Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 192

Văn bản gốc(Tây Tạng)

Trang 15 / 22 (50.000 ký tự/trang)
ེས་སྨྲས་པ་དེ་ལ་ཡང་། རྒན་པོ་དག་ལས་དོན་རྟོགས་མིན། །དེ་དག་ཀྱང་ནི་རང་
ཉིད་ལས། །མི་ཤེས་གནས་ཏེ་ཞེས་བསྟན་ཟིན་ཏོ། །དེ་ལྟ་མིན་ན་ཉམས་ཞེས་བྱ་བ་ནི་གལ་ཏེ་རྒན་པོ་རང་ཉིད་མི་ཤེས་པ་ཡིན་ན་ཡང་འབྲེལ་པ་རྟོགས་པར་བྱེད་དོ་ཞེས་འདོན་ན་དེའི་ཚེ་མཐོང་བ་དང་འགལ་ཏེ། ལོང་བས་གཟུགས་མཐོང་བར་དམ་འཆའ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །
འདུས་པ་ཉིད་ལའང་འདི་འདྲ་བའི། །སྒྲུབ་བྱེད་བཞིན་ན་བརྗོད་པར་བྱ། །ཞེས་གང་སྨྲས་པ་འདི་ལ། ཐམས་ཅད་བསྡུས་པའི་ཁྱབ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་བསྡུས་པའི་ཁྱབ་པ་གྲུབ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །

འདིས་ནི་འདི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཉིད་ཡིན་པར་བསྟན་ཏེ། གཞན་ལ་ནི་ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་གཞན་དུ་བྱ་བར་མི་ནུས་པ་དེ་ཉིད་ཀྱི་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཟློག་པ་སྒྲུབ་པར་བྱེད་པ་
མི་སྲིད་ལ། ཕན་ཚུན་འགལ་བའི་རང་བཞིན་གཉིས་གཅིག་ལ་སྲིད་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་དེ་ཉིད་བསྟན་པའི་ཕྱིར། དོན་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་འདུས་པ་ཉིད་
དུ་བསྟན་ཏེ། ཡི་གེ་རྣམས་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་འདི་ཐམས་ཅད་མི་འཐད་དོ་ཞེས་བསྟན་ཟིན་ཏོ། །དེས་ན་ཁྱབ་པ་གྲུབ་པོ། །འོན་ཏེ་རིག་བྱེད་འདོད་པར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་ཁྱབ་པ་ཐམས་ཅད་ཉེ་བར་བསྡུས་ནས་གྲུབ་པ་མ་ཡིན་ནམ། འདི་ལྟར་རིག་
བྱེད་རྣམས་ཀྱི་བྱེད་པ་པོ་ནི་ནམ་ཡང་དམིགས་པ་མ་ཡིན་ནོ་ཞེ་ན། རིག་བྱེད་འདོན་པའི་བརྗོད་བྱ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཁྱབ་པ་ངེས་མ་ཡིན། །ཞེས་བྱ་བ་ནི་འདུས་པ་ཉིད་བཞིན་དུའོ། །གང་གི་ཕྱིར་འདུས་པ་ཉིད་ཀྱི་བསྒྲུབ་བྱ་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་གྱི་འདི་ནི་ཐེ་
ཚོམ་ཟ་བ་ཡིན་ནོ། །འདི་ཉིད་སྟོན་པ་ནི་རྣམ་པ་དེ་ལྟ་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པ་དེ་ལྟ་ཞེས་བྱ་བ་ནི་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱ་བ་ལ་སོགས་པའོ། །རྣམ་པ་དེ་ལྟ་བུའི་ཡི་གེའི་རིམ་པ་གལ་ཏེ། སྐྱེས་བུ་ཐམས་ཅད་ཀྱིས་བྱ་བར་ནུས་པ་མེད་པར་ངེས་པར་བྱ་བ་ཡིན་ན་དེ་ཁྱབ་པ་ངེས་
པར་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པས་དེ་ཉིད་ངེས་པར་ནུས་པ་མ་ཡིན་ནོ་ཞེ་ན། སྐྱེས་བུ་མ་ལུས་པ་ཡི་ཆོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ངེས་པ་ངེས་པའོ། །འོན་ཏེ་ཆོས་ལ་སོགས་པའི་ཉེ་བར་བསྟན་པ་ལ་གླགས་ལྟ་བ་ཉིད་ལ་
སོགས་པ་རིག་བྱེད་ཀྱི་ཆོས་རྣམས་ནི་སྐྱེས་བུས་བྱས་པའི་ཆོས་མ་མཐོང་བའི་ཕྱིར་རིག་བྱེད་སྐྱེས་བུས་བྱས་པ་མི་སྲིད་པ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་ཐེ་ཚོམ་ཟ་བའི་མ་གྲུབ་པར་འགྱུར་ཞེས་དོགས་པ་ལ། རིག་བྱེད་སྐྱེས་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་གལ་ཏེ་མ་མཐོང་བ་དེ་

ལྟ་ན་ཡང་མ་མཐོང་བ་ཙམ་ནི་ཚད་མ་མ་ཡིན་པའི་ཕྱིར་ཐེ་ཚོམ་ཟ་བ་གྲུབ་པ་ཁོ་ན་སྟེ། རེས་འགའ་ལ་ལར་སྐྱེས་བུ་རྣམས་རྣམ་པ་དེ་ལྟ་བུའི་རིག་བྱེད་ཀྱི་ཆོས་རྣམས་ཀྱི་བྱེད་པ་པོར་འགྱུར་བ་ཡིན་ནོ་སྙམ་ན། མ་མཐོང་བ་ཙམ་ནི་གྲུབ་པ་ཡང་མ་ཡིན་ཏེ། རིག་བྱེད་ཀྱི་འདོད་པས་ལོག་
པར་གཡེམ་པ་ནི་འདོད་པ་ལོག་པར་སྤྱོད་པ་སྟེ་མ་ལ་སོགས་པ་ལ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཉེ་བར་བསྟན་པ་ནི། བ་ལང་ཅན་གྱི་མཆོད་སྦྱིན་ལས་ཇི་སྐད་དུ་མཆོད་སྦྱིན་བྱེད་པ་ན་ཆུ་སོག་པར་བྱའོ། །རྩྭ་གཅད་དོ། །མའི་གན་དུ་ཉལ་པོ་ལ་འགྲོའོ། །སྲིང་མོའི་གན་དུ་འགྲོའོ། །
རུས་གཅིག་པའི་གན་དུ་འགྲོའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུ་སྟེ། མཆོད་སྦྱིན་ནི་མཆོད་སྦྱིན་བྱེད་པའི་ཚེའོ། །རྟའི་མཆོད་སྦྱིན་ལ་སོགས་པར་ཡང་སྲོག་ཆགས་གསོད་པ་ཉེ་བར་བསྟན་ཏེ། ཇི་སྐད་དུ། རྟ་གསོད་པ་ཡིས་མཆོད་པའི་ཕྱིར། །དབུས་མའི་ཞལ་ལ་ཕྱུགས་རྣམས་
ནི། །ལྔ་བརྒྱ་བདུན་ཅུ་རྩ་བདུན་གྱི། །ཕྱུགས་རྣམས་གསད་པར་བྱ་བ་ཡིན། །ཞེས་སྨྲས་པ་དེ་ལྟ་བུའོ། །བརྫུན་ནི་བརྫུན་གྱི་ཚིག་ཡིན་ལ། །དེ་ཡང་། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་བུ་འཕྲོག་ཚེ་བརྫུན་བྱས་གནོད་མེད་
དེ། །བརྫུན་ལྔས་ལྟུང་བར་འགྱུར་བ་མིན། ཞེས་སྨྲ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་སྨྲ་བ་ནི་བརྗོད་པའོ། །དེ་བཞིན་ཞེས་བྱ་བ་ནི་སྡུད་པའོ། །རིག་བྱེད་ཀྱི་ཆོས་མེད་པ་ལ་སོགས་པ་ལ་ཡང་མཐོང་ངོ་ཞེས་འབྲེལ་ཏོ། །སྨྲ་དཀའ་བ་ནི་
བརྗོད་པར་དཀའ་བའོ། །སྨད་པ་ནི་ཡིད་དུ་མི་འོང་བ་ཉིད་དོ། །རིང་བ་ནི་ཆོད་པ་སྟེ། ཤོག །དབང་པོ་རྟ་བཟངས་དག་དང་ཅིག །ཅེས་བྱ་བ་བཞིན་ཏེ། འདིར་ཤོག་ཅེས་བྱ་བ་འདི་ཅིག་ཅེས་བྱ་བ་ཆོད་པ་འདི་དང་འབྲེལ་ཏེ། ཤོག་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །མི་སྙན་ཞེས་བྱ་བ་རྩུབ་པའོ། །སོགས་པའི་
སྒྲས་ཚིག་ཆད་པ་དང་གླུ་རྟ་དང་། བསྟོད་པ་ལ་སོགས་པ་བཟུང་ངོ་། །དུག་སེལ་འབྱོར་པ་ཞེས་བྱ་བ་ནི་དུག་སེལ་བ་ལ་འབྱོར་པ་སྟེ། ནུས་པའི་མཐུ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དུག་སེལ་དང་འབྱོར་པ་ཞེས་བྱ་བར་བསྡུ་བ་བྱ་བ་སྟེ། འབྱོར་པ་ནི་རྣམ་པར་འབྱོར་པ་སྟེ། དབང་

ཕྱུག་ཅེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་འབྱུང་པོ་དང་། གཟའ་ལ་སོགས་པས་ཟིན་པ་དང་། དབང་དུ་བྱེད་པ་དང་མངོན་སྤྱོད་ལ་སོགས་པ་གཟུང་ངོ་། །བདེན་ཞེས་བྱ་བ་ནི་མི་སླུ་བའོ། །མཁའ་ལྡིང་སོགས་ཀྱི་ཞེས་བྱ་བའི་སོགས་པའི་སྒྲས་སངས་རྒྱས་པ་ལ་སོགས་སྔགས་ཟློ་བ་གསུང་
ངོ་། །བྷ་ར་ཏ་ཡང་དེ་ལྟར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་རྣམ་པ་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་རྗེས་སུ་དཔག་ཅེས་བྱ་བ་ནི་བདེ་བར་གཤེགས་པའི་གསུང་རབ་འདོན་པ་ནི་སྔར་བརྗོད་པའི་རིགས་མཐུན་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ།
བདེ་བར་གཤེགས་པས་འདོན་པར་བརྗོད་པར་བྱ་བའི་ཕྱིར་ད་ལྟར་བའི་འདོན་པར་བྱེད་པ་བཞིན་ནོ། །འོ་ན་དེ་ལྟ་ན་ཇི་ལྟར་བདེ་བར་གཤེགས་པའི་གསུང་རབ་ཡིན་པར་གྲུབ་པར་འགྱུར་ཞེ་ན། དེས་གསལ་ངོ་བོ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བར་གཤེགས་པ་དེས་མངོན་
པར་གསལ་བའི་ངོ་བོ་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལ་ཡང་བདེ་བར་གཤེགས་པ་བྱེད་པ་པོ་དྲན་པ་གང་ཡིན་པ་དེ་ནི་དོན་བརྗོད་པའི་རྒྱུ་མཚན་དུ་བཤད་པར་ནུས་ཏེ། འདི་ལྟར་འདིར་ཡང་བྱེད་པ་དྲན་པའི་དོན་དུ་ཅིའི་ཕྱིར་འཆད་པར་མི་
བྱེད། འདི་སྙམ་དུ་གང་གིས་དེ་ལྟར་བསྒྲུབ་པར་བྱ་བ་སངས་རྒྱས་པ་དེ་ལྟར་བསྒྲུབ་པར་འདོད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། རིགས་པ་མཚུངས་ན་ཅིས་མི་འདོད། །ཅེས་བྱ་བ་སྨོས་ཏེ། གལ་ཏེ་དོན་འདི་རིགས་པ་དང་ལྡན་པར་གྱུར་ན། དེའི་ཚེ་འདི་ཅིའི་ཕྱིར་སངས་རྒྱས་པ་ཁས་ལེན་
པར་མི་འགྱུར། གང་གི་ཕྱིར་རིགས་པས་འཐད་པའི་དོན་ནི་རྟོག་པ་དང་ལྡན་པས་ཁས་མི་བླང་བར་མི་འགྱུར་ཏེ། སངས་རྒྱས་པ་རྟོག་པ་དང་མི་ལྡན་པ་ཁས་མི་ལེན་དུ་ཆུག་མོད་དེ་ལྟ་ནའང་ཁོ་བོ་ཅག་ཁྱེད་ལ་རིགས་པ་ཉིད་ཀྱིས་འཇུག་པར་མི་འགྱུར་རོ་ཞེས་སྨྲའོ། །འདི་ཉིད་དེའི་ཚིག་གིས་
བསྟན་པར་བྱ་བའི་ཕྱིར། ཐམས་ཅད་དུ་ནི་སྐྱེས་བུ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པ་འདི་ཡིས་ཞེས་བྱ་བ་ནི་ཐམས་ཅད་དུ་སྐྱེས་བུ་རྣམས་ཞེས་བྱ་བའི་དེ་མ་ཐག་ཏུ་བཤད་པས་སོ། །འདི་སྙམ་དུ་ཐམས་ཅད་སྐྱེས་བུས་མ་བྱས་པ་ཉིད་དུ་རག་མོད་སྙམ་དུ་སེམས་ན། དེས་

ན་སྐྱེས་བུས་མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་དང་སྐྱེས་བུས་མ་བྱས་པ་ཉིད་བདེན་པའི་དོན་ཅན་དུ་འགྲུབ་པར་མི་འགྱུར་ཏེ། བདེ་བར་གཤེགས་པ་ལ་སོགས་པའི་ཚིག་གིས་མ་ངེས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་རིག་བྱེད་ཀྱི་
དོན་ལས་ལྡོག་པའི་བདག་མེད་པ་ལ་སོགས་པ་ཁྱོད་ལ་ཚད་མ་མ་ཡིན་པར་འཐད་པ། བདེ་བར་གཤེགས་པ་ལ་སོགས་པའི་གསུང་རབ་དེ་དག་ལས་བསྟན་པ་དེ་བཞིན་དུ་རིག་བྱེད་ལ་ཡང་སྲིད་པར་འགྱུར་རོ། །དེ་ལྟར་རེ་ཞིག་མ་ངེས་པ་ཉིད་དུ་བསྟན་ནས་ང་ནི་འདོད་པ་ལ་གནོད་པ་ཉིད་ཀྱི་ཕྱིར་འདི་
འགལ་བ་ཉིད་དུ་བསྟན་པའི་དོན་དུ། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཡང་འདི་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་འདོད་པ་ཡིན་ལ་དེ་ཡང་མི་འགྲུབ་པོ། །འོ་ན་ཅི་ཞེ་ན། འདིར་མི་འདོད་པའི་ཐོག་མ་མེད་པ་ཉིད་འགྲུབ་པར་འགྱུར་རོ། །འདི་སྙམ་དུ་ཐོག་མ་མེད་པ་ཉིད་
གྲུབ་པ་ན་ཤུགས་ཀྱིས་མ་བྱས་པ་ཉིད་དུ་འགྲུབ་པ་ཁོ་ན་སྟེ། གང་གི་ཕྱིར་བྱས་པ་ནི་ཐོག་མ་མེད་པ་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མ་མེད་པ་དེ་ལས་གལ་ཏེ་མ་བྱས་པ་ཉིད་དུ་གྱུར་ན་དེའི་ཚེ་པར་སིག་པ་ལ་སོགས་པའི་ཐ་སྙད་ཀྱང་འགྱུར་
རོ། །འདི་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་ལ་བརྟེན་ཞེས་བྱ་བ་ནི་སྐྱེས་བུ་གཞན་གྱི་འདུ་བྱེད་པས་འཇུག་པ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་འདུས་བྱས་ལས་བྱུང་ཅན། །ཞེས་བྱ་བ་ནི་གཞན་གྱི་འདུས་བྱས་པས་བྱུང་བ་དེ་དག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་འདི་ལ་
གཞན་གྱི་འདུ་བྱེད་པ་ལས་བྱུང་བའི་ངང་ཚུལ་ཡོད་པས་ནི་གཞན་གྱི་འདུས་བྱས་པ་ལས་བྱུང་བའོ། །དེ་ལས་རང་གི་དོན་བརྗོད་པའི་དོན་དུ་ཡི་གེའི་སྐྱོན་སྦྱིན་པར་བྱའོ། །འདི་ལྟར་རེ་ཞིག་གང་དག་རང་གི་སྣང་བ་བཀོད་པའི་བརྡའི་གྲུབ་པའི་མཐའ་ཅན་དེ་དག་ཀྱང་ཇི་ལྟར་ཐོས་པའི་དོན་གྱི་རྣམ་
པར་རྟོག་པའི་དབང་གིས་འཇུག་པའི་ཕྱིར་དང་པོ་ཉིད་དུ་ཇི་ལྟར་མཐོང་བར་འཇུག་པའི་འཇིག་རྟེན་གྱི་ཐ་སྙད་རྣམས་ཀྱང་གཞན་གྱི་འདུ་བྱེད་པའི་སྟོབས་ཁོ་ནས་འཇུག་གོ། །ཐམས་ཅད་སྐྱེས་བུས་མ་བྱས་པ་ཉིད་ཡིན་ལ་རག་མོད་ཅེ་ན། དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདྲའི་ཞེས་

