Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 16 / 22 (50.000 ký tự/trang)
་ལ་དེ་ལྟ་ན་ཡང་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་གཞག་པ་ཐམས་ཅད་ཉམས་པ་ཐུག་པ་མེད་པའི་གནས་སྐབས་དེ་ཉིད་སོ་ན་འདུག་པ་ཡིན་ནོ། །སྐྱོན་
འདི་མེད་དེ་ཞེས་བྱ་བས་ལན་འདེབས་པར་བྱེད་དེ། དེ་དག་ཡོད་ན་ཞེས་བྱ་བ་ནི་ཡོན་ཏན་རྣམས་ཡོད་ནའོ། །གལ་ཏེ་སྐྱེ་བར་མི་འགྱུར་མོད། །དེ་ལས་ཅིར་འགྱུར་ཞེ་ན། དེ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཚད་མ་ཉིད་ནི་བསལ་བ་མིན། །ཞེས་བྱ་བ་དང་སྦྱར་རོ། །ཅིའི་ཕྱིར་

ཞེ་ན། མི་ཤེས་ཉིད་ཕྱིར་རོ། །ཡོན་ཏན་གྱིས་བཀག་པའི་ཕྱིར་ཉེས་པ་རྣམས་མེད་པ་ཁོ་ན་ལས་མ་སྐྱེས་པ་ཉིད་ཡིན་ནོ། །མ་བསལ་བ་ཡི་དབང་པོ་ནི། །ཞེས་བྱ་བ་ནི་མ་བསལ་བའི་ཕྱིར་གྲུབ་པ་ཡིན་ཏེ། སྤྱིར་བཏང་བ་དམིགས་ཀྱིས་བསལ་བ་དང་བྲལ་བ་ནི་རང་
བཞིན་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདིར་ཡང་ཞེས་བྱ་བ་ནི་ཡིད་ཆེས་པ་དག་ལ་སྟེ། ཡང་གི་སྒྲ་ནི་སྐྱེས་བུས་མ་བྱས་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །གལ་ཏེ་འགའ་ཞིག་ཏུ་སྐྱེས་བུས་བྱས་པའི་ངག་ལ་ཉེས་པ་མི་འབྱུང་བ་དེ་ལྟར་ཡང་སྲིད་པ་ཁོ་ན་ཡིན་ཏེ། དེ་དག་ནི་དེ་ལ་
བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡིན་དང་ཇི་ལྟར་ཡོན་ཏན་རྣམས་ཡོད་པ་ཙམ་གྱིས་ཉེས་པ་བཟློག་པར་ནུས་པ་མ་ཡིན་ནམ། དེ་ཇི་ལྟར། མི་ཤེས་པའི་ཕྱིར་དེ་རྣམས་ཀྱིས། །ཚད་མ་ཉིད་ནི་བསལ་བ་མིན། །ཞེས་བྱ་བ་འདི་ཇི་ལྟར་བརྗོད་ཅེས་དོགས་ནས། ཉེས་པ་ཡོད་དམ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་ཁོ་བོ་ཅག་གིས་གདོན་མི་ཟ་བར་སྐྱེས་བུས་བྱས་པའི་ཚིག་ཚད་མ་ཉིད་དུ་བསྒྲུབ་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་འདིར་རྩོམ་པ་འདི་ཐམས་ཅད་རིག་བྱེད་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་ཡིན་ལ། དེ་ལ་གལ་ཏེ་སྐྱེས་བུས་བྱས་པའི་ཚིག་
ཚད་མ་མ་ཡིན་པ་ཉིད་དུ་གྱུར་པ་དེ་ལྟ་ན་ཡང་རིག་བྱེད་ལ་ཚད་མ་ཅུང་ཟད་ཀྱང་མེད་དེ། ཉེས་པའི་དོགས་པ་མེད་པ་ཉིད་ཀྱི་ཚད་མ་ཉིད་དུ་གྲུབ་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དེས་ན་ལྟོས་པ་མེད་པའི་ཕྱིར། །ཞེས་བྱ་བ་ལ་ཇི་སྐད་དུ་བཤད་པ་ལས་དེ་ལྟ་བས་ན་རིག་བྱེད་ནི་ཚད་
མ་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟར་རྐྱེན་གཞན་རྣམས་སྐྱེས་བུ་གཞན་ལ་ལྟོས་པར་བྱ་བ་མ་ཡིན་ཏེ། འདི་དག་ནི་རང་ཉིད་ཀྱིས་རྟོགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཅི་ཚད་མ་གཞན་གྱིས་ཡོངས་སུ་བཅད་པའི་དོན་ལ་འཇུག་པར་འདོད་དམ། འོན་
ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་གལ་ཏེ་མི་འདོད་དོ་ཞེས་བྱ་བའི་ཕྱོགས་གཉིས་པ་ཡིན་ན། དེའི་ཚེ་རིག་བྱེད་རང་ལས་ཚད་མ་གྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། རིག་བྱེད་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་དོན་ནི་མེ་ལ་སྦྱིན་སྲེག་བྱས་

པས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ཚད་མ་གཞན་གྱིས་ཞེས་བྱ་བ་ནི་རིག་བྱེད་ལས་མངོན་སུམ་ལ་སོགས་པས་སོ། །འབྲེལ་པ་ནི་ཡུལ་གཅིག་པ་ཉིད་དུ་འབྲེལ་པ་སྟེ། དེ་བཀག་པ་ནི་མ་འབྲེལ་པའོ། །དེ་ཉིད་ཅེས་བྱ་བ་ནི་འབྲེལ་པས་སོ། །འདི་ཞེས་བྱ་
བ་ནི་རིག་བྱེད་དོ། །གལ་ཏེ་འཇུག་པར་འདོད་དོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་བཟུང་ཟིན་པ་འཛིན་པའི་ཕྱིར་དུས་ཕྱིས་བྱུང་བའི་ཤེས་པ་ཚད་མ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་པའི་དོན་དུ། གཞན་དུ་ཟློས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཞན་དུ་སྟེ་གལ་ཏེ་ཚད་མ་གཞན་
གྱི་རྟོགས་པའི་དོན་ལ་ཡང་ཚད་མ་འཇུག་པར་འདོད་ན། དེའི་ཚེ་དེ་ནི་གཞན་གྱིས་གསལ་བར་བྱེད་པའི་ཕྱིར་ཟློས་པ་ཉིད་ཡིན་པས་དྲན་པ་ལ་སོགས་པ་བཞིན་དུ་ཚད་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་གང་ཚད་མ་མ་ཡིན་པ་དེ་ནི་ཚད་མ་དང་མ་འབྲེལ་པ་ལ་
ལྟོས་པ་མ་ཡིན་པའི་ཕྱིར་ཚད་མ་ཐམས་ཅད་ནི་རང་ལས་ཚད་མ་ཉིད་དུ་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ཉིད་སྟོན་པ་ཡིན་ནོ། །གཞན་ལ་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རིག་བྱེད་ལས་གཞན་མངོན་སུམ་ལ་སོགས་པ་ལ་ཡང་ངོ་། །དོན་མཚུངས་ཅན་
རྣམས་ཞེས་བྱ་བ་ནི་ཡུལ་གཅིག་པ་རྣམས་སོ། །གཅིག་ཉིད་ཁོ་ན་ཞེས་བྱ་བ་ནི་དང་པོ་སྟེ་གཞན་དག་ནི་ཟློས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དུས་ཕྱིས་འབྱུང་བའི་ཤེས་པ་དེ་དག་ལས་དང་པོ་ནི་ཚད་མ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། དེ་དག་བཟུང་ཟིན་པའི་ཡུལ་ཅན་ཉིད་ཀྱི་རང་བཞིན་
ཚད་མ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་མུན་པ་ལ་སོགས་པའི་ཕྱོགས་སུ་དང་དང་པོའི་ཤེས་པས་བཟུང་ཟིན་པའི་དོན་ཡང་སྣང་བ་གསལ་བའི་གནས་སྐབས་ན་ཚད་མ་ཕྱི་མ་ཕྱི་མ་ཡོངས་སུ་གཅོད་པར་མཐོང་བ་ཉིད་མ་ཡིན་ནམ་ཞེས་དོགས་པ་ལ་གང་ལ་ཡང་ཞེས་པ་ལ་སོགས་པ་སྨོས་
ཏེ། དོན་ངེས་པར་མ་བཟུང་བའི་ཕྱིར་ཤེས་པ་སྔ་མ་ཚད་མ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཚད་མ་གཞན་དང་འབྲེལ་པ་ཚད་མ་ཉིད་ཡིན་ན་དེ་ལྟ་ན་ལན་ཅིག་སྐྱེས་ནས་ཞིག་པའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་དང་ཉེ་ན་རྣ་བའི་བློ་ཚད་མ་ཉིད་དུ་མི་འགྱུར་ཏེ།

དེའི་ཡུལ་ལ་ཚད་མ་གཞན་མི་འཇུག་པའི་ཕྱིར་རོ་ཞེས་སྟོན་པ་ནི་ལྷན་ཅིག་སྐྱེས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། མིག་ལ་སོགས་པ་འབྲེལ་མེད་པའི། །ཞེས་བྱ་བ་ནི་ཡུལ་གཅིག་པ་ཉིད་དུ་ཡང་འབྲེལ་པའི་སྦྱོར་བ་ནི་གང་ཞིག་ཚད་མ་གཞན་དང་འབྲེལ་པ་ལ་ལྟོས་པ་
མེད་པ་དེ་ནི་རང་ཉིད་ལས་ཚད་མ་ཡིན་ཏེ། དཔེར་ན་རྣ་བའི་ཤེས་པ་དང་ལྷན་ཅིག་སྐྱེས་ནས་ཞིག་པའི་ཡུལ་ཅན་གྱི་ཤེས་པ་བཞིན་ནོ། །རིག་བྱེད་ཀྱི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ཡང་ཚད་མ་གཞན་དང་འབྲེལ་པ་ལ་ལྟོས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་
ཚིགས་སོ། །འདི་ནི་རྣ་བའི་ཞེས་བྱ་བ་ལ་སོགས་པས་དཔེ་སྒྲུབ་པར་བྱེད་པ་མ་ཚང་བ་མེད་པ་ཉིད་དུ་དོགས་པར་བྱེད་དེ། འདི་ལྟར་སྒྲ་གཅིག་ལ་མང་པོ་ཉན་པའི་བློ་ཉིད་ནི་ཉན་པའི་ཤེས་པ་གཞན་འཇུག་པའི་ཕྱིར་ཚད་མ་གཞན་དང་འབྲེལ་པ་ལ་ལྟོས་ནས་ཡང་དག་པ་ཉིད་དུ་
ངེས་པ་ཡིན་ནོ་ཞེ་ན། རིག་བྱེད་ལ་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེས་བསྐྱེད་པའི་རྣམ་ཤེས་གཞན་དང་འབྲེལ་ཕྱིར་ཞེས་བྱ་བ་ནི་རིག་བྱེད་ཀྱིས་སྐྱེད་པའི་ཤེས་པ་གཞན་དང་འབྲེལ་པའི་ཕྱིར་རོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་རྣ་བའི་བློ་དང་རིག་བྱེད་ཀྱི་
དོན་གྱི་བློ་དག་ལའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ་ཚད་མ་གཞན་དང་འབྲེལ་པ་ལ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་མ་བསྒྲུབས་པར་བྱེད་པ་གཞན་གྱིས་སྐྱེད་པར་བྱེད་པའི་ཚད་མ་གཞན་རྗོད་པར་བྱེད་པ་ཡིན་གྱི། སྒྲུབ་པར་བྱེད་པ་གཅིག་གིས་བསྒྲུབ་པར་བྱ་བ་ནི་མ་ཡིན་
ཏེ། དེས་ན་ཁྱད་པར་དང་བཅས་པའི་གཏན་ཚིགས་ཡིན་པའི་ཕྱིར་དཔེ་སྒྲུབ་པར་བྱེད་པ་མ་ཚང་བ་ཉིད་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུ་གཞན་གྱིས་བྱས་ཤེས་པ་ཡི། །ཞེས་བྱ་བ་ནི་འདི་རྒྱུ་གཞན་ཡང་ཡིན་ལ་ཤེས་པ་ཡིན་པས་དེ་སྐད་ཅེས་བྱའོ། །དེའི་མི་སླུ་བ་ཞེས་
ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་སྒྲུབ་པར་བྱེད་པ་གཅིག་གིས་བསྒྲུབ་པར་བྱ་བའི་ཚད་མ་གཞན་འཇུག་པ་ཙམ་གྱིས་ཀྱང་གཞན་ལས་ཚད་མ་ཉིད་དུ་འདོད་པ་དེའི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་བསམས་ནས། ཇི་ལྟར་དབང་པོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་རྟག་

པ་ཞེས་བྱ་བ་ནི་འདི་ནི་རྣ་བའི་ཤེས་པ་བཞིན་དང་། འབྲེལ་ཕྱིར་ཚད་མ་ཉིད་ཅེ་ན། །ཞེས་སྨྲས་པའི་ཕྱིར་རོ། །ཇི་ལྟར་རིག་བྱེད་ལ་བརྗོད་པར་བྱ་བ་ཡིན་ཞེ་ན། དེའི་ཕྱིར། འདི་ལྟར་ཚིག་ནི་གཅིག་པུ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟན་པར་ཞེས་བྱ་བ་ནི་
ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར་རོ། །རྣམ་ཤེས་ཡུལ་གཞན་སོགས་ཤེས་ཀྱིས། །ཞེས་བྱ་བའི་སོགས་པའི་སྒྲས་སྐྱེས་བུ་གཞན་ལ་སོགས་པའི་ཤེས་པ་གཟུང་ངོ་། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། སྒྲ་རྣམས་ཀྱི་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། རེ་ཞིག་མངོན་སུམ་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རིག་བྱེད་ཀྱི་དོན་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་རྣམས་ཀྱི་ཞེས་བྱ་
བ་ནི་རིག་བྱེད་ཀྱི་ཞེས་བྱ་བ་ནི་ལྷག་མའོ། །ཡང་ན་སྐབས་ཀྱི་ཁྱད་པར་རྟོགས་པ་ཡིན་ནོ། །འདི་སྙམ་དུ་མངོན་སུམ་གྱི་ཚད་མ་ཉིད་རྗེས་སུ་དཔག་པའི་བསྒྲུབ་པར་བྱ་བ་ཁོ་ནའོ་སྙམ་དུ་སེམས་ན་ཚད་མ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་བཞིན་དུ་རྗེས་
སུ་དཔག་པ་དེ་ཡང་རྗེས་སུ་དཔག་པ་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་ན་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་རྗེས་སུ་དཔག་པ་ཞེས་བྱ་བའི་སྒྲུབ་པར་བྱེད་པའི་ཚད་མ་ཉིད་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ན་དེའི་ཚེ་མངོན་སུམ་ལ་སོགས་པ་དེའི་བསྒྲུབ་པར་བྱ་བ་དེ་ཡང་
བསྒྲུབ་བྱར་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །མངོན་སུམ་ལ་སོགས་ཚད་མ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་པའི་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། གལ་ཏེ་ཚད་མ་རྣམས་ཚད་མ་གཞན་ལ་ལྟོས་པར་མ་གྱུར་ན་མངོན་སུམ་ལ་སོགས་པ་ཚད་
མའོ་སྙམ་པའི་ངེས་པ་འདིར་མི་འགྱུར་རོ། །དེ་ལྟ་ཡིན་དང་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཚད་མ་འཛིན་པ་ལས་སྔ་རོལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་ཡང་ཚད་མ་རང་གི་ངོ་བོ་ངེས་པ་ལ་ཚད་མ་

