པར་གྱུར་པ་སྟེ། མྱོང་བར་ཐལ་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རླུང་དེ་རེག་པར་ཐལ་བར་འགྱུར་བ་གང་ཡིན་པ་འདི་བཤད་པ་བྱེད་པས་བྱས་པ་དེ་ཇི་ལྟར། འདི་ལྟར་རླུང་སྒྲར་འགྱུར་རོ་ཞེས་བྱ་བ་དེ་ལྟར་སྨྲ་བའི་བསླབ་པ་བྱེད་པ་དག་ལ། བཤད་ པ་བྱེད་པ་ན་རེ་སྒྲ་རླུང་ལས་བྱུང་བ་ཡིན་ན་རླུང་གི་བཀོད་པའི་ཁྱད་པར་ཡིན་ཏེ། དཔེར་ན་སྣམ་བུ་སྣལ་མའི་རང་བཞིན་གྱི་ཆ་ཤས་བཞིན་དུ་འདིའི་རླུང་གི་ཆ་ཤས་དེ་དག་རྣ་སྒྲ་ལ་ཡོད་པར་རྟོགས་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ཏེ། གལ་ཏེ་དེ་ལྟ་ཡིན་ན་མཐོང་བས་དམིགས་པར་འགྱུར་ན་ སྒྲར་གཏོགས་པའི་རླུང་གི་ཆ་ཤས་རྣམས་ནི་མཐོང་བ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དབང་པོ་ལས་འདས་པ་ཉིད་ཁས་བླངས་ན་ཡང་སྐྱོན་གཞན་འཆད་པ་ནི། ཡང་ན་རླུང་ནི་དབང་འདས་བླ། །ཞེས་བྱ་བ་ལ་སོགས་པ་སྟེ། རླུང་དེ་དང་ལྡན་པ་ནི་དེ་འབྲེལ་པ་སྟེ། ས་དང་ཆུ་དང་མེའི་མིང་ཅན་གྱི་ འབྱུང་བ་གསུམ་པོ་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེར་གཏོགས་པ་ནི་དེར་གྱུར་པ་སྟེ། དེ་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་ལ་བརྟེན་ཞེས་བྱ་བ་ལ་སོགས་པ་གཉིས་པའི་བསྡུ་བ་ཡིན་ལ། དེ་ཡང་རེག་བྱ་ཞེས་བྱ་བ་འདི་དང་གཞི་མཐུན་པ་ཡིན་ནོ། །གྲང་བ་དང་དྲོ་བ་ དང་ཅིག་ཤོས་ཀྱི་རེག་བྱ་དེའི་རང་བཞིན་རིགས་པ་སྟེ་ཚོར་བར་འགྱུར་རོ། །གཞན་བཞིན་ནོ་ཞེས་བྱ་བ་ནི་སྒྲ་ལས་གསལ་བར་བྱེད་པར་མངོན་པར་འདོད་པ་ལྟེ་བའི་རླུང་ལ་གནས་པ་ལས་གཞན་བཞིན་ཏེ། དྲུག་པའི་མཐའ་ཅན་གྱི་རང་བཞིན་ཡིན་ནོ། །དཔེར་ན་དགུན་གྱི་དུས་སུ་ཁ་བའི་ཚོགས་ དང་འབྲེལ་པའི་བུ་ཡུག་གི་རླུང་ལྟ་བུ་དང་། ཡང་ན་ཇི་ལྟར་སྔ་དྲོའི་ཉི་མའི་འོད་ཟེར་གྱི་ཚོགས་འཕྲོས་པས་ཕྱོགས་མ་ལུས་པར་ཁྱབ་པར་འཇུག་པའི་སོ་གའི་དུས་ཀྱི་རླུང་ལྟ་བུ་དང་། དེ་བཞིན་དུ་གྲང་བ་དང་ཅིག་ཤོས་མ་ཡིན་པའི་ཁ་བའི་དུས་འཇུག་པའི་རླུང་གི་རེག་བྱ་གྲང་བ་ལ་སོགས་པ་རིགས་པར་ འགྱུར་བ་དེ་བཞིན་དུ་འདི་ཡང་འགྱུར་རོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ལན་འདེབས་པར་བྱེད་དེ། དེ་དང་ཞེས་བྱ་བ་ནི་རླུང་དང་ངོ་། །མི་ལྡན་ཞེས་བྱ་བ་ནི་མ་འབྲེལ་པ་སྟེ། རྣ་འབྲུག་ལ་ཞེས་འབྲེལ་ཏོ། །ལྷག་མ་ནི་གོ་བར་ཟད་དོ། །ཡང་ན་རིག་བྱེད་རྗེས་འབྲངས་ནས། །ཞེས་བྱ་བ་ ལ་སོགས་པ་གང་སྨྲས་པ་དེ་ལ། སུན་འབྱིན་པ་མཚུངས་པས་དེའི་ཕྱིར་འདི་ཉིད་ལ་བསྒྲེ་བར་བྱ་བའི་ཕྱིར། གང་དག་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ཆ་མེད་པའི་ནམ་མཁའི་བདག་ཉིད་ཡིན་པའི་ཕྱོགས་ལ་ལེགས་པར་བྱས་པ་དོན་མེད་པ་དང་ལེགས་པར་བྱེད་པ་མི་འཐད་ པ་ཞེས་བྱ་བ་ལ་སོགས་པའི་སྐྱོན་སྔར་བཤད་པ་གང་དག་ཡིན་པ་དེ་དག་རྣ་བ་མ་ཡིན་པའི་ཕྱོགས་ལ་ཡང་མཚུངས་པའི་ཕྱིར་སུན་འབྱིན་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །གལ་ཏེ་ཡང་ཁྱབ་པ་དང་གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ནམ་མཁའ་ཁྱབ་དང་ཕྱོགས་གཅིག་ ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་པའི་ཞེས་བྱ་བ་ནི་ལེགས་པར་མ་བྱས་པ་ལ་བརྟེན་པའོ། །ཆ་མེད་པ་ལ་ནི་རྣམ་པར་དབྱེ་བ་འདི་རིགས་པ་མ་ཡིན་ཏེ། ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བརྟགས་པ་པའི་རྣམ་པར་དབྱེ་བ་ལ་ནི་དོན་བྱེད་པ་འཇུག་པ་དང་མི་འཇུག་པ་མི་ འགལ་ཏེ། གང་གི་ཕྱིར་སྒྲོ་བཏགས་པའི་དོན་གྱི་རྗེས་སུ་བྱེད་པ་ནི་དོན་བྱེད་པ་མ་ཡིན་ཏེ། དེ་དག་ནི་དངོས་པོ་དང་འབྲེལ་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྟེན་གཅིག་ལ་གལ་ཏེ་དབང་པོ་ལེགས་པར་བྱས་ལ། དེ་ལ་ཡང་རྟོགས་པར་བྱེད་པའི་རང་བཞིན་ཡིན་ཏེ། དེ་རྟེན་གཞན་ལ་དེ་ཉིད་དོན་ དམ་པ་ཡིན་པའི་ཕྱིར་ཐམས་ཅད་དུ་དེ་ལ་ལེགས་པར་བྱས་པ་དང་རྟོགས་པར་བྱེད་པར་འགྱུར་རོ། །དེས་ན་སྐྱེས་བུའི་ལུས་ཀྱི་ཕྱོགས་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་དག་ཐམས་ཅད་བསལ་བ་ཡིན་ཏེ། གཅིག་ལ་དོན་དམ་པ་རྣམ་པར་དབྱེ་བ་མི་རུང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སྐྱེས་ བུའི་ལུས་ཀྱི་ཕྱོགས་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙོ་བོའི་ཡུལ་གཞན་ཞེས་བྱ་བ་ལ། གཙོ་བོ་ནི་ལུས་སོ། །ཡུལ་གཞན་ནི་ནམ་མཁའི་ཡུལ་ཐ་དད་དུ་འཇུག་པའོ། །དེ་ལྟར་སྨྲས་པ་མི་འཐད་དོ། །ཞེས་བྱ་བ་ནི་གཅིག་ལ་རྣམ་པར་དབྱེ་བ་མི་རུང་བའི་ཕྱིར་རོ། །གནས་མ་ཡིན་ཞེས་བྱ་བ་ནི་ མི་གནས་པའོ། །ཁྱད་པར་མེད་པ་ཉིད་སྟོན་པ་ནི། ཁྱད་པར་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་ཡང་ཆོས་དང་ཆོས་མ་ཡིན་པ་དག་གི་དབང་དུ་བྱས་པའི་ཕྱིར་ཁྱད་པར་ཡོད་པ་ཉིད་དོ་སྙམ་ན། རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཉིད་ལྟོས་པ་མེད་པའི་གཏན་ ཚིགས་ཡིན་ལ། དེ་ཡང་དབང་དུ་མ་བྱས་པ་ཡིན་ནོ། །ཡང་ན་ལྟོས་པ་མེད་པ་ཡིན་ཡང་དབང་དུ་གྱུར་པ་ཅིའི་ཕྱིར་མི་འགྱུར་ཞེ་ན། ནམ་མཁའི་ཆོས་དང་ཆོས་མིན་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པ་མེད་པ་ཉིད་ཀྱིས་ཕན་གདགས་པར་བྱས་པ་མ་ཡིན་པ་ཉིད་དུ་བརྗོད་ལ། གང་ཡང་ཕན་གདགས་ པར་བྱ་བ་མ་ཡིན་པ་དེ་ནི་འགའ་ཞིག་གི་དབང་དུ་བྱས་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནམ་སོ་སོར་བརྟགས་མིན་གྱི་འགོག་པ་བཞིན་ནོ། །རྣ་བ་ཡང་ཕན་གདགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རྟག་ཕྱིར་ཞེས་བྱ་བ་འདིས་གཏན་ཚིགས་མ་གྲུབ་པ་ བསལ་བ་ཡིན་ཏེ། ཕན་གདགས་བྱ་མིན་ན། འདི་ཡི་དབང་དུ་བྱས་འདི་ཅི། །ཞེས་བྱ་བ་འདིས་ནི་མ་ངེས་པ་ཉིད་བསལ་བ་ཡིན་ནོ། །འོན་ཏེ་ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་དབང་དུ་བྱས་པར་མཐོང་བ་མ་ཡིན་ནམ། ཇི་ལྟར་སྔར་ལོངས་མི་སྤྱོད་པའི་རྣ་བ་ཕྱིས་སྔགས་དང་སྨན་ལ་སོགས་ པའི་ནུས་པས་ལོངས་སྤྱད་པར་བྱ་བར་འགྱུར་ཏེ། དེ་ལྟ་ཡིན་དང་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེ་ན། དེ་ལ་ལན་བཤད་པ་ནི། སྔགས་དང་སྨན་སོགས་ནུས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་རྣ་སྤབས་བྲུས་པ་ལ་སོགས་པ་གཟུང་ངོ་། །ཇི་ལྟར་སྤྱད་བྱར་འགྱུར་ཞེས་ བྱ་བ་ནི་གལ་ཏེ། དེ་ལྟར་ཕན་གདགས་པར་བྱ་བ་མ་ཡིན་པར་གྱུར་ན་ཞེས་བྱ་བ་ཞིག་ཁ་སྐང་ངོ་། །འོན་ཏེ་ཕན་གདགས་པར་བྱ་བ་མ་ཡིན་ན་ཡང་ཁྱད་པར་སྐྱེ་བ་ཙམ་གྱི་དབང་དུ་བྱས་པར་འགྱུར་རོ་ཞེ་ན། རྟག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་དེ་ལྟར་ན་རྟེན་མི་རྟག་པའི་ཕྱིར་དེ་ ལེགས་པར་བྱེད་པའི་སྒོ་ནས་རྣ་བ་རྟག་པ་ཡང་དབང་དུ་བྱེད་པར་འགྱུར་རོ་ཞེ་ན། རྟེན་མི་རྟག་པ་ཉིད་ཡིན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཡིན་ན་ཡང་ཞེས་བྱ་བ་ནི་དུས་གཞན་ན་འཇིག་པའི་ཕྱིར་རོ། །དེ་ཡང་འཇིག་པའི་བར་དུ་ངོ་བོ་གཅིག་ཡིན་པའི་ཕྱིར་རྟག་པ་ལ་ཁྱད་པར་བསྐྱེད་ པ་མི་སྲིད་པའི་ཕྱིར་ལེགས་པར་བྱས་པ་ག་ལས་ཡིན། བོགས་དབྱུང་བར་ཁས་བླངས་ནས་སྐྱོན་འཆད་པ་ནི། དེ་ལ་བོགས་ནི་ཡོད་ལ་རེག །འདི་ནི་ཞེས་བྱ་བ་ནི་བོགས་སོ། །གལ་ཏེ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་རྟེན་དང་འབྲེལ་བའི་ཕྱིར་དེ་ལ་ཡང་འགྱུར་རོ་ཞེ་ན། རྟེན་དང་འབྲེལ་པ་ཡོད་མིན་ཏེ། ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནམ་མཁའི་ཆ་ཤས་མེད་མིན་ཏེ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ནམ་མཁའ་ཆ་དང་བཅས་པ་ཡིན་ན་ཡང་གལ་ཏེ། རྟག་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་ནམ་མཁའ་ཆ་མེད་པ་རྟག་པའི་ཕྱོགས་ལ་སུན་འབྱིན་པ་གང་ཡིན་པ་དེ་ཐམས་ཅད་མཚུངས་སོ་ ཞེས་བསྒྲེ་བ་ནི། ནམ་མཁའ་ཆ་ཤས་དང་ལྡན་ཡང་། །ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དབང་དང་བྲལ་བ་ན། །ཡུལ་དེར་གནས་པར་གྱུར་ན་ཡང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གལ་ཏེ་དེ་ཡི་སྐད་ཅིག་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གསལ་ བར་བྱེད་པའི་རླུང་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གང་ཚེ་སྒྲ་དང་རྣ་བ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཚེ་ཞེས་བྱ་བ་ནི་རྒྱུ་གང་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་མ་ཐག་ཏུ་བརྗོད་པའི་རྣམ་པས་རྟག་པ་ལ་ཁྱད་པར་བྱར་མེད་པའི་ཕྱིར་ལེགས་པར་བྱེད་པ་འཐད་པ་ མ་ཡིན་ཏེ། དེའི་ཕྱིར་རླུང་ལ་སོགས་པ་ལས། །ནུས་པ་ངེས་པ་འཐད་མ་ཡིན། །ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཇི་ལྟར་འདི་ལེགས་པར་བྱས་པ་མི་འཐད་པ་དེ་ལྟར་རེ་ཞིག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཐ་དད་ཐ་མི་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པར་བྱས་པར་འགྱུར་ པ་ཐ་དད་པའམ། ཐ་མི་དད་པ་ཡིན་ཞེས་བྱ་བ་ཕྱོགས་གཉིས་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕྱོགས་དང་པོ་རྣ་བ་དང་སྒྲ་དག་གིས་ལེགས་པར་བྱེད་པ་མི་འགྲུབ་པར་ཐལ་བར་འགྱུར་ཏེ། དོན་གཞན་བྱེད་པའི་ཕྱིར་རོ། །བུམ་པ་བྱེད་པ་ན་སྣམ་བུ་ལེགས་པར་བྱེད་པ་མ་ཡིན་ལ། གང་ གིས་དེ་དང་འབྲེལ་པའི་ལེགས་པར་བྱེད་པའི་སྒོ་ནས་དེ་དག་ལེགས་པར་བྱས་པར་འགྱུར་བ་དེའི་ལེགས་པར་བྱས་པ་དེ་དག་དང་ལྷན་ཅིག་འབྲེལ་པ་གྲུབ་པ་ཡང་མ་ཡིན་ནོ། །འདི་ལྟར་ཐ་དད་དུ་ཁས་ལེན་པའི་ཕྱིར་དེའི་བདག་ཉིད་ཀྱི་འབྲེལ་པ་མེད་ལ། ཐ་དད་པར་འབྲེལ་པར་འགྱུར་ན་ཡང་རྒྱུ་དང་ འབྲས་བུའི་མཚན་ཉིད་ཁོ་ན་ཡིན་ཏེ། གཞན་ལ་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཡིན་ཏེ་རྒྱུ་དང་འབྲས་བུ་ཉིད་ཡིན་ན་ལེགས་པར་བྱས་པ་ཐམས་ཅད་དུ་འགྱུར། རྒྱུ་དང་རྣ་བ་དང་སྒྲའི་བདག་ཉིད་དུ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་སྐྱོན་འཆད་པ་ནི། ཐ་མི་ དད་པའི་ཕྱོགས་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་རྣ་བ་དང་སྒྲའི་རང་གི་ངོ་བོ་ལྟར་རོ། །འདི་ནི་ཞེས་བྱ་བ་ནི་ལེགས་པར་བྱས་པའོ། །དེ་ལྟ་ཡིན་དང་རྟག་པའི་ཕྱིར་འདི་སུས་ཀྱང་ལེགས་པར་བྱེད་པ་མ་ཡིན་ཏེ། དེ་ལ་སྟེ་ལེགས་པར་བྱས་པ་ལས་རྣམ་པར་ཤེས་པ་བསྐྱེད་པར་ འདོད་ན་ཡང་། ཤེས་པ་རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི། རྟག་པ་ཉིད་ལ་སྐྱོན་ཡིན་ནོ། །དེ་ཕྱིར་རླུང་ལས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ཡིན་ནོ། །དེའི་ཕྱིར་གསལ་བ་ཞེས་བྱ་བ་ལ་སོགས་པ་སྒྲ་མི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་ལ་ཚད་མ་འགོད་པར་བྱེད་དོ། །སྦྱོར་བ་ནི་གང་ རེས་འགའ་བ་དེ་ནི་སྐྱེ་བ་དང་ལྡན་པའི་རྒྱུས་བསྐྱེད་པར་བྱ་བ་ཡིན་ཏེ། དཔེར་ན་བུམ་པའི་གསལ་བའི་ཡུལ་ཅན་གྱི་ཤེས་པ་བཞིན་ནོ། །སྒྲའི་ཤེས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྟག་ཏུ་དེའི་ཤེས་པ་མི་རིགས་པའི་ཕྱིར་མ་གྲུབ་པ་མ་ཡིན་ལ། མངོན་པར་ གསལ་བ་བསལ་ཟིན་པའི་ཕྱིར་མ་ངེས་པ་མ་ཡིན་ཞིང་། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །འབྲས་བུ་འདི་ཞེས་བྱ་བ་ནི། གཟུང་བར་བྱ་བ་སྐྱེད་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲས་བུ་འདི་ལ་ཡོད་ཅེས་རྣམ་པར་སྦྱར་ཏེ་ལྷག་མ་ནི་དོན་གོ་བར་ཟད་དོ། །ཕྱོགས་རྣ་བ་ ཡིན་པའི་ཕྱོགས་ལ་དང་པོ་ཉིད་དུ་སུན་འབྱིན་པ་བཤད་ཟིན་པའི་ཕྱིར་ཡང་མི་བརྗོད་དེ་དེ་ཉིད་ཀྱི་ཕྱིར་སྔར་བཤད་པའི་སུན་འབྱིན་པ་དེ་ཉིད་དྲན་པར་བྱ་བའི་ཕྱིར། ནམ་མཁའི་ཆ་ཤས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཡང་ལེགས་པར་བྱེད་པ་ན། །དེ་ཕྱིར་གཅིག་ཉིད་ལེགས་པར་བྱེད། ། ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཡུལ་ཡང་ལེགས་པར་བྱེད་པ་ན། །ཞེས་བྱ་བ་སྨོས་ཏེ། མིན་ཞེས་བྱ་བ་ནི་ཡུལ་ཡང་ལེགས་པར་བྱེད་པ་ན་དེས་གཅིག་ཉིད་ལེགས་པར་བྱས་ཞེས་བྱ་བ་དེ་མ་ཡིན་ནོ་གང་ལས་ཤེ་ན། ནུས་པ་ངེས་ཕྱིར་བསལ་བའི་ཕྱིར་ཏེ་ལེགས་པར་བྱེད་པ་ཞེས་བྱ་བ་ལྷག་མའོ། ། འདི་ལྟར་ལེགས་པར་བྱས་པ་ཐ་དད་པ་དང་ཐ་མི་དད་པ་ནི་སྔར་བསལ་ཟིན་ཏོ། །འདི་ལས་ཀྱང་ཡུལ་ལེགས་པར་བྱས་པ་མ་ཡིན་ཏེ། གང་ལས་ཤེ་ན། ནུས་པ་ངེས་ཕྱིར་ཡང་ཞེས་བྱ་བའི་ཡང་གི་སྒྲ་མི་མངོན་པར་བསྟན་པར་བྱའོ། །ཡང་ན་དོན་འདི་ཡིན་ཏེ། དེའི་ཕྱིར་འཆད་པར་འགྱུར་བའི་ ནུས་པ་ངེས་པའི་ཕྱིར་ཡུལ་ལེགས་པར་བྱེད་པ་རིགས་པ་མ་ཡིན་ནོ། །ནུས་པ་ངེས་པ་དེ་ཉིད་སྟོན་པ་ནི། །ཤེས་པ་སྐྱེད་པར་མི་རུང་ན། །ཞེས་བྱ་བ་ལ་སོགས་པ་སྟེ། རེས་འགའ་སྒྲ་འདི་རང་བཞིན་གྱིས་ཤེས་པ་སྐྱེད་པར་རུང་བ་ཡིན་ནམ་མ་ཡིན་ཞེས་བྱ་བའི་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ལ་ནམ་ཡང་ སུས་ཀྱང་རྟོགས་པར་མི་འགྱུར་རོ། །གཉིས་པ་ལ་ཡང་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་རྟོགས་པར་འགྱུར་ཏེ། ངོ་བོ་ཉིད་གཅིག་ཡིན་པའི་ཕྱིར་རོ། །དེས་ན་ལེགས་པར་བྱེད་པར་མི་ནུས་སོ། །འདི་སྙམ་དུ་ནུས་པ་ཡང་འགལ་བའི་རྐྱེན་གྱི་སྟོབས་ཀྱིས་རེས་འགའ་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་པ་དེ་ བཞིན་དུ། ནུས་པ་མེད་པ་ཡང་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བསྒོས་པའི་ནུས་པ་ཡོད་ན་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་འོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ཉམས་པར་མི་བྱེད་དམ། སྐྱེད་པར་མི་བྱེད་པ་ནི་འགལ་བའམ། ལྷན་ཅིག་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཉམས་པ་དང་སྐྱེད་པར་ཁས་ལེན་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཡུལ་ཕྱོགས་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འདི་ནི་འགའ་ཞིག་ཁོ་ན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་ཕྱོགས་ལ་སྐྱོན་འདི་ མེད་དེ། གང་གི་ཕྱིར་རང་གི་རྒྱུ་ལས་སོ་སོར་ངེས་པའི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་ཉིད་ཉེ་བར་སྐྱེ་བ་ཡིན་ཏེ། དེས་ན་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་རྟོགས་པ་མ་ཡིན་ནོ། །གལ་ཏེ་ལེགས་པར་བྱས་པ་སྲིད་པ་ཡིན་ན། གང་གི་ལྟར་ན་སྒྲ་ལེགས་པར་བྱས་པ་དེའི་ལྟར་ན་སྐྱོན་འདི་ཡིན་ནོ་ཞེས་བསྟན་པའི་ ཕྱིར། ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱིས་ཤེས་པ་བསྐྱེད་པར་ནུས་པར་ཁས་ལེན་པ་ནི་ཐག་རིང་པོ་ན་གནས་ན་ཡང་འཛིན་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་འབའ་ཞིག་ཏུ་མ་ཟད། ལེགས་པར་བྱས་པའི་ཕྱོགས་ལ་ཡང་སྐྱོན་ཉིད་ཡིན་པས་དེའི་ཕྱིར་ཕྱོགས་གཞན་བསྟན་པ་ཡིན་ནོ། ། རིང་ན་གནས་པས་ཅིས་མ་ཡིན། །ཞེས་བྱ་བས་ནི་ཐོས་པས་ཞེས་འབྲེལ་ཏེ། འོན་ཀྱང་ཐོས་པ་ཁོ་ན་ཡིན་ནོ་ཞེས་བྱ་རོག་གི་དྲི་བར་བསྟན་ཏོ། །འདི་ཉིད་གསལ་བར་བྱེད་པ་ནི། །ཉེ་བར་གནས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཡི་སྐྱེ་བ་བཀག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་ ཏེ་ཁྱད་པར་ཅན་སྐྱེ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལེགས་པར་བྱས་པས་སྐྱེ་བ་ཡིན་ན་དེའི་ཚེ་སྒྲ་ཡང་སྐྱེ་བར་ཐལ་བར་འགྱུར་ཏེ། དེ་ལེགས་པར་བྱས་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་ན་ལེགས་པར་བྱས་པ་ཉིད་ལས་ཤེས་པ་སྐྱེད་པའི་ཕྱིར། སྒྲ་བྱེད་པ་པོ་མ་ཡིན་པས་ ཤེས་བྱ་མ་ཡིན་པ་ཉིད་དུ་ཐལ་ལོ། །དེ་ལྟ་ཡིན་དང་སྒྲ་ཡང་སྐྱེད་པ་ཡིན་ནོ་ཞེས་ཁས་བླང་དགོས་སོ། །ཡང་ཅི་སྟེ་ཇི་ལྟར་ཁྱེད་ཅག་གིས་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་ནུས་པའི་སྒྲ་སྐྱེ་བ་དེ་བཞིན་དུ། ཁོ་བོ་ཅག་གིས་ལེགས་པར་བྱས་པས་རང་སོ་སོར་ངེས་པར་འགྱུར་བའི་ཕྱིར་དེས་ན་རང་བཞིན་གནས་ པ་རྣམས་ཀྱིས་མི་རྟོགས་པ་ཡིན་ནོ་སྙམ་དུ་འདི་ལ་བཤད་པ་ནི། དུས་གཅིག་ཚེ་ན་སྒྲ་ལེགས་བྱས། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སོ་སོར་ངེས་པའི་སྐྱེས་བུའི་རྒྱུ་ལ་ཤེས་པ་སྐྱེད་པའི་ནུས་པ་བྱེད་པ་དེ་ལྟ་ན། ཡང་སྐྱོན་ཅན་ཉིད་ཡིན་པར་སྟོན་ཏེ། འདི་ལྟར་གལ་ཏེ་ཤེས་པ་སྐྱེད་པར་རུང་བའི་ཤེས་ པ་མི་སྤོང་བ་དེའི་ཚེ་ཐམས་ཅད་ཀྱི་ཚེ་ཤེས་པ་བསྐྱེད་པར་ཐལ་བར་འགྱུར་ལ། ཅི་སྟེ་སྤོང་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་སྟེ་དེའི་ཕྱིར་སྐྱེ་བར་འགྱུར་རོ་ཞེས་ཁས་བླང་བར་བྱའོ། །གཉི་ག་ལེགས་པར་བྱས་ཕྱོགས་ལ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་གཉི་ག་ལེགས་པར་ བྱས་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་ལྟར་ན་སྐྱེ་བ་ཡིན་པའི་ཕྱོགས་དེ་དག་གི་གང་ཡང་རུང་བ་མ་ཚང་བ་རིགས་པ་ཡིན་གྱི། ལེགས་པར་བྱས་པ་སྨྲ་བའི་ཕྱོགས་ལ་ནི་མ་ཡིན་ཏེ། དེ་དག་གི་ལྟར་ན་སྔ་མའི་ལེགས་པར་བྱས་པའི་རང་བཞིན་རྟག་ཏུ་རྗེས་སུ་འཇུག་ པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་རྗེས་སུ་འཇུག་པ་དེ་ཉིད་སྟོན་པ་ཡིན་ནོ། །འཕོ་འགྱུར་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཐོས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཐོས་པ་ནི་ཐམས་ཅད་ཐོས་པ་ཡིན་གྱི། ཐམས་ཅད་ཐོས་ པ་ནི་མ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། ལས་ལ་ཡང་ཞེས་བྱ་བ་བསྡུ་བ་བཀག་པའི་ཕྱིར་རོ། །ཅི་སྟེ་ཡང་སོ་སོར་ངེས་པའི་སྐྱེས་བུ་རྣམས་ཀྱིས་ཐོས་པར་རུང་བ་རྣ་བ་དང་ཡི་གེ་ལེགས་པར་བྱས་པ་ཡིན་ཏེ། དེས་ན་ཐམས་ཅད་ཀྱིས་ཐོས་པ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡི་གེ་གཞན་རྟོགས་པ་པོ་གང་དག་ ཡིན་པ་དེ་དག་གིས་སྒྲ་ཐོས་པར་མི་འགྱུར་རོ། །འདི་ཉིད་བསྟན་པའི་ཕྱིར། རྣ་བ་ཡི་གེ་ལེགས་བྱས་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ངེས་པ་རྣམས་ཀྱིས་ཐོས་པར་རུང་བ་ཞེས་བསྡུ་སྟེ། དེ་དག་ནི་གཞན་ཡང་ཡིན་ལ་ཡི་གེའི་རྟོགས་པ་པོ་ཡང་ཡིན་པ་ནི་ཡི་གེ་གཞན་རྟོགས་པ་པོ་ཞེས་ ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་ཡང་། གང་དག་ཡི་གེ་གཞན་རྟོགས་པ་པོ་དེ་དག་གི་ཤེས་པ་སྐྱེད་པར་རུང་བ་སྒྲ་དང་རྣ་བ་དག་གིས་ལེགས་པར་བྱེད་པ་གཞན་ཡང་འགྱུར་བ་ཉིད་དོ་སྙམ་ན་ཞེས་བྱ་བ་འདི་དོགས་པ་བསུ་ནས། ལན་འདེབས་པ་ནི། གལ་ཏེ་ཡི་གེ་དེ་སྐྱེས་བུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ དང་སྐྱེས་བུ་ཞེས་བསྡུ་བར་བྱའོ། །ཡི་གེ་དེ་དག་ཀྱང་གང་ཞེ་ན། རྟོགས་པ་པོ་གཞན་དག་གིས་གཟུང་བ་གང་དག་ཡིན་པའོ། །སྐྱེས་བུ་ཡང་དེ་དག་ཉིད་དེ་རྟོགས་པ་པོ་གང་དག་ཡིན་པའོ། །དེ་དག་གི་རྣམ་པར་ཤེས་པ་དེ་ལ་རུང་བ་ཞེས་བསྡུའོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་རྣ་བ་དེ་དག་དང་སྒྲ་སྔར་ ལེགས་པར་བྱས་པ་དེ་དག་ཉིད་ཀྱིའོ། །དེ་དག་ཀྱང་ཞེས་བྱ་བ་ནི་སྔ་མའི་ཡི་གེ་དང་སྐྱེས་བུ་དེ་དག་ཀྱང་ངོ་། །འདི་སྐད་དུ་བསྟན་པ་ཡིན་ཏེ། ག་ལ་སོགས་པའི་ཡི་གེ་ཕྱིས་གཞན་དག་གིས་ཐོས་པ་དེའི་ཚེ་ཡང་གང་དག་གིས་སྔར་ཐོས་པ་དེ་བཞིན་དུ་དེ་དག་གིས་ཀྱང་ཐོས་པར་འགྱུར་ཏེ། སྔ་མའི་རང་བཞིན་རྗེས་ སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའོ། །ཅི་སྟེ་རྗེས་སུ་མི་འཇུག་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བར་བསྟན་པའི་ཕྱིར། ལྡོག་ན་རྣ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །དཔེར་ན་ཉི་མ་ཆུ་སོགས་སུ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཆུ་ལ་སོགས་ལ་ཉི་མ་འདི། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཡིན་ནོ་ཞེས་ཁྱད་པར་མེད་པ་སྔར་བསྟན་ཟིན་པ་དེ་ལྟ་ན་ཡང་སླར་ཡང་རྣམ་པ་མེད་པ་དང་རྣམ་པ་དང་བཅས་པའི་ཕྱོགས་གཉི་ག་ཡང་གཟུགས་བརྙན་གྱི་བློ་ཁྱད་པར་དུ་སྟོན་ཏེ། དེ་ལ་ཕྱོགས་དང་པོའི་དབང་དུ་བྱས་ནས། གང་ ཕྱིར་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་སྤྱོད་པ་པ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པ་རྣམ་པ་མེད་པ་ཡིན་ལ། ཕྱི་རོལ་གྱི་དོན་རྣམ་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་ཡིན་དང་གང་ཞིག་ཆུའི་ནང་ན་གནས་པའི་ངོ་བོར་མཐོང་བ་འདི་ནི་རེ་ཞིག་ཤེས་པའི་རྣམ་པ་ནི་མ་ཡིན་ཏེ། ཕྱི་ རོལ་གྱི་དོན་ཁོ་ན་རྣམ་པ་དང་ལྡན་པར་ཁས་ལེན་པའི་ཕྱིར་རོ། །གཟུགས་བརྙན་དེ་དོན་གཞན་དུ་གྱུར་པ་ཁས་ལེན་པ་ཡང་མ་ཡིན་ཏེ། ཉི་མ་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་དེ་ལྟར་སྣང་བར་འགྱུར་པ་ཉི་མ་ཆུའི་ནང་ན་གནས་པ་ཡང་མ་ཡིན་ཏེ། དེ་ནི་ནམ་མཁའི་ཡུལ་དུ་གནས་ པ་ཡིན་པའི་ཕྱིར་རོ། །འཁྲུལ་པས་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་ཤེས་པ་དེ་ཉི་མ་ལ་དམིགས་པ་མ་ཡིན་ཏེ། ཉི་མ་ལ་ཆུའི་ནང་ན་གནས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དོན་གྱི་རང་བཞིན་གང་ཞིག་དེའི་ཤེས་པ་ལ་མི་སྣང་བ་ནི་དེའི་དོན་གྱི་ངོ་བོ་དང་བྲལ་བའི་ཕྱིར་དེའི་ཤེས་པའི་ དམིགས་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །སྦྱོར་བ་ནི་གང་ཞིག་ཤེས་པ་གང་ལ་སྣང་བ་མ་ཡིན་པའི་རང་བཞིན་དེ་ནི་ཤེས་པ་དེའི་ཡུལ་མ་ཡིན་ཏེ། རྣ་བའི་ཤེས་པའི་གཟུགས་བཞིན་ནོ། །ཉི་མ་ཡང་གཟུགས་བརྙན་གྱི་ཤེས་པ་ལ་སྣང་བའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་ཁྱབ་པར་བྱེད་པ་མི་དམིགས་ པའོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། ཉི་མ་ལ་ཆུའི་ནང་ན་ཡོད་པའི་ངོ་བོ་མེད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་ན་ཡང་ཅི་ཡང་རུང་བས་གང་ཅི་ཡང་རུང་བའི་དམིགས་པར་འགྱུར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་ བ་ཡང་མ་ཡིན་ཏེ། ཅི་སྟེ་ཡང་ཉི་མ་དེ་ཉིད་ཡུལ་ལ་སོགས་པའི་བྱེ་བྲག་གིས་གཞན་ཉིད་དུ་རྟོགས་པ་འབའ་ཞིག་ཏུ་ཟད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་སྙམ་ན། དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་འདི་ནི་སྤྱི་རྟོལ་ཅན་གྱི་རྟོག་གེ་བ་ཁྱེད་ཅག་ལས་གཞན་སུ་ཞིག་གིས་བརྗོད་ པར་འོས། འདི་ལྟར་དེ་ཉིད་ཅེས་བྱ་བ་འདིས་ནི་རང་གི་དེའི་ངོ་བོ་བསྒྲུབ་པར་བརྗོད་ལ། གཞན་ཞེས་བྱ་བ་འདིས་ནི་དེ་བཀག་པ་ཡིན་ནོ། །དེ་ཇི་ལྟར་གཅིག་ལ་གཅིག་གི་ཚེ་ཕན་ཚུན་འགལ་བ་བསྒྲུབ་པ་དང་དགག་པ་གཉིས་རིགས་པ་ཡིན། གལ་ཏེ་ཡང་གཞན་དུ་རྟོགས་ན་ཡང་དེ་ཉིད་ཡིན་པར་གྱུར་ན་ སྣ་ཚོགས་པ་ཐམས་ཅད་གཅིག་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པར་འགྱུར་བ་དང་། ཤེས་པ་ཐམས་ཅད་ཀྱང་ཡུལ་གཅིག་པར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་ཡུལ་དང་དུས་ལ་སོགས་པ་ཐ་དད་པ་དང་ལྡན་པའི་དོན་འདི་ཉིད་གལ་ཏེ་ཁོ་ན་ལྟར་འགྱུར་ན། དེ་ལྟ་ན་དེ་ཁོ་ན་ རྟོགས་པར་འགྱུར་བའི་ཕྱིར་མ་གྲུབ་པ་ག་ལས་ཡིན། ཕྱོགས་གཉིས་པ་རྣམ་པ་དང་བཅས་པ་ལ་ཡང་རང་གི་རྣམ་པ་རིག་པ་ནི་ཕྱི་རོལ་གྱི་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བའི་ཕྱིར། ཕྱི་རོལ་རིག་པར་བརྗོད་ཀྱི། མི་འདྲ་བ་ཉམས་སུ་མྱོང་བ་ལས་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་ ཅང་ཐལ་བར་འགྱུར་རོ། །འདི་གཟུགས་བརྙན་གྱི་བློ་ཉི་མའི་རྣམ་པ་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཟུགས་བརྙན་གྱི་བློ་ཉི་མའི་ཤེས་པ་དང་ཁྱད་པར་མེད་པར་མ་འཁྲུལ་བར་འགྱུར་རོ། ཆུ་ལ་ཉི་མའི་འོད་ཟེར་ནི། །ཞེས་བྱ་བ་ལ་སོགས་པ་ སྨྲས་པ་དེ་ལ། བརྒྱུད་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་ཡིན་ཞེས་བྱ་བ་ནི་བདག་གོ། །སྟེང་དུ་འཇུག་ཅེས་བྱ་བ་ནི་ཉི་མ་སྟེང་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཞེས་བྱ་བ་ནི་བདག་གོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་བདག་གིས་བརྒྱུད་ནས་གཏོད་པའི་ སྟེང་ན་གནས་པའི་ཉི་མ་ལོག་པར་རྟོག་པ་མ་ཡིན་ན་ཅིའི་ཕྱིར་ལོག་པ་ཉིད་དུ་མཐོང་གི་སྟེང་དུ་མ་ཡིན། གལ་ཏེ་ཇི་ལྟར་གནས་པ་འཛིན་པ་དེ་ལྟ་ན་དེ་ཉིད་རྟོགས་པར་འགྱུར་གྱི། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་དེར་གནས་པས་འཇུག་ཕྱིར། །ལོག་པར་འཇུག་ཕྱིར་བརྟད་པ་ཡི། །ཞེས་ བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ན་གནས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་རྒྱུ་བཤད་པ་ནི། གཟུགས་བརྙན་ཅན་གྱི་རྣམ་ཤེས་དེ། །ཞེས་བྱ་བ་ལ་སོགས་པའོ། །དེ་དང་མི་འདྲ་བར་སྣང་ཕྱིར། །ཞེས་བྱ་བ་ནི་དངོས་པོའི་རྐྱེན་བསྟན་པ་སྟེ། དེ་དང་མི་འདྲ་བར་སྣང་བ་ཉིད་ཀྱི་ཕྱིར་རོ་ཞེས་ བྱ་བའི་དོན་ཏོ། །འདི་འབྲུ་མང་པོ་ཡང་ཡིན་ནོ། །སྦྱོར་བ་ནི། གང་དག་དང་མི་འདྲ་བར་སྣང་བའི་ཤེས་པ་དེ་ནི་དེ་ལ་དམིགས་པ་མ་ཡིན་ཏེ། རོ་ལ་སོགས་པའི་ཤེས་པ་སྒྲ་ལ་མི་དམིགས་པའམ། སྒྲའི་ཤེས་པ་རོ་ལ་མི་དམིགས་པ་བཞིན་ནོ། །གཟུགས་བརྙན་གྱི་བློ་དག་ནི་བྱད་ལ་སོགས་པ་དང་མི་འདྲ་བ་ སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདིའི་མ་གྲུབ་པ་ཉིད་ཡང་སྤང་བའི་ཕྱིར། གང་ཕྱིར་མེ་ལོང་ཆུང་ངུ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལོང་ཆུང་ངུ་ལ་བྱད་ཆེན་པོའི་གདོང་བཞིན་དུ་ཆུང་བར་སྣང་ལ། ཤིང་ལ་སོགས་པ་ཡང་ཆུར་བྱིང་བ་དང་ཡལ་ག་ལ་ སོགས་པ་ཐུར་དུ་བལྟས་པར་རྟོགས་སོ། །དེ་བཞིན་དུ་བྱད་ཕྱིར་ལོག་པ་དང་ཆུ་ལ་སོགས་པ་གཏིང་དུ་ཞུགས་པར་དམིགས་ཏེ། དེ་ལྟར་བྱད་ལ་སོགས་པ་གཟུགས་གནས་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་རལ་གྲི་ལ་སོགས་པའི་རྟེན་གྱི་བྱེ་བྲག་གི་གཟུགས་བརྙན་རིང་པོ་ལ་སོགས་པའི་བྱེ་བྲག་གི་རྣམ་ པར་སྣང་སྟེ། དེ་བཞིན་དུ་གཟུགས་རིང་པོ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ན་ཤེས་པའི་དེ་དང་མི་འདྲ་བར་སྣང་བ་ཉིད་མ་གྲུབ་པ་མ་ཡིན་ནོ། །མ་ངེས་པ་ཡང་སྤང་བའི་ཕྱིར། །མི་མཐུན་པ་ནི་སྣང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཐམས་ཅད་ཀྱི་ཡུལ་ ཐམས་ཅད་ཡིན་པར་ཐལ་བ་ནི་གནོད་པ་ཅན་གྱི་ཚད་མའོ། །ཇི་ལྟར་སོར་མོས་ཅུང་ཟད་མནན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། དེ་ཡང་ཡུལ་མེད་པ་ཡིན་པའི་ཕྱིར་རོ། །དུ་མའི་ཡུལ་དུ་འཇུག་པ་ཡི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འདིར་ ནི་གཟུགས་བརྙན་འབྱུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་བརྙན་དངོས་པོ་ཉིད་ཡིན་པ་ནི། ལུས་ཅན་ཐ་དད་མིན་ཡུལ་ཕྱིར། །ཞེས་བྱ་བ་ལ་སོགས་པས་སྔར་བཀག་ཟིན་ཏོ། །གཟུགས་བརྙན་དངོས་པོར་ཡོད་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་དེ་མཚུངས་པའི་བློའི་རྟོགས་པར་བྱ་བ་ ཉིད་དུ་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར། དུ་མའི་ཡུལ་དུ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་རིང་བ་ལ་སོགས་པའི་བྱེ་བྲག་ཡོངས་སུ་གཟུང་ངོ་། །ཡང་ཅི་སྟེ་རིགས་པ་ལ་སོགས་པའི་བྱེ་བྲག་ཡོད་ན་ཡང་སྔོན་པོ་ལ་སོགས་པ་འགའ་ཞིག་གིས་ཆོས་ མཚུངས་པའི་ཕྱིར་བློ་མཚུངས་པའི་རྟོགས་པར་བྱ་བ་ཉིད་ཡོད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡང་དོན་དམ་པའི་གཅིག་ཉིད་གྲུབ་པ་མ་ཡིན་ལ། བརྟགས་པ་ཉིད་དུ་འགྱུར་གྱི། དེ་ལ་ཡང་གྲུབ་པ་ལ་ཡང་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཡང་ཡུལ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་ན་ཡང་དོན་དམ་པར་གཅིག་ ཉིད་དུ་འགྱུར་ན། དེའི་ཚེ་བྲམ་ཟེ་དང་གདོལ་པ་ཉིད་ཀྱང་མི་ཉིད་དུ་མཚུངས་པའི་ཕྱིར་གཅིག་ཉིད་དུ་འགྱུར་བ་དང་། དེ་བཞིན་དུ་བུད་མེད་ཉིད་དུ་འདྲ་བས་མ་དང་། རང་གི་ཆུང་མ་དང་། རང་གི་ཁ་དང་། བཤང་བའི་ལམ་ཡང་སའི་རང་བཞིན་ཡིན་པའི་ཕྱིར་གཅིག་ཉིད་དུ་འགྱུར་རོ། །སྣ་ཚོགས་ ཐམས་ཅད་དངོས་པོ་ཉིད་ཡིན་པའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་བ་ཡང་བཟློག་པར་དཀའ་བ་ཉིད་དོ། །གང་ཡང་འདི་སྐད་དུ་བཤད་པ་ལས། ཅི་སྟེ་ཡང་གཅིག་ཡིན་ན་ཡུལ་དུ་མར་ཅིག་ཅར་མཐོང་བ་མི་འཐད་དོ་སྙམ་ན། ལྷ་རྣམས་དགའ་བ་ཉི་མ་ལ་ལྟོས་ཤིག །གང་ གཅིག་ཡིན་ན་ཡུལ་དུ་མར་གནས་པ་ལྟ་བུར་མངོན་ཏེ། ཐག་རིང་བའི་ཕྱིར་འདིའི་ཡུལ་ལ་ངེས་པར་མི་ཟིན་ཏེ། དེས་ན་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ལ་ཡང་འཁྲུལ་པའི་ཕྱིར་ཡུལ་ངེས་པར་མ་ཟིན་ན་ཞེས་བཤད་དོ། །འདིར་བཤད་པ་ནི་ཉི་མ་བདག་གི་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་དཀྱིལ་ འཁོར་གཉིས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་མེད་པ་ངེས་པས་བདག་ཉིད་དུ་གྲུབ་པའི་སྒོ་ནས་ཉི་མ་བདག་གི་སྟེང་ན་གནས་སོ་སྙམ་པ་འདི་འཁྲུལ་པའི་ཤེས་པར་ངེས་པར་གཟུང་སྟེ། གང་གིས་ཡུལ་ཐ་དད་པས་ཐ་དད་པ་ཉིད་འཁྲུལ་པར་འགྱུར་བ་དེ་ལྟར་སྒྲ་གཅིག་ པ་ཉིད་དུ་གྲུབ་པ་ནི་མ་ཡིན་ནོ། །གཅིག་ཉིད་དུ་གྲུབ་པ་ན་དེ་བཞིན་དུ་ཐ་དད་པ་ཉིད་འཁྲུལ་པར་འགྱུར་ན་དེ་ཉིད་མ་གྲུབ་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་འདི་ཡིན་པས་ཉི་མའི་དཀྱིལ་འཁོར་རོ་ཞེས་བྱ་བ་དེ་ནི་སྔར་བཤད་ཟིན་ཏོ། །འོན་ཏེ་ངོ་ཤེས་པས་སྒྲ་ཡང་གཅིག་པ་ཉིད་དུ་གྲུབ་ པ་མ་ཡིན་ནམ་ཞེ་ན། དེ་ལྟར་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ངོ་ཤེས་པ་ཚད་མ་ཉིད་མ་ཡིན་པར་སྔར་བསྟན་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅིག་ཅར་བས་དུ་མ་ཉིད་དུ་གྲུབ་པར་སྟོན་པ་ནི། གང་ཚེ་སྨྲས་པ་པོ་མང་པོ། །ཞེས་བྱ་བ་ལ་སོགས་པ་སྟེ། གསལ་བར་ཞེས་བྱ་བ་ནི་མྱུར་བ་དང་ བར་མ་དང་དལ་བ་ལ་སོགས་པའི་བྱེ་བྲག་གིས་སོ་སོར་སྣང་བའི་ཕྱིར་རོ། །རིམ་གྱིས་ཀྱང་བསྟན་པའི་ཕྱིར། རིམ་གྱིས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་འབའ་ཞིག་ཅེས་བྱ་བ་ནི་དེའི་ཚེ་ཡང་དྲུག་སྐྱེས་ལ་སོགས་པའི་བྱེ་བྲག་གིས་གསལ་བར་སྣང་བ་ཐ་དད་པའི་ཕྱིར་རོ། །འདི་ནི་ གསལ་བར་བྱེད་པ་ཐ་དད་པ་ནི་མ་ཡིན་ཏེ། དེ་སྔར་བསལ་ཟིན་པའི་ཕྱིར་རོ། །རྟགས་ལས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་མི་འབྱུང་བ་དེའི་ཚེ་དེ་རྒྱུ་མ་ཚང་བ་མེད་པ་མ་ཡིན་ཏེ། དཔེར་ན་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་ པའི་རྐྱེན་གྱི་ཚོགས་ཡོད་ན་ཡང་མིག་མ་ཚང་བ་ལ་མིག་གི་རྣམ་པར་ཤེས་པ་མི་འབྱུང་བ་བཞིན་ནོ། །ཡི་གེ་གཅིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེས་པའི་དུས་ན་ཡང་དུས་ཕྱིས་འབྱུང་བ་དེ་ལས་བྱུང་བ་ཉིད་དུ་མངོན་པར་འབོད་པའི་རྣམ་པར་བྱེད་པ་མི་འབྱུང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་ དམིགས་པའོ། །རྒྱུ་མ་ཚང་བ་མེད་པ་ལ་འབྱུང་བར་འགྱུར་བས་ཁྱབ་པའི་ཕྱིར་ལ། དེ་ཡང་འདི་ལ་མེད་པ། འོན་ཏེ་སྤྱིར་རྒྱུ་མ་ཚང་བ་མེད་པ་ཙམ་དགག་པ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ཏེ། འདི་ལྟར་སྒྲ་རྟག་པ་རྒྱུ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་གཞན་གྱིས་དུས་ ཕྱིས་འབྱུང་བའི་ཤེས་པ་རྣམས་མི་བསྐྱེད་པར་འདོད་པ་ཁོ་ནའོ། །ཅི་སྟེ་སྒྲ་ཞེས་བྱ་བའི་རྒྱུའི་ཁྱད་པར་གྱིས་རྒྱུ་མ་ཚང་བ་མེད་པ་གང་ཡིན་པ་དེ་དག་དགག་པ་བསྒྲུབ་པ་ན་དེའི་ཚེ་གཏན་ཚིགས་མ་ངེས་པ་དང་དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་སྒྲའི་རྒྱུ་མ་ཚང་བའི་ ཕྱིར་མི་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མིག་མ་ཚང་བ་ལས་སོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། སྤྱིར་བསྒྲུབ་པར་བྱ་བ་ཡིན་ལ། གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན། འདི་ལྟར་གལ་ཏེ་རྟག་པ་རྒྱུ་གཞན་ལ་ལྟོས་པ་སྲིད་པར་གྱུར་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པར་འགྱུར་ན། གང་གི་ཚེ་དེ་ ཉིད་སྲིད་པ་མ་ཡིན་ཏེ། དེ་ནི་དེས་ཕན་གདགས་པར་བྱས་པ་མ་ཡིན་པའི་ཕྱིར་རོ། །ཕན་འདོགས་ན་ལྟོས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ལྟོས་པ་མེད་པའི་སྒྲ་རྒྱུ་ཉིད་དུ་ཁས་ལེན་པ་ན་དེ་ལས་བྱུང་བའི་ཤེས་པ་ཐམས་ཅད་རྒྱུ་མ་ཚང་བ་ཉིད་ མེད་པ་ཡིན་པའི་ཕྱིར་རྟག་ཏུ་འབྱུང་བར་འགྱུར་རོ། །དེ་མེད་པ་ན་དེ་མི་འབྱུང་བའི་ཤེས་པ་སྒྲ་དེ་ཉིད་མ་ཚང་བ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ཕྱིར་ཇི་ལྟར་གྲུབ་པ་ལ་སྒྲུབ་པ་ཡིན། ཁྱད་པར་དུ་རྒྱུ་མ་ཚང་བ་བསྒྲུབ་ན་ཡང་ངེས་པ་ཉིད་མ་ཡིན་ལ། དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཡང་མ་ཡིན་ཏེ། འདི་ལྟར་དོན་འདི་བརྗོད་པར་འདོད་པ་ཡིན་ཏེ། གང་ཞིག་ཡོད་ཀྱང་གང་མི་འབྱུང་བ་དེ་ནི་ཡང་དག་པར་དེའི་རྒྱུ་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྒྲ་ཡོད་ཀྱང་མི་འབྱུང་བ་བཞིན་ནོ། །ཡི་གེ་ག་ལ་སོགས་པ་སྒྲའི་རང་གི་ངོ་བོ་ཁྱད་པར་ཡོད་ན་ཡང་དེ་ལས་འབྱུང་བར་འདོད་པའི་ཤེས་པ་མི་འབྱུང་ངོ་ ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །འདི་ཡང་རྟག་པ་ལ་ལྟོས་པ་མི་འཐད་པ་ནི་ལྡོག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །སྦྱང་ན་ཡོད་པའི་ས་བོན་ལ་སོགས་པས་འཁྲུལ་པ་ཡང་མ་ཡིན་ཏེ། དེ་ནི་མྱུ་གུ་ལ་གཙོ་བོའི་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། སྤྲོས་པས་ཆོག་གོ། །སྒྲ་ཙམ་གསལ་ བྱེད་རག་ལས་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྔར་སྨྲས་པ་དེ་ནི་ཞར་ལ་སུན་ཕྱུང་ནས་རྟག་པ་རྣམས་ཀྱི་གསལ་བར་བྱེད་པ་ཡོད་ན་ཡང་ཕྱོགས་འདི་སྐྱོན་ཅན་ཉིད་ཡིན་ནོ་ཞེས་བསྟན་པར་འདོད་ནས་སུན་དབྱུང་བའི་ཕྱིར། སྒྲ་ཙམ་གསལ་བྱེད་ལ་རག་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ གསལ་བར་བྱེད་པ་ལ་རག་ལས་ནས་འཛིན་པ་ན་དེ་ཅིའི་ཕྱིར་ཇི་ལྟར་འདི་ན་ནམ་མཁའ་ཇི་སྲིད་པར་གནས་པ་དེ་བཞིན་དུ་མི་འཛིན། དེ་ལྟར་ན་དེ་འཛིན་པར་འགྱུར་གྱི། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །སྒྲ་ནམ་མཁའ་ཇི་སྙེད་པར་འཛིན་པ་ཡང་མ་ཡིན་ལ། དེ་ནི་སྒྲ་ཙམ་གྱི་ངོར་བྱས་ནས་སྒྲ་ཐོས་པར་ཡང་རིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐོས་པ་འདི་གང་ཡིན་པའི་སྒྲ་དེ་ཉིད་ལ་རྗེས་སུ་བྱེད་པར་རིགས་པ་ཡིན་པ་དེ་ལྟ་ན་དེའི་འདི་གྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་། བུམ་པ་ལ་སོགས་པ་བཞིན་དུ་བདག་ཉིད་ཐམས་ཅད་ ཀྱིས་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །འདི་ཐམས་ཅད་ཀྱང་རྟག་པ་ཉིད་ཀྱི་གསལ་བར་བྱེད་པ་ཁས་བླངས་ནས་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་སྐད་བརྗོད་པ་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་མི་རུང་ཕྱིར་ ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་ཀྱིས་སོ། །ཡུལ་གྱི་དབྱེ་བས་ཐ་དད་ཉིད། །ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་འདི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དཔེར་ན་ལྷ་སྦྱིན་གཅིག་རིམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ལ་ལ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ནི་ཡུལ་གཞན་དུ་སྐྱེ་བ་ཉིད་འགྲོ་བ་ཡིན་གྱི། རྟག་པ་ནི་མ་ཡིན་ཏེ། ཡུལ་གཅིག་ན་གནས་པའི་རང་བཞིན་མ་བཏང་བར་ཡུལ་གཞན་དུ་འགྲོ་བར་མི་རུང་བའི་ཕྱིར་རོ། །བཏང་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། སྔ་མའི་ཡུལ་དང་མ་བྲལ་ བའི། །ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་ས་ནི་ཆེར་རྐོས་ན། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། ནམ་མཁའ་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་མངོན་པར་གསལ་བར་རིགས་པ་མ་ཡིན་ཏེ། རེག་བྱ་མེད་པ་ཙམ་ཉིད་ལ་དེ་གདགས་པའི་ཕྱིར་རོ། ། འདི་ལྟར་སྨྲ་བ་པོ་མུན་ཁུང་དུ་ཐོགས་པར་བྱེད་པ་མ་མྱོང་བ་ན་ནམ་མཁའ་ཉིད་ཡིན་གྱི། འདི་ན་ཅུང་ཞིག་ཡོད་པ་ནི་མ་ཡིན་ནོ་ཞེས་འགྱུར་བ་ཡིན་ནོ། །གང་དག་གི་ལྟར་ན་ནམ་མཁའ་དངོས་པོར་ཡོད་པ་དེ་དག་གི་ལྟར་ན་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ནམ་མཁའ་བློར་འགྱུར། དེ་ཉིད་ཀྱི་ ཕྱིར། ལྐོག་གྱུར་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་ས་བརྐོས་པ་ན་ཅི་ཞིག་དམིགས་ཤེ་ན། སྣང་བ་དེ་ནི་དེ་ལྟར་མཐོ། །ཞེས་བྱ་བ་སྨོས་ཏེ། ནམ་མཁའི་དངོས་པོ་ཉིད་ཡིན་ན་ཡང་མངོན་པར་གསལ་བར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། དེ་འགྱུར་ཞེས་བྱ་བ་ནི་རིང་པོ་ལ་སོགས་པའི་སྒྲ་ཙམ་གྱི་ཆོས་སུའོ། །དེ་ཡང་ཞེས་བྱ་བ་ནི་སྒྲ་ཙམ་གྱི་གསལ་བར་བྱེད་པ་ཉིད་དོ། །དོན་དང་འབྲེལ་བ་མ་མཐོང་བའི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། མཚུངས་པ་ཉིད་དུ་རྟོག་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྡུས་པའི་དོན་ནི་འདི་ ཡིན་ཏེ། གལ་ཏེ་ཁྱེད་ཅག་གི་དོན་དམ་པ་པའི་སྒྲ་དང་དོན་དག་གི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་མེད་པར་ཐལ་བར་འགྱུར་བར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་རིགས་དང་རང་གི་མཚན་ཉིད་ལ་སོགས་པའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་རྒྱས་ པར་སྒྲའི་དོན་བརྟགས་པར་བསལ་ཟིན་ཏོ། །ཅི་སྟེ་ཀུན་རྫོབ་ཏུ་ཡང་ཡིན་ན་དེའི་ཚེ་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་ཤིན་ཏུ་ཐ་དད་པ་ཡིན་ན་ཡང་དོན་འགའ་ཞིག་རང་བཞིན་གྱིས་རྣམ་པ་གཅིག་ཏུ་རྟོག་པའི་ཤེས་པའི་རྒྱུ་ཉིད་དུ་བསྒྲུབ་པས་ན་ཀུན་རྫོབ་ཀྱི་སྒྲ་དང་དོན་དག་གི་བརྗོད་པར་བྱ་བ་དང་རྗོད་པར་ བྱེད་པའི་དངོས་པོ་བསྒྲུབ་པར་འགྱུར་རོ་ཞེས་དང་པོ་ཉིད་དུ་གཞན་སེལ་བ་བསམ་པར་བསྟན་ཟིན་ཏོ། །དེ་ལྟ་བས་ན་སེལ་བ་སྒྲའི་དོན་དུ་སྨྲ་བའི་སངས་རྒྱས་པ་རྣམས་ལ་བརྗོད་པ་འདི་ཐམས་ཅད་ཤིན་ཏུ་གསོག་ཡིན་པས་གཏིང་མ་ཚུགས་པ་འབའ་ཞིག་ཏུ་ཟད་པའི་ཕྱིར་ཀུན་རྫོབ་ཏུ་རྗོད་པར་བྱེད་པ་ཉིད་འཐད་ པར་འཆད་པ་ནི། སྒྲ་ལས་བྱུང་བའི་ཤེས་པ་འདི། །ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་བློ་རང་གི་སྣང་བའི་སྒོ་ནས་གཞན་གྱི་ངོ་བོ་སྒྲིབ་པར་བྱེད་པ་ནི་དོན་ཅི་ལྟ་བ་བཞིན་དུ་མི་སྣང་བའི་ཕྱིར་རྣམ་པར་རྟོག་པ་ཅན་གྱི་བློ་དེ་ཀུན་རྫོབ་ཡིན་ལ། དེ་རྣམ་པར་གཞག་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱའོ། ། དེ་ཉིད་ཀྱང་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། དེའི་ཕྱིར་དེས་རྣམ་པར་གཞག་པའི་ཕྱིར་སྒྲ་དང་དོན་དག་གིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་དུ་ཀུན་རྫོབ་ཉིད་དུ་གནས་པ་ཡིན་གྱི། དོན་དམ་པ་པ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། ། ཅི་སྟེ་དོན་དམ་པའི་གཅིག་པ་ཉིད་ཡིན་ན་ཡང་སྒྲ་རྣམས་ཇི་ལྟར་སྒྲུབ་པ་དང་དགག་པའི་མཚན་ཉིད་ཀྱི་ཐ་སྙད་སྒྲོ་བཏགས་པའི་དབང་གིས་སྒྲུབ་པར་བྱེད་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་བརྡ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་མིག་བརྡ་ལ་སོགས་པ་གཟུང་ངོ་། །མྱུར་བ་ དང་དལ་བའི་བྱེ་བྲག་ལ་སོགས་པའི་བྱེ་བྲག་གིས་བློ་ཐ་དད་པའི་ཕྱིར་རོ་ཞེས་སྦྱར་བར་བྱའོ། །མྱུར་བ་ལ་སོགས་པའི་བྱེ་བྲག་འདི་གསལ་བར་བྱེད་པས་བྱས་པ་ཡང་མ་ཡིན་ཏེ། གསལ་བ་བཀག་པའི་ཕྱིར་རོ། །དེའི་གསལ་བ་ཞེས་བྱ་བ་ནི་རྟག་པའི་གསལ་བའོ། །སྤྱིའི་དབང་གི་ཐ་སྙད་ཀྱི་ ཡན་ལག་ཉིད་ཀྱང་མ་ཡིན་ཏེ། དེ་ནི་བཀག་ཟིན་པའི་ཕྱིར་དང་མ་རྟོགས་པའི་ཕྱིར་རོ། །སྤྱི་ནི་ཐ་སྙད་ཀྱི་ཡན་ལག་ཉིད་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཐ་སྙད་དུ་འགྱུར་བའི་ཕྱིར་རོ། །བརྡ་ནི་བགག་པ་ལ་སོགས་པའི། །ཞེས་བྱ་བའི་སོགས་པའི་སྒྲས་སྒྲུབ་པར་བྱེད་པ་དང་རྗེས་སུ་གནང་བ་དང་དོན་དུ་ གཉེར་བ་ལ་སོགས་པ་གཟུང་ངོ་། །དེ་དག་གི་ཤེས་པ་སྟེ། རྟོགས་པ་དེའི་ཡན་ལག་སྟེ་རྒྱུར་ལག་བརྡ་ལ་སོགས་པ་འདི་འགྱུར་རོ། །དེ་བཞིན་དུ་སྒྲ་ཡང་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །དེའི་ཕྱིར་སྒྲ་དོན་གྱིས་འབྲེལ་པ། །རྟག་པ་ཉིད་དུ་ཁས་བླང་གིས། །ཞེས་གང་སྨྲས་པ་དེ་ལ་སྒྲ་འདི་དག་ནི་ ཕྱི་རོལ་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྟག་པའམ། མི་རྟག་པར་འགྱུར་བ་སྒྲ་དང་དོན་དག་གི་འབྲེལ་པ་དངོས་པོ་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྲ་རྣམས་ཕྱི་རོལ་གྱི་དོན་རྟོགས་པར་བྱེད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་སྔར་སྒྲའི་ དོན་བརྟགས་པར་བཤད་ཟིན་ཏོ། །འབྲེལ་པ་མེད་པར་ཡང་སྟོན་པར་བྱེད་པ་ན་ཧ་ཅང་ཐལ་བར་འགྱུར་རོ། །འོ་ན་དེ་ལྟ་ན་ཅི་ཞིག་སྟོན་པར་བྱེད་ཅེ་ན། བརྗོད་པར་འདོད་པ་སྟོན་པ་ཡིན། །ཞེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པ་ཡང་བརྗོད་པར་བྱ་བ་ཉིད་ཀྱིས་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྟགས་ཉིད་ཀྱིས་སྟོན་པར་བྱེད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྟོན་པ་ཡིན། །ཞེས་བཤད་དོ། །འདི་ལྟར་སྒྲ་བརྗོད་པ་ལས་དོན་ངེས་པའི་རྣམ་པར་རྟོག་པ་སྐྱེའི། བརྗོད་པར་འདོད་པ་ངེས་པ་ནི་མ་ཡིན་ལ། སྒྲའི་ཤེས་པས་མ་ངེས་པ་གང་ཡིན་པ་དེ་ཡང་ཇི་ལྟར་སྒྲའི་དོན་ཡིན། གལ་ཏེ་དེ་ལྟ་ན་གང་གི་ རྟགས་ཀྱིས་དེ་སྟོན་པར་བྱེད་པ་བརྗོད་པར་འདོད་པ་དང་ལྷན་ཅིག་དེ་དང་འབྲེལ་པ་གང་ཡིན་ཞེ་ན། དེ་དག་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས་བརྗོད་པར་འདོད་པ་དེའི་འབྲས་བུ་ཉིད་དུ་བདག་ཉིད་ལ་མངོན་སུམ་དང་མི་དམིགས་པ་དག་གིས་ངེས་པའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་ འབྲེལ་པ་ཡིན་ནོ། །འོ་ན་དེ་ལྟར་ན་བརྡ་དོན་མེད་དེ། མངོན་སུམ་དང་མི་དམིགས་པ་ཁོ་ན་ལས་རྒྱུ་དང་འབྲས་བུ་དངོས་པོ་ངེས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གང་གིས་རྒྱུ་དང་འབྲས་བུ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་ཏེ། གལ་ཏེ་ཡང་བརྗོད་པར་འདོད་པ་ཙམ་དུ་ལྷན་ཅིག་རྒྱུ་ དང་འབྲས་བུའི་དངོས་པོ་ཉིད་ཀྱིས་ངེས་ཏེ་བརྗོད་པར་འདོད་པའི་ཁྱད་པར་དང་ནི་གཞན་གྱི་རྒྱུད་ལས་བརྡ་ལས་མ་གཏོགས་པ་ངེས་པར་མི་ནུས་པས་དེའི་ཕྱིར་དེ་ངེས་པར་བྱ་བའི་ཕྱིར་བརྡ་བྱེད་དོ། །འོན་ཏེ་བརྡ་ལས་ཀྱང་ཅི་ལྟར་འདི་ངེས་པར་ནུས་ཏེ། འདི་ལྟར་བརྡའི་དུས་ན་གཞན་གྱི་བརྗོད་པར་ འདོད་པའི་ཁྱད་པར་སྲིད་པར་གྱུར་ན་དེའི་ཚེ་དེ་ལ། བརྡ་འདི་བྱས་པ་ན་ཕྱིས་ཐ་སྙད་ཀྱི་དུས་ན་བརྗོད་པར་འདོད་པའི་ཁྱད་པར་རྟོག་པའི་རྒྱུར་འགྱུར་ན་གང་གི་ཕྱིར་ཐབས་དེ་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་སྒྲ་བརྗོད་ནས་བརྡ་བྱེད་ལ། དེ་ལྟ་ཡིན་དང་སྒྲ་དེ་ཉིད་ལས་བརྗོད་པར་འདོད་པའི་ཁྱད་པར་རྟོགས་ པ་ན་ཕན་ཚུན་བསྟེན་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་བརྡའི་དབང་གིས་སྒྲ་བརྗོད་པར་འདོད་པའི་ཁྱད་པར་གསལ་བར་བྱེད་པ་ཡིན་ལ། སྒྲ་ཡང་བརྗོད་པར་འདོད་པའི་ཁྱད་པར་རྟོགས་པ་མེད་པར་སྒྲ་ལས་མ་ཡིན་པའི་ཕྱིར་ཕན་ཚུན་བསྟེན་པ་ཉིད་དུ་གསལ་བའོ་ཞེ་ན། སྐྱོན་འདི་ནི་མེད་དེ། སྒྲའི་ཐ་སྙད་ འདི་ཐམས་ཅད་རང་གི་སྣང་བའི་རྗེས་སུ་བྱེད་པ་ཉིད་དུ་འདོད་དེ། འཁྲུལ་པའི་རབ་རིབ་ཅན་གཉིས་ཀྱི་ཟླ་བ་གཉིས་ཀྱི་ཐ་སྙད་ལྟ་བུ་ཡིན་པ་དེའི་ཚེ་བརྩད་དུ་ཅི་ཞིག་ཡོད། ཐམས་ཅད་དུ་སྒྲ་ཉིད་ཐམས་ཅད་བརྗོད་པར་འདོད་པའི་ཁྱད་པར་རྟོགས་པའི་རྒྱུ་ཉིད་ཀྱང་མ་ཡིན་ཏེ། གཞན་དུ་ཡང་ལ་ལར་ནས་ བཟུང་ནས་སམ། སྐབས་ལ་སོགས་པས་དོན་གྱི་ཁྱད་པར་སྟོན་པས་རང་གི་བརྗོད་པར་འདོད་པའི་ཁྱད་པར་རིགས་ནས་བརྡ་བྱེད་པའི་ཕན་ཚུན་བསྟེན་པ་ཉིད་མ་ཡིན་ནོ། །གཞན་ཡང་ཁྱེད་ཅག་བསྒྲུབ་པར་སྨྲ་བ་ལ་ཡང་ཀླན་ཀ་མཚུངས་ཏེ། གཞན་གྱི་རྟོགས་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །ཇི་ ལྟར་སྨྲ་བ་པོ་དང་ཉན་པ་པོ་དག་དོན་གཅིག་རྟོགས་པར་ངེས་པ་མེད་པར་བརྡ་རིགས་པ་ཡིན། དེ་ལྟ་བས་ན་འདི་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ཁོ་བོ་ཅག་གིར་ཡང་འགྱུར་རོ། །འདི་སྙམ་དུ་སྒྲ་བརྗོད་པར་འདོད་པ་ལ་བརྡ་མ་བྱས་པའི་ཕྱིར་དེ་ཇི་ལྟར་བརྡ་ལས་དེ་དང་ལྷན་ཅིག་འབྲེལ་པ་ངེས་པར་བྱེད། གཞན་ ལ་བརྡ་བྱས་པས་ནི་དོན་གཞན་གསལ་བར་བྱེད་པར་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་ན། སྐྱོན་འདི་ནི་མེད་དེ། འདིར་སྒྲས་བརྗོད་པར་འདོད་པ་ལ་ཡོངས་སུ་གསལ་བ་དོན་གྱི་རྣམ་པ་ཕྱི་རོལ་གྱི་ངོ་བོ་ཉིད་ངེས་པར་བྱས་པ་གང་ཡིན་པ་དེ་འདིར་འདོད་དེ། དེ་ནི་དོན་དམ་པར་བརྗོད་ པར་འདོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་འདིར་བརྗོད་པར་འདོད་པའི་ཁྱད་པར་དུ་འདོད་ཅིང་། དེ་ཉིད་ལ་བརྡ་བྱེད་པ་ཡིན་གྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ། །དེ་ཉིད་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། དེ་ལས་དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་བརྗོད་པར་འདོད་པ་འབའ་ཞིག་སྒྲས་ བརྗོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་གལ་ཏེ་བརྗོད་པར་འདོད་པ་ལ་ཡོངས་སུ་གསལ་བ་ལ་དོན་གྱི་རྣམ་པས་སྒྲའི་འབྲེལ་པ་རྒྱུ་དང་འབྲས་བུའི་མཚན་ཉིད་ཁོ་ན་ཡིན་ན་དེ་ཇི་ལྟར་སློབ་དཔོན་གྱིས་དེ་དང་དེར་སྒྲ་དང་དོན་གྱི་འབྲེལ་བ་བརྡ་ལས་བྱུང་བའམ། བརྡ་ཡིན་པར་གསུངས་ཤེ་ན། བརྗོད་པར་འདོད་ལ་གསལ་དོན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྡ་ཡོད་ན་ཉན་པ་པོའི་ཤེས་པ་སྐྱེ་བར་འགྱུར་བའི་ཕྱིར་བརྡ་ལས་བྱུང་བ་ཡིན་ནོ། །བདག་ཉིད་ལ་སོགས་པ་ཡིན་པ་ཉིད་ཀྱི་ཕྱིར་ཐག་ཅེས་བྱ་བ་ནི་སྐྱོན་སྦྱར་བར་བྱའོ། །གལ་ཏེ་ཡང་དེར་ཡང་པའི་སྒྲ་ནི་དོན་བརྗོད་པའི་ཚིག་ཏུ་གཟུང་བར་ བྱ་བ་ཡིན་ལ། དེ་ལྟ་ནའང་དོན་དམ་པར་ཡོད་པ་དང་སྐྱེ་བ་ཐ་མི་དད་པའི་ཕྱིར་དེ་ཉིད་བརྗོད་པར་འདོད་པ་ཡོད་པ་ཡིན་ནོ། །སྨྲ་བ་པོའི་རྒྱུད་ལ་ཡང་བརྡའི་སྒོ་ནས་གསལ་བར་བྱེད་པའི་ཕྱིར་ཉེ་བར་བཏགས་ནས་བརྡ་ཡིན་པར་བརྗོད་དེ། དེ་ནི་སོ་སོར་ངེས་པའི་དུས་སུ་འཇུག་པ་ཉིད་ཀྱིས་དེའི་དུས་སུ་མི་སྲིད་པའི་ ཕྱིར་རོ། །འོན་ཏེ་གལ་ཏེ་དོན་དམ་པར་དངོས་པོར་གྱུར་པའི་འབྲེལ་པ་མེད་ཅེས་བསྟན་པ་མ་ཡིན་ནམ། འོ་ན་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་འགྱུར་ཞེ་ན། རྒྱུ་དང་འབྲས་བུར་གྱུར་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཉིད་ནི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་གྱུར་པའི་དངོས་པོའོ། །དེ་སྐད་ ཅེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཚེགས་ཆུང་བར་བྱ་བའི་དོན་དུའོ། །དེ་ལྟ་ན་ཡང་སྐྱེས་བུ་དང་སྦྱོར་བ་རེ་རེ་ལ་དེ་དག་ཐ་དད་པའི་ཕྱིར་ཇི་ལྟར་སྨྲ་བ་པོ་དང་ཉན་པ་པོ་དག་གི་འབྲེལ་པ་ཐ་མི་དད་པར་རྟོགས། འདི་ལྟར་སྨྲ་བ་པོ་འདི་སྙམ་དུ། བརྡའི་དུས་སུ་བདག་གིས་བཟུང་བ་གང་ཡིན་པའི་སྒྲའམ་ དོན་དེ་ཉིད་ཀྱིས་དོན་དེ་ཉིད་རྟོགས་པར་བྱའོ་སྙམ་དུ་སེམས་ལ། དེ་བཞིན་དུ་ཉན་པ་པོ་ཡང་འདི་སྙམ་དུ་དེ་ཉིད་ཀྱིས་དོན་དེ་ཉིད་རྟོགས་པར་བྱེད་དོ་སྙམ་སྟེ། དེ་མ་ཡིན་ན་བློ་ཐ་དད་པ་ལ་གནས་པ་དག་ཇི་ལྟར་ཐ་སྙད་དུ་བྱེད་པར་འགྱུར་ཞེ་ན། དེ་དག་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པར་ཞེས་བྱ་བ་ནི་ འཁྲུལ་པས་སོ། །རྟོགས་ཞེས་བྱ་བ་ནི་འཛིན་པའོ། །འདི་ནི་བརྡ་དང་ཐ་སྙད་དག་གིས་ཕྱིན་པ་སྟེ་ནོན་པ་ཡང་ཡིན་ལ་དུས་ཀྱང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེར་ཁྱད་པར་ནི་རྒྱུ་དང་འབྲས་བུའི་ངོ་བོ་གཅིག་གིས་ཞེས་བྱ་བ་ལྷག་མའོ། །ཡང་དོན་དམ་པར་འབྲེལ་པ་གཅིག་ཉིད་དུ་ཅིའི་ ཕྱིར་མི་འདོད་གང་གིས་བརྟགས་པ་ཁོ་ན་འདོད་ཅེ་ན་འདི་ལ་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་ཡོད་ན་ཐ་དད་པ་རྣམས་ལ་ཡོད་དམ་ཐ་མི་དད་པ་རྣམས་ལ་ཡོད་གྲང་། རེ་ཞིག་ཐ་དད་པ་རྣམས་ལ་ནི་མེད་དེ། ཐམས་ཅད་རང་གི་བདག་ཉིད་ལ་གནས་པ་ཉིད་ཀྱིས་མ་འཆོལ་བའི་ཕྱིར་རོ། །ཐ་ མི་དད་ན་ཡང་དངོས་པོ་དེ་གཅིག་ཁོ་ན་ཡིན་པའི་ཕྱིར་གང་ཞིག་གང་དང་ལྷན་ཅིག་འབྲེལ་པར་འགྱུར། དེའི་ཕྱིར་མ་འབྲེལ་པ་ཉིད་དུ་འགྱུར་རོ། །གང་དུ་བརྡའི་མཚན་ཉིད་ཀྱིས་འབྲེལ་པའི་བརྡ་ནི་སྐྱེས་བུ་སོ་སོ་ལའམ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་དེ་ལ་གྲུབ་པ་ལ་སྒྲུབ་པ་ཉིད་དུ་བསྟན་པའི་ཕྱིར། བརྡ་ནི་སྐྱེས་བུ་སོ་སོ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་མི་འདོད་པའི་ཐོག་ཏུ་གཏོང་བ་ནི་སུན་འབྱིན་པ་ཞེས་བྱ་བ་ལ་སངས་རྒྱས་པ་དག་གིས་བརྡ་སྒྲ་དོན་དག་གི་འབྲེལ་པ་དངོས་པོ་བར་ནི་མི་འདོད་དེ། དེ་ནི་སྐྱེས་བུའི་ཆོས་ཡིན་པའི་ཕྱིར་རོ། །དེ་སུན་འབྱིན་པ་ན་ཡང་འདོད་པ་ཉམས་པ་འགའ་ ཡང་ཡོད་པ་མ་ཡིན་ནོ། །གཞན་གྱི་ཆོས་གཞན་གྱིས་འབྲེལ་པར་འགྱུར་བ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བརྗོད་པ་རེ་རེ་ཉིད་ལའམ། འགྲོ་བའི་དང་པོར་ལན་ཅིག་ཞིག །ཅེས་བྱ་བ་ལ་སོགས་པའི་ཕྱོགས་གཉིས་སྨྲས་པ་གང་ཡིན་པ་དེ་ཡང་ཁས་མ་བླངས་པའི་ཕྱིར་སུན་འབྱིན་ པ་མ་ཡིན་ནོ། །བརྗོད་པ་རེ་རེ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ལྟའི་ཞེས་བྱ་བ་ནི་འབྲེལ་པའོ། །གཞན་གྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །དབང་ཕྱུག་ལ་སོགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང་ཚངས་པ་ལ་སོགས་པའོ། །འབྲེལ་པ་རེ་རེ་ཐ་དད་དམ། །ཞེས་བྱ་བ་ལ་སོགས་པ་གང་ སྨྲས་པ་དེ་ལ། རེ་རེའི་འབྲེལ་པ་གང་ཡིན་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཕྱོགས་གཉིས་པ་ཉིད་ཡིན་ལ། བློ་ཐ་དད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཐ་དད་ཀྱང་འདྲ་བར་རྟོགས་པའི་རྒྱུ་ཉིད་མི་འགལ་བའི་ཕྱིར། གལ་ཏེ་ཐ་དད་བློ་ཐ་དད། །ཅེས་གང་སྨྲས་པ་དེ་ནི་མ་ངེས་པ་ ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་ལ་སྐད་ཅིག་མ་འཇིག་པ་མ་གྲུབ་པའི་ཕྱིར། ཐ་དད་སྐད་ཅིག་གིས་འཇིག་ཕྱིར། །ཞེས་ཇི་ལྟར་བརྗོད་ཅེ་ན། རིམ་གྱིས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་འབྲེལ་པའི་རིམ་པ་བརྗོད་དེ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་དེ་དག་ རིམ་མི་འགྱུར། །ཞེས་བྱ་བ་ནི་བློ་རྣམས་ཞེས་བྱ་བ་དང་སྦྱར་རོ། །འདི་ཡང་ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ཏེ། སྦྱོར་བ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །སྨྲ་བོ་ཉན་པའི་བློ་ཐ་དད། །ཕྱིར་ན་ཐ་སྙད་འཇིག་པར་འགྱུར། །ཞེས་བྱ་བ་ལ་སོགས་ལ་མང་པོ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ ན་སྔོན་པོ་ལ་སོགས་པའི་སྐད་ཅིག་མ་མང་པོ་དག་གིས་མཐོང་ན་ཡང་ཐ་དད་པ་མ་ཡིན་པ་དེ་བཞིན་དུ། མང་པོ་རྣམས་བརྡ་བྱེད་ན་ཡང་འབྲེལ་པ་ཐ་དད་པ་མ་ཡིན་ན་གཉིས་ལྟ་སྨོས་ཀྱང་ཅི་དགོས། ཐམས་ཅད་འདྲ་བར་རྟོགས་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་སྨྲ་བ་པོ་དང་ཉན་ པ་པོ་དག་ལ་འབྲེལ་པ་གཞན་ཡོད་པ་མ་ཡིན་ནོ། །བུམ་པ་སོགས་ལ་མཚུངས་ཤེ་ན། །མ་ཡིན་སྤྱི་ནི་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། བུམ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་སྤྱི་བརྟགས་པར་རོ། །ཡང་འདི་ཉིད་དུ་བསྡུས་ནས་བསལ་བར་བྱ་བའི་ ཕྱིར་འབྱུང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་པོ་རྣམས་ཉི་མ་ལ་སོགས་པའི་གཟའ་རྣམས་ཀྱི་མགུལ་ཆིངས་བཞིན་དུ་ཁྱེད་ཅག་སྤྱོད་པ་བ་རྣམས་ཀྱི་རིགས་ཐ་དད་པར་མི་འདོད་ལ་བལྟར་རུང་བ་ཉིད་ཡིན་པ་ནི་སྣང་བ་ཡང་མ་ཡིན་ཞིང་ཐ་མི་དད་པ་ཡང་མ་ཡིན་ཏེ། རིགས་ཀྱི་རང་གི་ངོ་བོ་བཞིན་དུ་བུམ་པ་ལ་ སོགས་པ་དེ་དག་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་ཐ་དད་པར་ཁས་ལེན་ན་དེའི་ཚེ་འབྲེལ་པ་མེད་པའི་ཉེས་པ་དང་ཐ་དད་པ་རྣམས་ཀྱི་འབྲེལ་པ་ནི་དེ་ལས་བྱུང་བའི་མཚན་ཉིད་ཁོ་ནར་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ལས་བྱུང་བ་ཡིན་ན་རིགས་མི་རྟག་པ་ཉིད་དུ་འགྱུར་ཏེ། སྐྱེ་བའི་ཆོས་ཅན་ ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །ལ་ལར་རྟག་པ་ཉིད་ཅེས་འདོད་པ་དེར་ནི་དོན་འདི་ཡིན་ཏེ། གལ་ཏེ་བུམ་པ་ལ་སོགས་པ་རིགས་དེ་ལས་སྐྱེ་བར་ཁས་ལེན་པར་བྱེད་ན། དེའི་ཚེ་བུམ་པ་ལ་སོགས་པ་རྟག་པ་ཉིད་དུ་འགྱུར་ཏེ། རྒྱུ་ཉེ་བའི་ཕྱིར་རྟག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཉི་གའི་ རང་བཞིན་ཡིན་པའི་ཕྱོགས་ལ་གཉི་གའི་ཕྱོགས་ལས་བྱུང་བའི་སྐྱོན་དང་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བ་ཡིན་ཏེ། དངོས་པོ་གཅིག་ལ་རང་བཞིན་གཉིས་མི་འཐད་པའི་ཕྱིར་རོ། །དེ་ལྟ་ནའང་དངོས་པོ་གཅིག་ཉིད་དུ་ཁས་བླངས་པར་འགྱུར་གྱི་གཅིག་གཉི་གའི་བདག་ཉིད་ནི་ མ་ཡིན་ནོ། །གཉི་ག་མ་ཡིན་པའི་ཕྱོགས་ལ་དངོས་པོ་ཉིད་ཉམས་པར་ཐལ་བར་འགྱུར་བ་དང་གཅིག་ལ་བསྒྲུབ་པ་དང་དགག་པ་མི་རུང་བའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ། །ཉེས་པ་འདི་དག་ཅེས་བྱ་བ་ནི་འབྲེལ་པ་མི་སྒྲུབ་པ་དང་མི་རྟག་པ་ཉིད་ལ་སོགས་པ་ཐལ་བར་འགྱུར་བའི་མཚན་ཉིད་དོ། །ཆུ་འཛིན་ ལ་སོགས་པ་འབྲས་བུ་རྟག་པ་ཉིད་དུ་འགྱུར་བ་ཡང་སྐྱོན་བླ་ལྷག་པ་ཡིན་ནོ། །འབྲེལ་པ་ནུས་པ་ཉིད་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འབྲེལ་པའང་ནུས་པ་ཉིད་ཡིན་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། མི་འདོད་ཅེ་ན་འདི་བྱ་བ་ནི་གཉི་ག་དང་གཉི་ག་མ་ཡིན་པའི་རང་བཞིན་གྱི་མཚན་ཉིད་ལ་སྔ་ མ་བཞིན་དུ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་བརྗོད་པའི་དུས་སུ་ཡང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འབྲེལ་པ་བརྗོད་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་འདྲ་བ་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་དེ་འདྲ་བའི་འབྲེལ་བ་ཡོད་པ་དེའི་ཕྱིར་ ཁ་ཅིག་རྟོགས་སོ་ཞེས་རིགས་པ་ཡིན་ཏེ། དེ་ནི་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་གནས་པའི་ཕྱིར་རོ། །ཁྱེད་ཅག་གི་འབྲེལ་པ་ལ་ཐམས་ཅད་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི་ཁྱེད་ཅག་གིས་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་འབྲེལ་པ་ནི་ནུས་པའི་མཚན་ཉིད་དུ་འདོད་ལ་སྐྱེད་པར་ བྱེད་པའི་ངོ་བོ་ཡང་ནུས་པ་ཞེས་བྱའོ། །དེ་ཡང་རྟག་པ་དང་གཅིག་པུའི་རང་བཞིན་དང་དོན་རྟོགས་པ་སྐྱེད་པར་བྱེད་པ་ལ་ངེས་པར་འདོད་དོ། །དེ་ལྟ་ན་དོན་རྟོགས་པ་ལ་ངེས་པ་ཡིན་ན་སྐྱེས་བུ་ཉུང་ཟད་ཀྱི་མཚམས་དང་འབྲལ་པ་མཚམས་མེད་པར་འདོད་དམ། འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། ། ཕྱོགས་དང་པོ་ལ་ཐམས་ཅད་ལ་ཐམས་ཅད་ཅིག་ཅར་དོན་རྟོགས་པར་ཐལ་བར་འགྱུར་རོ། །ཕྱོགས་གཉིས་པ་ལ་ཡང་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ངེས་པའི་རྒྱུ་བརྗོད་པར་བྱ་སྟེ། དངོས་པོ་བྱས་པ་རྣམས་ནི་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ངེས་པ་ནི་རང་གི་རྒྱུ་དང་ རྐྱེན་རྣམས་ཡིན་པར་རིགས་ཏེ། རྟག་པ་རྣམས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་རྟག་པ་རྣམས་ཀྱང་གང་གིས་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་ཀྱི་ཐམས་ཅད་མ་ཡིན་པ་དེ་འདྲ་བ་ད