བྱ་བ་ནི་ལོག་པའི་དོན་སྲིད་པའོ། །འདས་དང་མ་འོངས་དུས་དག་ནི། །ཞེས་བྱ་བ་ལ་སོགས་པ་ལ། དུས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཐམས་ཅད་ལ་བྱེད་པའི་ནུས་པ་མེད་པར་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གནས་པ་ཅན་གྱི་ཚད་མ་ཡིན་ལ་དེ་ཡང་མ་
བསྟན་པའི་ཕྱིར། གཏན་ཚིགས་ཐམས་ཅད་བསྒྲུབ་པར་བྱ་བ་ལས། བཟློག་པ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་ཡིན་ནོ། །སྔར་བཞིན་ཞེས་བྱ་བ་ནི་རིག་བྱེད་འདོན་པར་བརྗོད་པར་བྱ་བ་ཉིད་ཀྱི་སྒྲུབ་པར་བྱེད་པ་བཞིན་ནོ། །དཔེར་ན་བསྒྲུབ་བྱས་སྟོང་ཞེས་བྱ་བ་ནི་ད་ལྟར་གྱི་དུས་སུ་མཐོང་བ་
བཞིན་ནོ། །ཐ་མལ་པའི་མི་བཞིན་ནོ་ཞེས་བྱ་བ་དེ་དག་བསྒྲུབ་བྱས་སྟོང་པ་ཡིན་ནོ། །དེ་ལྟ་ཡིན་དང་རིག་བྱེད་ཚིག་ཅེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་བསྟན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་དང་ནི་དཔེ་དག་ལ། །ཞེས་བྱ་བ་ནི་བསྒྲུབ་བྱ་དང་ཆོས་ཅན་དང་དཔེའི་ཆོས་ཅན་ཞེས་
བྱ་བའི་དོན་ཏོ། །ཇི་སྐད་དུ། རྟག་པའི་ངག་ལས་བྱུང་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རྟག་པའི་ངག་ལས་བྱུང་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་གཏན་ཚིགས་མ་གྲུབ་པ་དང་དཔེ་བསྒྲུབ་བྱས་སྟོང་པ་ནི་སྔ་མ་བཞིན་ནོ། །ཆོས་ཅན་དང་
ནི་དཔེ་དག་ལས། །ཞེས་བྱ་བ་འདི། རྟག་པའི་ངག་ལས་བྱུང་ཉིད་ཕྱིར། །ཞེས་བྱ་བ་ལ་ལྟོས་ནས་བདུན་པ་ཡིན་ནོ། །ངག་ལས་བྱུང་ཉིད་ཀྱི་ཞེས་བྱ་བ་ནི་མ་གྲུབ་པ་ལ་ལྟོས་ནས་གྲུབ་པ་ཡིན་ནོ། །གཏན་ཚིགས་ཕྱི་མ་རྣམས་ལ་ཞེས་བྱ་བ་ནི། སྐྱོན་དང་བྲལ་བའི་རྒྱུས་བསྐྱེད་ཕྱིར། །
ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རྣམས་ལའོ། །ཡིད་མི་ཆེས་པས་བྱས་པའི་ཚིག་གིས་སྐྱེད་པའི་ཕྱིར་དང་། གནོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་དག་ངེས་པར་མ་གྲུབ་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐད་ཅིག་འཇིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རེ་ཞིག་རྟག་པ་ཉིད་རང་གི་ངོ་བོས་གནོད་དོ་ཞེས་འབྲེལ་ཏོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབ་པ་ན། གང་འདི་ཐོས་པ་རྟོག་པ་ཉིད་དུ་ཁས་ལེན་པ་དེ་ནི་

གསལ་བར་གནོད་པ་ཡིན་ནོ། །རང་གི་ངོ་བོ་སྨོས་པ་ནི་བརྗོད་པར་བྱ་བ་བསལ་བའི་དོན་དུའོ། །དེའི་ཕྱིར་དེས་བྱས་བློ་གང་ལས། །ཞེས་བྱ་བ་ནི་གང་ལས་ཀྱང་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡིད་མི་ཆེས་པས་བྱས་པའི་ཚིག་གིས་སྐྱེད་པའི་ཕྱིར་ཞེས་
བྱ་བ་འདི་གཞི་མ་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །གནོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ངེས་པར་རང་གི་ངོ་བོ་མ་གྲུབ་པ་ཡིན་ན་ཞེས་བསྟན་པའི་ཕྱིར། ཐོས་པར་སྐྱེས་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ནི་འཇིག་པར་མི་འགྱུར་ཏེ། །མི་འཇིག་གོ། །སྐྱེ་བ་དག་འདི་མི་
འཇིག་པ་ཡིན་ནོ་ཞེས་རིག་བྱེད་ལས་འདོན་ཏོ། །སྐྱེས་བུ་འདི་ནི་བདག་སྟེ་སྔར་གོང་དུ་བདག་མེད་པ་གྲུབ་པ་ལ་གནོད་པ་བསྟན་ཏོ། །དེའི་ཕྱིར་འདི་ངེས་པར་མ་གྲུབ་པ་ཉིད་ཡིན་ནོ། །འོན་ཏེ་སྐུལ་བར་བྱེད་པ་ནི་བྱ་བ་ལ་འཇུག་པའི་ཚིག་ལ་བརྗོད་དོ་ཞེས་བཤད་པའི་ཕྱིར་རིག་བྱེད་ཀྱི་ཕྱོགས་
གཅིག་གི་ཁྱད་པར་ཉིད་སྐུལ་བར་བྱེད་པ་ཞེས་བྱའོ། །རིག་བྱེད་ཐམས་ཅད་ནི་མ་ཡིན་ཏེ། འདིར་སྐུལ་བར་བྱེད་པར་བསྐྱེད་པའི་བློ་ཕྱོགས་སུ་བྱ་སྟེ། དེ་ལྟ་ཡིན་དང་དོན་གཞན་གྱི་རིག་བྱེད་ལ་གནོད་ན་ཡང་སྐུལ་བར་བྱེད་པ་ལ་གནོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་གྲུབ་པ་ཉིད་ཡིན་ནོ་ཞེ་ན།
སྐྱོན་འདི་མེད་དེ་སྐུལ་བར་བྱེད་པ་སྨོས་པས་འགའ་ཞིག་ཏུ་རིག་བྱེད་ཀྱི་ཚིག་ཐམས་ཅད་བརྗོད་ཀྱི། ཐམས་ཅད་དུ་འཇུག་པར་བྱེད་པ་ཉིད་མ་ཡིན་ཏེ། འདི་ལྟར་འབྱུང་པོ་རྣམས་ལ་འཚེ་བར་མི་བྱའོ། །ཞེས་བྱ་བའི་ཚིག་འདི་སྐུལ་བར་བྱེད་པར་མི་འགྱུར་ཏེ། འཇུག་པར་བྱེད་པ་མ་ཡིན་པའི་
ཕྱིར་རོ། །གང་ཡང་བཤད་པ་ལས་འདི་ལ་དོན་དང་དོན་མ་ཡིན་པ་གཉི་ག་སྐུལ་བར་བྱེད་པ་མཚོན་པ་ཡིན་ནོ་ཞེས་བྱ་བ་གང་སྨྲས་པ་དེ་ཡང་འགལ་བ་ཡིན་ཏེ། གང་གི་དེས་དོན་མེད་པ་མཚོན་པ་ཞེས་བྱ་བར་འགྱུར་བ་སྐུལ་བར་བྱེད་པ་དོན་མེད་པ་ལ་འཇུག་པར་བྱེད་པ་ཞེས་བྱ་བ་ནི་མ་ཡིན་
ནོ། །གཞན་ཡང་བཤད་པ་ལས་གཞན་འདི་ཡང་བཤད་དེ། སྐྱེས་བུས་བྱས་པའི་ཚིག་ལས་བྱུང་བའི་ཤེས་པ་འགའ་ཞིག་འཁྲུལ་པ་ཡིན་གྱི། རིག་བྱེད་ནི་མ་ཡིན་ཏེ། ལོག་པ་ཉིད་ལ་ནི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་ལ་སྐུལ་བ་ཁོ་ན་ཆོས་དང་ཆོས་མ་ཡིན་པ་ལ་

སོགས་པ་རྣམ་པར་གཞག་པའི་རྒྱུ་མཚན་ཏེ། སྣང་བར་གྱུར་པ་སྲོག་ཆགས་ཐམས་ཅད་ཀྱི་ཐུན་མོང་གི་མིག་ལྟ་བུར་གནས་པས་སོ། །གཞན་སྐྱེས་བུས་བསྟན་པའི་ཚིག་ལ་སོགས་པ་ནི་མ་ཡིན་ནོ། །གྲུབ་པས་ཀྱང་འདི་ལྟར་རྒྱུ་ཉིད་གྲུབ་པར་བྱེད་དོ་ཞེས་བཤད་དོ། །གང་གི་ཚེ་བྱེད་པ་པོ་མེད་
པ་དང་རྟག་པའི་སྐྱེས་བུའི་ཡུལ་གྱི་རིག་བྱེད་ཀྱི་ཚིག་གི་གནོད་པ་གསལ་བར་མཐོང་བ་དེའི་ཚེ་མེའི་སྦྱིན་སྲེག་གིས་མཐོ་རིས་སུ་འགྱུར་བ་ལ་སོགས་པ་ལ་ཡང་གནོད་པར་དོགས་པ་བཟློག་པར་དཀའ་བར་གསལ་བ་རེ་ཞིག་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་སྔར་བསྟན་པ་ཁོ་ནའོ། །དེ་ཉིད་ཀྱི་
ཕྱིར་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་ཡང་བསྟན་པར་བྱ་བའི་ཕྱིར། ལག་མཐིལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཡུལ་དང་དུས་དང་སྐྱེས་བུ་གཞན་ལའོ། །དེ་ལ་འདི་ནི་ཡུལ་གཞན་དང་དུས་གཞན་དང་སྐྱེས་བུ་གཞན་ལ་ལྡོག་པ་མ་ཡིན་པས་དེའི་ཕྱིར་ཕྱིན་ཅི་མ་ལོག་པ་
ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་འདི་ཉིད་ཀྱིས་སུན་ཕྱུང་བ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་དེ་ལ། སྐྱེས་བུས་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་ནི་རང་བཞིན་ནོ། །དོན་ནི་བརྗོད་པར་བྱ་བ་སྟེ། འདི་ལ་སྐྱེས་བུས་མི་ཤེས་པའི་ངོ་བོ་དང་
དོན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་ཅི་ཡི་གེ་འདི་ཉིད་ཡིན་ནམ། འོན་ཏེ། གཞན་ཡིན། ཡི་གེའི་རིམ་པའི་ཁྱད་པར་འདི་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ངོ་བོ་མི་ཤེས་ཏེ། རང་དང་གཞན་ལས་ངེས་པ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་དོན་ལ་ཡང་མ་ངེས་པ་བལྟ་
བར་བྱའོ། །དེ་ལྟ་ཡིན་དང་མུན་པ་ཡིན་ཏེ། ངེས་པ་མེད་པར་སྣང་བར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་བ་ལང་ཅན་གྱི་མཆོད་སྦྱིན་ལ་སོགས་པ་ལ་པར་སིག་པ་ལ་སོགས་པ་བཞིན་ནོ། །སྔོན་གྱི་སྡིག་པ་གོམས་པའི་བག་ཆགས་ནི་དེའི་རྒྱུ་མཐུན་པའི་ནུས་པ་ལ་
སོགས་པའི་བསྟན་བཅོས་འཇུག་པར་འགྱུར་རོ། །དང་པོ་ཉིད་དུ་ཆོས་དང་ཆོས་མ་ཡིན་པ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་གདོན་མི་ཟ་བར་སྐུལ་བར་བྱེད་པ་ཉིད་ཚད་མ་ཉིད་དུ་བསྟན་པར་བྱ་བ་སྟེ། རེ་ཞིག་རིགས་པས་གནོད་པའི་ཕྱིར་སྐུལ་བ་ཡང་རིགས་པས་