གཞན་ལ་ལྟོས་པ་དེ་ལྟ་ན་ཡང་ཐ་སྙད་རྒྱུན་ཆད་པར་མི་འགྱུར་ཏེ། དོན་ཡོངས་སུ་གཅོད་པ་ལ་ཚད་མ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །གལ་ཏེ་དོན་ཡོངས་སུ་གཅོད་པ་ཡིན་ན་དེའི་ཚེ་དེ་ཙམ་ཁོ་ནས་ཐ་སྙད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རང་གི་ངོ་བོ་ལ་
ངེས་པ་དང་མ་ངེས་པ་དཔྱད་པས་ཅི་ཞིག་བྱ། འདི་ནི་དོན་ངེས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ་འཛིན་པ་ལས་སྔ་རོལ་ཞེས་བྱ་བ་ནི་འདི་ཚད་མའོ་སྙམ་པའི་ངེས་པ་དེ་ལས་སྔ་རོལ་ཞེས་བྱ་བའི་དོན་ཏོ། །རང་གི་
ངོ་བོས་ཞེས་བྱ་བ་ནི་དོན་ཡོངས་སུ་གཅོད་པའི་བདག་ཉིད་ཀྱིས་སོ། །ལྟོས་མེད་ཅེས་བྱ་བ་ནི་རང་གི་དོན་ཡོངས་སུ་གཅོད་པ་ལ་ཚད་མ་གཞན་ལ་ལྟོས་པ་མེད་ཅེས་བྱ་བའི་དོན་ཏོ། །དེ་ནི་རང་གི་དོན་རྟོགས་པ་ལ་སྟེ། ངེས་པ་ལས་དུས་ཕྱིས་ཀྱི་རྗེས་སུ་དཔག་པ་ལ་སོགས་པའི་
ཚད་མ་རྣམས་ཀྱིས་འཇལ་བར་བྱེད་པ་ཡིན་ཏེ། ཇི་སྐད་དུ་དོན་མ་ཤེས་པར་འགའ་ཞིག་གིས་ཀྱང་བློ་དམིགས་པ་མ་ཡིན་ཏེ། ཤེས་ན་རྗེས་སུ་དཔག་པས་རྟོགས་པ་ཡིན་ནོ་ཞེས་ཟེར་བ་བཞིན་ནོ། །འདི་སྙམ་དུ་བློ་མ་རྟོགས་པར་རང་གི་དོན་ཡོངས་སུ་གཅོད་པ་ཉིད་རིགས་པ་མ་ཡིན་ཏེ།
ཇི་སྐད་དུ། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཞེས་བཤད་པ་ཡིན་ནོ་ཞེས་དོགས་པ་ལ། ཇི་ལྟར་རིགས་པ་མ་ཡིན་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་བར་ཟད་དོ། །གལ་ཏེ་དེ་ལྟ་ན་ཚད་མ་མ་ཡིན་པ་ཡང་ཚུལ་འདིས་རང་ཉིད་
ལས་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། ཚད་མ་མ་ཡིན་པ་ཡང་རང་དོན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མ་ཡིན་པ་ནི་ཚད་མ་ལྟར་སྣང་བའི་ཕྱིར་དེ་ཡོད་པ་ཙམ་གྱིས་རང་གི་དོན་ལོག་པ་ཉིད་དུ་ཡོངས་སུ་གཅོད་པ་ཡིན་ཏེ། དེ་ལྟ་བས་ན་ལོག་པ་ཉིད་དེ། ལོག་
པའི་དོན་ཡོངས་སུ་གཅོད་པ་ཉིད་དང་འདིའི་ཚད་མ་གཞན་མེད་པར་འཛིན་པར་མི་ནུས་པའི་ཕྱིར་དེ་གཞན་ལས་ཡིན་པར་རྣམ་པར་གཞག་གོ། །འོན་ཏེ་ཚད་མ་ལ་ཡང་མཚུངས་པ་མ་ཡིན་ནམ། འདི་ལྟར་དེ་ཡང་རང་གི་དོན་ལ་ལར་ཚད་མ་མ་ཡིན་པ་ལྟར་སྣང་བ་ཡིན་ནོ་ཞེ་ན།

དེའི་ཕྱིར་དོན་གྱི་དེ་བཞིན་མིན། །དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་ཞེས་བྱ་བ་ནི་ཚད་མ་མ་ཡིན་པས་སོ། །འཛིན་ཞེས་བྱ་བ་ནི་བཟུང་བའོ། །དེ་ཉིད་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟར་ཚད་མས་དེ་བཞིན་ཉིད་
འཛིན་པ་དེ་ལྟར་ལོག་པ་ཉིད་ཚད་མ་མ་ཡིན་པས་མི་མཚུངས་ཏེ། འདི་ལྟར་སྐྱེས་པའི་གནས་སྐབས་ཁོ་ན་ཚད་མའོ་སྙམ་དུ་ངེས་ཀྱི་ཚད་མ་མ་ཡིན་པའོ་སྙམ་དུ་ནི་མ་ཡིན་ཏེ། དེ་ནི་རྟག་ཏུ་ཚད་མ་ལྟ་བུར་སྣང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ལ་
སོགས་པས་གཞན་ལས་ཚད་མ་མ་ཡིན་པ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །ཡང་ན་རྒྱུ་ནི་སྐྱོན་ཅན་ལས་ཞེས་བྱ་བ་ནི་བློ་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཙམ་ཉིད་ཀྱི་ཞེས་བྱ་བ་ནི་རྣམ་པ་གཞན་གྱི་ངོ་བོའི་ཡུལ་དང་རྒྱུ་སྐྱོན་ཅན་གྱི་ཡུལ་ལོ། །གལ་ཏེ་འདི་སྙམ་དུ་བློ་འདི་དག་གི་ཡང་
དག་པ་ཉིད་གཟུང་བར་གྱུར་པ་དེའི་ཚེ་འདི་དག་གིས་ལོག་པ་ཉིད་འཛིན་པར་འགྱུར་ལ། དེ་དག་ཀྱང་ཡང་དག་པ་ཉིད་དུ་གཟུང་བར་བྱ་བའི་ཕྱིར་ཚད་མ་གཞན་ལ་ལྟོས་པ་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ་སྙམ་དུ་སེམས་ན། དེའི་སྐྱེ་བའི་གནས་སྐབས་ལ་སོགས་པ་སྟེ། འདི་
ཞེས་བྱ་བ་ནི་རྣམ་པ་གཞན་ཉིད་ཀྱི་ཤེས་པ་དང་རྒྱུ་སྐྱོན་དང་བཅས་པའི་ཤེས་པ་སྟེ་དེས་ན་ཐུག་པ་མེད་པར་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེས་ན་སངས་རྒྱས་པ་ལ་སོགས་པས་རིག་བྱེད་ཀྱི་ཚིག་ནི་ལོག་པའི་དོན་ཅན་ཡིན་ཏེ། ཚིག་ཡིན་པའི་ཕྱིར་མེ་ནི་གྲང་ངོ་ཞེས་བྱ་
བ་ལ་སོགས་པའི་སྐྱེས་བུའི་ཚིག་བཞིན་ནོ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་གང་བརྗོད་པ་དེ་ནི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེས་ན་གང་དུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་ཡང་ཞེས་བྱ་བ་ནི་སྐུལ་བར་བྱེད་པ་ལ་སོགས་པའོ། །འདི་
གཉིས་ཞེས་བྱ་བ་ནི་རྣམ་པ་གཞན་གྱི་ཤེས་པ་དང་རྒྱུ་རྐྱེན་གཞན་གྱི་ཤེས་པའོ། །ཆོས་མཐུན་པ་ཙམ་ཞེས་བྱ་བ་ནི་མི་བདེན་པའི་དོན་དང་སྐྱེས་བུའི་ཚིག་གི་ཚིག་ཉིད་ལ་སོགས་པས་མཚུངས་པ་ཉིད་དོ། །ཅིའི་ཕྱིར་བརྗོད་པར་མི་བྱ་ཞེ་ན། འདི་ལ་འཐད་པ་བཤད་པ་ནི། དེ་ལ་ཞེས་བྱ་བ་

ལ་སོགས་པ་སྟེ། གལ་ཏེ་ཚད་མ་མ་ཡིན་པ་དང་ཆོས་མཚུངས་པ་ཙམ་གྱིས་ཚད་མ་མ་ཡིན་པར་གྱུར་ན་དེའི་ཚེ་ཚད་མ་ཐམས་ཅད་ཚད་མ་མ་ཡིན་པར་ཐལ་བར་འགྱུར་ཏེ། འདི་ལྟར་ཐམས་ཅད་ལ་དངོས་པོ་ཉིད་ལ་སོགས་པས་ཆོས་མཚུངས་པ་ཉིད་བརྗོད་པར་
ནུས་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཇི་ལྟར་བདག་ཉིད་ལ་གནོད་པ་ཡིན་ཞེ་ན། གཞན་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ཡང་ཞེས་བྱ་བ་ནི་དཔྱོད་པ་པ་ལའོ། །གཟུགས་བརྙན་གྱིས་ཞེས་བྱ་བ་ནི་དཔེར་ན་གཟུགས་ཀྱིས་དེ་མ་ཐག་ཏུ་གཟུགས་བརྙན་
འབྱུང་བ་དེ་བཞིན་དུ་སངས་རྒྱས་པས་བཀོད་པའི་སྒྲུབ་པར་བྱེད་པའི་དེ་མ་ཐག་ཏུ་དཔྱོད་པ་པའི་མི་མཐུན་པའི་སྒྲུབ་པར་བྱེད་པ་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རིག་བྱེད་ཀྱི་ཚིག་ནི་བརྫུན་མ་ཡིན་ཏེ་ཚིག་ཡིན་པ་ཉིད་ལ་སོགས་པའི་ཕྱིར་མེ་དྲོ་བ་དང་འོད་གསལ་བ་ཡིན་ནོ་
ཞེས་བྱ་བ་ལ་སོགས་པ་སྐྱེས་བུའི་ཚིག་བཞིན་ནོ་ཞེས་བྱ་བ་འདི་བརྗོད་པར་ནུས་པ་ཡིན་ནོ། །དེས་ནི་རྣམ་པ་དེ་ལྟ་བུའི་མི་མཐུན་པའི་ཚད་མས་བཀག་པའི་ཕྱིར་ནི་གནོད་པའི་ཕྱིར། སངས་རྒྱས་ལ་སོགས་པས་སྐུལ་བར་བྱེད་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་
སྐུལ་བར་བྱེད་པ་བཀོད་པ་གང་ཡིན་པ་འདིས་ནི་སྐུལ་བར་བྱེད་པ་ལ་གནོད་པར་མི་ནུས་སོ། །གང་ལས་ཤེ་ན། སྤྱིར་བཏང་བ་ཅན་གྱི་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །སྤྱིར་བཏང་བའི་ཚད་མ་ཉིད་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ལ་དེའི་དངོས་པོ་ནི་དེ་ཉིད་དོ། །འདི་ལ་བརྗོད་
པར་བྱ་བ་སྟེ། །ཞེས་བྱ་བ་ལ་སོགས་པས། བདག་ཉིད་ཐོབ་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནས་བརྩམས་ནས་གོ་རིམས་བཞིན་དུ་སུན་འབྱིན་པ་བརྗོད་པ་བརྩམ་མོ། །རྒྱུ་མཚན་དང་བཅས་ཞེས་བྱ་བ་ནི་དངོས་པོ་ལ་བརྟེན་པ་སྟེ་མེད་པ་ལ་བྱ་བ་མི་རུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་
ནོ། །རྣམ་པར་གཞག་པ་འདི་ཡང་གང་ཞེ་ན། བདག་ཉིད་ཐོབ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ་ཤེས་པ་ལ་ཡང་ཅིའི་ཕྱིར་མི་རིགས་ཤེ་ན། སྐྱེས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པའི་བྱ་བ་ཅི་འདྲ་ཞིག །ཅེས་བྱ་བ་ནི་ཅུང་ཟད་ཀྱང་མ་ཡིན་ནོ། །

མེད་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡོད་ན་ཡང་དངོས་པོ་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པས་དེའི་ཕྱིར་བྱ་བ་གྲུབ་པར་མི་འགྱུར་རོ། །གང་དུ་བྱ་བ་བྱེད་པར་འགྱུར་ན་ཤེས་པ་ལ་བྱ་བ་ཅུང་ཟད་ཡོད་པ་ནི་མ་ཡིན་ནོ། །རང་གི་དོན་ཡོངས་སུ་གཅོད་
པའི་བདག་ཉིད་ཁོ་ན་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ནི་ཤེས་པའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །བདག་ཉིད་ལས་བདག་ཉིད་ཁོ་ནས་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ལེགས་པར་བཤད་པ་ཡིན་ནོ། །འདི་ནི་ཚད་མ་ཡིན་ནོ་སྙམ་པའི་ངེས་པ་སྐྱེད་པ་ནི་རང་གི་འབྲས་བུ་
ཡིན་ནོ་ཞེ་ན་མ་ཡིན་ཏེ། ལ་ལར་མ་ངེས་པའི་ཕྱིར་དང་། ཕྱིན་ཅི་ལོག་མཐོང་བའི་ཕྱིར་རོ། །འདིས་ནི་འདི་ལ་ཡང་དམ་བཅའ་བའི་དོན་ལ་མངོན་སུམ་ལ་སོགས་པ་དང་འགལ་བར་བསྟན་པ་ཡིན་ཏེ། འདི་ལྟར་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་དམིགས་པ་གཞན་
དམིགས་པའི་བདག་ཉིད་ཀྱི་མངོན་སུམ་དང་ཉེ་བར་བརྗོད་པར་བྱ་བ་མེད་པའི་ངེས་པའི་རྗེས་སུ་དཔག་པས་ཀྱང་གྲུབ་སྟེ་ནམ་མཁའི་པདྨ་བཞིན་ནོ། །ཁྱོད་ཀྱང་འདོད་ཅེས་བྱ་བ་འདིས་ནི་རང་གི་ཚིག་དང་འགལ་བར་སྟོན་པ་ཡིན་ནོ། །དེ་ཉིད་ནི། གང་ཕྱིར་རྒྱུ་རྣམས་ཀྱི་བྱ་བ། །ཞེས་བྱ་
བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། འདི་ལྟར་ཡོད་པ་དང་འབྲེལ་པ་ན་སྐྱེས་བུའི་དབང་པོའི་བློ། སྐྱེས་པ་དེ་ནི་མངོན་སུམ་མོ། །ཞེས་བྱ་བའི་མདོ་འདི་ལ་སྐྱེ་བ་སྨོས་པ་འབྲས་བུ་དང་བཅས་པའི་དོན་དུ། ཀུ་མཱ་ར་རི་ལས་བྱས་པ། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། སྐྱེ་བཞིན་པའི་བློ་ཅི་ནས་ཀྱང་། ཚད་མ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་སྐྱེ་བ་སྨོས་པ་ཡིན་ནོ། །རྒྱུ་ཅིའི་ཕྱིར་ཞེ་ན་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་ཤེས་པའོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་འདོགས་
པར་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་གཞན་དུ་ཀུ་མཱ་ར་རི་ལས་བློ་རྣམས་རྟག་པ་ཉིད་དུ་གཅིག་པ་ཉིད་དུ་བརྗོད་དེ། ཇི་སྐད་དུ། ངེད་ཀྱིས་རྟག་པ་ཉིད་དང་ནི། །གཅིག་པ་ཉིད་དུ་འདོད་པ་ཡིན། །བློ་ཡང་སེམས་ཅན་རང་བཞིན་ཕྱིར། །ཐ་དད་ཡུལ་ལ་བརྟེན་པ་ཡིན། །ཞེས་