གནོད་པ་བཟློག་པར་དཀའ་བ་ཉིད་སྲིད་པ་ཡིན་ནོ། །འདི་ལྟར་གཞོན་ནུ་མ་ལེན་གྱིས། །མ་བྱས་པ་ཉིད་ཅེས་གང་སྨྲས་པ་དེ་ལ། དེའི་ཕྱིར་ཆོས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། ཆོས་མ་ཡིན་པ་ཡང་གཟུང་བར་བྱའོ། །དེ་ལྟ་ན་འོ་ན་
ཆོས་ལ་སོགས་པའི་རྣམ་པར་གཞག་པའི་རྟེན་གང་ཡིན་ཞེ་ན། དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་གི་མུན་པ་ནི་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྟེ། ཡེ་ཤེས་ཀྱི་སྣང་བས་ནང་གི་མུན་པའི་ཕུང་པོ་འཇིག་པ་སྟེ་གང་གི་སེལ་བ་དེ་ལ་དེ་སྐད་
ཅེས་བྱའོ། །རྣམ་གཡེམ་པའི་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་གཙང་བ་རྣམས་ཏེ། ཕྱུགས་གསོད་པ་དང་འདོད་པ་ལ་ལོག་པར་གཡེམ་པ་ལ་སོགས་པའི་དྲི་མས་མ་གོས་པ་རྣམས་ཞེས་བྱ་བའི་དོན་ཏོ། །སྟོན་མཛད་སྐྱེས་བུ་འདོད་པར་གྱིས། །ཞེས་བྱ་བ་ནི་དེ་ལྟ་ན་ནི་སྐྱེས་བུས་མ་
བྱས་པ་ཉིད་དེ་རྟག་པ་དོན་དང་བཅས་པ་ཉིད་དུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མི་ཤེས་པའི་དོན་ལ་དེ་དོན་མེད་པ་ཁོ་ནར་འགྱུར་རོ། །འདིས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཁྱོད་ཀྱིས་ཐོས་པ་ཚད་མ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་མེད་
པར་མི་རིགས་པས་དེ་ལྟ་བས་ན་འདི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ། གཞན་དུ་ན་ཚད་མ་ཉིད་དུ་མི་འགྲུབ་བོ་ཞེས་བསྟན་པའི་ཕྱིར་རོ། །འདི་ཡང་འདི་སྐད་དུ་བསྟན་པ་ཉིད་ཡིན་ཏེ། ཚད་མས་འཐད་པའི་ཚིག་ཆོས་ལ་སོགས་པ་ལ་བརྟེན་པ་མཆོག་ཡིན་ལ་རག་མོད། དེ་
ལྟ་ན་ཡང་སྐྱེས་བུས་མ་བྱས་པ་བརྟགས་པས་ཅི་ཞིག་བྱ། གང་ཡང་ཆོས་ལ་སོགས་པ་རྣལ་འབྱོར་གྱི་མངོན་སུམ་གྱིས་ཀྱང་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་ལྷག་མ་དང་ལྡན་པ་ཡིན་ཏེ། རྣལ་འབྱོར་པ་རྗེས་སུ་དཔག་པ་ནི་ཕྱིས་བསྒྲུབ་པར་འགྱུར་བའི་ཕྱིར་རོ་སྙམ་དུ་བསམས་པ་
ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་ཐོས་པ་བརྟག་པ་སྟེ་ཉི་ཤུ་དགུ་པའོ།། །།དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཡང་རང་དབང་ཐོབ་ལ་མ་ཞེན་པ་ཉིད་རྣམ་པ་གཞན་གྱིས་སྒྲུབ་པར་བྱེད་པ་ཉིད་ཡིན་ཏེ། འདི་ལྟར་རྒྱལ་དཔོག་པ་རྣམས་ནི་ཅི་ནས་ཀྱང་ཐོས་པ་

ཚད་མ་ཉིད་དུ་བྱའོ་སྙམ་པ་ན་སྤྱིར་ཚད་མ་ཐམས་ཅད་རང་ལས་ཚད་མ་ཉིད་ཡིན་ལ་ཚད་མ་མ་ཡིན་པ་ནི་གཞན་ལས་སོ་ཞེས་ཟེར་རོ། །གཞན་ལས་ཚད་མ་ཉིད་ཡིན་ན་ཐུག་པ་མེད་པ་ལ་སོགས་པའི་སྐྱོན་དུ་ཐལ་བའི་ཕྱིར་ཚད་མ་དང་གཅིག་ཤོས་ཀྱི་རྣམ་པར་གཞག་པ་རྒྱུན་ཆད་པར་འགྱུར་རོ། །
འདི་ལྟར་ཕྱོགས་བཞིར་འགྱུར་བ་ཡིན་ཏེ། རེས་འགའ་ཚད་མ་དང་ཚད་མ་མ་ཡིན་པ་གཉི་ག་རང་ཉིད་ལས་ཞེས་བྱ་བ་ནི་དང་པོའོ། །གཉིས་པ་ནི་རེས་འགའ་གཞན་ཉིད་ལས་སོ་ཞེས་བྱ་བའོ། །གསུམ་པ་ནི་ཚད་མ་ཉིད་ནི་གཞན་ལས་ཡིན་ལ་ཚད་མ་མ་ཡིན་པ་ནི་རང་ལས་ཞེས་བྱའོ། །བཞི་པ་ནི་
འདི་ལས་བཟློག་པའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། འདི་ལྟར་དེ་གཉི་ག་གསལ་བ་གཅིག་ལ་བརྟེན་པ་ཡིན་ནམ། གསལ་བ་ཐ་དད་པ་ལ་བརྟེན་པ་ཡིན། རེ་ཞིག་གསལ་བ་གཅིག་ལ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཚད་མ་དང་། ཅིག་ཤོས་ཀྱི་ཆོས་སྲིད་
པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །གསལ་བ་ཐ་དད་པ་ལ་ཡང་མ་ཡིན་ཏེ། ངེས་པའི་རྒྱུ་མེད་པའི་ཕྱིར་དང་། ངེས་པའི་རྒྱུ་མེད་པ་ལ་ཡང་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་གཞག་པ་མ་འདྲེས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཉི་ག་ཡང་རང་དབང་ཅན་
ཡིན་པའི་ཕྱིར་འདི་ནི་ཚད་མའོ། །འདི་ནི་ཚད་མ་མ་ཡིན་པའོ་ཞེས་བྱ་བ་ངེས་པར་མི་འགྱུར་རོ། །རྟོག་པ་མཚུངས་པས་གཉི་ག་ཡང་ཐ་དད་པ་བསྒྲིབས་པའི་ཕྱིར་དང་། གཞན་ངེས་པར་འཛིན་པའི་རྒྱུ་ཁས་མ་བླངས་པའི་ཕྱིར་རོ། །རྣམ་པར་ཕྱེ་ནས་ཡོངས་སུ་མི་ཤེས་པའི་ཕྱིར་འདི་ནི་ཚད་
མ་ཡིན་ལ་འདི་ནི་ཚད་མ་མ་ཡིན་ནོ་ཞེས་རྣམ་པར་གཞག་པར་མི་འགྱུར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། དང་པོ་གཉི་གའི་རང་བཞིན་དང་བྲལ་བའི་ཤེས་པ་ནི་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཚད་མ་དང་། ཅིག་
ཤོས་དག་མེད་པ་ལ་འདིའི་ངོ་བོ་གཞན་ངེས་པར་ནུས་པ་མ་ཡིན་པའི་ཕྱིར་འདི་ཐེ་ཚོམ་མེད་པར་ཉེ་བར་བརྗོད་པ་མེད་པ་ཉིད་དུ་འགྱུར་རོ། །ཡང་བཤད་པ། རེ་ཞིག་འགལ་ཕྱིར་རང་ལས་ནི། །གཉིས་མེད་གཞན་ལས་ཀྱང་མ་ཡིན། །དེ་ལྟར་ཤེས་པའི་ངོ་བོ་ནི། །རང་བཞིན་མེད་པ་

ཉིད་དུ་ཐལ། །ཤེས་པའི་གསལ་བ་ཐ་དད་པས། །རིག་བྱེད་དང་ནི་འགལ་བར་འགྱུར། །འདི་ལྟར་འདི་ནི་ལྟོས་མེད་ནི། །ཅི་ཞིག་གང་རུང་ངེས་མི་བྱེད། །ཅེའོ། །ཕྱོགས་གསུམ་པ་ཡང་མ་ཡིན་ཏེ། ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། འདི་ལྟར་རེ་
ཞིག་ཚད་མར་གྱུར་པ་གཞན་ལས་ཚད་མ་ཉིད་དུ་འདོད་པ་ཡང་མ་ཡིན་ཏེ། དེ་ནི་རང་ཉིད་ཚད་མ་ཡིན་པའི་ཕྱིར་རོ། །ཚད་མར་གྱུར་པ་ལས་ཀྱང་མ་ཡིན་ཏེ། དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པས་གཞན་ལས་ཚད་མ་ཉིད་དུ་འདོད་པ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
དེ་ལྟ་ཡིན་ན་ཚད་མའི་གསལ་བ་གཅིག་རྣམ་པར་གཞག་པར་བྱ་བའི་ཕྱིར་ཚད་མ་བརྒྱུད་པའི་རྗེས་སུ་འབྲངས་པས་སྐྱེས་བུའི་ཚེ་མཐའ་དག་དོགས་པར་འགྱུར་རོ། །དེ་ལྟ་བས་ན་གོ་སྐབས་གཞན་མེད་པའི་ཕྱིར་ཚད་མ་ཐམས་ཅད་ཀྱི་ཚད་མ་ནི་རང་ལས་ཡིན་ལ། ཚད་མ་མ་ཡིན་པ་ཉིད་ནི་གཞན་
ལས་ཞེས་གཟུང་བར་བྱའོ། །དེ་ལ་སྦྱོར་བ་ནི་གང་དག་གང་གི་རང་བཞིན་དུ་ངེས་པ་དེ་དག་ནི་དེ་ལས་གཞན་ལ་ལྟོས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལུས་ཅན་མ་ཡིན་པར་བྱ་བ་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་རྣམ་པར་ཤེས་པ་ལ་སོགས་པ་ཡང་ཚད་མ་ཉིད་དུ་ངེས་པ་ཡིན་
ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་མ་ངེས་པ་ཡང་མ་ཡིན་ཏེ། རང་ལས་མེད་པའི་ཆོས་ནི་གཞན་གྱིས་བྱ་བར་མི་ནུས་པའི་ཕྱིར། ནམ་མཁའི་ལུས་ཅན་ཉིད་བཞིན་ཏེ། །རང་ལས་ནུས་པ་མེད་པ་ནི། །གཞན་གྱིས་བྱ་བར་ནུས་མ་ཡིན། །ཞེས་གང་བཤད་
པ་མ་ཡིན་ནོ། །འདིར་ཚད་མ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པས་དམ་བཅའ་བའི་དོན་གསོག་ཡིན་པ་སྲིད་པ་ན་རྣམ་པར་དཔྱད་པའི་སྒོ་ནས་སུན་འབྱིན་པ་རྩོམ་པ་ཡིན་ཏེ། དོན་གང་ཡིན་པར་འདོད་ཅེས་འདྲི་བ་ལ། གཞན་གྱིས་གཞལ་བྱ་རྟོགས་ལ་སོགས། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་ཙམ་ཡིན་ན་དེའི་ཚེ་གཞལ་བར་བྱ་བ་རྟོགས་པའི་ཚད་མ་དེ་ཡོངས་སུ་རྟོགས་པའི་ཚད་གཅོད་པར་བྱེད་པ་ལ་ནུས་པའི་རང་བཞིན་ཅན་ཡིན་ཏེ། ཤེས་པ་ནི་དོན་གཅོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་མིག་ལ་སོགས་པ་ཡིན་ན་དེའི་ཚེ་དེ་དག་

དོན་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་པར་བྱེད་པ་དང་། སྐུལ་བར་བྱེད་པ་ལ་ཡང་དབང་པོ་ལས་འདས་པའི་དོན་རྟོགས་པར་རང་ཉིད་ཀྱིས་ནུས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་སོགས་པའི་སྒྲས་གཟུང་བར་བྱའོ། །འདི་ཉིད་ལ་རེ་ཞིག་གཞན་དག་འཐད་པ་འཆད་པ་ནི། རང་ཉིད་ཀྱིས་མེད་ཅེས་བྱ་བ་
ལ་སོགས་པའོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། །ལྟོས་མེད་གཅིག་པུ་ཁོ་ན་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཉིད་ཀྱིས་ཞེས་བྱ་བ་ནི་ཚད་མ་རྣམ་པར་གཞག་པར་མི་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ནི་ཚད་མ་ཉིད་དེ་ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་མི་གནས་
པའི་ཕྱིར་རོ། །འདི་སྙམ་དུ་འཇིག་པར་འགྱུར་མོད་སྐྱོན་ནི་ཅི་ཞིག་ཡོད་ཅེ་ན། རིགས་པ་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩ་བ་ནི་ཚད་མ་ཉིད་དེ་དེ་ཡང་ལྟོས་པ་དང་བཅས་པ་ཉིད་ཀྱིས་འཕྲོག་པར་བྱེད་དེ། དེ་ནི་དེའི་ཁྱབ་པར་བྱེད་པ་དང་འགལ་བའི་ཕྱིར་རོ། །འདི་ལྟར་ལྟོས་པ་མེད་
པ་ཉིད་ཀྱིས་ཚད་མ་ཉིད་ལ་ཁྱབ་ལ། དེ་ཡང་ཇི་ལྟར་རང་གིས་ཁྱབ་པར་བྱེད་པ་དང་འགལ་བ་ལྟོས་པ་དང་བཅས་པ་ཉིད་ཡོད་པ་ན་གནས་པ་རྙེད་པར་འགྱུར། གང་གིས་ཞེས་བྱ་བ་ལ་སོགས་པས་ཚད་མ་ཉིད་ལ་ལྟོས་པ་མེད་པ་ཉིད་ཀྱིས་ཁྱབ་པར་སྟོན་པར་བྱེད་པ་ཡིན་ཏེ། གང་གིས་ཞེས་
བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། ཇི་ལྟར་འཇོག་པར་བྱེད་ཅེ་ན། ལྟོས་པ་དང་བཅས་ཞེས་སྨོས་ཏེ། རྣམ་པར་གཞག་བྱ་མིན་ཞེས་བྱ་བ་ནི་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐུག་པ་མེད་པ་ཡིན་པ་ལ་རག་མོད་ཅི་ཉེས་ཤེ་ན། ཐུག་པ་མེད་པའི་གཏན་ཚིགས་ཅན། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུག་པ་མེད་པ་སྟེ་མ་ངེས་པའི་གཏན་ཚིགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཤེས་པར་བྱེད་པ་ཤེས་པ་ནི་ཤེས་པར་བྱ་བའི་དོན་ཤེས་པར་བྱེད་ཀྱི་ཡོད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རེ་ཞིག་
རྒོལ་བ་རང་ཉིད་མ་རྟོགས་པར་ཇི་ལྟར་གཞན་རྟོགས་པར་བྱ་བའི་དོན་དུ་སྒྲུབ་པར་བྱེད་པ་ལེན་པར་བྱེད། དེ་ལྟའི་དོན་ནི་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་རྩོམ་པར་བྱེད་དེ། །དེ་ལ་རང་བཞིན་ཞེས་བྱ་བའི་དོན་ཅི་ཡིན་པར་འདོད། ཅི་རྟག་པ་ཉིད་ཀྱིས་རྒྱུ་མེད་པའི་ཕྱིར་རང་བཞིན་

ཅན་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་ན་ཡང་རང་གི་རྒྱུ་དག་ལས་ཤེས་པ་རྣམས་ཀྱིས་རང་བཞིན་ཅན་གྲུབ་པའི་དུས་ཁོ་ནར་འབྱུང་བ་ཡིན་གྱི་དུས་ཕྱིས་རྒྱུ་གཞན་གྱིས་བྱས་པ་མ་ཡིན་པའི་ཕྱིར་རང་བཞིན་ཅན་ཡིན་ཞེས་བྱ་བར་རྣམ་པར་རྟོག་པ་གཉིས་པས་སོ། །དེ་ལ་རེ་ཞིག་
རྣམ་པར་རྟོག་པ་དང་པོ་ནི་མ་ཡིན་ཏེ། དེ་ཐ་དད་པ་ཡིན་ནམ། ཐ་མི་དད་པ་ཡིན། ཡང་ན་གཉི་གའམ། གཉི་ག་མ་ཡིན་པའི་རང་བཞིན་ཅན་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་བཞིའོ། །དེ་ལ་རེ་ཞིག་དང་པོ་ནི་མ་ཡིན་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་དང་། དངོས་པོ་མེད་པ་མ་ཡིན་
པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཐམས་ཅད་ཀྱི་ནུས་པ་ཉིད་ནི་ཐ་མི་དད་པ་ཡིན་ནོ་ཞེས་རྣམ་པ་མང་དུ་བསྟན་ཟིན་པའི་ཕྱིར་རོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། འདོད་པའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་བྱེད་པའི་རྒྱུ་ནི་
ནུས་པ་ཡིན་ཏེ། རང་བཞིན་དེ་ཡང་དངོས་པོའི་བདག་ཉིད་དུ་མེད་པ་ན་དངོས་པོ་དེ་བྱེད་པ་པོར་མི་འགྱུར་རོ། །དེ་ལྟ་ཡིན་དང་འདི་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་ཐ་མི་དད་དོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་
རང་བཞིན་ཅན་དུ་མི་འགྱུར་ཏེ། དོན་རྒྱུའི་སྟོབས་ཀྱིས་འབྱུང་བ་ཉིད་ཀྱིས་མི་རྟག་པ་ཉིད་ཀྱི་ཕྱིར་དེ་དང་ཐ་མི་དད་པའི་ནུས་པ་རྣམས་ཀྱང་རྒྱུའི་སྟོབས་ཀྱིས་བྱུང་བ་ཉིད་ཀྱིས་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པ་ཉིད་ཀྱི་ཕྱིར་ཐ་མི་དད་
པར་མི་འགྱུར་རོ། །དེ་ཉིད་ནི། རང་རྒྱུའི་སྟོབས་ལས་བྱུང་བ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །གཞན་ཡང་ཚད་མ་རྣམས་ལས་ནུས་པ་ཐ་མི་དད་པའི་ཕྱིར་རོ། །ནུས་པའི་རང་གི་ངོ་བོ་བཞིན་དུ་རྟག་པ་ཉིད་དང་རྒྱུ་མེད་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། ནུས་པའི་རང་
བཞིན་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་ཡིན་དང་སྐྱོན་ཅི་ཡོད་ཅེ་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ཉིད་ཡིན་ན་རྟག་ཏུ་མེད་པའམ་ཡོད་པ་ཡིན་ལ། རྟག་པ་ཉིད་ཡིན་ན་ནི་རྟག་ཏུ་ཡོད་པ་མ་བརྗོད་ཀྱང་གྲུབ་པ་ཉིད་ཀྱི་

ཕྱིར་མ་བསྟན་ཏོ། །ཐལ་བར་འགྱུར་བ་གཞན་ཡང་བཤད་པ་ནི་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རག་ལས་ཞེས་བྱ་བ་ནི་ཚད་མ་ལ་རག་ལས་པའོ། །འདིས་ནི་དམ་བཅའ་བ་མངོན་སུམ་དང་རྗེས་སུ་དཔག་པའི་དོན་དང་འགལ་བར་བསྟན་པ་ཡིན་ཏེ། འདི་ལྟར་ཚད་མ་རྣམས་
ཀྱིས་རང་བཞིན་རེས་འགའ་བར་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ལ། འབྲས་བུ་རིམ་ཅན་དཔོག་པའི་རྗེས་སུ་དཔག་པས་ཀྱང་ཡིན་ཏེ། དེ་ལྟ་ཡིན་དང་དེ་རྟག་པ་ཉིད་དུ་ཁས་ལེན་པ་ལ་ཚད་མ་གཉིས་ཀྱིས་རབ་ཏུ་གནོད་པ་ཡིན་ནོ། །ཚད་མ་རྣམས་ཀྱི་རང་བཞིན་ནི། །ཞེས་བྱ་བ་ལ་
སོགས་པས་གཞན་དག་ཇི་སྐད་དུ་བཤད་པའི་ཐལ་བར་འགྱུར་བ་གཉིས་མི་འཇུག་པར་སྒྲུབ་པར་བྱེད་པའི་ཐབས་དོགས་པར་བྱེད་དེ། གང་གི་ཚེ་གསལ་བར་བྱེད་པ་རྣམས་ཀྱིས་ཚད་མའི་རང་གི་ངོ་བོ་གསལ་བར་བྱས་པ་དེའི་ཚེ་དེ་དམིགས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་པས་དེའི་
ཕྱིར་རྟག་པ་ཉིད་ཡིན་ན་ཡང་ཐམས་ཅད་དུ་དམིགས་པར་ཐལ་བར་མི་འགྱུར་ལ་འབྲས་བུ་རྟག་ཏུ་ཡོད་པར་ཐལ་བར་འགྱུར་བའང་མ་ཡིན་ནོ། །རྒྱུ་གཞན་ལ་ལྟོས་པ་ཉིད་འབྲས་བུ་རྩོམ་པ་ཉིད་དུ་ཁས་ལེན་པའི་ཕྱིར་འབའ་ཞིག་པ་ནི་མ་ཡིན་ཏེ། དེས་ན་རྒྱུ་གཞན་ཉེ་བ་དང་མི་ཉེ་བ་དག་
ལས་འབྲས་བུ་རེས་འགའ་བ་ཉིད་དུ་འགྱུར་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྟག་པའི་དངོས་པོའི་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། གསལ་བ་དང་རྒྱུ་གཞན་ལ་ལྟོས་པ་ནི་གསལ་བ་དང་རྒྱུ་གཞན་ལ་ལྟོས་པ་དག་གོ། །སྔར་ཐོས་པ་བརྟག་པར་རྒྱས་པར་
རྟག་པའི་གསལ་བ་བཀག་ཟིན་ལ། རྒྱུ་གཞན་ལ་ལྟོས་པ་ཡང་ཕན་གདགས་པར་བྱ་བ་མ་ཡིན་པ་ལ་རིག་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་དེ་ཡི་ངོ་བོ་དང་། །ཞེས་བྱ་བ་ལ་ཚད་མ་དག་གི་ངོ་བོ་དང་འབྲས་བུ་སྟེ། ངོ་བོ་ནི་རང་བཞིན་ནོ། །གཉི་གའི་ཕྱོགས་ནི་འགལ་
བའི་ཕྱིར་དང་ཇི་སྐད་དུ་བཤད་པའི་ཕྱོགས་གཉི་ག་ལ་ཡོད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་རིགས་པ་མ་ཡིན་ནོ། །གཉི་ག་མ་ཡིན་པའི་ཕྱོགས་ཀྱང་མ་ཡིན་ཏེ། ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་དེ་དག་ནི་གཅིག་དགག་པ་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །

དེ་ཉིད་ཀྱི་ཚེ་དགག་པ་ནི་རིགས་པ་མ་ཡིན་ཏེ། གཅིག་ལ་སྒྲུབ་པ་དང་དགག་པ་དག་འགལ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སུན་འབྱིན་པ་ཤིན་ཏུ་གསལ་བའི་ཕྱིར་མ་བརྗོད་དོ། །ད་ནི་ཕྱོགས་ཕྱི་མ་གསུམ་ཁས་བླངས་ནས་སུན་འབྱིན་པ་འཆད་པ་ནི།
དངོས་པོ་ནུས་ལས་ཞེས་བྱ་བ་ལ་སོགས་པ་སྟེ། ལོགས་ཤིག་ནི་ཐ་དད་པའི་ཕྱོགས་སོ། །གཉི་གའི་བདག་ཉིད་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། གཉི་ག་མ་ཡིན་པའི་བདག་ཉིད་ཀྱི་ཕྱོགས་ཀྱང་ཁས་བླང་བར་བྱའོ། །ཡང་ན་དེ་ལ་ཡང་གཉི་གའི་ངོ་བོ་དགག་པའི་རང་བཞིན་ཉིད་ཀྱིས་གཉི་
གའི་བདག་ཉིད་སྤོང་པ་ཉིད་དོ། །ཕྱོགས་གསུམ་པ་འདི་ལ་ཡང་ཤེས་པ་ནུས་པ་རྟག་པ་དང་འབྲེལ་པའི་ཕྱིར་རྟག་པ་ཉིད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་མ་ཡིན་ཏེ། གལ་ཏེ་ནུས་པ་དང་འབྲེལ་པའི་ཤེས་པ་མི་རྟག་པ་ཉིད་དུ་འགྱུར་ན་དེའི་
ཚེ་ནུས་པ་རྟག་པ་ཉིད་དུ་མི་འགྱུར་རོ། །གང་ལས་ཤེ་ན། ངོ་བོ་གཅིག་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཏེ། རང་བཞིན་གཅིག་རྗེས་སུ་འཇུག་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་གཅིག་རྗེས་སུ་འགྲོ་བ་མེད་པ་དེ་ཉིད་སྟོན་པ་ནི། གང་ཕྱིར་ནུས་པ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། ཤེས་པ་མི་རྟག་པ་ཡིན་ན་ནུས་པ་དེའི་ཤེས་པ་འབྲེལ་པ་དང་མ་འབྲེལ་པའི་རང་བཞིན་གཉིས་སུ་འགྱུར་ལ། གཅིག་ལ་ཕན་ཚུན་འགལ་བའི་རང་བཞིན་གཉིས་ཡོད་པར་རིགས་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་དང་ཐ་དད་པའི་ཐ་
སྙད་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་འདིར་ཞེས་བྱ་བ་ལ་སོགས་པས་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་སྐྱོན་འཆད་དོ། །འདི་ལྟར་བརྟན་པ་དང་མི་བརྟན་པའི་རང་བཞིན་ཐ་དད་པས་དངོས་
པོའི་རྣམ་པ་གཉི་ག་ཡང་ཆ་མེད་པའི་ཕྱིར་བདག་ཉིད་ཀྱིས་ཡོངས་སུ་རྫོགས་པས་དུས་ཕྱིས་རྐྱེན་གཞན་གྱི་བདག་ཉིད་དུ་བྱེད་པའི་ནུས་པ་མེད་པར་མི་ནུས་ལ། བྱེད་ན་ཡང་དོན་གཞན་བྱེད་པ་ཉིད་དུ་འགྱུར་གྱི། རང་གི་ངོ་བོར་གྱུར་པའི་ནུས་པ་བྱེད་པ་ནི་མ་ཡིན་ནོ། །ནུས་པ་དངོས་

པོའི་རང་བཞིན་དུ་ཁས་མི་ལེན་ན་ཡང་དངོས་པོ་བྱེད་པ་པོ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འདི་སྙམ་དུ་ཆ་མེད་པའི་དངོས་པོའི་ནུས་པ་དུས་ཕྱིས་མི་བྱེད་མོད། ཆ་དང་བཅས་པ་ཅིའི་ཕྱིར་མ་ཡིན་སྙམ་དུ་སེམས་པ་ལ། གང་ཕྱིར་འགལ་བའི་ཆོས་ལྡན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེས་ནི་ཞེས་བྱ་བ་ནི་འགལ་བའི་ཆོས་དང་ལྡན་པའོ། །མི་བརྟན་པའི་དངོས་པོ་ལ་ཁྱད་པར་སུན་འབྱིན་པ་ནི། དོན་ཀུན་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་འགལ་ལ་ཞེས་བྱ་བའི་དོན་ངེས་པ་ལ་སོགས་པ་སྟེ། ལྷག་མ་ནི་གོ་བར་ཟད་དོ། །གལ་
ཏེ་འདི་སྙམ་དུ་ཁྱེད་ཅག་ལ་རྩོད་པ་མེད་ན། འོ་ན་ཇི་ལྟར་གཞན་ལས་ཚད་མ་ཉིད་དུ་ཁས་ལེན་པར་བྱེད་སྙམ་དུ་སེམས་ན། དེའི་ཕྱིར་འདི་ལ་བློ་བཟང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའི་འབྲས་བུ་མི་སླུ་བ་ལ་མི་ལྟོས་པའི་རྣམ་པར་ཤེས་པའི་
རང་གི་ངོ་བོ་ཉམས་སུ་མྱོང་བ་ཙམ་ལས་སོ། །རྟོགས་པར་ཞེས་བྱ་བ་ནི་ངེས་པར་རོ། །འདི་སྙམ་དུ་ནུས་པ་ནི་ཤེས་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཤེས་པ་གཟུང་བ་ན་དེ་ཡང་འཛིན་པར་བྱེད་པ་ཉིད་ཡིན་ཏེ། དེ་ཇི་ལྟར་རྟོགས་པར་བྱེད་པ་མི་ནུས་སྙམ་དུ་སེམས་ན། ཇི་ལྟར་གནས་
པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་དང་ཐོབ་པ་དག་ནི་རྟོགས་པ་ཐོབ་པ་དག་ཏེ། ཇི་ལྟར་གནས་པའི་ཤེས་བྱའི་དངོས་པོའི་རྟོགས་པ་དང་ཐོབ་པ་གང་ཡིན་པ་དེ་ལ་དེའི་ཡུལ་ཅན་གྱི་ནུས་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འབའ་ཞིག་ལས་ཞེས་བྱ་བ་ནི་མི་སླུ་བ་དང་རྒྱུའི་
ཡིད་ཡོངས་སུ་ཤེས་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མི་ནུས་ཤེ་ན། གང་གི་གསལ་སྣང་རྣམ་པ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྲ་ཤད་ལ་སོགས་མཐོང་བ་ལ། །ཞེས་བྱ་བ་ནི་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་བ་ལའོ། །འདིས་ནི་འདི་སྐད་དུ་
བསྟན་ཏེ། ཡང་ནུས་པ་ཉམས་སུ་མྱོང་བ་དེ་ལྟ་ན་ཡང་ཚད་མ་མ་ཡིན་པ་དང་འདྲ་བའི་ཕྱིར་འཁྲུལ་པས་དུག་ལ་སོགས་པའི་ནུས་པ་བཞིན་དུ་ངེས་པར་མི་ནུས་པ་ལ་གོམས་པ་ལ་སོགས་པའི་གཞན་ལ་ཡང་ལྟོས་པའི་ཕྱིར་ཉམས་སུ་མྱོང་བ་འབའ་ཞིག་ངེས་པའི་རྒྱུ་མ་ཡིན་ཏེ། ཆ་

གང་ལ་འཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་སྒྲོ་མི་འདོགས་པར་དེ་ཁོ་ནར་ངེས་པ་ཡིན་ནོ། །འོ་ན་གང་ལས་དེ་ངེས་པར་བྱ་བ་ཡིན་ཞེ་ན། དེ་ཕྱིར་དོན་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་ཞེས་བྱ་བ་ནི་རྒྱུའི་ཤེས་པའོ། །འདི་ནི་ཞེས་བྱ་བ་ནུས་པའོ། །
བྱེད་པའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་གཞན་ལ་ལྟོས་པ་ཞེས་འབྲེལ་ཏོ། །ངེས་པ་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་རོ། །དེ་བསྐྱེད་པར་བྱའི་དོན་དུ་རྒྱུ་གཞན་ལ་ལྟོས་པར་རིགས་ཀྱིས། དེ་བྱ་བའི་དོན་དུ་ནི་མ་ཡིན་ཏེ། དེའི་རྟེན་ནི་ནུས་པ་སྔ་མ་ཡིན་པའི་ཕྱིར་རོ། །ནུས་པ་ཡང་དངོས་པོ་
གྲུབ་པ་དང་ལྷན་ཅིག་གྲུབ་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་དང་དུག་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་བསྟན་པ་ཡིན་ནོ། །དེ་ལས་གཞན་མཚུངས་མཐོང་ཕྱིར་དང་། །ཞེས་བྱ་བ་ནི་དུག་ལ་སོགས་པ་དེ་ལས་གཞན་དོད་གྲ་དང་། བཏུང་
བ་ལ་སོགས་པ་སྟེ། དེ་དང་མཚུངས་པ་ཉིད་འདྲ་བ་ཉིད་དེ་མཐོང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །འབྲས་བུ་མཇུག་ཐོགས་སུ་མེད་ཕྱིར། །ཞེས་བྱ་བ་ལ་འབྲས་བུ་ནི་བརྒྱལ་བ་ལ་སོགས་པའོ། །དེ་མཇུག་ཐོགས་ཉིད་དུ་མེད་པའི་ཕྱིར་ཞེས་ཚིག་རྣམ་པར་སྦྱར་ཏེ་མཇུག་ཐོགས་
སུ་འབྲས་བུ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་བདག་རྣམ་པར་མ་ངེས་ན། །ཞེས་བྱ་བ་ནི་དུག་ལ་སོགས་པའི་བདག་ཉིད་རྣམ་པར་མ་ངེས་ནའོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ནི་དུག་ལ་སོགས་པའི་རང་བཞིན་དུའོ། །དེ་ནུས་ངེས་ཞེས་བྱ་བ་ནི་ཇི་ལྟར་གནས་པའི་ཤེས་བྱའི་དངོས་
པོ་རྟོགས་པ་དང་ཐོབ་པ་ངེས་པའོ། །དམ་བཅའ་བ་རང་གི་ཚིག་དང་ཡང་འགལ་བར་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཞན་ལས་གྲུབ་མ་ཡིན། །ཞེས་བྱ་བ་ནི་གྲུབ་པ་ཁོ་ན་སྟེ་དོན་གྱིས་གོ་བ་ནི་ཚད་མ་གཞན་ཡིན་ནོ་སྙམ་དུ་བསམས་པ་
ཡིན་ནོ། །དེ་ཉིད་འཇིག་པ་ཁོ་ནར་འགྱུར། །ཞེས་བྱ་བ་སྟེ་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། རང་གི་རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་གསལ་བར་བྱ་བའི་ཕྱིར། དེའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གལ་ཏེ་ཤེས་པ་ལ་ལྟོས་ནས་