སྨྲས་པ་བཞིན་ནོ། །ཕྱོགས་འདི་ལ་ཡང་དམ་བཅའ་བ་ཁས་བླངས་པ་དང་འགལ་ཞིང་རྗེས་སུ་དཔག་པ་དང་འགལ་བ་ཡང་ཡིན་ཏེ། འདི་ལྟར་བློ་རྣམས་སྐད་ཅིག་མ་ཉིད་དུ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ་བཤད་པ་ལས་དེ་ནི་སྐད་ཅིག་མ་ཡིན་ཏེ། བློ་གཞན་
གྱི་དུས་སུ་གནས་པར་མི་འགྱུར་རོ་ཞེས་བཤད་པ་དང་། དེ་བཞིན་དུ་འདི་ནི་སྐད་ཅིག་ཀྱང་གནས་པ་མ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རང་གི་ཚིག་དང་འགལ་བ་ཡང་ཡིན་ནོ། །རིགས་པས་གནོད་པ་བསྟན་པ་ནི། །གང་ཕྱིར་དངོས་ཀུན་ཞེས་བྱ་བ་ལ་སོགས་པའོ། །རྟག་པ་ཉིད་
དུ་ཁས་བླངས་པ་ནི་རྒྱུ་ལ་ལྟོས་པ་ཉིད་མི་རིགས་སོ་ཞེས་བྱ་བ་སྟོན་པ་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བདག་ཉིད་ཀྱི་ངོ་བོ་ཐོབ་པར་འདོད་པས་བསྐྱེད་པར་བྱ་བ་ནི་རྒྱུ་གཞན་ལ་ལྟོས་པ་ཉིད་ཡིན་ནོ། །རྟག་པ་ཉིད་ཀྱི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་ནི་གང་ཞིག་ལ་ལྟོས་པ་
ཡིན། དེས་ན་བརྗོད་པར་ནུས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་སྦྱོར་བ་དགོད་པའི་ཕྱིར་རྗེས་སུ་དཔག་པས་གནོད་པ་ཉིད་སྟོན་པ་ཡིན་ནོ། །ཤེས་པ་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཁས་བླངས་ནས་མངོན་སུམ་ལ་སོགས་པས་གནོད་པ་
སྟོན་པ་ཡིན་ཏེ། གལ་ཏེ་ཚད་མ་རང་ཉིད་ལས་ངེས་པ་སྐྱེད་པར་བྱེད་པ་དེའི་ཚེ་ཚད་མ་ལ་ཐེ་ཚོམ་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །སོགས་པའི་སྒྲས་ཕྱིན་ཅི་ལོག་དེ་མངོན་སུམ་དུ་འགྲོ་བ་ཅན་གྱི་འགལ་བ་དང་། ཕྱིན་ཅི་ལོག་གི་འཇུག་པ་དང་། ཕན་ཚུན་འགལ་བའི་
མཚན་ཉིད་བྱེད་པ་དང་། སླུ་བ་བཟུང་ངོ་། །དེ་ལྟ་ཡིན་དང་ཐེ་ཚོམ་ལ་སོགས་པ་ཚད་མའི་མཇུག་ཐོགས་ཀྱི་ངེས་པ་ལས་བཟློག་པའི་རྣམ་པར་རིག་པའི་ཕྱིར་དེས་དབེན་པའི་ས་ཕྱོགས་དམིགས་པ་བུམ་པ་མེད་པ་བཞིན་དུ་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ཡོད་པའི་
དམ་བཅའ་བ་ནི་མངོན་སུམ་དང་འགལ་བ་ཡིན་ནོ། །གང་ཕྱིར་དེ་ལ་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པས་མངོན་སུམ་དང་འགལ་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ཞེས་བྱ་བ་ནི་ཚད་མ་ཉིད་དུ་ངེས་པའོ། །ཅིའི་ཕྱིར་དེ་ལ་གཞི་མེད་པ་ཡིན་ཞེ་ན། ངེས་པ་དང་ནི་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འདི་ཉིད་གང་ལས་ཤེ་ན་འདི་ལྟར་སྒྲོ་འདོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པ་ནི་སྒྲོ་འདོགས་པ་ལས་བཟློག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དེའི་ཡུལ་མ་བསལ་བར་བདག་ཉིད་གནས་པར་འགྱུར་བ་མ་ཡིན་ཏེ། དྲོ་བའི་རེག་པ་གྲང་བ་
བཞིན་ནོ། །དེས་ཡུལ་དུ་བྱས་པའི་ཡུལ་ལ་ཕྱིན་ཅི་ལོག་པས་འཇུག་པ་ཡིན། དེ་ལྟ་ཡིན་དང་སྐུལ་བྱེད་བློ། །ཞེས་བྱ་བ་ལ་སོགས་པས་རང་གི་ཚིག་དང་འགལ་བ་ཡང་སྟོན་ཏེ། རྒྱུ་བྱུང་ངོ་བོ་ནི་རྒྱུ་ལས་བྱུང་བ་ཉིད་དེ། སོགས་པའི་སྒྲས་ཡིད་ཆེས་པ་མ་ཡིན་པའི་ཚིག་གིས་བསྐྱེད་
པར་བྱ་བའི་ཕྱིར་གནོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །འདི་ལྟར། བསྐུལ་བས་བསྐྱེད་པའི་ཤེས་པ་ནི། །ཚད་མ་ཡིན་ཏེ་སྐྱོན་བྲལ་བའི། །རྒྱུ་ཡིས་བསྐྱེད་ཕྱིར་རྟགས་དང་ནི། །ཡིད་ཆེས་ཚིག་དང་དབང་བློ་བཞིན། །དེ་བཞིན་ཡིད་མི་ཆེས་མ་བྱས། །ཚིག་
གིས་བསྐྱེད་ཕྱིར་ཡུལ་དུས་སོགས། །ཐ་དད་སོགས་པ་དོན་མེད་ཕྱིར། །ཞེས་བྱ་བས་སྐུལ་བར་བྱེད་པའི་བློ་ཚད་མ་ཉིད་དུ་གྲུབ་པར་བྱེད་པའི་ཕྱིར་སྒྲུབ་པར་བྱེད་པ་སྨྲ་བ་ན་སྒྲུབ་པར་བྱེད་པ་གཞན་ལ་ཚད་མ་ཉིད་དུ་ངེས་པར་བསྟན་པ་ཡིན་ལ། ཚད་མ་ཀུན་གྱི་ཚད་མ་ཉིད། །རང་ལས་
ཡིད་ཆེས་གཟུང་བར་གྱིས། །ཞེས་ཀྱང་བརྗོད་པས་བཀག་པའི་ཕྱིར་ཚིག་ཕན་ཚུན་འགལ་བ་ཡིན་ནོ། །རང་ལས་ཚད་མ་ཉིད་གྲུབ་ཀྱང་། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་འདོགས་པར་བྱེད་པ་ཡིན་ནོ། །ཅི་སྟེ་ཡང་ཁོ་བོ་ཅག་གིས་སྐུལ་བར་བྱེད་པས་བསྐྱེད་པའི་བློ་
རྣམས་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པར་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ལ་གཞན་གྱི་ཚད་མ་མ་ཡིན་པར་སྒྲོ་འདོགས་པ་གང་ཡིན་པ་དེ་དགག་པར་བྱ་བའི་ཕྱིར་རོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ནོ། །གང་ལས་ཤེ་ན། དོགས་པ་མི་སྲིད་པའི་
ཕྱིར་ཏེ། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་ཀྱང་བཤད་དོ། །དེའི་ཕྱིར་གང་གི་དེ་བཟློག་པའི་དོན་དུ་ཁྱེད་ཅག་གིས་སྒྲུབ་པར་བྱེད་པའི་སྦྱོར་བའི་ངལ་བ་འབྲས་བུ་དང་བཅས་པར་འགྱུར་བ་ངེས་པ་སྐྱེས་པ་ལ་ཚད་མ་མ་ཡིན་པ་ཉིད་ཀྱི་དོགས་

པ་འདི་གང་ལས་ཡིན་ནོ། །འདི་ལ་དཔེ་འཆད་པ་ནི་མཐོ་ཡོར་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་པ་པོ་གང་གིས་དེའི་བདག་ཉིད་དེ་མཐོ་ཡོར་ཉིད་དུ་ངེས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་གཞན་ཞེས་བྱ་བ་ནི་ལྗོན་ཤིང་དང་སྐྱེས་བུ་ཉིད་ལ་སོགས་པའོ། །གལ་
ཏེ་དེ་ལྟ་ན་དོགས་པ་མེད་པ་ཚད་མ་ལ་སྒྲུབ་པར་བྱེད་པའི་སྦྱོར་བ་ཇི་ལྟར་བཟློག་པར་བྱ་བར་ནུས་ཤེ་ན། གང་ཕྱིར་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་གང་ལས་ངེས་པ་ནི་གང་གི་ངོ་བོར་ངེས་པའོ། །བཟློག་པའི་དོགས་པ་ཞེས་བྱ་བ་ནི་དེའི་ངོ་བོ་ལས་བཟློག་པའི་རང་བཞིན་
གྱི་དོགས་པ་ཞེས་བྱ་བའི་དོན་ཏེ། རང་ཉིད་ཀྱི་ནི་ཞེས་བྱ་བ་ནི་དེའི་ངོ་བོ་ངེས་པ་ལས་སོ། །འདི་ཉིད་ལ་དཔེ་བསྟན་པ་ནི། ཇི་ལྟར་དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ཉིད་རྣམ་གཅོད་པ་ཞེས་བྱ་བ་ནི་མེ་ལ་སོགས་པ་མེད་པ་ཉིད་རྣམ་པར་གཅོད་པའོ། །ཚད་མ་མ་
ཡིན་པ་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །འདི་ཉིད་བླ་ལྷག་གི་རྒྱུ་བཤད་པའི་ཕྱིར། གལ་ཏེ་ཚད་མ་ཡིན་པ་གཉིས། །ཞེས་བྱ་བ་སྨོས་ཏེ། ཚད་མ་མ་ཡིན་པ་གཉིས་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་བདག་ཉིད་དོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་འགལ་
བས་ཁྱབ་པ་དམིགས་པའི་ཐལ་བར་འགྱུར་བ་སྟོན་པ་ན་རང་གི་ཚིག་དང་འགལ་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། ངེས་པ་དང་འགལ་བའི་ཐེ་ཙོམ་དང་ཕྱིན་ཅི་ལོག་དག་གིས་དེས་ཡུལ་དུ་བྱས་པའི་དངོས་པོ་ཉིད་ལ་ཁྱབ་པའི་ཕྱིར་དེ་ལ་ངེས་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །
ཇི་ལྟར་གཏོར་ཟན་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དཔག་པ་དང་འགལ་བ་དང་རང་གི་ཕྱོགས་གྲུབ་པ་ཡང་སྟོན་པ་ཡིན་ནོ། །སྦྱོར་བ་ནི་གང་དག་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་དུ་བྱས་པའི་བདག་ཉིད་དེ་དག་ནི་གཞན་ལས་ངེས་པར་བྱ་བའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། མཐོ་ཡོར་
ལ་སོགས་པ་བཞིན་ནོ། །ཁ་ཅིག་གི་ལྟར་ན་ཚད་མ་ཉིད་ཀྱང་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་དུ་བྱས་པའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏོར་ཟན་དང་དུ་བ་དང་རྒྱུས་བསྐྱེད་པའི་སྐྱོན་ལ་སོགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་དག་གི་

ཤེས་པས་ཞེས་བསྡུའོ། །འདི་དག་དང་ཡང་གོ་རིམས་བཞིན་དུ་མཐོ་ཡོར་བ་སྦྲེལ་ཏེ་འདིས་ནི་གཏན་ཚིགས་ཀྱི་ཁྱབ་པ་བསྟན་པ་ཡིན་ནོ། །དེ་ནི་ཕྱོགས་ཀྱི་ཆོས་བསྟན་པའི་སྒོ་ནས་མ་གྲུབ་པ་སྤང་བའི་ཕྱིར། དེ་བཞིན་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་
ནི་གང་གི་ཕྱིར་རོ། །གྱུར་པ་ཞེས་བྱ་བ་ནི་ངེས་པ་སྟེ། ཚད་མ་དེ་ཡིས་ཞེས་བྱ་བ་ལྷག་མའོ། །འདི་ལྟར་སྐུལ་བར་བྱེད་པས་བསྐྱེད་པའི་བློ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཡུལ་ཅན་ཉིད་དུ་བསྟན་ཟིན་ཏོ། །དེ་བཞིན་ཞེས་བྱ་བ་ནི་མཐོ་ཡོར་ལ་སོགས་པ་བཞིན་ནོ། །ཚད་མ་ཉིད་དེ་གཞན་ལས་
ནི་ངེས་པ་ཡིན་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཉེ་བར་སྟོན་པའོ། །རང་ལས་ཚད་མ་ཉིད་གྲུབ་ན། །དེ་ནི་གནོད་པ་སེལ་བྱེད་པར། །ཞེས་སྨྲས་པ་དེ་ནི་མི་རིགས་ཏེ་དོགས་པ་མི་སྲིད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ད་ནི་ཚད་མ་མ་ཡིན་པ་ཉིད་ཀྱི་དོགས་པ་བཟློག་པའི་དོན་དུ་སྒྲུབ་
པར་བྱེད་པའི་སྦྱོར་བ་བྱེད་དུ་ཆུག་མོད། དེ་ལྟ་ན་ཡང་ཁྱེད་ཀྱི་ལུགས་ཀྱིས་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་ཁྱེད་ཀྱི་ཕྱོགས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་སྒྲུབ་པ་སྒྲའི་དོན་ཡིན་པར་སྨྲ་བ་རྣམས་ཀྱི་ལྟར་ན་ངག་གང་ཁོ་ན་ལ་
དགག་པའི་སྦྱོར་བ་དེ་ཁོ་ན་ལ་གཞན་རྣམ་པར་གཅོད་པ་རྟོགས་ཀྱིས་གཞན་དུ་ནི་སྒྲུབ་པ་ཁོ་ནའོ་ཞེས་བྱ་བའི་ཕྱོགས་འདི་ཡིན་ནོ། །འདིར་སྐུལ་བར་བྱེད་པས་སྐྱེད་པ། །ཞེས་བྱ་བ་ལ་སོགས་པའི་སྒྲུབ་པའི་ངག་ལ་དགག་པའི་སྦྱོར་བ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་འདིས་ཚད་མ་མ་ཡིན་པ་
ཉིད་འགེགས་པར་འགྱུར། དེ་བཞིན་དུ་ཚད་མའི་ཡུལ་ལ་རྒོལ་བ་རྣམས་ཀྱི་བློ་ཐ་དད་པར་མི་འགྱུར་རོ། །དེ་ཉིད་ཇི་ལྟར་གྲུབ་ཅེ་ན། གང་གི་ལ་ལས་ཞེས་བྱ་བ་སྨོས་ཏེ། ལ་ལས་ཞེས་བྱ་བ་ནི་དཔྱོད་པ་པ་རྣམས་ཀྱིས་སོ། །གཞན་གྱིས་ཞེས་བྱ་བ་ནི་སངས་རྒྱས་པ་རྣམས་
ཀྱིས་ཏེ། དེ་དག་གི་ཅུང་ཟད་རང་ལས་ཚད་མ་ཉིད་དུ་འདོད་དེ། དཔེར་ན་རང་རིག་པས་མངོན་སུམ་དང་རྣལ་འབྱོར་པའི་ཤེས་པ་དང་དོན་བྱེད་པའི་ཤེས་པ་དང་རྗེས་སུ་དཔག་པ་དང་གོམས་པ་དང་ལྡན་པའི་མངོན་སུམ་ལྟ་བུ་སྟེ། དེས་ན་འཁྲུལ་པའི་རྒྱུ་སྤངས་པའི་ཕྱིར་གོམས་

པའི་སྟོབས་ཀྱིས་རང་ཉིད་ལས་ངེས་པ་ཡིན་ནོ། །ཅུང་ཟད་ཅིག་ནི་གཞན་ལ་སྟེ་དཔེར་ན་རྩོད་པའི་གཞིར་གྱུར་པའི་སྐུལ་བར་བྱེད་པ་ལས་བྱུང་བའི་ཤེས་པ་དང་འཁྲུལ་པའི་རྒྱུ་མཚན་མ་སྤངས་པའི་མངོན་སུམ་ལྟ་བུ་སྟེ། གོམས་པ་དང་དོན་བྱེད་པའི་ཤེས་པ་དག་
མཐོང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྗེས་སུ་དཔག་པ་ལ་སོགས་པ་ལ་ཁྱེད་ཀྱི་ལུགས་ཀྱིས་རྣམ་པར་གཅོད་པར་མི་འགྱུར་ཏེ། དེ་ནི་རང་ཁོ་ན་ལས་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཁ་ཅིག་ནི་རྗེས་སུ་དཔག་པ་ཚུལ་གསུམ་པའི་རྟགས་ཀྱི་རྒྱུ་ཅན་དུ་འདོད་ལ། ལ་
ལ་ནི་ཚུལ་གཉིས་ལས་བྱུང་བའོ། །ཁ་ཅིག་ནི་ཚུལ་གཅིག་གི་རྟགས་ལས་བྱུང་བ་སྟེ། དེའི་མཚན་ཉིད་བྱེད་པ་དོན་མེད་དོ། །དེ་བཞིན་དུ་འཇིག་རྟེན་རྒྱང་པན་པ་ལ་དེ་ཚད་མ་ཉིད་དུ་བསྒྲུབ་པར་མི་བྱ་སྟེ་རང་ཉིད་ཀྱིས་ཚད་མ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བྱ་བར་མཚུངས་སོ་ཞེ་ན། སྐྱོན་
འདི་མེད་དོ། །གང་གི་ཕྱིར་རྗེས་སུ་དཔག་པ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའི་རྟགས་ངེས་པ་ལས་སྐྱེས་པའི་ཕྱིར་དོན་བྱེད་པ་ལ་མི་སླུ་བ་བྱེད་པ་ན་ཡང་བརྒྱུད་ནས་དེ་ལྟ་བུའི་དངོས་པོ་དང་འབྲེལ་པས་སྐྱེས་པ་ཉིད་ཀྱིས་དོན་དེ་ལ་མི་འཁྲུལ་པ་ཉིད་དུ་ངེས་པའི་ཕྱིར་རང་ལས་
ཚད་མ་ཞེས་བྱའོ། །དེ་སྐྱེད་པའི་རྒྱུའི་རྟགས་ཀྱི་ངོ་བོ་ཡོངས་སུ་མི་ཤེས་པའི་ཕྱིར་རྒོལ་བ་རྣམས་རྗེས་སུ་དཔག་པ་མ་སྐྱེས་པ་ཁོ་ན་ལ་ཕན་ཚུན་རྩོད་པར་བྱེད་ཀྱི་སྐྱེས་པ་ལ་ནི་མ་ཡིན་ཏེ། དེའི་རང་གི་ངོ་བོ་མ་ངེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་དག་གིས་ཕྱིན་ཅི་མ་ལོག་པའི་
རྟགས་ཀྱི་རང་གི་ངོ་བོ་ངེས་པར་བཟུང་བའི་ཕྱིར་ཅི་ནས་ཀྱང་རྗེས་སུ་དཔག་པ་སྐྱེད་པར་འགྱུར་བའོ་སྙམ་ན་བསྐྱེད་པའི་རྒྱུའི་གཏན་ཚིགས་ཀྱི་རང་གི་ངོ་བོ་སྟོན་པའི་མཚན་ཉིད་བྱེད་པ་ཡིན་ནོ། །གང་ཡང་འཇིག་རྟེན་རྒྱང་པན་པ་ལ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བསྒྲུབ་པར་མི་བྱའོ་ཞེས་
བརྩད་པ་དེ་ཡང་མི་རིགས་ཏེ། ཁོ་བོ་ཅག་གིས་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བསྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐ་སྙད་དེ་འདི་ལྟར་ལོག་པའི་དོན་ཅན་གྱི་བསྟན་བཅོས་ཐོས་པ་ལས་རྨོངས་པའི་འཇིག་རྟེན་རྒྱང་པན་པ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་གྲུབ་པ་ན་ཡང་གྲངས་ཅན་

བཞིན་དུ་དེའི་ཐ་སྙད་འཇུག་པར་མི་བྱེད་པ་དེ་ལ་ཡུལ་ཉེ་བར་བསྟན་པས་ཡུལ་ཅན་གྱི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ཏེ། གང་ཞིག་གང་ལས་སྐྱེས་པ་དེ་ནི་དེ་ཐོབ་པར་བྱེད་པའི་ནུས་པ་དང་ལྡན་པ་ཡིན་ཏེ། རང་གི་དོན་ལ་མངོན་སུམ་བཞིན་ནོ། །དེ་དང་འབྲེལ་པའི་རྟགས་མཐོང་བའི་སྒོ་ནས་
བྱུང་བའི་རྟགས་ལས་བྱུང་བའི་ཤེས་པ་འདི་ཡང་རྗེས་སུ་དཔག་པར་བྱ་བ་ལས་བྱུང་བ་ཡིན་ནོ་ཞེས་དེ་ལྟར་བརྡའི་ཡུལ་བསྟན་པས་བརྡ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །འདི་ལྟར་མངོན་སུམ་ལ་དོན་མ་འཁྲུལ་པའི་རྒྱུ་མཚན་ཉིད་འདིས་ཚད་མ་ཉིད་ཀྱིས་ཐ་སྙད་དུ་བྱེད་ལ། དེ་ལས་བྱུང་
བ་ལས་གཞན་མ་འཁྲུལ་པ་ཅི་ཞིག་ཡོད་དེ། ཇི་སྐད་དུ། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །འབྲེལ་པ་ཡི་ནི་རང་བཞིན་དེའི། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །ཞེས་བཤད་པ་བཞིན་ནོ། །དེ་ལྟ་བས་ན་ཇི་ལྟར་གྲངས་ཅན་པ་རྩྭ་མཆོག་རྩེ་
ལ་གླང་པོ་མེད་པར་ངེས་ཀྱང་བསྟན་བཅོས་ཐོས་པའི་རྨོངས་པ་ཡིན་ནོ། །འདི་སྙམ་དུ་བློ་ཐ་དད་པ་ཡིན་མོད། རང་ལས་ཚད་མ་ཡིན་པ་སྟེ། ཇི་ལྟར་རིགས་པ་མ་ཡིན་སྙམ་དུ་སེམས་ན། གང་ཕྱིར་རྩོད་པ་འཁྲུལ་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ངེས་པ་
དང་འགལ་བའི་འཁྲུལ་པའི་འབྲས་བུ་རྩོད་པ་དམིགས་པའི་ཕྱིར་ངེས་པ་མེད་པར་སྒྲུབ་པར་སྟོན་པ་ནི་རང་ལས་ཚད་མ་ཉིད་དུ་དམ་བཅའ་བ་རྗེས་སུ་དཔག་པ་དང་འགལ་བ་ཉིད་དུ་སྟོན་པ་ཡིན་ནོ། །གཞན་ཡང་ངེས་པ་དང་འགལ་བའི་འཁྲུལ་པའི་འབྲས་བུ་དམིགས་པ་སྟོན་པ་ནི།
ཚད་མ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། སླུ་བ་ངེས་པ་དང་འགལ་བའི་འཁྲུལ་པ་གཞན་ཡང་ངེས་པ་དང་འགལ་བའི་འཁྲུལ་པའི་འབྲས་བུ་ཉིད་དུ་རྟོགས་པ་རང་ལས་ཚད་མ་ཉིད་དུ་ཁས་ལེན་པ་ན་མི་འགྱུར་ཏེ། ངེས་པར་འཁྲུལ་པའི་རྒྱུ་བསལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་པ་ཞེས་
བྱ་བ་ནི་སླུ་བ་ལ་བརྟེན་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོ་རྩོད་པར་བྱེད་པ་ཡིན་ཏེ། ཚད་མ་མ་ཡིན་པ་ལ་འཇུག་པ་ནི་སླུ་བར་འགྱུར་ཏེ། ཚད་མ་མ་ཡིན་པ་དེ་ཡང་གཞན་ལས་ངེས་པར་ཁས་བླངས་པ་ཉིད་ཡིན་ནོ། །གང་ཡང་ཚད་མ་མ་ཡིན་པ་དེ་ལ་འཇུག་

པ་ནི་སླུ་བ་ཡིན་ཏེ། དེ་ནི་རང་ཉིད་ལས་ཚད་མ་ཡིན་པར་འདོད་པའི་ཕྱིར་ཇི་ལྟར་རང་ལས་ཚད་མ་ཉིད་དུ་དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ཞེ་ན། བསམ་པ་མ་ཤེས་ཕྱིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་བརྗོད་པར་འདོད་པ་ནི་
འདི་ཡིན་ཏེ། གལ་ཏེ་ཁྱེད་ཅག་ཚད་མ་ཐམས་ཅད་ཚད་མ་ཉིད་ཡིན་པར་ཁས་ལེན་པ་དེའི་ཚེ་ཚད་མ་ཉིད་དུ་ངེས་པས་བསྐྱེད་པས་ཚད་མ་ལ་ཁྱབ་བོ་ཞེས་ཁས་བླངས་པར་འགྱུར་རོ། །དེ་ལྟ་ན་ཚད་མ་མ་ཡིན་ཡང་གང་ཁོ་ན་ཚད་མའི་ཁྱབ་པར་བྱེད་པའི་ཚད་མ་ཉིད་དུ་ངེས་པས་མ་བསྐྱེད་པ་
དེ་ལས་ཤུགས་ཀྱིས་ཚད་མ་མ་ཡིན་པ་ཉིད་གནས་པ་ཡིན་ཏེ། ཚད་མ་དང་ཚད་མ་མ་ཡིན་པ་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཚད་མ་མ་ཡིན་པ་ཡང་ཤུགས་ཀྱིས་དེ་ཁོ་ན་ལས་ཡིན་པར་འགྱུར་ཏེ། སླུ་བ་དང་རྒྱུའི་སྐྱོན་ཤེས་པ་ལ་ལྟོས་པ་མེད་པ་ཡིན་
པའི་ཕྱིར་དང་ཚད་མ་ཉིད་དུ་ངེས་པ་མ་སྐྱེས་པ་ཁོ་ན་ཚད་མ་མ་ཡིན་པར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་། འདི་ཡི་ངེས་པ་གནོད་བྱེད་ཀྱི། །ཤེས་པ་གཞན་ལས་འདོད་པ་ཡིན། །ཞེས་གང་སྨྲས་པ་དེ་ནི་མི་འཐད་དོ། །དེ་ལྟ་ཡིན་དང་སྐྱེས་པའི་དེ་མ་ཐག་ཉིད་དུ་ཚད་མའི་
ངེས་པ་སྐྱེད་པ་དང་མི་སྐྱེད་པ་དག་གིས་ཚད་མ་དང་ཅིག་ཤོས་གཉིས་ངེས་པའི་ཕྱིར་ཚད་མ་མ་ཡིན་པ་ཡོངས་སུ་ངེས་པ་ལས་རྟོགས་པ་དང་ལྡན་པ་སུ་ཡང་འཇུག་པར་མི་སྲིད་པའི་ཕྱིར་སླུ་བ་སྲིད་པར་ག་ལ་འགྱུར། དེ་རྟོགས་ཕྱིར་ཞེས་བྱ་བ་ནི་སླུ་བ་རྟོགས་པའི་ཕྱིར་དེ་ངེས་པའི་ཕྱིར་རོ་
ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་དམ་བཅའ་བའི་སྐྱོན་བསྟན་པའི་སྒོ་ནས་གཏན་ཚིགས་ཁྱབ་པ་མེད་པ་གསལ་བར་བྱེད་པའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་ཉིད་དུ་བལྟ་བར་བྱའོ། །དམ་བཅའ་བའི་སྐྱོན་ནི་མ་ཡིན་ཏེ། དེ་ལྟ་ཡིན་དང་དམ་བཅའ་བ་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་
པའི་ཕྱིར་དེའི་སྐྱོན་བརྗོད་པ་ནི་སྐྱོན་མིན་བརྗོད་པ་ཡིན་ཏེ་ཕྱིར་རྒོལ་བ་ཚར་བཅད་པའི་གནས་སུ་འགྱུར་རོ། །བུམ་པ་ལ་སོགས་པ་གཞན་ནི། །ཞེས་བྱ་བའི་དཔེ་མ་གྲུབ་པར་བསྟན་པར་བྱ་བའི་ཕྱིར། སྐྱེ་བ་ལས་ནི་མ་གཏོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་

སྐྱེ་བའི་དུས་ཕྱིས་རྫ་མཁན་ལ་སོགས་པ་ལ་ལྟོས་པ་མེད་པའི་སྦྲང་རྩི་དང་ཆུ་འཛིན་པ་ལ་སོགས་པའི་དོན་བྱ་བ་བྱེད་པ་བུམ་པ་ཉིད་མཐོང་བ་ཉིད་མ་ཡིན་ནམ། དེ་ཇི་ལྟར་དེ་དག་སྐྱེ་བ་ལས་མ་གཏོགས་པའི་དུས་སུ་ཡོད་པ་ཡིན་ཞེ་ན། དེ་དག་དུས་ཕྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
རང་གི་ཉེར་ལེན་པ་ནི་རིགས་མཐུན་པའི་སྐད་ཅིག་སྔ་མ་སྔ་མའོ། །སོགས་པའི་སྒྲས་དེ་འཛིན་པའི་སྐྱེས་བུ་ལ་སོགས་པ་གཟུང་ངོ་། །འདི་སྐད་དུ་བསྟན་པ་ཡིན་ཏེ། དུས་ཕྱིས་རང་ཉིད་ཉེ་བར་ལེན་པ་ལ་སོགས་པ་ལ་ལྟོས་ན་འཇུག་པ་བུམ་པ་ལ་སོགས་པའི་མཚན་ཉིད་གཞན་མཐོང་གི །
སྐྱེ་བའི་དུས་ཕྱིས་གནས་པ་ནི་འགའ་ཡང་གྲུབ་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དང་པོའི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གཞན་ལས་ཚད་མར་གནས་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཞེས་བྱ་བ་ལ་སོགས་
པས་ཕ་རོལ་པོ་རྩོད་པར་བྱེད་པ་ལ་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་མི་སླུ་བར་བྱེད་པའི་ཤེས་པ་ནི་ཚད་མ་ཡིན་པར་བརྗོད་དེ། ཚད་མ་སླུ་བ་མེད་ཅན་གྱི། ཤེས་པ་ཞེས་བཤད་པའི་ཕྱིར་རོ། །མི་སླུ་བ་དེ་ཡང་དོན་བྱེད་
པའི་མཚན་ཉིད་ཅན་ཁོ་ན་ཡིན་ཏེ། ཚད་མ་བསམ་པ་ནི་དེའི་དོན་དུ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཚད་མའམ་ཚད་མ་མ་ཡིན་པའི་ཚུལ་གྱིས་ཞེན་པས་ནི་མ་ཡིན་ནོ། །དོན་བྱེད་པ་དེ་ཡང་བཙོ་བ་དང་སྲེག་པ་ལ་སོགས་པར་
སྣང་བའི་ཤེས་པ་སྐྱེད་པའི་མཚན་ཉིད་ཅན་ཏེ། དེ་སྐྱེས་པ་ཉིད་ན་དོན་བྱེད་པ་དོན་དུ་གཉེར་བ་འཇུག་པའི་རེ་བ་ལྡོག་པའི་ཕྱིར། དོན་བྱེད་པའི་ཤེས་པ་དེ་ཡང་རང་རིག་པའི་མངོན་སུམ་གྱི་རང་ཉིད་ཀྱིས་འབྱུང་བ་ཡིན་ཏེ། གསལ་བ་ཉམས་སུ་མྱོང་བའི་ཕྱིར་དེ་མ་ཐག་ཏུ་ཉམས་སུ་མྱོང་
བ་ཇི་ལྟ་བཞིན་དུ་རྣམ་པར་དཔྱོད་པའི་ཤེས་པ་སྐྱེ་བས་ངེས་པའི་ཕྱིར་རང་ཉིད་ལས་ཡིན་པར་གྲུབ་པ་ཡིན་གྱི། གང་གི་དོན་བྱེད་པར་སྣང་བའི་ཤེས་པ་གཞན་སྐྱེད་པའི་རྗེས་སུ་འབྲང་བ་ན་ཐུག་པ་མེད་པར་འགྱུར་བ་སྐྱེས་བུས་དེའི་བསྒྲུབ་པར་བྱ་བའི་འབྲས་བུ་གཞན་འདོད་པ་ཡང་མ་

ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ན་ངོམས་པ་ལ་སོགས་པའི་འབྲས་བུ་མངོན་པར་འདོད་དེ། དེ་ཡང་ཚིམ་པ་དང་ཡོངས་སུ་གདུང་བ་མེད་པ་ལ་སོགས་པའི་ཤེས་པ་འབྱུང་བ་ཉིད་ལས་མངོན་པར་གྲུབ་པོ་ཞེས་བྱ་བ་དེ་ཙམ་གྱིས་སྐྱེ་བོ་རྣམས་ཡོངས་སུ་མགུ་ན་
ལྡོག་པར་འགྱུར་བའི་ཕྱིར་དེ་རང་ལས་འདོད་པ་གྲུབ་པ་ཡིན་ནོ་ཞེས་བརྗོད་དོ། །དེ་ཡང་དེའི་རྒྱུར་གྱུར་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་དེའི་དེ་ཐོབ་པའི་ནུས་པ་ཚད་མ་ཞེས་བྱ་ལ། ནུས་པ་དེ་ཡང་མ་གོམས་པའི་ཕྱིར་འབྲས་བུ་མི་ཤེས་པས་ངེས་པར་གཟུང་བར་མི་ནུས་པའི་ཕྱིར་ཕྱིས་
ཀྱི་འབྲས་བུས་ཤེས་པ་འཇུག་པར་ངེས་པར་བྱེད་པའི་ཕྱིར་དང་པོ་གཞན་ལས་ཚད་མ་ཉིད་དུ་བརྗོད་དོ། །གཞན་ཡང་རྣམ་པ་གཞན་གྱིས་ཀྱང་ཐུག་པ་མེད་པ་སྤང་བའི་ཕྱིར། དང་པོ་དངོས་མེད་ཡུལ་ཅན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དང་པོ་ཐོག་མའི་ཤེས་པ་དངོས་
པོ་མེད་པ་ལ་འཇུག་པར་འགྱུར་ན། དེའི་ཚེ་ཕྱིས་འབྱུང་བའི་འབྲས་བུའི་ཤེས་པ་སྐྱེ་བར་མི་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་ལ་དོན་བྱེད་པའི་ཤེས་པ་ནི་དངོས་པོ་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །མེ་མ་ཡིན་པ་འཛིན་པའི་ཤེས་པ་ལས་མྱ་ངན་འཚོང་གི་མེ་ཏོག་ལ་སོགས་པ་
ལས་མེར་ངེས་པ་ཉིད་ཀྱིས་འཇུག་པ་ལས་བཙོ་བ་དང་སྲེག་པ་ལ་སོགས་པར་སྣང་བའི་ཤེས་པ་སྐྱེ་བ་མ་ཡིན་ལ་སྐྱེ་ན་ཡང་འདི་མེ་ཁོ་ན་ཡིན་ནོ། །གང་ལས་ཤེ་ན་མེའི་མཚན་ཉིད་ནི་བཙོ་བ་དང་། སྲེག་པ་ལ་སོགས་པའི་འབྲས་བུ་སྐྱེད་པའི་རྒྱུ་ཉིད་ཙམ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་
སྲིད་ཅེས་བྱ་བ་ནི་འདི་ལ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །འོན་ཏེ་དོན་བྱེད་པའི་ཤེས་པ་བཞིན་དུ་དང་པོའི་ཤེས་པ་ཡང་མེའི་དངོས་པོས་སྐྱེད་པ་ཉིད་མ་ཡིན་ནམ། དེས་ན་ཅིའི་ཕྱིར་དེ་ཉིད་ལ་ཚད་མ་མ་ཡིན་པ་ཉིད་དུ་དོགས་ཀྱི་ཕྱི་མ་ལ་ནི་མ་ཡིན་ཞེས་དོགས་པ་ལ། རྗེས་ཐོགས་འབྲས་བུ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོའི་ཤེས་པ་ལ་ནི་འཁྲུལ་པའི་རྒྱུ་ཡོད་པ་དེ་འདི་ལྟར་མཇུག་ཐོགས་སུ་བཙོ་བ་ལ་སོགས་པའི་འབྲས་བུ་མ་བྱུང་བ་དང་། འཁྲུལ་པའི་ཤེས་པ་དང་ཆོས་མཐུན་པ་དང་བློ་མི་གསལ་བ་དང་། སོགས་པའི་སྒྲས་མ་གུས་པ་དང་། །མ་གོམས་པ་

ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །འབྲས་བུའི་ཤེས་པ་ལ་ནི་འཁྲུལ་པའི་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རང་ལས་ངེས་པ་ཡིན་ནོ། །ཤེས་པ་དང་པོ་ལ་ཡང་གང་གོམས་པ་ལ་སོགས་པས་འཁྲུལ་པའི་རྒྱུ་མཚན་བསལ་བ་དེ་ནི་རང་ཉིད་ལས་ཚད་མ་ཉིད་ཡིན་ནོ་ཞེས་སྟོན་པའི་
ཕྱིར། གོམས་པས་འཇུག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོམས་པའི་སྟོབས་ཀྱིས་དཔེར་ན་རྣལ་འབྱོར་པ་རྣམས་སམ། ནོར་བུ་དང་། དེ་དང་འདྲ་བ་ལ་སོགས་པ་ལ་དེ་རིག་པ་རྣམས་འཁྲུལ་པའི་རྒྱུ་མཚན་ཐག་རིང་དུ་སྤངས་པའི་རྣམ་པར་ཤེས་པ་གསལ་བར་སྣང་བ་སྐྱེ་བ་ཡིན་
ལ། དེ་བཞིན་དུ་གཞན་ལ་ཡང་གོམས་པའི་སྟོབས་ཀྱིས་གསལ་བ་རབ་ཏུ་སྣང་བ་ཉིད་ཀྱིས་འཁྲུལ་པར་དོགས་པ་གསལ་བ་ཅན་སྐྱེ་བ་ན་བར་མ་ཆོད་པར་རིགས་མཐུན་པ་ཐུན་མོང་བའི་རྣམ་པར་ངེས་པ་ཅན་གྱིས་རྣམ་པར་གཅོད་པའི་ཤེས་པ་སྐྱེས་པ་ན་དེའི་ཡུལ་རིགས་མི་མཐུན་པ་ལས་
ལྡོག་པར་ངེས་པའི་ཕྱིར་དེ་རང་ཉིད་ལས་ཚད་མ་ཡིན་པར་བརྗོད་དོ། །གང་ཡང་གོམས་པ་དང་ལྡན་པས་འཇུག་པ་ན་དེ་འདྲ་བའི་མཚན་ཉིད་ཀྱི་རྟོག་པ་མཐོང་བའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་ལས་དོན་ཐོབ་པའི་ནུས་པའི་མཚན་ཉིད་ཀྱིས་ཚད་མ་ཉིད་ངེས་པའི་ཕྱིར་ཐམས་ཅད་དུ་
གཞན་ལས་ཚད་མ་ཉིད་དུ་ངེས་པར་བྱའི། ལ་ལར་རང་ལས་ངེས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་སྟེ། དེ་ནི་ཁོ་བོ་ཅག་གིས་མ་གོ་སྟེ། འདི་ལྟར་མ་འདྲེས་པའི་དེ་དང་འདྲ་བའི་མཚན་ཉིད་ཀྱི་རྟོག་པ་ངེས་པ་ཉིད་གང་ལས་བྱུང་ཞེས་བྱ་བ་བརྗོད་པར་བྱ་དགོས་སོ། །གལ་ཏེ་གོམས་པ་
ལས་སོ་ཞེ་ན། འོན་ཏེ་དེ་ལྟ་ན་འཁྲུལ་པའི་རྒྱུ་མེད་པའི་ཕྱིར་གལ་ཏེ་གོམས་པའི་སྟོབས་ཀྱིས་རིགས་མི་མཐུན་པའི་རྣམ་པ་རྣམ་པར་གཅོད་པས་རིགས་མཐུན་པ་ཐུན་མོང་མ་འདྲེས་པའི་འདྲ་བ་ཉིད་ངེས་པར་བྱེད་ཀྱི། གང་གི་དེ་ཉམས་སུ་མྱོང་ཞིང་འཁྲུལ་པའི་རྒྱུ་དང་བྲལ་བ་ན་ཡང་མ་ངེས་
པ་ཞེས་བྱ་བར་འགྱུར་བ་ཚད་མ་ཉིད་ལ་ཅི་ཞིག་སྣང་གཞན་ཡང་འདྲ་བ་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་རྟོག་པའི་ངོ་བོ་ཡིན་ན་དེ་ལོག་པའི་ཤེས་པ་ལ་ཡང་ཡོད་པའི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཅི་སྟེ་དམར་པོའི་རྣམ་པར་སྣང་བ་ཡིན་ན། དེ་ནི་ཨ་ཤོ་ཀའི་མེ་ཏོག་ལ་སོགས་

པར་འཛིན་པའི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་འཁྲུལ་པ་ཉིད་ཡོད་པ་ཡིན་ནོ། །ཅི་སྟེ་མེ་ཏོག་ལ་སོགས་པའི་དངོས་པོའི་འབྲས་བུ་ཉིད་ཡིན་ནོ་ཞེ་ན། དེ་ཇི་ལྟར་ངེས་པ་བརྗོད་པར་བྱ་དགོས་སོ། །དེ་གྲུབ་པར་བྱ་བའི་དོན་དུ་རྟགས་གཞན་གྱི་རྗེས་སུ་འབྲང་བར་
བྱེད་ན་ཐུག་པ་མེད་པར་འགྱུར་རོ། །ཡང་ཅི་སྟེ་རྟགས་ཀྱི་རྗེས་སུ་འབྲང་བ་མེད་པར་ཡང་གོམས་པའི་སྟོབས་ཁོ་ན་ལས་དེ་མངོན་སུམ་གྱི་རང་ཉིད་ལས་གྲུབ་པོ་སྙམ་ན་ནི་དེ་ལྟ་ན་འོ་ན་གལ་ཏེ་གོམས་པའི་ནུས་པ་འདི་འདྲ་བར་ཁས་ལེན་པར་བྱེད་པ་དེའི་རྟགས་ཀྱི་རྗེས་སུ་འབྲང་བ་མེད་པར་ནུས་
པ་ངེས་པ་ཡང་གོམས་པ་ཉིད་ལས་འབྱུང་ངོ་ཞེས་ཅིའི་ཕྱིར་ཁས་ལེན་པར་མི་བྱེད། གཞན་ཡང་གལ་ཏེ་ཤེས་པ་དེའི་འབྲས་བུ་ཉིད་གྲུབ་ན་དེའི་ཚེ་ཁྱབ་པའི་རྗེས་སུ་འབྲང་བ་དོན་མེད་དེ། དེའི་འབྲས་བུ་ཉིད་དུ་ངེས་པ་ཉིད་ཀྱིས་རྗེས་སུ་དཔག་པའི་ཤེས་པ་བཞིན་དུ་དོན་དེ་ཐོབ་པར་
ནུས་པ་གྲུབ་པའི་ཕྱིར་རོ། །ཅི་སྟེ་རྗེས་སུ་དཔག་པའི་ཤེས་པ་དངོས་པོ་དང་འབྲེལ་པའི་རྟགས་ལས་སྐྱེ་བའི་ཕྱིར་རྒྱུད་ནས་དངོས་པོའི་འབྲས་བུ་ཉིད་དུ་ངེས་པ་ཉིད་ལས་རང་ལས་ཚད་མ་ཉིད་ཡིན་གྱི། འདྲ་བའི་སྟོབས་ཀྱིས་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐུག་པ་མེད་པར་འགྱུར་རོ། །དེ་བཞིན་
དུ་འདིར་ཡང་རང་ཁོ་ན་ལས་ཚད་མ་ཉིད་དུ་འགྱུར་ཏེ། འདི་ལྟར་གང་ལས་ཕྱོགས་ངེས་ན་ཡང་བསྒྲུབ་པར་བྱ་བའི་དོན་རྟོགས་པ་མི་སྐྱེ་བ་དེར་ནི་རྟོགས་པ་པོ་དཔེའི་ཆོས་ཅན་ལ་ཁྱབ་པའི་རྗེས་སུ་འབྲང་བར་བྱེད་དེ་དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ། །འདིར་ཤེས་པ་ཡོད་པའི་འབྲས་
བུ་ངེས་པ་ཉིད་ཀྱི་དོན་དེ་ལ་མི་འཁྲུལ་པ་ཉིད་ཀྱིས་དེ་ཐོབ་པའི་ནུས་པ་གྲུབ་པ་ཡིན་གྱི་དེ་དང་འདྲ་བའི་རྟགས་ཀྱིས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སློབ་དཔོན་གྱིས་འཇིག་རྟེན་རྒྱང་པན་པའི་དབང་དུ་མཛད་ནས་དེ་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་སླུ་བ་དང་མི་སླུ་བ་
དག་དམིགས་ནས་ཇི་ལྟར་ཉེ་བར་བསྟན་པ་ལ་འཇུག་པ་མི་འཁྲུལ་བར་བྱ་བའི་ཕྱིར་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་དེའི་མཚན་ཉིད་ལ་ཁྱབ་པར་སྨྲ་བར་བྱེད་པ་ན། ཇི་ལྟར་ཆོས་མཐུན་པ་མཐོང་བ་ལས་ཇི་ལྟ་བ་དེ་ལྟར་རབ་ཏུ་བསྒྲུབ་པ་དེ་ནི་རྗེས་སུ་

དཔག་པར་བྱ་བ་ལས་མ་འདས་སོ་ཞེས་ཇི་ལྟར་གསུངས་ཤེ་ན། སྐྱོན་འདི་ནི་མེད་དེ་རང་དང་གཞན་གྱི་རྒྱུད་ལ་འཇུག་པའི་ཉམས་སུ་མྱོང་བའི་ཡུལ་ཅན་གྱི་བློའི་དབང་དུ་བྱས་ནས་འདི་གསུངས་པ་ཡིན་ཏེ། ཡུལ་ཉམས་སུ་མྱོང་བ་ལས་མ་གཏོགས་པ་ཞེས་བཤད་པའི་ཕྱིར་རོ། །གཞན་དུ་
གལ་ཏེ་འདྲ་བ་ལས་ཐམས་ཅད་དུ་ཚད་མ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་ཡུལ་ཉམས་སུ་མྱོང་བ་ལས་མ་གཏོགས་པ་ཞེས་བྱ་བའི་དགག་པ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་གོམས་པའི་སྟོབས་ལས་འཁྲུལ་པའི་རྒྱུ་མཚན་ཉིད་སྤངས་པར་སྐྱེ་བ་གང་ཡིན་པ་དེར་རང་ཉིད་ལས་ཚད་
མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཇི་ལྟར་དངོས་པོའི་ཤེས་པ་དེ་ནི་མི་སླུ་བ་ལ་ལྟོས་པ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རིགས་མི་མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཚད་མ་ཉིད་དུ་ཉམས་སུ་མྱོང་བ་ཡང་འཁྲུལ་པའི་རྒྱུ་སྲིད་པའི་ཕྱིར་ངེས་པར་མི་ནུས་པ་
དེར་ནི་དོན་བྱེད་པར་སྣང་བའི་ཤེས་པ་གཞན་ལས་ངེས་པ་ཡིན་ཏེ། དེ་ཙམ་ཉིད་ཀྱིས་སྐྱེས་བུའི་མངོན་པར་འདོད་པའི་དོན་གྲུབ་པས་རེ་བ་ཆད་པའི་ཕྱིར་མི་སླུ་བས་ཀྱང་མི་སླུ་བ་གཞན་དེ་ཁོ་ན་བཞིན་དུ་སྟེ་དང་པོའི་ཤེས་པ་བཞིན་དུ། ལྟོས་པར་བྱ་བ་མ་ཡིན་ནོ། །གལ་ཏེ་འགའ་ཞིག་
རང་ཉིད་ལས། །ཞེས་བྱ་བ་ལ་སོགས་པ་ལ། འཁྲུལ་པའི་རྒྱུ་ནི་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་ཐེ་ཚོམ་མེད་པའི་དོན་མེད་ན་མི་འབྱུང་བ་ཉིད་དུ་མ་ངེས་པའི་དོན་ཚད་མའི་ནུས་པ་ཅན་གྱིས་ཤེས་པ་གང་ཡིན་པ་དེ་རྗེས་སུ་དཔག་པ་བཞིན་དུ་ཚད་མར་མི་
འགྱུར་ཏེ། ཇི་ལྟར་རྗེས་སུ་དཔག་པ་དོན་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་ན་ཚད་མར་མི་འདོད་པ་དེ་བཞིན་དུ་མངོན་སུམ་ཡང་མི་འགྱུར་རོ་ཞེ་ན། སྐྱོན་འདི་མེད་དེ། གང་གི་ཕྱིར་རྗེས་སུ་དཔག་པ་བཞིན་དུ་མངོན་སུམ་དོན་མེད་ན་མི་འབྱུང་བའི་བདག་ཉིད་སྟོན་པ་ན་ཚད་མ་ཉིད་དུ་
འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྣང་བཞིན་པའི་དོན་ངེས་པར་བྱེད་པ་ན་སྟེ། འདི་ལྟར་དོན་བྱེད་པ་དོན་དུ་གཉེར་བ་མངོན་པར་འདོད་པའི་དོན་ཐོབ་པར་བྱེད་པའི་ཕྱིར་ཚད་མར་བརྗོད་ཀྱི་དོན་གྱི་ཡུལ་དུ་སྐྱེས་བུ་གཏོང་བར་བྱེད་པའམ། སྐྱེས་བུའི་ཡུལ་དུ་དོན་འགུགས་པར་བྱེད་