ཚད་མ་ཉིད་དུ་གྲུབ་པར་བྱེད་པ་དེའི་ཚེ་ཁོ་བོ་ཅག་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་རེ་ཞིག་ཤེས་པ་དོན་གྱིས་གོ་བས་གྲུབ་པར་འདོད་དེ། ནུས་པ་དེའི་ངོ་བོ་ཚད་མ་ཉིད་སྨོས་ཀྱང་ཅི་དགོས། དོན་ངེས་པའི་མཚན་ཉིད་ཀྱིས་འབྲས་བུ་བྱ་བ་ལ་ཤེས་པའི་ཕྱིར་ལྟོས་པ་མེད་པ་ཡིན་
པས་དེ་རང་ལས་ཞེས་བརྗོད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཚད་མར་ངེས་པ་མེད་པར་རང་གི་དོན་ངེས་པ་ཉིད་མི་སྲིད་པའི་ཕྱིར་རོ། །ཐེ་ཚོམ་ལ་སོགས་པ་ཡུལ་དུ་བྱས་པ་ཡང་ཇི་ལྟར་རང་གི་འབྲས་བུ་ལ་ལྟོས་པ་མེད་པ་ཡིན། ཚད་མ་གཞན་གྱིས་བཟུང་བ་ལ་ལྟོས་ན་ཡང་ཇི་ལྟར་རང་གི་ཕྱོགས་ལ་
ཡང་ཐུག་པ་མེད་པར་མི་འགྱུར་ཏེ། དེ་ལྟར་ན་འདི་ནི་གྱི་ནའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་དེའི་ངོ་བོར་ངེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་སྟོན་པ་ཡིན་ཏེ། དེ་བཞིན་མི་སླུའི་ནུས་པ་ཡང་། །ཞེས་བྱ་བ་ནི་གཞན་ལས་ངེས་ཞེས་བྱ་བ་དང་སྦྱར་རོ། །
གཉི་ག་མཚུངས་ཞེས་བྱ་བ་ནི་ཚད་མ་དང་ཚད་མ་མ་ཡིན་པའོ། །བཟློག་པ་ལས་ཞེས་བྱ་བ་ནི་ཚད་མ་ཉིད་མ་ཡིན་པ་ལས་སོ། །གང་ཡང་ནུས་པ་རྣམས་ནི་རྟག་པའི་ཕྱིར་རང་བཞིན་ཅན་མ་ཡིན་ལ། དུས་ཕྱིས་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རང་གི་རྒྱུ་དག་ཁོ་ན་ལས་སྐྱེ་བ་ནི་མ་ཡིན་ནོ། །
འོ་ན་ཅི་ཞེ་ན། དངོས་པོ་རྣམས་ཀྱི་ནུས་པ་ཡང་མ་ངེས་པའོ། །དེ་ཡང་ནུས་པ་རྣམས་ནི་རང་ཁོ་ན་ལས་སྐྱེ་བའི་ཕྱིར་འདི་དག་ནི་རང་བཞིན་ཅན་ཡིན་ནོ། །འདི་ལྟར་བདག་ཉིད་ལ་རྒྱུ་རྣམས་ཀྱིས་ངོ་བོ་ཡོད་པ་གང་ཡིན་པ་དེ་ཁོ་ན་དེ་དག་གི་འབྲས་བུ་ལ་བྱེད་པ་ཡིན་ཏེ། དཔེར་ན་འཇི་བའི་
དུམ་བུས་བསྐྱེད་པར་བྱ་བའི་བུམ་པ་ལ་གཟུགས་ལ་སོགས་པ་རང་གི་ཡོན་ཏན་གྱི་སྒོ་ཁོ་ན་ནས་རྩོམ་པར་བྱེད་པ་བཞིན་ནོ། །ཆུ་ལ་སོགས་པ་འཛིན་པའི་ནུས་པ་ནི་བདག་ལ་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་གིས་བུམ་པ་ལ་བྱེད་པ་མ་ཡིན་གྱི་དེའི་དེ་ནི་རང་ཉིད་ཀྱི་སྐྱེ་བ་ཡིན་ནོ། །དེ་
བཞིན་དུ་ཤེས་པ་ལ་ཡང་དབང་པོ་དང་དོན་ལ་སོགས་པ་དེའི་རྒྱུ་རྣམས་ཀྱིས་བདག་ཉིད་ལ་བྱེད་པའི་ཕྱིར་དོན་ཡོངས་སུ་གཅོད་པའི་ནུས་པ་བྱེད་པ་མ་ཡིན་གྱི། དེའི་དེ་ནི་རང་ཁོ་ན་ལས་ཡིན་པའི་ཕྱིར་དེས་ན་ནུས་པ་རང་བཞིན་ཅན་ཡིན་ནོ་ཞེས་རློམ་པ་དེའི་དེ་ནི་བབ་ཅོལ་ཙམ་ཡིན་ཏེ། རིགས་པ་

འདི་ཚད་མ་མ་ཡིན་པ་ཉིད་ཀྱང་རང་ཉིད་ལས་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་དེ་ནི་ཕྱིན་ཅི་ལོག་གི་དོན་ཡོངས་སུ་གཅོད་པའི་མཚན་ཉིད་ཅན་ཡིན་ལ་མིག་ལ་སོགས་པ་རྣམས་ནི་རྣམ་པ་དེ་ལྟ་བུའི་ནུས་པ་དང་ལྡན་པ་ཡང་མ་ཡིན་ནོ། །གཞན་ཡང་
གལ་ཏེ་བདག་ཉིད་ལ་ཡོད་པ་མ་ཡིན་པའི་ངོ་བོའི་རྒྱུ་དག་གིས་འབྲས་བུ་ལ་མི་བྱེད་པ་དེའི་ཚེ་དབང་པོ་ལ་སོགས་པ་བདག་ཉིད་ལ་ཡོད་པ་མ་ཡིན་པ་ཞེས་བྱ་བའི་ངོ་བོ་ཉིད་ཇི་ལྟར་ཤེས་པ་ལ་བྱེད། ཡང་ཡོད་པ་མ་ཡིན་པ་དེ་ཡང་དེ་དག་གིས་བྱེད་ན་ཡོངས་སུ་གཅོད་པའི་ནུས་པ་ཅིའི་ཕྱིར་བྱེད་
པར་མི་འགྱུར། དེ་དག་དེ་བྱེད་པ་ལ་གེགས་བྱེད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་རེ་ཞིག་གལ་ཏེ་དངོས་པོ་ལས་ནུས་པ་ཐ་མི་དད་པར་ཁས་ལེན་པར་བྱེད་ན། དེའི་ཚེ་དངོས་པོའི་རང་གི་ངོ་བོ་བཞིན་དུ་དེ་དག་ཀྱང་བདག་ཉིད་གནས་པ་རྒྱུ་ལ་རག་པ་ཉིད་ཡིན་པའི་ཕྱིར་གང་ལས་
འདི་དག་རང་བཞིན་ཅན་ཡིན། འོན་ཏེ་ཐ་དད་པ་ཡིན་ན་དེའི་ཚེ་རང་ཉིད་ཀྱིས་འབྱུང་བའི་ཕྱིར་དེ་དག་རང་གི་རྟེན་དང་འབྲེལ་པ་གྲུབ་པར་མི་འགྱུར་ཏེ། དེ་དག་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཡང་མ་ཡིན་པའི་ཕྱིར་རོ། །ཕན་འདོགས་པར་མི་བྱེད་པ་ཡང་རྟེན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྒྱུ་མཚན་མེད་པར་རང་དབང་ཉིད་ཀྱིས་གྱུར་པ་ཡིན་ན་ཡང་ཡུལ་དང་དུས་ངེས་པ་ལ་ལྟོས་པར་མི་འགྱུར་ཏེ། འདི་ལྟར་གང་ཞིག་འགའ་ཞིག་ཏུ་ཅུང་ཟད་རག་ལས་པའམ། རག་མ་ལས་པ་དེ་ནི་དེ་ལ་ལྟོས་པ་མེད་པའམ། ཡང་ན་མ་ཡིན་ཏེ། གང་ཡང་རག་མ་
ལས་པ་རང་འགའ་འཇུག་པ་དེ་ཅིའི་ཕྱིར་རེས་འགའ་འགའ་ཞིག་ཏུ་ལྡོག་པར་འགྱུར། དེ་ལྟ་ཡིན་དང་དངོས་པོ་རྣམས་སོ་སོར་ངེས་པའི་ནུས་པ་དང་ལྡན་པར་མི་འགྱུར་ལ་གཞན་དུ་ན་ཐམས་ཅད་ཐམས་ཅད་ལ་ཉེ་བར་སྦྱོར་བར་འགྱུར་རོ། །གཞན་དག་ནི་འབྲས་བུ་ཡོད་པར་ལྟ་བ་ལ་བརྟེན་ནས། ཚད་མ་
ཀུན་གྱི་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་འདི་བརྗོད་དེ། འདི་ལྟར་འབྲས་བུ་སྐྱེད་པར་ངེས་པའི་ཕྱིར་དངོས་པོ་ཡོད་པ་རྣམས་ཁོ་ན་རྒྱུ་དག་གིས་བྱེད་ཀྱིས། མེད་པ་ནམ་མཁའི་མེ་ཏོག་ལ་སོགས་པའམ། བྱེ་མ་རྣམས་ལ་ཏིལ་མར་ནི་གང་དུ་ཡང་བྱ་བར་ནུས་པ་མ་ཡིན་ཏེ། མེད་པ་སྐྱེད་ན་

མེད་པར་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་སྐྱེ་བར་འགྱུར་རོ་སྙམ་དུ་སེམས་པ་དེ་ནི་མི་རིགས་ཏེ། རྒྱུ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རེ་ཞིག་ཁྱོད་ཀྱི་ལུགས་ཀྱིས་ཅུང་ཟད་ཀྱང་མེད་པ་བྱེད་པ་མ་ཡིན་ལ། ཡོད་པ་ཡང་ལྟོས་པ་ཐམས་ཅད་
དང་བྲལ་བའི་ཕྱིར་ཅུང་ཟད་ཀྱང་བྱར་ཡོད་པ་མ་ཡིན་པས་ཅི་ཞིག་བྱེད་པ་ན་དེའི་བྱེད་པ་པོར་འགྱུར། དེ་བས་ན་རྒྱུ་དང་འབྲས་བུ་ཉིད་མེད་པར་འགྱུར་རོ། །གལ་ཏེ་ཡོད་པ་མངོན་པར་གསལ་བར་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལ་ཡང་ཡོད་པ་དང་མེད་པ་ཉིད་བྱེད་པ་འགལ་བའི་ཕྱིར་རོ། །
འདི་ལྟར་དེ་ལ་ཡང་ཅི་སྟེ་ཡོད་པ་བྱེད་དམ། འོན་ཏེ་མེད་པ་བྱེད་ཅེས་རྣམ་པར་རྟོག་པ་འདི་གཉིས་འཇུག་པ་ཡིན་ཏེ་ཅི་སྟེ་ཡོད་པ་བྱེད་དམ། འོན་ཏེ་མེད་པ་བྱེད། དེ་ལ་ཕྱོགས་དང་པོ་ལ་ནི་ཁྱད་པར་མེད་པའི་ཕྱིར་བྱེད་པ་མི་འཐད་དོ་ཞེས་བསྟན་ཟིན་ཏོ། །དེ་ལ་ཡང་མངོན་པར་
གསལ་བ་ལ་བརྟེན་ནས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ་མེད་པ་བྱེད་པར་ཁས་མི་ལེན་པའི་ཕྱིར་རོ། །ཁས་ལེན་ན་ཡང་དངོས་པོ་མེད་པ་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་དངོས་པོ་ལས་དོན་གཞན་དུ་གྱུར་པའི་མངོན་པར་
གསལ་བར་བྱེད་དམ། དོན་གཞན་དུ་གྱུར་པ་མ་ཡིན་པ་བྱེད་གྲང་། གལ་ཏེ་དོན་གཞན་དུ་གྱུར་པ་བྱེད་ན་དེའི་ཚེ་དངོས་པོ་ལ་ཅུང་ཟད་ཀྱང་བྱས་པར་མི་འགྱུར་རོ། །གཞན་བྱེད་པ་ན་གཞན་བྱས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དང་འབྲེལ་པའི་མངོན་
པར་གསལ་བ་གཞན་བྱེད་དོ་ཞེ་ན། མ་ཡིན་ཏེ། ཕན་གདགས་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་དེ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །ཕན་འདོགས་པར་བྱེད་པར་ཁས་ལེན་ན་དེ་ཡང་དོན་གཞན་ཡིན་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་འབྲེལ་པ་མ་གྲུབ་ལ། དོན་གཞན་
མ་ཡིན་ན་ཡང་རྒྱུ་རྣམས་དོན་མེད་པར་ཐལ་བར་འགྱུར་ཏེ། རྟེན་དུ་གྱུར་པའི་དངོས་པོ་ལས་ཕན་འདོགས་པར་བྱེད་པའི་རང་བཞིན་གྱི་མངོན་པར་གསལ་བ་སྐྱེད་པར་བྱེད་པའི་ཕྱིར་དང་དངོས་པོའི་མངོན་པར་གསལ་བའི་རྒྱུ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་རྟག་ཏུ་མངོན་པར་གསལ་

བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕན་འདོགས་པར་བྱ་བ་མ་ཡིན་པ་གཞན་ལ་ལྟོས་པར་ཡང་རིགས་པ་མ་ཡིན་ནོ་ཞེས་རྣམ་པ་མང་དུ་བསྟན་ཟིན་ཏོ། །ཅི་སྟེ་དོན་གཞན་དུ་མི་འགྱུར་བ་མ་ཡིན་པའི་མངོན་པར་གསལ་བ་བྱེད་པའི་ཕྱོགས་དེ་ཡང་རིགས་པ་མ་ཡིན་ཏེ། ཁྱད་
པར་དུ་བྱར་མེད་པའི་ཕྱིར་རོ། །འདི་ལྟར་དོན་གཞན་དུ་གྱུར་པ་མ་ཡིན་པ་བྱེད་དོ་ཞེས་བྱ་བས་དངོས་པོའི་རང་བཞིན་བྱེད་དོ་ཞེས་བསྟན་པ་ཡིན་ལ། དེ་ཡང་ཡོད་པ་ཉིད་ཀྱིས་ལྟོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བྱེད་པར་མི་རིགས་སོ་ཞེས་བྱ་བ་འདི་ཉིད་བསམ་པར་བྱ་བ་ཡིན་ནོ། །གཞན་
ཡང་མངོན་པར་གསལ་བ་བཞིན་དུ་ཐ་མི་དད་པའི་ཕྱིར་དངོས་པོ་ཡང་མེད་པར་བྱེད་པར་འགྱུར་བའམ་དངོས་པོའི་རང་གི་ངོ་བོ་བཞིན་དུ་མངོན་པར་གསལ་བ་ཡང་ཡོད་པ་ཉིད་བྱེད་པར་ཐལ་བར་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ཏེ། བོགས་དབྱུང་དུ་མེད་པའི་ཕྱིར་དང་། ཐུག་པ་མེད་
པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ཡོད་པའི་དོན་གྱི་ཡུལ་ལ་ཡང་རྒྱུའི་བྱ་བ་འདོད་པ་ནི་རྒྱུ་རྣམས་ཀྱི་འབྲས་བུ་བྱེད་པ་ལྡོག་པ་མེད་པར་ཐལ་བར་འགྱུར་ཏེ། དེར་ཅི་ཞིག་དམིགས་ནས་རྒྱུ་རྣམས་ལྡོག་པར་འགྱུར། འབྲས་བུ་ཡོད་པའོ་ཞེ་ན་མ་ཡིན་ཏེ། ཁྱེད་ཀྱི་
ལུགས་ཀྱིས་དེ་ནི་སྔར་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་གང་གིས་རྒྱུ་ཡོད་པ་ནི་མེད་པ་ཉིད་སྐྱེའི་དེ་སྐྱེད་པར་བྱེད་པའི་རྒྱུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་ལ་སོགས་པ་ནི་མ་ཡིན་ནོ། །དེས་ན་རྒྱུའི་ནུས་པས་སོ་སོར་ངེས་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་འགྱུར་རོ། །
དངོས་པོ་ཐམས་ཅད་སྐྱེད་པའི་ནུས་པ་ཡོད་པར་ཁས་བླང་བར་བྱ་བ་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་ནུས་པ་ནི་ཐོག་མ་མེད་པའི་རང་གི་རྒྱུ་བརྒྱུད་པས་ངེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཡང་ཚད་མ་མེད་པ་གཞན་གྱི་བྱ་བར་མི་ནུས་པའི་ཕྱིར་དེ་རང་ལས་ཡིན་པར་བརྗོད་ན། འོ་ན་ཚད་
མ་མ་ཡིན་པ་ཡང་རིགས་པ་འདི་ཉིད་ཀྱིས་རང་ཉིད་ལས་ཡིན་པར་འགྱུར་བའི་ཕྱིར་འདི་ནི་གྱི་ནའོ། །གང་ཡང་ཚད་མ་ཉིད་ཅེས་བྱ་བ་རྣམ་པར་ཤེས་པའི་དོན་ཡོངས་སུ་གཅོད་པ་བསྐྱེད་པའི་ནུས་པ་ཡིན་ལ། ནུས་པ་ཡང་རྣམ་པར་ཤེས་པ་སྐད་ཅིག་མ་ལ་བརྟེན་པའི་ཕྱིར་ཡོད་པར་བྱ་

བ་ནུས་པ་མ་ཡིན་ཏེ། དུས་གསུམ་དུ་ཡང་དེ་བྱེད་པར་མི་འཐད་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་རྣམ་པར་ཤེས་པ་སྐྱེས་པ་ལས་སྔར་བྱེད་པ་མ་ཡིན་ཏེ། བརྟེན་པ་ཡིན་པའི་ཕྱིར་རོ། །བརྟེན་པ་རྟེན་པ་མེད་པར་བྱེད་པར་རིགས་པ་མ་ཡིན་ཏེ། རྩིག་པ་མེད་པར་རི་མོ་བཞིན་ཏེ། མི་བརྟེན་པ་
ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྷན་ཅིག་ཏུ་བྱེད་པར་ཡང་རིགས་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རོ། །རྟེན་དང་བརྟེན་པ་རྩིག་པ་དང་རི་མོ་དག་ནི་ཅིག་ཅར་རྩོམ་པ་མ་ཡིན་ལ། དུས་དེ་ཙམ་དུ་གནས་པ་མེད་པའི་སྒོ་ནས་དེ་ཉིད་སྐད་ཅིག་མ་ཡིན་པའི་ཕྱིར་སྐྱེས་པ་
ན་རྣམ་པར་ཤེས་པ་ཕྱིས་བྱེད་པ་ཡང་མ་ཡིན་ཏེ། དེས་ན་ཚད་མ་ཐམས་ཅད་རང་ལས་ཚད་མར་བརྗོད་པར་བྱའོ་སྙམ་དུ་སེམས་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་དོན་ཡོངས་སུ་གཅོད་པ་སྐྱེད་པར་བྱེད་པའི་ནུས་པ་ཚད་མ་ཉིད་ཡིན་ན་ཞེས་གང་སྨྲས་པ་དེ་ནི་འབྲེལ་པ་མེད་པ་ཡིན་ཏེ།
དོན་ཡོངས་སུ་གཅོད་པ་ནི་ཤེས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། ནུས་པ་ཤེས་པ་དེ་ཉིད་ལ་བརྟེན་པ་ཡིན་ན་དེ་སྐྱེད་པར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་གྱུར་པའི་ཕྱིར་དང་། དུས་མཉམ་པའི་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པའི་ཕྱིར་རོ། །
གང་ཡང་བརྟེན་པ་ཡིན་པའི་ཕྱིར་ལྷན་ཅིག་དང་སྔར་བྱེད་པ་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་མི་རིགས་ཏེ། ཐ་མི་དད་པས་བརྟེན་པ་ཉིད་མ་གྲུབ་པའི་ཕྱིར་རོ། །ཁྱད་པར་ཅན་གྱི་དོན་བྱ་བ་བྱེད་པའི་དངོས་པོའི་རང་བཞིན་ཉིད་དེའི་དངོས་པོ་ཙམ་ཤེས་པར་འདོད་པ་ན་ནུས་པ་ཞེས་ཐ་སྙད་དུ་བྱའི།
དོན་གཞན་ནི་མ་ཡིན་ཏེ། དོན་གཞན་ཡིན་ན་དངོས་པོ་བྱེད་པ་པོ་མ་ཡིན་པར་ཐལ་བ་དང་འབྲེལ་པ་ཡང་མ་གྲུབ་བོ་ཞེས་འདི་ནི་རྣམ་པ་མང་དུ་དཔྱད་ཟིན་ཏོ། །དེ་ལྟ་བས་ན་རྣམ་པར་ཤེས་པའི་ནུས་པ་རང་བཞིན་དུ་གྱུར་པ་ནི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རྣམ་པར་ཤེས་པའི་རང་གི་
ངོ་བོ་བཞིན་དུ་རྣམ་པར་ཤེས་པ་ལས་སྔར་མེད་པས་དེ་ཁོ་ན་བྱེད་དོ་ཞེས་བྱ་བར་འགལ་བ་མེད་དོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེའོ་ཞེས་བྱ་བ་ཡོད་པ་རིགས་པ་ཁོ་ན་སྟེ། དངོས་པོར་གྱུར་པའི་ཆོས་ནི་དངོས་པོ་དང་ལྷན་ཅིག་གྲུབ་པ་དང་། བདེ་བ་གཅིག་ཡིན་པའི་ཕྱིར་རོ། །ནུས་པ་

དངོས་པོ་ལས་ཐ་དད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཡོད་པ་དང་མེད་པའི་རྟེན་མི་འཐད་པའི་ཕྱིར་བརྟེན་པ་ཉིད་མ་གྲུབ་སྟེ། འདི་ལྟར་རེ་ཞིག་ཡོད་པ་ནི་རྟེན་མ་ཡིན་ཏེ། དེ་བདག་ཉིད་ཐམས་ཅད་ཀྱིས་གྲུབ་པས་ལྟོས་པ་མེད་པའི་ཕྱིར་རོ། །དེ་ནི་དེའི་རྟེན་དུ་ཡང་
རིགས་པ་མ་ཡིན་ཏེ། དེ་ནི་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་འབིགས་བྱེད་དང་གངས་ཅན་བཞིན་ནོ། །དེས་གནས་པ་བྱེད་དོ་ཞེ་ན། མཚན་ཉིད་དེ་གནས་པ་ནི་གནས་པ་པོ་ལས་ཐ་མི་དད་པའི་ཕྱིར་ཏེ། གནས་པའི་རང་བཞིན་ཉིད་དེ་ལྟར་ཁྱད་པར་གཞན་སྤངས་པའི་སྒོ་ནས་བརྗོད་ཀྱི་རྟེན་ཞེས་
གནས་པ་པོའི་མཚན་ཉིད་བྱེད་པ་ནི་མ་ཡིན་པའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ། །གནས་པ་པོ་ལས་གནས་པ་ཐ་དད་པ་ཡིན་ན་ཡང་དོན་གཞན་དུ་གྱུར་པའི་གནས་པ་བྱེད་པའི་ཕྱིར་གནས་པར་བྱེད་པ་པོ་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ། །གཞན་བྱེད་པ་ན་གཞན་ལ་ཅུང་ཟད་ཀྱང་བྱས་
པ་ཞེས་བྱ་བ་མ་ཡིན་པའི་ཕྱིར་རྣམ་པ་གཉི་ག་ལྟར་ན་ཡང་གནས་པར་བྱེད་པ་པོ་ནི་ཅུང་ཟད་ཀྱང་མི་བྱེད་པ་ཉིད་དོ། །གལ་ཏེ་དེ་དང་འབྲེལ་པའི་དངོས་པོ་བྱེད་དོ་ཞེ་ན། མ་ཡིན་ཏེ་གནས་པར་བྱ་བ་དང་གནས་པར་བྱེད་པ་གཉིས་གཞན་དུ་གནས་པ་དང་ལྡན་པར་གནས་པ་པོ་དག་ལྷན་ཅིག་
འབྲེལ་པ་མ་གྲུབ་པའི་ཕྱིར་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ་ཞེས་བྱ་བ་འདི་ནི་ཕལ་ཆེར་དཔྱད་ཟིན་ཏོ། །གཞན་ཡང་གལ་ཏེ་དངོས་པོའི་གནས་པར་བྱེད་པ་གནས་པ་ལས་དོན་གཞན་དུ་གྱུར་པར་ཁས་ལེན་པར་བྱེད་པ་དེའི་ཚེ་གནས་པར་བྱེད་པའི་གནས་
པ་ཡོད་པའི་ཕྱིར་དངོས་པོ་འགའ་ཞིག་ཀྱང་འཇིག་པར་མི་འགྱུར་ལ། གནས་པ་ཡོད་ན་ཡང་འཇིག་པའི་རྒྱུའི་དབང་གིས་འཇིག་པར་འགྱུར་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། དེ་ཡང་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཀྱི་ཕྱིར་འཇིག་པར་བྱེད་པ་ཉིད་དུ་མི་རིགས་སོ། །འདི་ལྟར་དེ་ལ་
ཡང་ཅི་དངོས་པོ་ལས་དོན་གཞན་དུ་གྱུར་པའི་འཇིག་པ་འཇིག་པའི་རྒྱུས་བྱེད་དམ། འོན་ཏེ་དངོས་པོ་ཉིད་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ཉིད་ཁོ་ན་འཇུག་པ་ཡིན་ནོ། །རེ་ཞིག་དངོས་པོ་ཉིད་བྱེད་པ་ནི་མ་ཡིན་ཏེ། དེ་ནི་གྲུབ་ཟིན་པའི་ཕྱིར་རོ། །གཞན་བྱེད་ན་ཡང་དངོས་པོ་ལ་

ཅུང་ཟད་ཀྱང་མ་བྱས་པའི་ཕྱིར་དངོས་པོ་དེའི་གནས་སྐབས་ཁོ་ན་ཡིན་པའི་ཕྱིར་འཇིག་པ་མེད་པས་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་རྒྱས་པར་བརྟན་པའི་དངོས་པོ་བརྟག་པར་གཏན་ལ་ཕབ་ཟིན་ཏོ། །གཞན་ཡང་དངོས་པོ་རང་བཞིན་གྱིས་བརྟན་པའི་རང་བཞིན་ཡིན་ནམ། མི་བརྟན་པའི་
རང་བཞིན་ཡིན་གྲང་། དེ་ལ་གལ་ཏེ་དངོས་པོ་མི་བརྟན་པའི་བདག་ཉིད་དུ་རང་གི་རྒྱུ་ལས་སྐྱེས་པ་ཡིན་ན་དེའི་ཚེ་དེས་རང་གི་ངོ་བོ་གྲུབ་པ་ལས་ཕྱིས་རང་ཉིད་གནས་པར་བྱ་བ་མ་ཡིན་པའི་ཕྱིར་དེ་ནི་འཇིག་པ་དང་གནས་པའི་རྒྱུ་གཉི་གས་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ནོ། ཅི་སྟེ་རང་བཞིན་གྱི་
བརྟན་པའི་ངོ་བོ་ཉིད་ཡིན་པ་དེ་ལྟ་ན་ཡང་དེའི་རང་བཞིན་གཞན་ཉིད་མི་སྲིད་པའི་ཕྱིར་འཇིག་པར་བྱེད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། རང་ཉིད་གནས་པ་ཡིན་པའི་ཕྱིར་གནས་པར་བྱེད་པ་འགའ་ཡང་ཡོད་པ་ཡིན་པས་གནས་པ་དང་འཇིག་པའི་རྒྱུ་གཉི་ག་ལྟར་ཡང་ཅུང་ཟད་བྱེད་པ་མ་
ཡིན་ནོ། །མེད་པ་རྟེན་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དེ་ནི་རང་བཞིན་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་བརྟེན་པ་ཉིད་དང་བྱ་བ་དག་མི་སྲིད་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ཡིན་པའི་ཕྱིར་ནུས་པ་བརྟེན་པ་ཉིད་དུ་མ་གྲུབ་པོ། །གྲུབ་ན་ཡང་མ་ངེས་པ་ཉིད་ཡིན་ཏེ།
གཟུགས་ལ་སོགས་པ་ལ་བརྟེན་པ་རྣམས་ཀྱང་བུམ་པ་དང་ལྷན་ཅིག་སྐྱེ་བར་མཐོང་བའི་ཕྱིར་དང་ཚད་མ་མ་ཡིན་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཚད་མ་མ་ཡིན་པ་ཡང་བཟློག་པའི་དོན་ཡོངས་སུ་གཅོད་པ་སྐྱེད་པར་བྱེད་པའི་ནུས་པ་ཡིན་ལ། རྣམ་པར་ཤེས་པ་ལ་བརྟེན་པའི་
ནུས་པ་ཡང་དུས་གསུམ་ཆར་དུ་ཡང་མི་བྱེད་པའི་ཕྱིར་ཚད་མ་ཉིད་གཞན་དུ་ཚད་མ་མ་ཡིན་པའི་བདག་ཉིད་ཀྱི་ནུས་པ་ཡང་གཉིས་ཁོ་ན་ལས་ཡིན་པར་འགྱུར་རོ། །གཞན་ཡང་གལ་ཏེ་དུས་གསུམ་ཆར་དུ་ཡང་ཤེས་པའི་ནུས་པ་སྐྱེ་བར་མི་འགྱུར་བ་དེའི་ཚེ་རྣམ་པར་ཤེས་པ་ནུས་པ་
ཐམས་ཅད་ཀྱིས་སྟོང་པར་འགྱུར་ཏེ། གང་གི་ཆོས་འགའ་ཞིག་དུས་གསུམ་དུ་ཡང་མི་སྐྱེ་བ་དེ་ནི་ཇི་ལྟར་དེའི་ཡིན་པར་འགྱུར་ཏེ། དཔེར་ན་ནམ་མཁའི་ལུས་ཅན་ཉིད་བཞིན་ནོ། །གང་གིས་རྣམ་པར་ཤེས་པ་འདི་དག་དུས་གསུམ་ཆར་དུ་ཡང་མ་བསྒྲུབས་པ་ཡིན་ན་ཡང་དེ་དང་ལྷན་ཅིག་