པ་ནི་དེ་ཐོབ་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་སྐྱེས་བུ་འཇུག་པར་བྱེད་པ་ཡིན་ནོ། །སྐྱེས་བུ་དེ་ཡང་ལག་པ་ནས་བཟུང་ནས་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇུག་པའི་ཡུལ་ཉེ་བར་སྟོན་པ་ལས་ཡིན་ལ། ཉེ་བར་སྟོན་པ་དེ་ཡང་སྣང་བཞིན་
པའི་དོན་ངེས་པར་བྱེད་པ་ལས་ཡིན་གྱི། གཞན་ནི་མ་ཡིན་ནོ། །གང་ཡང་ཐེ་ཚོམ་ཟ་བ་དེར་གདོན་མི་ཟ་བར་སྣང་བཞིན་པའི་རྣམ་པ་ངེས་པ་ཡོད་པ་ཡིན་ཏེ། དེ་མ་ངེས་ན་དེ་རྣམ་པར་དཔྱོད་པ་མི་རུང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་དེ་ཙམ་གྱིས་མངོན་སུམ་གྱི་བྱ་བ་ཡོངས་སུ་རྫོགས་པ་
ཡིན་ལ། ཕྱིས་འབྱུང་བའི་དོན་མེད་ན་མི་འབྱུང་ལ་ཐེ་ཚོམ་ཟ་བས་ནི་མངོན་སུམ་གྱི་བྱ་བ་ལ་མི་གནོད་པའི་ཕྱིར་ཐེ་ཚོམ་ཡོད་ན་ཡང་མངོན་སུམ་ཚད་མ་ཉིད་དུ་འགྱུར་བ་ཁོ་ནའོ། །གང་ཡང་སྣང་བའི་དངོས་པོ་དང་འགལ་བའི་རྣམ་པར་ངེས་པ་དང་ལྡན་པ་སྐྱེ་བ་དེར་ནི་ཚད་མ་མ་
ཡིན་ཏེ། དེ་ལྟ་ནི་སྨིག་རྒྱུ་འཛིན་པའི་ཤེས་པ་རྒྱུ་ངེས་པ་དང་ལྡན་པ་ལྟ་བུ་སྟེ། དེ་ཇི་སྐད་དུ་བཤད་པའི་ཚད་མའི་བྱ་བ་མེད་པའི་ཕྱིར་རོ། །གང་ཡང་། དུང་ལ་སེར་པོར་ཤེས་པ་དང་། ནོར་བུའི་འོད་ལ་ནོར་བུར་ཤེས་པ་དེ་ཡང་ཚད་མ་མ་ཡིན་པ་ཉིད་དོ། །དེ་ལ་དོན་ལ་ཇི་ལྟ་བ་
བཞིན་སྣང་བ་དང་ངེས་པ་དག་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་འཛིན་པ་དང་མི་འཛིན་པ་ནི་སྣང་བའི་དབང་གིས་ཡིན་གྱི། དོན་ལ་མི་སླུ་བ་ཙམ་ལས་ནི་མ་ཡིན་ནོ། །འདི་ལ་ཡུལ་དང་དུས་དང་རང་བཞིན་དང་གནས་སྐབས་ཇི་ལྟ་བ་བཞིན་དུ་སྣང་བ་ཡོད་པ་མ་ཡིན་ལ། ཡུལ་
དང་དུས་དག་ཀྱང་དངོས་པོའི་རང་བཞིན་ཐ་དད་དུ་བྱེད་པ་ཉིད་ཡིན་པའི་ཕྱིར། ཡུལ་དང་དུས་དེ་ཉིད་དུ་འགྱུར་བ་དེ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐ་དད་པའི་ཐ་སྙད་རྒྱུན་ཆད་པར་འགྱུར་རོ། །རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་པ་ཉིད་ཀྱི་སྤྱིའི་ཡུལ་ཅན་ཡིན་པས་
དངོས་པོ་མི་སྣང་བའི་དབང་གིས་དངོས་པོའི་ཡུལ་ཅན་དུ་རྣམ་པར་གཞག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ངེས་པའི་དབང་གིས་ཏེ། ཇི་སྐད་དུ། ངེས་པ་རྣམས་ཀྱི་མ་ངེས་གང་། །དེ་ནི་དེ་དག་ཇི་ལྟར་ཡུལ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟ་ཡིན་དང་རྗེས་སུ་དཔག་པ་ནི་དེར་སྣང་བས་

སྟོང་ཡང་མེད་ན་མི་འབྱུང་བའི་དོན་མཐོང་བའི་སྟོབས་ཀྱིས་སྐྱེད་པའི་ཕྱིར་བརྒྱུད་ནས་དངོས་པོ་དང་འབྲེལ་པས་ཚད་མ་ཉིད་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་ལ་མེད་ན་མི་འབྱུང་བ་ངེས་པ་ལ་ལྟོས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་སྐྱེ་བ་མི་སྲིད་པའི་ཕྱིར་རྗེས་སུ་དཔག་
པ་མངོན་སུམ་དང་མཚུངས་པ་མ་ཡིན་ནོ། །འོན་ཏེ་རྣམ་པར་ཤེས་པ་དེ། །ཞེས་བྱ་བ་ལ་སོགས་པས་གཞན་གྱིས་གཞན་ལ་ཚད་མ་ཉིད་ཡིན་ན་ཕན་ཚུན་བསྟེན་པ་ཉིད་དུ་སྟོན་པ་ཡིན་ཏེ། འདི་ལྟར་རྟོག་པ་སྔོན་དུ་གཏང་བ་རྣམས་ཚད་མ་ཉིད་དུ་ངེས་པ་ལ་འཇུག་ལ། འཇུག་པ་ན་
ཡང་ཚད་མ་ཉིད་དུ་ངེས་པའི་ཕྱིར་ཕན་ཚུན་བསྟེན་པས་ཇི་ལྟར་རྟོག་པ་དང་ལྡན་པ་འདོད་པའི་དོན་མ་ངེས་པ་ན་འཇུག་པར་འགྱུར་ཞེ་ན། བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འཇུག་པ་ནི་རྣམ་པ་གཉིས་ཏེ། དོན་བྱེད་པའི་དོན་ཅན་དང་། ཚད་མར་ངེས་པའི་
དོན་ཅན་ནོ། །དེ་འཇུག་པ་དང་པོའི་ཐེ་ཚོམ་ཡོད་ན་ཡང་ཇི་ལྟར་འགྱུར་བ་དེ་ལྟར་བསྟན་ཟིན་ཏེ། མངོན་སུམ་མི་སྣང་བར་ངེས་པར་བྱེད་པ་ཙམ་ཉིད་ཀྱིས་འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟ་ན་རྟོག་པ་དང་ལྡན་པ་ཉམས་པར་ཐལ་བར་མི་འགྱུར་ཏེ། དོན་དེ་ལ་ཐེ་ཚོམ་ཟ་བས་
ཀྱང་ཞིང་པ་ལ་སོགས་པ་བཞིན་དུ་འཇུག་པ་མཐོང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྟོག་པ་སྔོན་དུ་བཏང་བས་ཞིང་པ་ལ་སོགས་པ་ཐབས་ངེས་པས་འཇུག་གོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། ཐབས་ནི་ཐབས་ལས་བྱུང་བ་ལ་ལྟོས་པའི་ཕྱིར་ཐབས་བྱུང་བ་མ་ངེས་པར་
དེ་ངེས་པ་མི་རུང་བའི་ཕྱིར་རོ། །འཇུག་པ་གཉིས་པ་ལ་ཡང་དེ་ཚད་མ་ཉིད་དུ་ཐེ་ཚོམ་ཟ་བ་ཡོད་ན་ཡང་ཆེས་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ལ་དེ་ཡི་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་གང་གི་ཕྱིར་དེ་ཚད་མ་ཉིད་དུ་ངེས་པ་ལ་ཐེ་ཚོམ་གྱིས་འཇུག་
པ་ཉིད་ཀྱི་ཕྱིར་སྐྱེས་བུ་དེས་ཐབས་ངེས་པ་ཉིད་ཡིན་ནོ། །དེ་ལྟ་ན་ཐབས་ཀྱི་ཡུལ་ལ་ཐེ་ཚོམ་མེད་པའི་ཕྱིར་འཇུག་པར་རིགས་པ་ཉིད་ཡིན་ནོ། །ཇི་ལྟར་དེར་ཐབས་དེ་ངེས་པ་ཡིན་ཞེ་ན། དེ་ལྟར་ཐེ་ཚོམ་གྱིས་འཇུག་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཉིད་

ཡང་ཐེ་ཚོམ་གྱིས་འཇུག་ན་ཡང་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་བར་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །དོན་བྱེད་སྣང་བའི་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པས་གཞན་དག་དོན་བྱེད་པའི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པ་མ་ངེས་ཉིད་དུ་བསྟན་པའི་ཕྱིར་
ཐུག་པ་མེད་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ཡི་རྒྱུ་ནི་དངོས་པོ་ཡང་། །ཞེས་བྱ་བ་ནི་དོན་བྱེད་པར་ཤེས་པའི་རྒྱུ་སྟེ་ཅིའི་ཕྱིར་ཚད་མ་ཉིད་མ་ཡིན་ཞེས་འབྲེལ་ཏོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རེ་ཞིག་གལ་ཏེ་ཕྱི་རོལ་གྱི་དོན་དུ་སྨྲ་བའི་སངས་རྒྱས་
པ་ལ་རྩོད་པ་བྱེད་ན་དེ་མ་གྲུབ་པོ་ཞེས་ཚིགས་སུ་བཅད་པ་དང་པོས་བསྟན་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་དེས་དོན་ལ་མི་སླུ་བའི་ཕྱིར་ཚད་མ་ཉིད་དུ་འདོད་ཀྱི། དོན་བྱེད་པའི་ཤེས་པ་ལ་མི་སླུ་བའི་ཕྱིར་ནི་མ་ཡིན་ནོ། །རྨི་ལམ་ལ་དོན་ལ་མི་སླུ་བ་ཡོད་པ་ཡང་མ་ཡིན་ཏེ།
རྨི་ལམ་གྱི་གནས་སྐབས་ཐམས་ཅད་འཁྲུལ་པ་ཉིད་དུ་ཐམས་ཅད་ལ་རྩོད་པ་མེད་པའི་ཕྱིར་རོ། །དེར་ཤེས་པ་ཐམས་ཅད་དོན་མེད་པ་ཁོ་ནར་སྐྱེ་བའི་ཕྱིར་ཡུལ་མེད་པ་ཉིད་ཡིན་ཏེ། དེས་ན་སད་པའི་གནས་སྐབས་ན་འབྱུང་བའི་ཤེས་པ་ལ་ཚད་མའི་མཚན་ཉིད་འཇུག་པའི་ཕྱིར།
གཞན་གྱིས་འཁྲུལ་པ་མི་རིགས་སོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་འཇུག་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་པ་དང་། མི་བརྟན་པ་དང་། འཁྲུལ་པའི་རྨི་ལམ་དུ་དོན་བྱེད་པའི་ཤེས་པ་དེ་ལས་ཟློག་པ་སད་པའི་གནས་སྐབས་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུའི་ཚད་མ་ཉིད་རྨི་ལམ་གྱི་མ་
ངེས་པ་གང་ལས་ཡིན། ཅི་སྟེ་རྣལ་འབྱོར་སྤྱོད་པ་ལ་རྩོད་པ་བྱེད་ན། དེ་ལ་ཡང་འདི་ནི་མངོན་སུམ་ལ་ཉེ་བར་མི་མཁོ་སྟེ། འདི་ལྟར། ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བྱ་བ་འདི་ནི་ཐ་སྙད་པའི་ཚད་མའི་མཚན་ཉིད་ཡིན་པས་དེ་ལས་དོན་བྱེད་པར་སྣང་བའི་ཤེས་པ་རིགས་པ་ཉིད་
མི་སླུ་བ་ཡིན་ཏེ། དེ་ལྟར་སྐྱེ་བ་ན་འཇིག་རྟེན་དེ་ཐ་སྙད་དུ་བྱེད་པའི་ཕྱིར་ཏེ། དོན་དུ་གཉེར་བ་འཇུག་པ་ནི་དེའི་དོན་དུ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་འཇིག་རྟེན་ན་ཐ་སྙད་ཐམས་ཅད་དོན་དམ་པ་པ་ཉིད་དུ་མངོན་པར་ཞེན་པའི་ཕྱིར། ཐ་སྙད་པའི་ཤེས་པ་དེ་ཡང་སད་པའི་གནས་

སྐབས་ན་ཡོད་པ་ཉིད་ཡིན་གྱི་རྨི་ལམ་གྱི་གནས་སྐབས་ཀྱིས་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་། སད་པ་དེ་ཤེས་པ་ཡིན་པ་ན་ཞེས་བྱ་བའི་ཁྱད་པར་ལ་བརྟེན་པའི་ཕྱིར་ཅིག་ཤོས་ཀྱིས་འཁྲུལ་པ་མ་ཡིན་ནོ། །འདི་སྙམ་དུ་རྣམ་པ་ཐམས་ཅད་ཀྱིས་སྣང་བ་མཚུངས་ན་ཡང་འདི་ནི་སད་པའི་
གནས་སྐབས་སོ། །འདི་ནི་རྨི་ལམ་གྱི་གནས་སྐབས་སོ་ཞེས་བྱ་བའི་ཐ་དད་པའི་ངེས་པ་འདི་ཇི་ལྟར་ཡིན་སྙམ་དུ་སེམས་ན། དེའི་ཕྱིར། རང་རིག་པའི་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །བརྒྱ་ལ་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ཀླན་ཀ་དོགས་པར་
བྱེད་དེ། གལ་ཏེ་གཞན་ལས་ཚད་མ་ཉིད་དུ་ངེས་ན་དེའི་ཚེ་ཚད་མ་གཞན་གྱི་གཞལ་བར་བྱ་བ་ཡིན་པའི་ཕྱིར་དེ་གཞལ་བྱ་ཉིད་དུ་འགྱུར་ན། ཚད་མ་ཉིད་གཞལ་བྱར་རིགས་པ་ཡང་མ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་རྒོལ་ན་དེ་ནི་འགལ་བ་མེད་པ་མ་ཡིན་ཞེས་བྱ་བས་ལན་
འདེབས་ཏེ། དེ་ནི་ཞེས་བྱ་བ་ནི་འདི་ནའོ། །ལྟོས་པ་ཐ་དད་པའི་ཕྱིར་རྒྱུ་དང་འབྲས་བུ་དང་མ་དང་བུ་མོའི་ཐ་སྙད་བཞིན་དུ་མི་འགལ་ལོ། །འདི་ཉིད་སྟོན་པ་ནི་དེའི་གཟུང་བྱའི་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་པ་དེས་གཟུང་བར་བྱའི་དངོས་པོ་གང་ཡིན་པ་དེ་ལ་ལྟོས་ནས་ཚད་མ་
ཁོ་ན་ཡིན་གྱི་གཞལ་བྱ་ནི་མ་ཡིན་ལ། རྣམ་པར་འཇོག་པའི་ཚད་མ་གཞན་ལ་ལྟོས་ནས་ནི་གཞལ་བྱ་ཁོ་ན་ཡིན་གྱི་ཚད་མ་ནི་མ་ཡིན་པའི་ཕྱིར་འཆོལ་བའི་ཉེས་པ་མེད་དེ། རྒྱུ་དང་འབྲས་བུ་ཉིད་སོགས་བཞིན། །ཞེས་བྱ་བ་ནི་ལྟོས་པ་ཐ་དད་པས་མ་འཆོལ་བ་བཞིན་ནོ། །དེ་ལྟ་བུ་
ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །གཞན་ལ་ནི་འདོད་པ་ལྡོག་ཕྱིར། ཞེས་བྱ་བ་ནི་གཞན་ཡང་ཡིན་ལ་འདོད་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་བའམ། གཞན་ཡང་དེ་མི་སླུ་བ་གཞན་ལ་འདོད་པ་ནི་གཞན་ལ་འདོད་པ་སྟེ། དེ་ཟློག་པ་ཞེས་བསྡུའོ། །གཞན་
ཡང་། ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བྱ་བ་འདིས་དོན་བྱེད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་འབྲས་བུའི་རྒྱུའི་ཤེས་པའི་མཚན་ཉིད་འདི་བརྗོད་པ་ཡིན་ཏེ། དེ་ལྟ་ཡིན་དང་འབྲས་བུའི་ཤེས་པའི་མཚན་ཉིད་མི་འཇུག་པའི་ཕྱིར་དེ་ཇི་ལྟར་ཚད་མ་ཉིད་དུ་ངེས་ཞེས་བྱ་བའི་རྩོད་པ་འདི་གོ་

སྐབས་ཇི་ལྟར་ཡོད། འདི་ལྟར་མྱུ་གུའི་རྒྱུ་ས་བོན་ནོ་ཞེས་བྱ་བ་དེའི་མཚན་ཉིད་ཡིན་པ་ན། ཇི་ལྟར་མྱུ་གུའི་ས་བོན་ཉིད་ཡིན་ཞེས་ཇི་ལྟར་མཁས་པ་རྣམས་ལ་འཐད་པ་འབྱུང་བར་འགྱུར། ཇི་ལྟར་ས་བོན་དེ་ཡོད་པ་ན་མྱུ་གུ་མཐོང་བའི་ཕྱིར་རྟོགས་པར་འགྱུར་
བ་དེ་བཞིན་དུ་ཚད་མ་ཡང་དེ་ཡོད་ན་དོན་བྱ་བའི་མཚན་ཉིད་ཀྱིས་མཐོང་བའི་ཕྱིར། ཤེས་པའི་བདག་ཉིད་ཀྱི་འབྲས་བུ་རང་ཉིད་ལས་རིག་པས་གྲུབ་པའི་ཕྱིར་གང་ལ་ཐུག་པ་མེད་པར་ཐལ་བར་འགྱུར་བ་འབྲས་བུ་དེ་ཚད་མ་གཞན་གྱིས་རྟོགས་པ་མ་ཡིན་ལ། ཤེས་པའི་རང་གི་ངོ་བོ་ལས་
འཁྲུལ་པ་སྲིད་པ་ཡང་མ་ཡིན་པས་དེ་མ་ངེས་ན་རང་རིག་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་འདི་ནི་གྱི་ནའོ། །ད་ནི་རྒྱུ་རྣམ་པར་དག་པའི་སྒོ་ནས་ཚད་མ་ཉིད་དུ་ངེས་ན་ཐུག་པ་མེད་པའི་སྐྱོན། རྣམ་པར་ཤེས་པ་སྐྱེས་པ་ན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་
གཅིག་གིས་ཕྱོགས་སྔ་མ་ཉེ་བར་བཀོད་ནས། འདིར་བློ་བཟངས་ཞེས་བྱ་བས་ལན་འདེབས་པར་བྱེད་པ་ཡིན་ནོ། །ཤེས་པ་ནི་རྣམ་པ་གཉིས་ཏེ། ཉེ་བའི་ཡུལ་ཅན་དང་བསྐལ་པའི་ཡུལ་ཅན་ནོ། །དེ་ལ་རེ་ཞིག་ཉེ་བའི་ཡུལ་ཅན་གང་ཡིན་པ་དེ་ནི་རྒྱུའི་ཡུལ་ཅན་ངེས་པར་བཟུང་
བ་ལས་ཚད་མ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་བྱེད་པ་ལ་མི་སླུ་བའི་ཤེས་པ་ལས་ཏེ། འདི་ལྟར་དེ་ལ་ཇི་སྲིད་དུ་དོན་བྱེད་པ་ལ་མི་སླུ་བའི་ལས་ཡང་དག་པ་ཉིད་དུ་མ་ངེས་པ་དེ་སྲིད་དུ་རྒྱུའི་ཡོན་ཏན་ངེས་པར་འཛིན་པ་སྲིད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཡང་དག་པ་ཉིད་དུ་ངེས་པ་ནི་དུས་
ཕྱིས་འབྱུང་བའི་རྒྱུའི་ཡོན་ཏན་ངེས་པར་འཛིན་པ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་དོ། །གང་ཡང་བསྐལ་པའི་དོན་གྱི་ཤེས་པ་ནི་དེའི་རྒྱུའི་ཡོན་ཏན་ངེས་པ་ལས་ཚད་མ་ཉིད་དུ་ངེས་པའི་ཡོན་ཏན་ནོ་ཞེས་བསྟན་པའི་ཕྱིར། བསྐལ་པའི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐལ་པའི་
ཡུལ་ཅན་གསེར་གྱི་དུང་འཛིན་པའི་ཤེས་པ་རྣམ་པར་དག་པའི་རྒྱུས་བསྐྱེད་པ་གང་ཡིན་པ་དེ་ནི་དེ་ཡིས་སྐྱེད་པ་ཉིད་ཀྱི་ཕྱིར་ཏེ། རྣམ་པར་དག་པའི་རྒྱུས་སྐྱེད་པའི་ཕྱིར་ཉེ་བའི་ཡུལ་ཅན་གྱི་དུང་དཀར་པོར་འཛིན་པའི་ཤེས་པ་བཞིན་དུ་ཚད་མ་ཉིད་དུ་ངེས་པ་ཡིན་ནོ། །སྦྱོར་བ་ནི་གང་

ཞིག་རྒྱུ་རྣམ་པར་དག་པས་བསྐྱེད་པ་དེ་ནི་ཚད་མ་ཡིན་ཏེ། དཔེར་ན་ཉེ་བའི་དོན་གྱི་ཡུལ་ཅན་གྱི་དུང་དཀར་པོར་འཛིན་པའི་ཤེས་པ་བཞིན་ནོ། །ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་གྱི་སེར་པོའི་རྣམ་པ་ཅན་གྱི་དུང་ལ་སོགས་པའི་ཤེས་པ་འདི་ཡང་རྣམ་པར་དག་པའི་རྒྱུས་བསྐྱེད་པ་ཡིན་ནོ་
ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འོན་ཏེ་གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ནམ། དོན་ལ་མི་སླུ་བ་མེད་པར་རྒྱུ་དག་པར་ངེས་པར་གཟུང་བར་མི་ནུས་ཏེ། དབང་པོ་རྣམས་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །དོན་ལ་མི་སླུ་བ་ལ་ལྟོས་ན་ཡང་དེ་ཉིད་ལས་
ཚད་མ་ཉིད་དུ་ངེས་པའི་ཕྱིར་རྒྱུའི་ཡོན་ཏན་ངེས་པར་བཟུང་བ་དོན་མེད་པ་ཁོ་ནར་འགྱུར་ཏེ། དེ་ནི་ཚད་མ་ཉིད་དུ་ངེས་པ་ལ་དུས་ཕྱིས་ངེས་པར་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་གཅིག་གི་ཚེ་ཉེ་བའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དོན་བྱེད་པ་ལ་མི་སླུ་བས་ཡོན་ཏན་དང་
ལྡན་པ་ཉིད་དུ་ངེས་ནས་རྣམ་པ་གཞན་དུ་བསྐལ་པ་དང་ལྡན་པའི་ཡུལ་ཅན་གྱི་ཤེས་པ་ལ་ཡང་མི་སླུ་བ་མེད་པར་དུས་གཞན་དུ་ཡོན་ཏན་དང་ལྡན་པ་ཉིད་དུ་ངེས་པའི་ཕྱིར་རོ་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། སྐད་ཅིག་གིས་འཇིག་པའི་དངོས་པོ་རྣམས་ནི་ངོ་བོ་གཅིག་
ཉིད་ཀྱིས་འཇུག་པ་སྲིད་པ་མ་ཡིན་ཏེ། རྐྱེན་གཞན་དང་གཞན་ཉེ་བར་སྦྱར་བས་སྐད་ཅིག་རེ་རེ་ནུས་པ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་དོགས་པར་བྱས་ནས། ཇི་ལྟར་མདུན་ན་ཞེས་བྱ་བ་སྨོས་ཏེ། འདིས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། གང་གིས་གཏན་
ཚིགས་མ་གྲུབ་པར་འགྱུར་བ་སྐད་ཅིག་རེ་རེ་ལ་རྐྱེན་གཞན་དང་གཞན་ཉེ་བར་སྦྱོར་བས་ནུས་པ་ཐ་དད་པ་སྲིད་པའི་ཕྱིར་ཁོ་བོ་ཅག་གིས་དུས་གཞན་དུ་འབྱུང་བའི་བསྐལ་པའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་ཡོངས་སུ་དག་པས་ཚད་མ་ཉིད་དུ་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཁོ་
ནའི་ཚེ་ཉེ་བའི་ཡུལ་ཅན་གྱི་ཤེས་པ་དུང་དཀོར་པོར་འཛིན་པ་དཀར་པོས་བསྒྲུབ་པར་བྱ་བའི་དོན་ཐོབ་པས་རྒྱུ་དག་ངེས་པ་དེ་ཁོ་ནའི་ཚེ་བསྐལ་པའི་ཡུལ་ན་གནས་པའི་གསེར་གྱི་རང་བཞིན་གྱི་དུང་ལ་སེར་པོའི་རྣམ་པ་ཅན་གྱི་བློ་གང་ཡིན་པ་སྐྱེ་བ་དེ་ནི་རྒྱུ་ཡོངས་སུ་དག་པ་ལས་ཚད་མ་ཉིད་དུ་ངེས་

པར་བྱེད་པ་ཡིན་གྱི། ཉེ་བའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་དོན་བྱེད་པ་ལ་སླུ་བར་འགྱུར་དུ་འདོད་པས་དེའི་གནས་སྐབས་ཉིད་ན་རྒྱུ་རྣམ་པ་གཞན་ཉིད་དུ་སྲིད་པ་ནི་མ་ཡིན་ནོ། །འདི་ཡང་ཁྱེད་ཅག་དཔྱོད་པ་པ་རྣམས་ཀྱི་འདོད་པ་ཁོ་ན་མ་ཡིན་ནོ་ཞེས་བསྟན་
པའི་ཕྱིར་བཤད་པ་བྱེད་པས་སོ། །བཀྲེས་སོགས་ཀྱིས་ཞེས་བྱ་བ་སྨོས་ཏེ། འདིས་ནི་དམ་བཅའ་བ་ལ་རང་གི་ཚིག་དང་འགལ་བ་ཡང་བསྟན་པ་ཡིན་ཏེ། འདི་ལྟར་བཤད་པ་བྱེད་པས་གང་གི་ཚེ་བཀྲེས་པ་ལ་སོགས་པས་ཡིད་དམ་དབང་པོའམ་ཕྲད་པ་ལ་སོགས་པས་ཕྱི་རོལ་
གྱི་དོན་རྣམས་ཡིན་ཏེ། དེ་ལས་ལོག་པའི་ཤེས་པ་ཡིན་ལ་མ་ཉམས་པ་དག་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །དབང་པོ་དང་ཡིད་དང་དོན་ཉེ་བ་ནི་ཤེས་པའི་རྒྱུ་ཡིན་ཏེ། དེ་མེད་ན་ཤེས་པ་མེད་པའི་ཕྱིར་རོ། །དེ་ལ་ཡོད་པའི་སྐྱོན་ནི་ལོག་པའི་ཤེས་པའི་རྒྱུ་ཡིན་ལ་སྐྱོན་དང་
བཅས་པ་ལ་ཤེས་པ་ལོག་པར་འགྱུར་བ་ཡིན་ཏེ། སྐྱོན་དང་བྲལ་བ་ན་ཡང་དག་པའི་རྟོག་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར་སྐྱོན་དང་བཅས་པ་དང་སྐྱོན་མེད་པར་རྟོགས་ཤེ་ན། འབད་པས་བརྩམས་པས་ན་ཡང་ཚད་མ་མེད་པའི་ཕྱིར་གལ་ཏེ་སྐྱོན་མ་རྟོགས་ན་ཁོ་བོ་ཅག་སྐྱོན་མེད་དོ་
སྙམ་དུ་སེམས་སོ་ཞེས་བྱ་བ་རྒྱས་པར་སྨྲ་བ་སྟེ། གཞུང་འདིས་བཤད་པ་བྱེད་པས་རྒྱུ་ཡོངས་སུ་དག་པའི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པ་གསལ་རབ་ཏུ་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འབད་པས་བཙལ་བ་ཞེས་བྱ་བ་འདིས་ཅི་ཞིག་བསྟན་པར་འགྱུར། དེ་ལྟ་ཡིན་དང་རང་ལས་
ཚད་མ་ཉིད་དུ་དམ་བཅས་པ་དང་འགལ་བ་ཡིན་ནོ། །མི་སླུ་བའི་ཡོན་ཏན་ཤེས་པ་དག་གང་གིས་ཁྱད་པར་ཅན་དུ་བརྗོད་ཅེས་གང་སྨྲས་པ་དེ་ལ་མི་སླུ་བ་ལ་སྔར་བཤད་ཟིན་ཏོ། །ཡོན་ཏན་གྱི་ཤེས་པ་ལ། སྐྱོན་ཅན་རྒྱུ་ཡིས་བསྐྱེད་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དང་པོ་ཞེས་བྱ་བ་ནི་དོན་གྱི་ཤེས་པ་སྟེ། དེའི་རྒྱུ་དག་པའི་ཤེས་པ་ལས་ཐོག་མར་བྱུང་བའི་ཕྱིར་རོ། །དང་པོའི་དོན་ཚད་མ་ཉིད་དུ་ཞེས་བྱ་བ་ནི་ཚད་མ་ཉིད་དུ་ངེས་པའོ། །དེས་ཞེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ཏེ། དེ་ལྟར་དོན་བྱེད་ཤེས་པ་ལ། །ཞེས་བྱ་བ་ལ་སོགས་པས་འཇུག་པ་