འབྲེལ་པ་ཉམས་སུ་མྱོང་བར་འགྱུར་བ་ཞེས་བྱ་བ་ནུས་པ་དག་གི་ངོ་མཚར་བའི་མིག་འཕྲུལ་འདིས་སུ་ཞིག་གིས་བསླབས། གལ་ཏེ་འདི་ལ་ངོ་མཚར་ཆེན་པོ་ཅི་ཞིག་ཡོད། རྟག་པའི་ཕྱིར་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་ཐམས་
ཅད་ནུས་པ་ཐམས་ཅད་དང་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་འདི་དག་ཤེས་པ་ཁོ་ནའི་ཡིན་པར་འགྱུར་བ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བར་རག་མ་ལས་པའི་ཆོས་ནི་སོ་སོར་ངེས་པའི་དངོས་པོ་དང་ལྡན་པ་ལ་རྒྱུ་ངེས་པ་འགའ་ཞིག་ཀྱང་མ་མཐོང་ངོ་། །དེ་ལྟ་
ཡིན་ན་རྒྱུ་མཚན་མེད་པའི་ཕྱིར་འདི་ཐམས་ཅད་ཀྱི་ཡིན་པར་འགྱུར་རོ་ཞེས་འདི་ནི་བསྟན་ཟིན་ཏོ། །དེ་དག་གི་ཅུང་ཟད་ཀྱང་མི་བྱེད་པ་ནི་འགའ་ཞིག་གི་རྟེན་དུ་རིགས་པ་ཡང་མ་ཡིན་ཏེ། རྟག་པ་ཉིད་ཀྱི་རང་བཞིན་གྱི་ཁྱད་པར་འགའ་ཞིག་བྱར་མེད་པའི་ཕྱིར་ཏེ་སྤྲོས་པས་ཆོག་གོ། །ཡང་རྣམ་
པ་གཞན་གྱི་དམ་བཅའ་བའི་དོན་བརྟག་པར་བྱ་བའི་ཕྱིར། ཚད་མ་ཀུན་གྱིས་ཚད་མ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བསྟན་པ་ཡིན་ཏེ། རང་ལས་ཚད་མ་ཉིད་ཡིན་ཏེ། །ཞེས་བྱ་བ་འདིས་ནི་དོན་འདི་མངོན་པར་འདོད་པ་ཡིན་ཏེ། རང་ཉིད་ཀྱིས་ཏེ་རྒྱུ་གཞན་
ལ་མ་ལྟོས་པའི་དུས་ཕྱིས་སྐྱེས་པ་རྣམས་ཀྱི་འཇུག་པ་སྟེ་རྒྱུའི་དངོས་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཇི་སྐད་དུ་བཤད་པའི་སྐྱོན་གྱི་གོ་སྐབས་མེད་དོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཚད་མ་རྣམས་ཀྱི་རང་གི་འབྲས་བུ་རང་ལ་ཡོད་པའི་ཚད་མ་ཉིད་ངེས་པ་ཡིན་ནམ།
དོན་ངེས་པ་ཡིན། རང་གི་འབྲས་བུ་བྱ་བ་འདི་རྒྱུ་ལ་ལྟོས་པ་མ་ཡིན་ནོ། །འོ་ན་དེ་དག་གང་ལ་ལྟོས་ཤེ་ན། བདག་ཉིད་ཐོབ་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིར་དངོས་པོ་རྣམས་ཀྱི་བདག་ཉིད་ཐོབ་པ་རྒྱུ་ལ་ལྟོས་པ་ཉིད་དུ་བསྟན་ནས། ཤེས་པ་ལ་ཡང་སྦྱར་བར་བྱ་བའི་
ཕྱིར། དེ་ལྟ་བས་ན་སྐྱེ་བ་ཙམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ཉིད་ཀྱི་ཡོན་ཏན་ལ་ཞེས་བྱ་བ་ནི་ངེས་པ་སྐྱེད་པ་ལ་ལྟོས་ནས་གནས་གཞིའི་བདུན་པ་ཡིན་ནོ། །འདི་སྐད་དུ་ཞེས་བྱ་བ་རྣམས་ཀྱི་རང་ལ་ཡོད་པའི་ཡོན་ཏན་ཕྱིན་ཅི་མ་ལོག་པ་རྟོགས་པའི་བདག་ཉིད་དང་

རྣམ་པར་དག་པའི་རྒྱུས་བསྐྱེད་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་དག་ཡིན་པ་དེ་དག་ངེས་པ་བསྐྱེད་པར་བྱ་བ་ལ་འདི་དག་རྒྱུ་རྣམས་ལ་ལྟོས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་འོ་ན་ཇི་ལྟར་དེ་དག་དེ་ལ་རྒྱུའི་དངོས་པོར་འགྱུར་ཞེ་ན། ཚད་མ་ཡིན་དོན་རྣམས་ངེས་
པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཉིད་དང་དོན་དེ་གཞལ་བྱ་ཡིན་པས་ཚད་མ་ཉིད་དོན་དག་གོ། །དེ་དག་གི་ངེས་པ་སྟེ་དེ་བསྐྱེད་པ་ལ་ཞེས་འབྲེལ་ཏོ། །དོན་ངེས་པ་ནི་ལྟ་བའི་ཤེས་པ་ལ་ལྟོས་ནས་བརྗོད་དོ། །གཞན་དག་ནི་རང་ཉིད་ངེས་པའི་བདག་ཉིད་ཡིན་པའི་
ཕྱིར་རོ། །འཇུག་སྟེ་ཞེས་བྱ་བ་ནི་རྒྱུའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །བུམ་པ་སྐྱེ་ལ་ཞེས་བྱ་བ་ལ་སོགས་པ་བུམ་སོགས་བཞིན་ཞེས་བྱ་བའི་དཔེ་སྟོན་པ་ཡིན་ནོ། །དེ་ལྟར་དམ་བཅའ་བའི་དོན་མི་འགལ་བར་བསྒྲུབས་ནས་དེའི་ངོ་བོ་ངེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་
ཁྱབ་པ་བསྒྲུབ་པར་བྱ་བའི་ཕྱིར། དེ་ལྟར་མཐའ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐའ་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ཀྱི་ཕྱི་མ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་ཚད་མའོ། །ཅིའི་ཕྱིར་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཞེ་ན། ཚད་མ་གཞན་ལ་རག་ལས་
ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཉིད་སྟོན་པ་ནི་རྩ་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩ་བ་ནི་དང་པོའི་ཤེས་པའོ། །དེ་གང་ལ་ཡོད་པ་ནི་རྩ་བ་ཅན་ཏེ་དེ་དང་འདུ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཞན་ལས་ཚད་མ་ཉིད་ནི་རེས་འགའ་དོན་བྱེད་པ་ལ་
མི་སླུ་བའི་ཤེས་པ་ལས་སམ། རྒྱུའི་ཡོན་ཏན་ཡོངས་སུ་ཤེས་པ་ལས་ཡིན་གྲང་། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་དང་པོའི་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅི་སྟེ་དོན་བྱ་བ་ལ་མི་སླུ་བའི་ཤེས་པ་རང་ལས་ཚད་མར་འདོད་
དེ་དེས་ན་ཐུག་པ་མེད་པར་མི་འགྱུར་རོ་སྙམ་ན། གལ་ཏེ་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་གཉིས་པ་ལ་ཡང་ཐུག་པ་མེད་པའི་སྐྱོན་བསྟན་པར་བྱ་བའི་ཕྱིར། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་ལ་རག་ལས་ཞེས་བྱ་བ་ནི་རྒྱུའི་ཡོན་ཏན་ཡོངས་

སུ་ཤེས་པ་ལ་རག་ལས་པ་ནི་ཚད་མ་ཉིད་དོ། །ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པའི་ཐ་སྙད་དུ་རུང་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཞེས་བྱ་བ་ནི་ཡོན་ཏན་ཡོངས་སུ་གཅོད་པའི་ཚད་མ་ལའོ། །གཞན་གྱིས་ཡོངས་སུ་བཅད་པ་ཡི། །ཡོན་
ཏན་རག་ལས་ཞེས་བྱ་བ་ནི་ཚད་མ་གཞན་གྱིས་ཡོངས་སུ་བཅད་པའི་ཡོན་ཏན་གང་ཡིན་པ་དེ་ངེས་པ་ལ་རག་ལས་པའི་ཚད་མ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་དཔེ་བཤད་པ་ནི། དང་པོ་བཞིན་དུ་ཞེས་བྱའོ། །ཇི་ལྟར་དང་པོའི་ཤེས་པ་ལ་ཚད་མ་གཞན་གྱིས་ཡོངས་སུ་བཅད་པའི་
ཡོན་ཏན་ལ་རག་ལས་པ་ཚད་མ་ཉིད་ཡིན་པ་དེ་བཞིན་དུ་གཞན་ལའང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མ་བཞིན་ཞེས་བྱ་བ་ནི་མི་སླུ་བ་ཚད་མ་ཉིད་དུ་ངེས་པ་བཞིན་ནོ། །དེ་དང་དེར་ཞེས་བྱ་བ་ནི་སྔ་མ་སྔ་མའི་ཡོན་ཏན་གྱི་ཤེས་པ་ལའོ། །ཅི་སྟེ་ཐུག་པ་མེད་པས་འཇིགས་ནས་ཡོན་ཏན་
གྱི་ཤེས་པ་རང་ཉིད་ལས་ཚད་མ་ཉིད་ཡིན་པར་ཁས་ལེན་པར་བྱེད་པ་དེའི་ཚེ་དོན་གྱིས་རྣམ་པར་ཤེས་པ་ལ་ཡང་ཅི་ཞིག་སྡང་། གང་གིས་དེ་གཞན་ལས་ཚད་མ་ཉིད་དུ་འདོད་ཀྱི་རང་ལས་མ་ཡིན་པ་ཞེས་བྱ་བའི་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ་། །དེ་ལྟ་བུ་ནི་མཐའ་མ་མཐོང་བའི་བྱ་བཞིན་
དུ་ཤིན་ཏུ་རིང་བར་སོང་ན་ཡང་དེ་ཉིད་དུ་འོང་དགོས་པའི་མི་གནས་པའི་ཕྱོགས་ལེན་པས་ཆོག་གོ། །འདི་ཉིད་སྟོན་པ་ནི། ཅི་སྟེ་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་ལ་རག་ལས་པ་ནི་ཡོན་ཏན་ངེས་པ་ལ་རག་ལས་པའི་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ། །འདི་སྙམ་དུ་མི་སླུ་བ་དང་ཡོན་ཏན་ཤེས་པ་དག་ནི་རྩ་བའི་ཤེས་པ་ལས་ཁྱད་པར་ཡོད་དེ། དེ་ནས་དེ་དག་རང་ཉིད་ལས་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ཕྱིར་གང་གི་མཐུ་ཡིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་རང་
ལས་ཚད་མ་ཉིད་མ་ཡིན་ན། དེ་ལྟ་ན་ཤེས་པས་ཐམས་ཅད་ཚད་མར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ཀུན་ལ་སྤྱིར་བཏང་བས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིར་བཏང་བ་ནི་སྤྱིར་བརྗོད་པ་སྟེ། དེ་ལ་ཡོད་པས་སྤྱིར་བཏང་བ་ཅན་ནོ། །གནོད་པ་སྟེ་དོན་རྣམ་པ་

གཞན་དུ་འཛིན་པ་དང་རྒྱུ་སུན་ཕྱུང་བའི་ཤེས་པ་ཡིན་པས་གནོད་པ་དང་རྒྱུ་སུན་ཕྱུང་བའི་ཤེས་པ་དག་གོ། །འོན་ཏེ་ཚད་མ་ནི་སྤྱིར་བཏང་བ་ཅན་དུ་གནས་པ་མ་ཡིན་ནམ་ཇི་ལྟར་སེལ་བར་བྱེད། གལ་ཏེ་གནོད་པ་དང་རྒྱུ་སུན་ཕྱུང་བའི་ཤེས་པ་དག་གིས་ཚད་མ་ཡིན་པར་རྟོགས་པར་སྟོན་
པར་བྱེད་ན། དེ་ཡང་དེ་དག་གིས་དོན་རྟོགས་པར་བྱེད་པ་ན་གཞན་ལས་ཡིན་པར་འགྱུར་རོ། །འདི་ལྟར་འདོད་པ་ཁོ་ནའོ་ཞེ་ན། དེ་ལྟ་ན་ཚད་མ་ཉིད་དུ་འདི་ལ་ཡང་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར། འདི་ནི་གཞན་ལ་རག་ལས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གལ་ཏེ་ཚད་མ་མ་ཡིན་པ་ཚད་མ་ཡིན་པ་ལས་འགྱུར་ན་ཐུག་པ་མེད་པར་འགྱུར་ཞེ་ན། གང་གི་ཕྱིར་རིགས་མི་འདྲ་བ་ལས་ཚད་མ་མ་ཡིན་པར་འདོད་ལ། དེ་ཡང་རང་ཉིད་ལས་གནས་པའི་ཕྱིར་ཐུག་པ་མེད་པ་གང་ལས་ཡིན། འདི་ཉིད་སྟོན་པ་ནི། ཇི་ལྟར་ཚད་མ་གཞན་དག་
གིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་མི་མཐུན་པ་ནི་ཚད་མ་མ་ཡིན་ནོ། །འདི་ཡང་། རྩ་བ་བརྟན་པར་གནས་པ་ཉིད། །ཅེས་བྱ་བ་འདི་དང་སྦྱར་རོ། །གཞན་གྱི་རྒྱུ་ཅན་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པ་སྟེ། ཚད་མའི་མཚན་ཉིད་ཀྱི་གཞན་གྱི་རྒྱུ་གང་ལ་
ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །རྩ་བ་བརྟན་པར་གནས་པ་ཉིད། །ཅེས་བྱ་བ་ནི་བརྟན་པ་སྟེ། ཐུག་པ་མེད་པ་ལ་སོགས་པའི་སྐྱོན་གྱིས་མ་གཡོས་པའི་རྩ་བ་གནས་པ་གང་ལ་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ལ་དེའི་དངོས་པོ་ནི་དེ་ཉིད་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཡང་གནོད་
པར་བྱེད་པའི་ཤེས་པ་ལ་མ་ལྟོས་པའི་ཚད་མ་ཉིད་ཡིན་པ་དེ་ལྟ་ན་ཡང་གནོད་པ་མེད་པ་ཉིད་དུ་རྟོགས་པ་ཁོ་ནས་གཞན་ཚད་མ་མ་ཡིན་པ་ཉིད་དུ་བསྒྲུབ་པར་ནུས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་རེ་ཞིག་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེལ་
བར་བྱེད་ཅེས་པ་ནི་སྤོང་བ་སྟེ། ཚད་མ་ཉིད་ཡིན་པ་འགེགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་སྙམ་དུ་གནོད་པར་བྱེད་པའི་ཤེས་པ་ལ་ཡང་དང་པོའི་ཤེས་པ་བཞིན་དུ་གནོད་པར་བྱེད་པ་གཞན་སྲིད་པ་ཁོ་ན་སྟེ། གང་གིས་འདིའི་གནོད་བྱེད་མེད་པ་ཉིད་ངེས་པར་འགྱུར་