སུན་ཕྱུང་བ་ཉིད་མ་ཡིན་པར་སྟོན་ཏེ། དོན་བྱེད་མ་བྱས་ཡུལ་ཅན་ཞེས་བྱ་བ་ནི་གང་གིས་དོན་བྱེད་པ་མ་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །བརྗོད་བྱ་མིན་ཞེས་བྱ་བ་ནི་བརྗོད་པར་མི་བྱ་བ་ཉིད་དེ་སྨད་པར་མི་བྱ་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཚད་མ་ཉིད་དུ་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་
སྙམ་དུ་སེམས་པའོ། །དེ་ཕྱིར་ཀུན་ལ་སྤྱིར་བཏང་བས། །རང་ལས་ཚད་མ་ཉིད་དུ་གནས། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཚིགས་སུ་བཅད་པ་དང་པོས་གཞན་གྱི་ཕྱོགས་རྗེས་སུ་བརྗོད་དེ་གཉིས་པ་ལ་སོགས་པས་སུན་འབྱིན་
པ་ཡིན་ཏེ། གལ་ཏེ་ཁྱོད་ཀྱིས་གནོད་པར་བྱེད་པ་ལ་སོགས་པའི་ཤེས་པ་ཚད་མ་མ་ཡིན་པ་ཉིད་དུ་བརྗོད་ན་དེ་ལྟ་ན་ནི་གནོད་པར་བྱེད་པ་ལ་སོགས་པའི་ཤེས་པ་མེད་པའི་ཕྱིར་ཚད་མ་ཉིད་དུ་མ་ངེས་པར་ཁས་བླངས་པར་འགྱུར་རོ། །དེ་ལྟ་ཡིན་དང་ཚད་མ་ཉིད་གཞན་ཁོ་ན་ལས་ཡིན་པར་
བསྟན་པར་འགྱུར་ཏེ། དངོས་པོ་མེད་པ་ཡང་ཚད་མ་གཞན་ཉིད་དུ་འདོད་པའི་ཕྱིར་རོ། །ཁོ་བོ་ཅག་གི་ཕྱོགས་ལ་ནི་མི་དམིགས་པའི་མིང་ཅན་རྗེས་སུ་དཔག་པའི་ཁོངས་སུ་གཏོགས་པའི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །གཞན་ཡང་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བ་
དག་གི་ཡུལ་ནི་བརྟགས་པའི་སྒྲའི་དོན་ཡིན་པ་ཉིད་ཀྱིས་རྣམ་པར་མི་གནས་པའི་ཕྱིར་དངོས་པོ་བསམ་པ་ལ་དབང་དུ་བྱས་པ་མ་ཡིན་པ་ཉིད་ལ། དངོས་པོ་ཐམས་ཅད་ནི་རང་རང་གི་ངོ་བོ་ལ་གནས་པ་ཉིད་ཀྱིས་རང་བཞིན་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དེ་ཉེ་བར་བཀོད་པ་ནི་
ཁྱེད་ཅག་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་ཡུལ་མངོན་པར་མི་ཤེས་པ་ཁོ་ན་གསལ་བར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །འདི་ལྟར་ཁྱེད་ཀྱིས་བརྗོད་པའི་འཐད་པས་ཕྱིན་ཅི་ལོག་ཏུ་ཡང་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བ་བརྟག་པར་ནུས་སོ་ཞེས་སྟོན་པ་ནི། རིགས་པ་
འདི་ཉིད་ཁོ་ན་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ཀུ་མཱ་ར་རི་ལས། །དེ་ལྟར་རྟོགས་པའི་བདག་ཉིད་ཀྱིས། །བློ་ནི་ཚད་མ་མིན་ཉིད་ཐོབ། །དོན་གཞན་ཉིད་དང་རྒྱུ་བྱུང་བའི། །སྐྱོན་གྱིས་ཤེས་པས་གསལ་བ་ཡིན། །ཞེས་སྨོས་ཏེ། ཕྱོགས་འདིས་ཚད་མ་མ་ཡིན་པ་རང་

ལས་ཡིན་པར་བརྗོད་པར་ནུས་སོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་རྟོགས་པའི་བདག་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ནི་ཚད་མ་ཉིད་ཐོབ་འགྱུར། །ཞེས་བྱ་བ་ལ་ཡིན་ཞེས་དགག་པའི་ཚིག་གདོན་པར་བྱའོ། །ཇི་བཞིན་དོན་ཤེས་ཏེ་དོན་ལ་མི་སླུ་
བའི་ཤེས་པ་དང་རྒྱུ་ལས་བྱུང་བའི་ཡོན་ཏན་གྱི་ཤེས་པ་སྟེ། རྒྱུས་ཀུན་ནས་བསླང་བའི་ཡོན་ཏན་གྱི་ཤེས་པ་ཞེས་གཅིག་ཏུ་བསྡུས་པའི་ཟླས་དབྱེ་བའོ། །འདི་ནི་གཞན་ལ་རག་ལས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། ཚད་མིན་གཞན་ལ་རག་ལས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། འདི་ནི་ཞེས་བྱ་བ་ནི་ཚད་མ་མ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཚད་མའོ། །ཇི་ལྟར་མི་གནས་ཤེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་དོན་གཞན་ངེས་འཛིན་པ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ལྟར་གནོད་ཕྱིར་ཤེས་པ་ལ། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་ལ་ལྟོས་པར་བྱ་བ་ཡིན་པའི་ཕྱིར་འདིའི་ལྟོས་པ་མེད་པ་ཉིད་ཀྱི་ཚད་མ་མ་གྲུབ་པའོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་ཐུག་པ་མེད་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། གལ་ཏེ་ཐུག་པ་མེད་པས་འཇིགས་ནས་ལ་ལར་
གནོད་པ་མེད་པ་ཉིད་དུ་ཡང་ཚད་མ་ཉིད་དུ་འདོད་པ་ན་དེ་བཞིན་དུ་ཤེས་པ་དང་པོ་ཡང་གནོད་པར་བྱེད་པ་ལ་མི་ལྟོས་པར་འགྱུར་ལ། དེ་ལྟ་ཡིན་དང་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་འགྱུར་རོ། །དེ་ལ་ཡང་སྔ་མ་དང་ལྷན་ཅིག་དོགས་པ་སྐྱེ་བའི་གནོད་པ་ནི་ཞེས་བྱ་བ་ལ་སོགས་པ་
གང་སྨྲས་པ་དེ་ལ། གལ་ཏེ་གནོད་བྱེད་ཤེས་པ་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གནོད་པར་བྱེད་པའི་ཤེས་པ་ལ་ལྟོས་པ་མེད་པར་ཚད་མའི་ངོ་བོ་ཡིན་ན། གང་གིས་དེ་ལ་ཡང་སྔ་མ་སྔ་མ་དང་ལྷན་ཅིག་དོགས་པ་སྐྱེ་བའི་གནོད་པ་ནི་ལ་ལར་ལྟོས་པར་ཡང་
འགྱུར་ཏེ་ཞེས་བརྗོད་པ་དེ་དེ་ལ་གནོད་པའི་བདག་ཉིད་ཡིན། དེ་ལྟ་ཡིན་དང་། འདི་ལ་གནོད་བྱེད་ལྟོས་མེད་པའི། །ཚད་མ་ཉིད་ནི་དོགས་པ་ཡིན། །ཞེས་བྱ་བ་འདི་ཕན་ཚུན་འགལ་བ་བརྗོད་པ་ཡིན་ནོ། །འདི་ལ་ལྟོས་པ་མེད་ཅེས་བྱ་བ་འདིས་ནི་ངེས་པས་ཡུལ་དུ་བྱས་པ་

བརྗོད་པ་ཡིན་ལ། གང་ལ་ངེས་པ་ཡོད་པ་དེར་ནི་དོགས་པ་མི་སྲིད་དོ། །ངེས་པ་དང་སྒྲོ་འདོགས་པའི་ཡིད་ནི་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། དོགས་པ་ཡང་ཆ་གཉི་ག་ལ་དམིགས་པ་ཉིད་ཀྱིས་སྒྲོ་བཏགས་པའི་རྣམ་པར་འཇུག་པ་ཉིད་ཡིན་པའི་ཕྱིར་རོ། །འོན་
ཏེ་རྗེས་མཐུན་འབད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། རང་ལས་ཚད་མའི་ཕྱོགས་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང་ཉིད་ལས་ཚད་མ་ཉིད་དུ་ངེས་པ་དེའི་ཚེ་ངེས་པས་ཚད་མ་ཉིད་ལ་ཁྱབ་པའི་ཕྱིར་ཤུགས་ཀྱིས་གང་དུ་ཡང་མ་ངེས་པ་དེར་ཚད་མ་མ་ཡིན་
པ་ཉིད་དུ་གནས་པའི་ཕྱིར་གནོད་པ་ཡོད་པ་འབད་པ་མེད་པར་ཡང་ངེས་པའི་ཕྱིར་ཡོད་པར་གྲུབ་པར་བྱ་བའི་འབད་པ་དོན་མེད་དོ། །དེ་ལྟ་ཡིན་དང་རྟོགས་པ་དང་ལྡན་པ་ཤེས་པ་གཅིག་ལ་ཡང་ལྟོས་པའི་གོ་སྐབས་མེད་ན་གསུམ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར། དེ་ལྟར་རྟོགས་པ་
དང་ལྡན་པ། །ཤེས་པ་གསུམ་པོ་སྤོང་མི་བྱེད། །ཅེས་བྱ་བ་འདི་ཡང་མ་འབྲེལ་པ་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་འདི་ལ་ཅིའི་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་མི་དམིགས་པ་ཙམ་གྱིས་གནོད་པར་བྱེད་པར་ངེས་པར་མི་ནུས་ཏེ། རིང་བ་དང་
ཕྲ་བ་དང་ཆོད་པ་འགའ་ཞིག་ཡོད་ན་ཡང་མི་དམིགས་པའི་ཕྱིར་གནོད་པར་བྱེད་པ་མེད་པས་མི་དམིགས་པ་ལ་མ་ཁྱབ་པའི་ཕྱིར་རོ། །དེས་ན་གནོད་པ་མེད་པར་གྲུབ་པར་བྱ་བའི་ཕྱིར་འབད་པ་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་རྟོགས་པ་དང་ལྡན་པའི་ཤེས་པ་
གསུམ་གྱིས་ངེས་པ་དོར་བར་བྱ་བ་ཡིན་ཏེ། ཤེས་པ་དང་པོ་བཞིན་དུ་གཞན་ལ་ཡང་གནོད་པར་དོགས་པར་མི་འགྱུར་བའི་ཕྱིར་རོ། །གང་གི་གསུམ་དུ་ངེས་པར་འགྱུར་བ་ཇི་སྲིད་དུ་འབྲས་བུའི་ཤེས་པ་མ་སྐྱེས་པ་དེ་སྲིད་དུ་གནོད་པའི་དོགས་པ་གང་གིས་ཟློག་པར་བྱེད། མངོན་
པར་ཞེན་པ་ཙམ་གྱིས་ཚད་མ་མེད་པར་རྟོགས་པ་དང་ལྡན་པ་དོགས་པར་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་གང་གིས་ཤེས་པ་ཅུང་ཟད་ཅིག་སྨྲ་བར་བྱ་བ་དངོས་པོ་གནས་པས་ཚད་མ་སེམས་པ་ཚིག་དོར་གྱི་ཐ་སྙད་ཀྱི་སྐབས་ནི་མ་ཡིན་ནོ། །ཡང་གལ་ཏེ་ཤེས་པ་གསུམ་ཚུན་

ཆད་ཙམ་གྱིས་ཚད་མ་ཉིད་དུ་གནས་པར་འགྱུར་ན། ཀྱེ་མ་འོ་ན་གང་དག་གི་མིག་ཇི་སྲིད་འཚོའི་བར་དུ་མིག་སེར་གྱིས་ཉམས་པའི་ཤེས་པ་དང་སེར་པོའི་རྣམ་པ་ཁོ་ནར་སྐྱེ་བ་དེ་དག་གི་ཤེས་པ་དེ་ཚད་མར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ཚད་མ་མ་ཡིན་
ན་རྟོགས་པ་དང་ལྡན་པའི་ཤེས་པ་གསུམ་གྱིས་ཕྱིས་ཅིའི་ཕྱིར་གནོད་པར་བྱེད་པ་སྐྱེ་བར་འགྱུར་མ་སྐྱེས་པའི་ཕྱིར་མེད་དོ་ཞེས་བྱ་བར་ངེས་པ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་དོགས་པ་ལ། དག་པའི་རྒྱུ་ནི་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པའི་རྒྱུ་ནི་ཤིང་དྲུང་ནའི་མེ་ཏོག་
གི་ཁུ་བས་བསྐུས་པས་ཏེ་དེ་མེད་པའི་ཕྱིར་གནོད་པ་སྐྱེ་བ་མ་ཡིན་ནོ། །ཡང་ན་རྒྱུ་མཚན་གཞན་གྱིས་ནི། །ཞེས་བྱ་བ་ནི་ཇི་ལྟར་མྱ་ངམ་གྱི་སྨིག་རྒྱུའི་ཚོགས་ལ་ཆུར་འཁྲུལ་པ་སྐྱེ་བའི་སྐྱེས་བུ་དྲུང་དུ་མ་ཕྱིན་པའི་ཆུའི་རང་བཞིན་གྱིས་དབེན་པའི་ཕྱིར་མྱ་ངམ་གྱི་ཐང་སྣང་བའི་ཤེས་པ་མི་
སྐྱེ་བ་ལྟ་བུའོ། །གང་ཞིག་རྨོངས་པས་རྟོགས་བྱེད་པ། །ཞེས་བྱ་བ་ལ་སོགས་པ་ལ་དེས་ན་དོགས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྒྱུ་ཡོངས་སུ་དག་པ་དང་མི་སླུ་བའི་ཤེས་པ་ཉིད་ཀྱིས་དོགས་པ་དེ་ནི་བསྟན་ཟིན་ཏོ། །དེ་སྐད་དུ་ཡང་ནོར་ལྷའི་བུས། །ཞེས་བྱ་བ་
ལ་སོགས་པ་གང་སྨྲས་པ་ནི། བདག་ཉིད་གུས་པས་སྨྲ་བ་བདག་གིར་བྱེད་པ་གསལ་བར་བྱེད་པ་འབའ་ཞིག་ཏུ་ཟད་ཀྱི་དངོས་པོ་གནས་པ་ནི་མ་ཡིན་ནོ། །རིགས་པ་དང་མི་ལྡན་པའི་ཚིག་ཙམ་ལས་བསམ་པ་ལས་འདས་པའི་རྟོག་པ་དང་ལྡན་པ་གཞན་དེའི་རང་བཞིན་ངེས་པ་
སྐྱེ་བ་མ་ཡིན་ཏེ། འདི་ལྟར་ནོར་ལྷའི་བུའི་ཚིག་བསམ་པ་གཞན་གྱིས་གནས་པའི་ཕྱིར་འགལ་བ་མེད་དོ་ཞེས་བསྟན་པའི་ཕྱིར་འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་སྟེ་རྟག་པ་དང་མི་སླུ་བ་མཐོང་བ་དག་ལའོ། །ཁྱོད་ལྟ་བུ་དེ་བཞིན་མི་སླུ་བས་ཀྱང་། སླར་ཡང་
མི་སླུ་བ་ལ་ལྟོས། །ཞེས་བྱ་བ་དེ་ལྟ་བུར་དོགས་པར་བྱེད་པ་གང་ཡིན་པ་དེ་ལ། མ་སྐྱེས་པ་ཡིས་ཏེ་ཁྱབ་འཇུག་གིས་ཐེ་ཚོམ་གྱི་བདག་ཉིད་སྨྲས་པ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །དེས་ན་གང་དུ་ལ་ལར་ནི། །གནོད་པ་ཇི་སྙེད་ཇི་སྲིད་པ། །ཞེས་བྱ་བ་ལ་སོགས་པ་ལ།

ཡུལ་དུས་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རང་གི་ཚིག་དང་འགལ་བར་སྟོན་པ་ཡིན་ཏེ། འདི་ལྟར་ཡུལ་དང་དུས་དང་སྐྱེས་བུ་དང་གནས་སྐབས་ལ་ལྟོས་ནས་ཚད་མ་ཉིད་དུ་རྟོགས་པར་བྱེད་ན། གཞན་ཁོ་ན་ལས་ཞེས་གསལ་རབ་ཏུ་བསྟན་པ་ཡིན་ནོ། །གང་གི་
ཕྱིར་ཡུལ་དང་དུས་ལ་སོགས་པ་ལ་ཚད་མ་གཞན་ལས་གནོད་པ་མེད་པར་ངེས་ཏེ་འདི་ལྟར་རང་ལས་ཚད་མ་ཉིད་དུ་ཁས་ལེན་པ་ན་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་གདོན་མ