བ་ནི་ཇི་ལྟར་དེ་ལ་གནོད་པར་བྱེད་པ་གཞན་ལ་ལྟོས་པ་ལྡོག་པ་ཡིན་སྙམ་དུ་སེམས་ན། དེའི་ཕྱིར་དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང་ལ་ལར་ཞེས་བྱ་བའི་དོན་གཞན་དུ་ངེས་པར་འཛིན་པའི་མཚན་ཉིད་ཀྱི་གནོད་པར་བྱེད་པའི་ཤེས་པ་ལ་དོགས་པ་
སྐྱེ་བ་ཞེས་བྱ་བ་ནི་སྐྱེས་བུའོ། །སྔ་མ་དང་ཞེས་བྱ་བ་ནི་དང་པོའི་ཤེས་པ་དང་ངོ་། །དེ་ཡང་ཞེས་བྱ་བ་ནི་གནོད་པ་ལ་ལྟོས་པའོ། །ཉུང་ངུས་ཞེས་བྱ་བ་ནི་འབད་པ་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་ལྡོག་ཅེ་ན། གལ་ཏེ་འདི་ཡིས་གཞན་ཚོལ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གལ་ཏེ་ངེས་པར་དཔྱད་པས་གནོད་པར་བྱེད་པ་དེ་ལ་ཡང་གནོད་པར་བྱེད་པ་གཞན་སྐྱེ་བར་འགྱུར་བ་དེའི་ཚེ་བར་མ་གསུམ་པས་གནོད་པའི་ཕྱིར་དང་པོ་ཁོ་ན་ཚད་མར་འགྱུར་རོ། །ཅི་སྟེ་མི་སྐྱེ་ན་རྩ་བའི་རྒྱུ་མེད་པའི་ཕྱིར་དེའི་ཚེ་སྟོབས་དང་ལྡན་པ་འདི་གཉིས་པ་དེ་ཉིད་ཀྱིས་དང་པོ་ལ་
གནོད་པར་འགྱུར་བའི་ཕྱིར་དེས་དེའི་ཚད་མ་ཉིད་སེལ་བར་འགྱུར་བ་ཡིན་ནོ། །སྤོང་མི་བྱེད་ཅེས་བྱ་བ་ནི་འདའ་བར་མི་བྱེད་པའོ། །འདི་སུ་ཞིག་ཅེ་ན། སྐྱེས་བུ་ཞེས་བྱ་བ་ལྷག་མའོ། །ཅི་སྟེ་གང་གི་ཡོངས་སུ་རྟོགས་པར་བྱེད་པའི་ཤེས་པ་གསུམ་དུ་ངེས་པར་འགྱུར་བ་ཤེས་པ་གསུམ་
པ་ལ་ཡང་ཤེས་པ་གཉིས་པ་བཞིན་དུ་གནོད་པར་བྱེད་པ་ལ་ལྟོས་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར། དེ་ལྟར་གནོད་པ་མ་སྐྱེས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པར་བྱེད་པ་མ་སྐྱེས་པ་མ་བྱུང་བ་གང་ལ་ཡོད་པ་ནི་རྟོགས་པའོ། །ཅིའི་ཕྱིར་དོགས་
པར་མི་བྱ་ཞེ་ན། གནོད་པར་བྱེད་པ་ལས་སྐྱེས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམས་པ་ནི་འཇིག་པ་སྟེ། དེ་ཁོ་ན་ཉིད་ལས་ཉམས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ཡིད་ཆེས་པའི་ཚིག་གིས་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ནོར་
ལྷའི་བུ་ཞེས་བྱ་བ་ནི་ཁྱབ་འཇུག་གིས་སོ། །ཀུན་ཏི་ལས་སྐྱེས་པ་ནི་ཀུན་ཏིའི་བུ་སྟེ་སྲིད་སྒྲུབ་པོ། །དེ་ལྟ་ན་གལ་ཏེ་དང་པོའི་ཤེས་པ་ལ་ཡང་གནོད་པའི་དོགས་པར་མི་འགྱུར་ཏེ། དེ་ལྟ་ཡིན་དང་ཤེས་པ་ཐམས་ཅད་ཀྱང་ཚད་མར་ཐལ་བར་འགྱུར་རོ་ཞེས་དོགས་པ་ལ། དེས་ན་

གང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཇི་སྲིད་དུ་གནོད་པ་དེ་སྲིད་དུ་གནོད་པ་དཔྱོད་པ་མ་སྐྱེས་པ་ན་ཡང་དེའི་བདག་ཉིད་ལ་སྟེ། བློ་དེ་ལ་དེ་མེད་དོ་ཞེས་རྟོགས་སོ་ཞེས་ཁོང་ནས་དབྱུང་ངོ་། །གང་དུ་གནོད་པ་ཇི་ཙམ་ཞིག་སྲིད་ཅེས་བྱ་བ་འདི་བསྟན་པའི་ཕྱིར། ཡུལ་དུས་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། ཡུལ་དང་དུས་དང་སྐྱེས་བུ་དང་གནས་སྐབས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་དག་གི་ཐ་དད་པ་ཞེས་བསྡུའོ། །ཡུལ་ལ་སོགས་པའི་ཐ་དད་པ་འདི་ཡང་འགའ་ཞིག་ལ་འགའ་ཞིག་གནོད་པར་བྱེད་པ་ཡིན་གྱི། ཐམས་ཅད་ཐམས་ཅད་ལ་ནི་མ་ཡིན་ནོ། །
ཐམས་ཅད་ཐམས་ཅད་ཀྱི་དོགས་པ་མེད་དོ་ཞེས་བསྟན་པའི་ཕྱིར། ཡུལ་ཐག་རིང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལ་ལར་ཞེས་བྱ་བ་ནི་སྨིག་རྒྱུ་ལ་སོགས་པའོ། །གཞན་དུ་དོགས་ཞེས་བྱ་བ་ནི་གཞན་དུ་ཆུ་ལ་སོགས་པ་དོགས་པའོ། །དྲུང་དུ་ཕྱིན་པ་ཙམ་ཞེས་བྱ་བ་ནི་
གནོད་པའི་མཚམས་ཞེས་བྱ་བ་དང་སྦྱར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གང་ལ་ཡུལ་ཐག་རིང་བ་ཉིད་འཁྲུལ་པའི་རྒྱུ་མཚན་ཡིན་པ་དེར་ནི་གནོད་པར་བྱེད་པ་ཡོད་པ་དང་མེད་པ་ངེས་པར་བྱ་བའི་ཕྱིར་དྲུང་དུ་འགྲོ་བ་ཙམ་ཉིད་ལ་ལྟོས་པར་བྱ་བ་ཡིན་གྱི། དེ་ལ་དུས་ལ་སོགས་
པ་ལ་ལྟོས་པར་མི་བྱ་སྟེ། དེ་ལ་དེ་འཁྲུལ་པའི་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །འདིར་དཔེར་བརྗོད་པ་འཆད་པ་ནི། སྨིག་རྒྱུ་ལ་སོགས་བློ་བཞིན་ནོ། །ཞེས་བྱ་བ་སྟེ། སྨིག་རྒྱུ་ལ་སོགས་པའི་བློ་ནི་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཁྲུལ་པའོ། །སོགས་པའི་སྒྲས་ཆུང་ངུ་ལ་ཆེན་པོ་
ཉིད་ཀྱི་བློ་དང་། དཔེར་ན་ཐག་རིང་པོའི་མྱ་ངམ་ཆེན་པོ་ལ་ཆུང་ངུའི་བློ་སྟེ། དེ་ལྟ་བུ་ལ་སོགས་པ་གཟུང་བར་བྱའོ། །དེ་ཡང་དྲུང་དུ་ཕྱིན་པ་རྣམས་ལ་དུས་ལ་སོགས་པ་ལ་ལྟོས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དུས་ལ་སོགས་པ་ལ་ཡང་གང་ལ་འཁྲུལ་པའི་རྒྱུ་མཚན་སྲིད་པ་གང་
ཡིན་པ་དེ་ཉིད་ལ་ལྟོས་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འདི་དཔེའི་སྒོ་ནས་སྟོན་ཏེ། དེ་ལ་དུས་ཀྱི་ཁྱད་པར་གྱི་དབང་དུ་བྱས་ནས། དེ་ལྟར་དམག་གི་དུས་དག་ཏུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གང་ལ་དམག་དང་འབྲེལ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །

སྐྱེས་བུའི་ཁྱད་པར་གྱི་དབང་དུ་བྱས་ནས་དེ་བཞིན་ཟླ་བ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་རིབ་ཅན་ལ་སོགས་པ་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ལ་སྐྱེས་བུ་གཞན་ལ་དྲིས་པ་ཉིད་ལས་རྣམ་པ་གཞན་ཁོ་ནར་ངེས་ཀྱི་དེ་ལ་དུས་ལ་སོགས་པ་ལ་ལྟོས་པ་
ནི་ཡོད་པ་མ་ཡིན་ནོ། །གནས་སྐབས་ཐ་དད་པའི་དབང་དུ་བྱས་ནས། ཆགས་སྡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་གནས་སྐབས་མེད་པའི་ཕྱིར་རོ། །བུ་ལོན་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཀྱང་
རྟག་པ་བྱེད་པ་ཤེས་པ་གསུམ་ཁོ་ན་ལ་ལྟོས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །གཞན་ཡང་གལ་ཏེ་མངོན་སུམ་ལ་སོགས་པ་གཞན་ལས་ཚད་མར་གྲུབ་ཀྱི་སྒྲ་ལས་བྱུང་བ་མ་ཡིན་པ་དེ་ལྟ་ན་ཡང་ཁོ་བོ་ཅག་གི་ཕྱོགས་གྲུབ་པ་ཁོ་ན་སྟེ། འདི་ལྟར་རྩོམ་པ་ཐམས་ཅད་ཀྱི་འབྲས་བུ་
ནི་སྐུལ་བར་བྱེད་པ་ཚད་མ་ཉིད་དུ་བསྟན་པ་ཡིན་ལ། སྒྲ་ལས་བྱུང་བའི་ཚད་མ་ཡང་རང་ལས་ཚད་མར་གྲུབ་པ་ན་སྐུལ་བར་བྱེད་པ་ཚད་མ་ཉིད་དུ་གྲུབ་པའི་ཕྱིར་ཁོ་བོ་ཅག་གཞན་ལ་ཚད་མ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་ཁོ་བོ་ཅག་གི་འབད་པས་ཅི་ཞིག་བྱ་སྙམ་དུ་སེམས་ན། སྒྲ་ལས་
བྱུང་བའི་ཚད་མ་རང་ལས་ཚད་མ་ཉིད་དུ་བསྟན་པའི་ཕྱིར། ཉན་པ་བརྗོད་པ་པོ་དག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ལས་བྱུང་བའི་ཤེས་པའི་ཚད་མ་ནི་རྣམ་པ་གཉིས་ཏེ། རྟག་པའི་ངག་གིས་བསྐྱེད་པ་དང་། ཡིད་ལ་གནས་པའི་ངག་གི་རྒྱུ་ལ་ཡོད་པའོ། །དེ་ལ་
རྣམ་པ་གཉིས་པོ་འདི་ལ་རྒྱུ་སུན་མ་ཕྱུང་བ་ཉིད་སྟོན་པ་ཡིན་ཏེ། རེ་ཞིག་རྟག་པའི་ངག་གང་ཡིན་པ་དེ་ལ་ཉན་པ་པོ་དང་སྨྲ་བ་པོས་བྱས་པའི་ཉེས་པ་སྲིད་པ་མ་ཡིན་ཏེ། རྟག་ཏུ་རིག་པའི་བླ་མ་དག་གིས་དེ་འདོན་དུ་བཅུག་པ་པོ་རྣམས་དང་འདོན་པ་པོ་རྣམས་ཀྱིས་བསྐྱངས་པའི་ཕྱིར་རོ། །གང་ཡང་
ཡིད་ཆེས་པས་སྨྲས་པ་དེ་ལ་ཡང་བརྩེ་བ་ལ་སོགས་པའི་ཡོན་ཏན་དག་གི་ཉེས་པ་རྣམས་བཀག་པའི་ཕྱིར་རོ། །རྣམ་པ་གཞན་གྱིས་ཀྱང་ངག་རྟག་པ་ཉིད་སུན་མ་ཕྱུང་བ་ཉིད་དུ་བསྟན་པའི་ཕྱིར། ཡང་ན་བྱེད་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་ནི་འདོད་ཆགས་ལ་སོགས་

པ་སྟེ། སྐྱེས་བུའི་ཆོས་ཡིན་པའི་ཕྱིར་བྱེད་པ་པོ་ཉིད་ལ་བརྟེན་ཏེ། དེ་དག་ཇི་ལྟར་བརྟེན་པ་པོ་ལོག་པ་ན་སྐྱེས་བུས་མ་བྱས་པའི་ངག་དག་ལས་གནས་པར་འགྱུར་ཏེ། དེ་ལ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བརྟེན་པའི་ཆོས་ནི་འདི་ཡིན་ཏེ། རྟེན་གྱི་རྗེས་སུ་བྱེད་པ་གང་
ཡིན་པའོ། །འོན་ཏེ་ཡོན་ཏན་དག་གི་ཉེས་པ་རྣམས་བསལ་བའི་ཕྱིར་ཡིད་ཆེས་པའི་ཚིག་ཚད་མ་ཉིད་དུ་ཁས་ལེན་ན་ཡོན་ཏན་དག་ལས་ཚད་མ་ཉིད་ཡིན་པར་ཁས་བླངས་པར་འགྱུར་རོ། །དེ་ལྟ་ཡིན་དང་འདི་ལ་ཡང་ཐུག་པ་མེད་པར་འགྱུར་རོ་ཞེས་དོགས་པ་ལ། དེ་ལ་སྐྱོན་མེད་
ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོན་མེད་པ་དང་ཡོན་ཏན་གྱི་བདག་ཉིད་ཀྱི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་བསྟན་ཞེས་བྱ་བ་ནི། གལ་ཏེ་དེ་ལྟར་མངོན་སུམ་སོགས། །ཚད་མ་ཡོན་ཏན་ལ་རག་ལས། །ཞེས་བྱ་བ་ལ་སོགས་པས་སོ། །དེ་
བསལ་ཞེས་བྱ་བ་ནི་ཡོན་ཏན་བསལ་བའོ། །ཉེས་པ་མེད་པ་མཚོན་པའི་ཞེས་བྱ་བ་ཉེས་པ་དང་བྲལ་བའོ། །ཡོན་ཏན་རྣམས་ཀྱི་བྱ་བ་ནི་ཉེས་པ་དགག་པ་ཙམ་ཡིན་གྱི་ཚད་མ་བྱེད་པ་ལ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་ཉེས་པ་མེད་པར་ངེས་པ་ལ་ཚད་མ་ཉིད་དུ་ཁས་
ལེན་ན་ཡང་ཐུག་པ་མེད་པ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་དོགས་པ་བསུ་བའི་ཕྱིར། ཡོན་ཏན་དག་ལས་ཉེས་མེད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཉེས་པ་མེད་པ་ནི་ཡོན་ཏན་ཡོངས་སུ་ཤེས་པས་ངེས་པ་ཡིན་ལ། ཡོན་ཏན་ཡོངས་སུ་ཤེས་པ་ཡང་སླར་
ཡང་ཉེས་པ་མེད་པས་ཚད་མ་ཉིད་དུ་ངེས་ལ། དེ་ལ་ཡང་ཉེས་པ་མེད་པ་ནི་ཡོན་ཏན་དག་ལ་ཡོངས་སུ་ཤེས