Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 189
Văn bản gốc(Tây Tạng)
Trang 15 / 22 (50.000 ký tự/trang)
་པ་ཉེ་བར་དམིགས་པ་ལས་འབྲས་བུ་ཡོད་པར་ཉེ་བར་དམིགས་པ་འགྲུབ་བོ། །ཉེ་བར་དམིགས་པའི་རྐྱེན་གཞན་མ་ཚང་ན་ནི་མི་སྐྱེ་བར་ཉེ་བར་དམིགས་པའི་ངོ་བོ་ཡོད་པ་དེའི་ཡུལ་ཉེ་བ་ཡིན་དུ་ཟིན་ཀྱང་དམིགས་པའི་རིག་བྱར་མ་གྱུར་པས་མེ་ལ་སོགས་པའི་ཚོགས་པ་ཉེ་བར་ གྱུར་པ་ལས་སྔོན་དུ་ཉེ་བར་དམིགས་པ་ནི་མེད་དོ། །དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་མེ་ལ་སོགས་པའི་ཚོགས་པ་ཉེ་བ་སྐྱེ་བ་ལས་སྔར་གཞན་ནས་འོངས་པའམ་དེ་ཡུལ་དང་དུས་ཉེ་བས་རྩིག་པ་དང་རེ་ལྡེ་ལ་སོགས་པ་ལ་དེ་སྐྱེ་བའམ་དེའི་ཡུལ་ན་ཡོད་པ་ཡིན་ཞེས་བྱ་བ་རྣམ་པ་ གསུམ་གསལ་བ་ཡིན་ནོ། །རྣམ་པ་འདི་རྣམས་ཀྱིས་དེ་མ་ཡིན་པའི་འབྲས་བུ་འགྱུར་ན་ནི་འགྱུར་རོ། །དེའི་ཕྱིར་མི་དམིགས་པས་དེ་མ་ཡིན་པའི་འབྲས་བུའི་དོགས་པ་བསལ་ནས་དེ་ཡོད་ན་ཡོད་པར་མངོན་སུམ་གྱིས་བཟུང་བའི་རྒྱུ་མཚན་གྱིས་རྒྱུ་དང་འབྲས་བུའི་འབྲེལ་པ་ཐེ་ཚོམ་མེད་པར་གྲུབ་ པོ། །གལ་ཏེ་མེ་དང་བུད་ཤིང་ལ་སོགས་པའི་དངོས་པོ་ངེས་པ་ཉེ་བ་ན་མི་སྣང་བའི་བདག་ཉིད་འགའ་ཞིག་ལས་དུ་བ་འབྱུང་བར་འགྱུར་རོ་ཞེས་དོགས་པ་ལ། མེ་དང་བུད་ཤིང་ལ་སོགས་པ་ཐ་དད་པས་རྗེས་སུ་བྱེད་པའི་དུ་བ་ནི་ཙན་དན་དང་ག་པུར་དང་། ཨ་ཀ་རུ་དང་། སྐྲ་དང་བལ་ལ་སོགས་ པའི་བུད་ཤིང་ཐ་དད་པ་དེའི་རྗེས་སུ་མཐུན་པའི་ངོ་བོ་ཐ་དད་པ་འདི་མཐོང་བའི་ཕྱིར་དང་། བུད་ཤིང་གི་འགྱུར་བ་ཆེ་བ་དང་ཆུང་བའི་བྱེད་པས་མེ་དེ་དང་རྗེས་སུ་མཐུན་པ་དང་མེ་དང་བུད་ཤིང་ལ་སོགས་པ་ཉེ་བ་མི་སྣང་བའི་བདག་ཏུ་ངེས་པ་ཉེ་བ་ལས་མི་རིགས་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་པ་ ཉིད་ནི་རྒྱུ་འམ་འབྲས་བུའི་དངོས་པོ་ལས་ཡིན་ནོ། །དེའི་འབྲས་བུ་ཡིན་ན་མེ་དང་བུད་ཤིང་ཕྲད་པས་རྒྱུན་མི་འཆད་པར་དུ་བ་སྐྱེ་བར་མི་འགྱུར་རོ། །དེ་ཡོད་ན་ཡོད་པའི་རྗེས་སུ་བྱེད་པ་འདི་ཡང་འབྲས་བུ་ཉིད་ཡིན་ན། དེ་ཡང་དུ་བ་ལ་ཡང་མཚུངས་སོ། །བུད་ཤིང་ལ་སོགས་ པ་མི་སྣང་བའི་བདག་ཉིད་ནི་རྒྱུ་མ་ཡིན་ཏེ་བུད་ཤིང་ལ་སོགས་པ་རང་གི་རྒྱུ་ཤིང་ལ་སོགས་པ་ལས་འབྱུང་བ་མཐོང་བའི་ཕྱིར་དེ་ལ་ཡང་དེ་བཞིན་དུ་དངོས་པོ་རྟོགས་ན་དེ་ཉིད་ཀྱི་ལན་བརྗོད་པར་བྱའོ། །ཡང་རྩོད་ན་ཡང་དེ་ཁོ་ན་ལ་ལན་ཡིན་པས་ཐུག་པ་མེད་པར་འགྱུར་རོ། །འདིས་ཚོགས་པ་གཅིག་ལ་ རག་ལས་པ་ཡང་བསལ་བ་ཡིན་ནོ། །དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དུ་བ་ཉིད་ཀྱི་རྒྱུ་བརྟག་པར་བྱའོ། །གལ་ཏེ་དེ་ཡང་མེ་དང་མཚུངས་པར་དེ་ཡང་རྒྱུ་ཡོད་པ་ཡིན་ནོ་ཞེ་ན། མེ་ལ་སོགས་པ་ཡོད་ན་གདོན་མི་ཟ་བར་ཡོད་པ་ལ་གཞན་ཡང་རྒྱུ་ཉིད་དུ་བརྟག་པར་མི་བྱ་སྟེ་རྒྱུ་མཚན་མེད་ པའི་ཕྱིར་རོ། །འབྲས་བུ་ལ་ཐ་དད་པའི་རྒྱུ་མཚན་གྱིས་རྒྱུའི་དངོས་པོར་བརྟག་ན། ཇི་ལྟར་མེ་དང་བུད་ཤིང་ལ་སོགས་པའམ་གཞན་གང་ཡང་རུང་བ་ཡོད་ན་ཡོད་པའམ་གཞན་ཡང་དེ་ཡོད་པར་ངེས་པའི་ཉེ་བའི་རྒྱུ་ལས་ཡིན་ན་དེ་ཙམ་གྱིས་ནི་མེ་ལ་སོགས་པའི་རྒྱུ་ཉམས་པ་ནི་མ་ཡིན་ནོ། །གང་ ལས་དུ་བ་ལ་སོགས་པ་མཐོང་བའི་ཕྱིར་ངེས་པས་དེ་ལ་འཇུག་ན་དེ་ནི་སླུ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་སྐྱེ་བ་ཉིད་ཀྱང་འགྲོ་བ་སྣ་ཚོགས་སུ་མཐོང་བའི་རྒྱུ་ཉམས་པ་ནི་མ་ཡིན་ནོ། །དེའི་འབྲས་བུ་མཐོང་བའི་ཕྱིར་འཇུག་པར་འགྱུར་བ་ན་དེ་མ་ཡིན་པ་ཐོབ་པ་ མེད་པའི་ཕྱིར་རོ། །ཞར་ལ་འོངས་པས་ཆོག་གོ། །ཅི་ཡང་འདིར་རྒྱུ་དང་འབྲས་བུའི་དངོས་པོ་ལ་མི་དམིགས་པ་དང་ལྷན་ཅིག་པའི་མངོན་སུམ་གྱི་རྒྱུ་མཚན་གྱི་ངོ་བོ་ཡིན་ཞེ་ན་དེ་ཡོད་ན་ནི་ཡོད་ལ་མེད་ན་ནི་མེད་པས་ཞེས་བྱ་བ་སྨོས་ཏེ། རྒྱུར་མངོན་པར་འདོད་པ་གང་ཡིན་པ་དེ་ཁོ་ན་ཡོད་ལ་འབྲས་ བུར་མངོན་པར་འདོད་པ་ཡོད་པ་ཁོ་ན་དང་། དེ་མེད་པ་ནི་རྒྱུར་མངོན་པར་འདོད་པ་དེ་མེད་ན་མེད་པ་ཉིད་ནི་འབྲས་བུར་མངོན་པར་འདོད་པ་མེད་པའོ། །དེ་ཉིད་རྒྱུ་དང་འབྲས་བུའི་ཡོད་པ་ལས་གཞན་མ་ཡིན་ནོ། །དེ་ནི་དེ་དག་ལས་གཞན་གྱི་རང་བཞིན་དུ་གྱུར་པ་རྒྱུ་དང་འབྲས་བུའི་ངོ་བོར་མ་རྟོགས་པ་ འམ། ཡང་ན་རང་བཞིན་དུ་གྱུར་པ་ཁོ་ནའི་རྒྱུ་དང་འབྲས་བུའི་བདག་ཉིད་ཡིན། གང་གི་ཚེ་དང་པོའི་ཕྱོགས་ཡིན་པ་དེའི་ཚེ་ཐམས་ཅད་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་ཏེ། རྒྱུའི་དངོས་པོ་ངེས་པ་མེད་པ་དེས་ན་ཐམས་ཅད་ཐམས་ཅད་ཀྱི་འབྲས་བུར་ཐལ་བར་འགྱུར་བ་དང་། རང་བཞིན་ གྱིས་དེའི་ངོ་བོ་ཡིན་ན་ནི་གཞན་དང་འབྲེལ་པ་ཡང་དེའི་ངོ་བོ་མ་ཡིན་ནོ། །དངོས་པོ་སོ་སོར་ངེས་པའི་ངོ་བོ་སྤངས་ནས་གཞན་དང་ལྡན་པ་ཡང་མ་ཡིན་ཏེ། ངོ་བོ་གཞན་ལ་མི་བརྟེན་པས་སོ། །གང་གིས་གཞན་དང་ལྡན་པ་དེ་དག་གིས་སྔ་མའི་ངོ་བོ་ནི་འཇིག་པ་ཡིན་ཏེ། འཇིག་པའི་རྒྱུ་ ནི་མི་རིགས་པར་ཕྱིས་བཤད་པར་བྱའོ། །སྔར་མེད་པ་ཡང་སྐྱེ་བ་མ་ཡིན་ཏེ། དེ་ལས་དོན་གཞན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་རྣམས་ལ་གྲུབ་པ་རྣམས་སྔར་མ་གྲུབ་པ་ཐ་མི་དད་པའི་རྒྱུ་ཅན་ནི་དེའི་རང་བཞིན་དུ་མི་རིགས་པའམ་ཐ་དད་པ་དང་ཐ་མི་དད་པ་འདི་དག་རྒྱུ་མེད་པར་འགྱུར་ རོ། །དངོས་པོ་རྣམས་ལ་གང་ཆོས་འགལ་བ་གནས་པ་དང་རྒྱུ་ཐ་དད་པས་སོ། །དེའི་ཕྱིར་རྒྱུ་མཚན་གཞན་མེད་པས་ཐ་དད་པ་མེད་པ་དེ་ལྟ་ན་སྣ་ཚོགས་པ་གཅིག་པར་འགྱུར་བ་ལ་སོགས་པ་ཐལ་བར་འགྱུར་རོ། །སོ་སོར་སྣང་བ་ཐ་དད་པ་ཡང་གཅིག་ལ་གཅིག་མེད་པའི་ངོ་བོས་ འགལ་བའི་ཆོས་གནས་པ་ལས་འདའ་བ་ནི་མེད་དོ། །དེའི་ཕྱིར་སྔ་མའི་དངོས་པོ་དེའི་གནས་སྐབས་ཁོ་ན་ཡིན་པའི་ཕྱིར་དེ་དག་གཞན་དང་ལྡན་པ་ཡང་རྒྱུ་དང་འབྲས་བུའི་ངོ་བོ་ཐོབ་པ་མེད་དོ། །ཡང་ན་ཕྱོགས་གཉིས་པ་ཡིན་པ་དེའི་ཚེ་རང་བཞིན་ཁོ་ནས་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་ དེའི་རང་བཞིན་གཞན་དོན་མེད་པ་ཇི་ལྟར་ཉམས་སུ་མྱོང་བར་མི་འགྱུར། རྒྱུ་དང་འབྲས་བུའི་བློ་ཡང་དེ་ཁོ་ན་ཡོད་པ་ཉིད་ཙམ་དང་རྗེས་སུ་འབྲེལ་པས། །དོན་གཞན་པའི་རྒྱུ་མཚན་དེ་ནི་དམིགས་པའི་རིག་བྱར་གྱུར་པ་ལས་རྒྱུ་དང་འབྲས་བུའི་ངོ་བོས་དབེན་པའི་ངོ་བོས་གཞན་མི་སྣང་བའི་ ཕྱིར་རོ། །རྣམ་པ་དེ་ལྟ་བུ་ཡང་བཟུང་ནས་བརྟག་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེའི་དོན་གཞན་པའི་རྒྱུ་དང་འབྲས་བུའི་བློའི་རྒྱུ་མཚན་ནི་མི་དམིགས་པའི་མཚན་ཉིད་དང་ལྡན་པས་ཇི་ལྟར་རང་ཡོད་པ་ཙམ་གྱིས་དེའི་བློ་འཇུག་པར་མི་འགྱུར་རྟག་ཏུ་ཉེ་བ་ཉིད་ཀྱིས་དེ་དག་འདིར་ཐམས་ ཅད་ཀྱི་ཚེ་སྐྱེ་བར་ཐལ་བར་འགྱུར་རོ། །བྱེ་བྲག་མ་བཟུང་བར་བྱེ་བྲག་ཏུ་བྱ་བ་ཡང་རང་ཉིད་བྱེ་བྲག་ཅན་དུ་ཤེས་པའི་རྒྱུ་མཚན་མི་རིགས་ཏེ། དེ་མི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་ནོ། །མཐོང་བ་ཡང་མི་རྟོགས་པར་མི་རིགས་ཏེ། རྒྱུ་དང་འབྲས་བུའི་བློ་ ལ་དེའི་རྒྱུ་མཚན་ཁས་བླངས་པའི་ཕྱིར་རོ། །གང་གི་རྒྱུ་མཚན་གྱིས་གཞན་ལ་དེའི་བློ་རྟེན་ཅིང་ངེས་པ་གང་ཡིན་པ་དེ་ནི་དེའི་ཉེ་བར་མཚོན་པར་མི་རིགས་པ་ཉིད་དེ་དབྱིག་པས་དབྱིག་པ་ཅན་ངེས་པར་བྱེད་པ་མེད་ན་ལྷ་སྦྱིན་དབྱུག་པ་ཅན་ཉེ་བར་མི་མཚོན་པ་བཞིན་ནོ། །རྒྱུ་དང་འབྲས་བུ་དག་ གི་འབྲེལ་པ་དོན་གཞན་པ་ནི་འཐད་པ་མ་ཡིན་ལ། འབྲེལ་པ་གཞན་བརྟགས་ན་ནི་ཐུག་པ་མེད་པར་ཐལ་བར་འགྱུར་བ་དང་། །རྒྱུ་དང་འབྲས་བུའི་ངོ་བོ་ཁས་བླངས་པ་ཡང་རྒྱུ་དང་འབྲས་བུ་དག་ལྷན་ཅིག་མི་འབྱུང་བར་དེ་ཡོད་པ་དང་། དེ་བས་ན་རྒྱུ་དང་འབྲས་བུ་དེ་ཉེ་བ་མ་ཡིན་པས་ཇི་ལྟར་ རྒྱུ་དང་འབྲས་བུའི་བློར་འགྱུར། འགགས་པ་དག་དེའི་ཤེས་པས་སྒྲོ་བཏགས་ནས་བརྟགས་པ་ལ་རྟོགས་པའི་ཡུལ་ཉིད་ཀྱི་རྒྱུ་དང་འབྲས་བུར་མངོན་པར་ཞེན་པ་ཡིན་ན་ནི་དངོས་པོའི་ཡུལ་ནི་མ་ཡིན་ནོ། །དེ་ཡང་ཁྱད་པར་ཅན་ཡོད་པ་དང་མེད་པའི་རྒྱུ་མཚན་ཁས་བླངས་པའི་ཕྱིར་ཅི་དོན་གཞན་ དུ་བརྟགས་ནས་རྟོགས་པའི་ཡུལ་དེར་མངོན་པར་ཞེན་པ་དེ་དོན་མེད་དོ། །རྒྱུ་དང་འབྲས་བུ་ཅིག་ཅར་མ་ཡིན་ཏེ། ལྷན་ཅིག་ཏུ་འདི་དག་སྐྱེ་བ་མེད་དོ། །སོ་སོར་སྐྱེ་ན་ཡང་ཇི་ལྟར་རྒྱུ་དང་འབྲས་བུའི་ངོ་བོ་ཡིན། གང་གི་ཚེ་རྒྱུ་ལས་སྐྱེ་བ་དེའི་ཚེ་ཅི་རང་གི་འབྲས་བུ་ལྷན་ཅིག་སྐྱེའམ་ཡང་ ན་འབའ་ཞིག་ཡིན། འབའ་ཞིག་ཀྱང་ཅི་རང་གི་འབྲས་བུའི་སྔར་རམ་ཡང་ན་ཕྱིས་ཡིན། གལ་ཏེ་རང་གི་འབྲས་བུ་དང་ལྷན་ཅིག་གཉི་ག་གཞན་ལས་ཡོད་པས་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་འབྲས་བུའི་འབྲེལ་པ་མེད་པ་ཉམས་པ་ཡིན་ནོ། །ཡང་ན་འབའ་ཞིག་རང་གི་འབྲས་བུ་ལས་ སྔར་དེ་སྐད་ཅིག་མ་རྒྱུ་ཡིན་པས་དེ་ཉིད་སྐྱེ་བར་འགྱུར་བ་ཉིད་ན་ཞིག་པའི་ཕྱིར་ཇི་ལྟར་འབྲས་བུ་བྱེད་པ་ཡིན། དེ་ཡང་ཡོད་ན་ཇི་ལྟར་རྒྱུ་འདི་ལ་ལྟོས་པ་ཡིན། དེ་མེད་པ་ལས་ཡིན་ན་ཇི་ལྟར་རྒྱུ་མ་ཡིན་པས་འབྲས་བུ་རྒྱུ་དང་འབྲེལ་པ་ལས་སྐྱེ་བ་ཡིན། ཡང་ན་རང་གི་འབྲས་བུ་བྱས་ཟིན་ནས་ཕྱིས་ སྐྱེ་ན་ནི་དེ་ཡང་འབྲས་བུའི་ཚེ་ཞིག་པའི་ཕྱིར་མེད་པ་དེ་དུས་ཕྱིས་འབྱུང་བའི་རྒྱུ་དང་འབྲས་བུའི་དངོས་པོ་སྐྱེད་པ་ག་ལ་ཡིན་དེའི་དངོས་པོ་ཡང་འབྲེལ་པ་བརྗོད་ན། རྒྱུ་དང་འབྲས་བུ་ནི་ལྷན་ཅིག་མི་འབྱུང་བའི་ཕྱིར་གཉིས་ལ་གནས་པར་ག་ལ་འགྱུར་དེ་མེད་ན་ཇི་ལྟར་འབྲེལ་པ་ཡིན། སྐད་ ཅིག་མ་མ་ཡིན་པ་ཉིད་ཀྱང་རྒྱུ་དང་འབྲས་བུ་དག་སྐྱེས་པ་ལས་སྔར་དེ་རྟེན་ལ་ཡོད་པ་མ་གཏོགས་པ་དག་ཕྱི་ནས་ཀྱང་རང་བཞིན་གཞན་ལ་འཇུག་པས་དེ་མ་ཡིན་པ་ལ་བརྟེན་པ་ཉིད་དང་རྟེན་མེད་པས་དེ་དངོས་པོའི་རྐྱེན་ནམ་རྒྱུ་མ་ཡིན་ནོ། །ཡང་ན་འདུ་བའི་རྒྱུ་མཚན་ཉིད་ཀྱིས་རྒྱུ་དང་འབྲས་ བུར་བརྗོད་པ་དང་ཤེས་པ་དག་ཡིན་དེའི་ཚེ་འདུ་བ་ཅན་གྱི་རྒྱུ་ཉིད་ཀྱི་འབྲས་བུ་ནི་འདུ་བ་ལས་རྒྱུ་ཉིད་དུ་འགྱུར། རྒྱུ་མཚན་དང་འདུ་བ་མེད་པའི་རྒྱུ་དང་མ་ཡིན་ཏེ། འབྲས་བུ་ནི་དེ་འདྲ་བའི་འབྲས་བུ་ཉིད་དེ། དེ་ཡང་ཐམས་ཅད་ལ་བྱེ་བྲག་མེད་པས་དངོས་པོ་ཐམས་ཅད་ཕན་ཚུན་རྒྱུ་དང་ འབྲས་བུའི་ངོ་བོར་འགྱུར་རོ། །སྔ་མ་དང་ཕྱི་མ་ཡོད་པ་དང་མེད་པའི་བྱེ་བྲག་གིས་དེ་ཡང་འདིར་དེ་ནི་འབྲེལ་བ་མེད་པར་མི་རིགས་པས་བོགས་དབྱུང་དུ་མེད་པ་ལ་དེ་མི་རིགས་སོ། །དེ་དག་ཉིད་དམ་དེའི་ཁྱད་པར་དག་དེའི་མཚན་ཉིད་ཡིན་ནོ་ཞེས་དགོངས་ནས་དེ་ཡོད་ན་ནི་ཡོད་ལ་དེ་མེད་ན་ ནི་མེད་པས་རྒྱུ་དང་འབྲས་བུའི་ངོ་བོ་ཞེས་བཤད་དོ། །དེ་ལྟར་རེ་ཞིག་མི་དམིགས་པ་དང་ལྷན་ཅིག་པའི་མངོན་སུམ་དག་གིས་རྒྱུ་དང་འབྲས་བུ་དག་ཡོད་ན་ཡོད་པའི་ཡུལ་ལ་རྒྱུ་དང་འབྲས་བུ་ཡོད་པ་ཡིན་ཏེ། དེ་ཡོད་ན་ནི་ཡོད་ལ་དེ་མེད་ན་ནི་མེད་པ་མཚན་ཉིད་སྒྲུབ་པར་བྱེད་པ་བཤད་དོ། ། རེས་འགའ་ཞིག་མི་དམིགས་པའམ་མངོན་སུམ་སྔོན་པས་རྒྱུ་དང་འབྲས་བུ་སྒྲུབ་པའི་ཕྱིར་དེའི་ཡུལ་རེ་ཞིག་བསྟན་པ་ནི། རྒྱུ་གཞན་རྣམས་ཡོད་ཀྱང་ཞེས་བྱ་བ་སྨོས་ཏེ། དུ་བ་ལ་སོགས་པའི་འབྲས་བུ་མེ་དང་བུད་ཤིང་ལ་སོགས་པའི་སྐྱེ་བོའི་ཚོགས་པ་ཅན་དག་ནི་ཚོགས་པ་ལས་ གཞན་མ་ཡིན་ཏེ། ཚོགས་པ་རྣམས་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །འབྲས་བུ་དེ་ལ་ལྟོས་པ་མ་ཡིན་ན་དངོས་པོ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་དང་འབྲེལ་པས་དེ་ལ་ལྟོས་པ་ཡིན་ནོ་ཞེ་ན། །འདིར་སུ་ཞིག་སྐྱེད་པར་བྱེད་པ་མ་ཡིན་ན་དོན་གཞན་དང་འབྲེལ་པས་ ཡིན། སྐྱེད་པར་བྱེད་ན་ཡང་ཚོགས་པའི་རང་གི་ངོ་བོ་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ཏེ། །འབྲས་བུ་གཅིག་བྱེད་པ་ལ་འདི་དག་ནུས་པ་མེད་དམ་གང་གིས་ན་གཞན་ཞིག་བསྟན་པར་བྱ། དེ་ལ་ཡང་གཞན་གྱི་ཚོགས་པ་དང་འབྲེལ་ལ་ལྟོས་པ་ཡིན་ན་ནི་ཐུག་པ་མེད་པར་ འགྱུར་རོ། །དེའི་ཕྱིར་ཚོགས་པ་ཁོ་ནས་སྐྱེད་པར་བྱེད་པ་དེ་དག་ཀྱང་རྒྱུ་རེ་རེ་ཐབས་ཀྱིས་འབྲས་བུ་ཐ་དད་པ་དེ་དཔག་པར་བྱའོ་སྙམ་ནས། རྒྱུ་གཞན་རྣམས་ཡོད་ཀྱང་ཞེས་བྱ་བ་སྨོས་ཏེ། ཚོགས་པ་ཅན་གྱི་ནང་དུ་གཏོགས་པའི་རྒྱུའི་སྐྱེད་པར་བྱེད་པ་རྣམས་ནི་སོ་སོར་དེ་དག་ཀྱང་སྐྱེད་པར་ བྱེད་པའི་ཕྱིར་འདི་སྐྱེད་པར་བྱེད་པ་མེད་པ་ཉིད་དུ་བཟུང་ནས། བརྗོད་པར་འདོད་པའི་མེད་པ་ལས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདིས་མི་དམིགས་པའི་ཡུལ་བཤད་དོ། །ཡང་ན་མངོན་སུམ་གྱི་འཇུག་པ་ནི་སྔར་བཤད་པའི་མི་དམིགས་པས་སྤངས་ནས་དེ་ཡོད་ན་ཡོད་པ་འཛིན་པ་ནི་སྲིད་པ་ཡིན་ ཏེ། དེ་བཞིན་དུ་འདིར་ཡང་དེ་ཡོད་ན་ཡོད་ལ་དེ་མེད་ན་ནི་མེད་པའི་རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་པ་ཅི་ཞིག་སྙམ་ན། མངོན་སུམ་དང་མི་དམིགས་པས་སྒྲུབ་པར་བྱེད་དོ་ཞེས་བྱ་བ་སྨོས་སོ། །མངོན་སུམ་སྔོན་དུ་སོང་བའི་མི་དམིགས་པ་དོན་གཞན་གྱིས་དབེན་པ་འཛིན་པར་བྱེད་པ་མངོན་ སུམ་གྱི་བདག་ཉིད་འདི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་མངོན་སུམ་དང་མི་དམིགས་པས་རྒྱུ་དང་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པ་ཡིན་གྱི་གང་མི་དམིགས་པ་ལ་ལྟོས་པ་དང་བཅས་པའི་མངོན་སུམ་གྱིས་བསྒྲུབ་པར་བྱའོ་ཞེས་སྔར་བཤད་དོ། །དེ་མི་དམིགས་པ་སྔོན་དུ་སོང་བའི་མངོན་སུམ་འདི་ སྒྲུབ་པར་བྱེད་པའི་ཕྱིར་མི་དམིགས་པ་དང་མངོན་སུམ་སྒྲུབ་པར་བྱེད་པར་བརྗོད་པར་བྱའོ། །རྒྱུ་དང་འབྲས་བུའི་དངོས་པོ་དེའི་རྗེས་སུ་འགྲོ་བ་ལྡོག་པ་གྲུབ་པར་ངེས་པ་དག་ཇི་སྐད་བཤད་པ་ནི་མངོན་སུམ་དང་མི་དམིགས་པ་དང་རྒྱུ་དང་འབྲས་བུའི་འབྲེལ་པ་ངེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འོ་ ན་ནི་འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་ཐམས་ཅད་དུ་འབྲས་བུ་འབྱུང་བ་ནི་རང་གི་རྒྱུ་ཡོད་པའི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བར་སྒྲུབ་པའི་སྐབས་ཡིན་ན་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་སྒྲུབ་པ་ཉིད་འདིར་བརྗོད་སྙམ་དུ་དོགས་པ་ལ། རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ རྒྱུ་མཚན་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་ངེས་པ་ནི་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་གཞན་མ་ཡིན་པའི་ཐབས་ཀྱིས་བསྒྲུབ་པར་བྱ་བ་བསྟན་པ་ནི་མཐོང་བ་ཙམ་གྱི་རྒྱུ་མཚན་གང་དག་འདོད་པ་དེའི་འདོད་པ་བསལ་བའི་ཕྱིར་འདི་བསྟན་པའི་ཕྱིར་བཤད་དོ། །རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཅེས་ བྱ་བ་སྨོས་ཏེ། །རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ནི་ཡོད་པའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །དོན་གཞན་པ་ནི་བསྒྲུབ་པར་བྱ་བ་ལས་ཐ་དད་པའོ། །གང་ཐ་མི་དད་པ་དེ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་འཇུག་པས་དེའི་བདག་ཉིད་དུ་ངེས་པ་ཁོ་ནའི་རྗེས་སུ་འགྲོ་བ་སྔར་བཤད་པའི་ཕྱིར་རོ། ། དོན་གཞན་སྨོས་པ་ནི་དེ་ནི་དོན་གཞན་པ་ཉིད་ལའང་དེ་ལྟར་འགྱུར་རོ། །ཇི་ལྟར་གང་ན་ལ་ལར་དུ་བ་ཡོད་པ་དེ་ལ་མེ་གདོན་མི་ཟ་བར་ངེས་པས་མེ་དེ་ལ་ཡོད་དོ་ཞེས་བྱ་བ་འདིས་གཟུགས་ཀྱི་རྗེས་སུ་འགྲོ་བ་ཡང་ཡིན་ཏེ། གང་རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་ཡང་རོ་དོན་གཞན་པ་གཟུགས་ལས་རྗེས་ སུ་འགྲོ་བ་ངེས་པ་དེ་ནི་ཚོགས་པ་གཅིག་ལ་རག་ལས་པས་དེའི་རང་གི་རྒྱུའི་སྒོ་ནས་མི་འཁྲུལ་པའི་ཕྱིར་ཉེས་པ་མེད་དོ། །ཡང་ན་གལ་ཏེ་མེའི་འབྲས་བུ་དུ་བ་ཡིན་པ་དེ་ལྟ་ན་ཡང་གང་ན་འདི་ཡོད་པ་དེ་ལ་གདོན་མི་ཟ་བར་མེ་ཡོད་པ་ཅིས་ན་ཡིན། གང་གི་རྒྱུ་དང་འབྲས་བུ་ཡོད་པར་གྲུབ་པའི་ རྒྱུ་མཚན་གྱི་རྗེས་སུ་འགྲོ་བ་བརྗོད་དོ་སྙམ་ན། མེ་ཡོད་ན་ཡོད་པ་ཁོ་ན་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །ཡོད་ན་ཡོད་པ་འབྲས་བུ་ཉིད་དུ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་ལ་ཡོད་ན་ཡོད་པ་ཉིད་ཇི་སྐད་བཤད་པ་ནི་རྗེས་སུ་འགྲོ་བ་ངེས་པ་ཡིན་ནོ། །གལ་ཏེ་ གང་ན་དུ་བ་ཡོད་པ་དེ་ལ་གདོན་མི་ཟ་བར་མེ་ཡོད་པར་མ་གྱུར་ལ་དེ་མེ་མེད་ཀྱང་ཡོད་པས་མེའི་ཡོད་པའི་དངོས་པོའི་མཚན་ཉིད་ཀྱི་རྒྱུ་དང་འབྲས་བུ་ཉམས་པར་འགྱུར་རོ། །ད་ནི་མི་དམིགས་པའི་འབྲེལ་པ་ངེས་པ་བསྟན་པའི་ཕྱིར། མི་དམིགས་པ་ཞེས་བྱ་བ་སྨོས་ཏེ། རང་བཞིན་དང་འབྲས་བུའི་ གཏན་ཚིགས་འབའ་ཞིག་གི་རྗེས་སུ་འགྲོ་བ་ངེས་པ་བཤད་པ་མ་ཡིན་གྱི་འོན་ཀྱང་མི་དམིགས་པའི་རྗེས་སུ་འགྲོ་བ་ངེས་པ་ཡང་བརྗོད་པར་བྱ་ན་འདིའི་ངོ་བོ་ཅི་ཞིག་ཡིན་ཅེ་ན། མེད་པའི་ཐ་སྙད་ཀྱི་ཞེས་བྱ་བ་སྨོས་ཏེ་བསྒྲུབ་པར་བྱ་བའི་ཆོས་སུ་རུང་བ་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དེ་མེད་པའི་ ཐ་སྙད་དུ་རུང་བར་མངོན་པར་འདོད་དོ། །དེ་ནི་དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པ་དེ་ནི་གཞན་མི་དམིགས་པའི་ངོ་བོའོ། །དེ་ཙམ་ནི་རྒྱུ་མཚན་ལ་མི་ལྟོས་པར་མེད་པའི་ཐ་སྙད་ལ་འཇུག་པའོ། །དེ་སྒྲུབ་པར་བྱེད་པ་ནི་རྗེས་སུ་འགྲོ་བ་ངེས་པར་གྲུབ་པའོ། ། ཡང་མེད་པའི་ཐ་སྙད་ཙམ་ལ་འཇུག་པར་འགྱུར་བ་ག་ལས་ཤེ་ན། རྒྱུ་མཚན་གཞན་མེད་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གང་མེད་པའི་ཐ་སྙད་ཀྱང་ཇི་སྐད་བཤད་པའི་མི་དམིགས་པ་ལས་ཐ་དད་པའི་བློ་དང་སྒྲ་དོན་བྱེད་ནུས་པས་སྟོང་པ་ལ་སོགས་པ་རྒྱུ་མཚན་མ་ཡིན་ནོ་ཞེས་ བྱ་བ་བསྒྲུབ་པ་དེའི་ཚེ་ཇི་སྐད་བཤད་པའི་མི་དམིགས་པ་ཙམ་གྱི་འཇུག་པས་གྲུབ་པ་མ་ཡིན་ཏེ། དེའི་ཚེ་མི་དམིགས་པའི་རྗེས་སུ་འགྲོ་བ་གྲུབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྒྱུ་མཚན་གཞན་ལ་ལྟོས་པར་དོགས་པ་ཡང་བདེན་ནོ། །ཇི་སྐད་བཤད་པའི་མི་དམིགས་པར་གདོན་མི་ཟ་ བར་མེད་པའི་ཐ་སྙད་མི་འགྱུར་ན་གང་ལས་རྗེས་སུ་འགྲོ་བ་ངེས་པ་ཡིན་སྙམ་ན། རྒྱུ་མཚན་གཞན་མེད་པ་ནི་རྩོད་པའི་རིགས་པར་རྒྱ་ཆེར་བཤད་པས་དེ་ཉིད་དུ་ངེས་པར་གཟུང་བར་བྱའོ། །ཡང་ན་ཡོད་པའི་ཐ་སྙད་ཀྱི་རྒྱུ་མཚན་དམིགས་པའི་རིག་བྱར་གྱུར་པ་ལས་ཡོད་པ་དེ་ནི་མེད་པའི་ཐ་ སྙད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རྒྱུ་མཚན་ནི་དེ་ལ་མི་དམིགས་པས་མེད་པ་ཉེ་བར་བསྟན་པའི་ཚད་མ་གང་ཡིན་པ་དེ་ཉིད་ཀྱིས་བཤད་དོ། །དེས་ན་ཡོད་པའི་དངོས་པོ་ནི་མི་སྲིད་པར་ངེས་པས་མི་དམིགས་པའི་རྗེས་སུ་འགྲོ་བ་ངེས་པའི་ལྡོག་པ་དཔྱད་པའི་ཚེ་བཤད་པར་བྱའོ། །དེ་ཉིད་ནི་ གཏན་ཚིགས་རྣམ་པ་གསུམ་པོའི་བདག་ཉིད་ཇི་ལྟ་བའི་ཚད་མ་བཤད་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པ་དེའི་བདག་ཉིད་འབྲེལ་པ་གྲུབ་པའི་ཕྱིར་དང་། འབྲས་བུའི་གཏན་ཚིགས་ནི་མངོན་སུམ་དང་མི་དམིགས་པ་ དག་གིས་རྒྱུ་དང་འབྲས་བུའི་དངོས་པོའི་རྒྱུ་མཚན་གྲུབ་པའི་ཕྱིར་རོ། །མི་དམིགས་པ་ལ་རྒྱུ་མཚན་གཞན་མེད་པས་སྒྲུབ་པར་བྱེད་པའི་ཚད་མས་དེ་མེད་པས་གཏན་ཚིགས་སུ་གྲུབ་པའི་ཕྱིར་རོ། །རེ་ཞིག་གཏན་ཚིགས་རྣམ་པ་གསུམ་ཡང་རང་རང་གི་ཚད་མས་ལྡོག་པ་ངེས་པའི་རྒྱུ་ མཚན་བསྟན་ཏོ། །ལྡོག་པ་ངེས་པ་ཡང་རྗེས་སུ་འགྲོ་བ་ངེས་པ་འབའ་ཞིག་མ་ཡིན་ཏེ། བདག་ཉིད་ཇི་ལྟ་བའི་ཚད་མ་དག་གི་རྒྱུ་མཚན་བཤད་ཀྱང་འབྲས་བུ་རང་བཞིན་གྱི་གཏན་ཚིགས་ཀྱི་ལྡོག་པ་ངེས་པ་ཡང་བདག་ཉིད་ཇི་ལྟ་བའི་ཚད་མའི་རྒྱུ་མཚན་བརྗོད་དོ། ། ཡང་ཅི་འདིར་བསྒྲུབ་པར་བྱ་བ་མེད་ན་མེད་པར་གྲུབ་པ་གང་དེའི་བདག་ཉིད་ཡིན་ནམ། བསྒྲུབ་པར་བྱ་བ་མེད་ན་མེད་པར་གྲུབ་པ་དེ་དག་ཚད་མ་གང་གིས་ཡིན་ཞེ་ན། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་ལས་འབྲས་བུའི་གཏན་ཚིགས་ནི་རྒྱུ་མི་དམིགས་པས་བསྒྲུབ་པར་བྱ་བ་མེད་ན་ མེད་པར་ངེས་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ནི་ཁྱབ་པར་བྱེད་པ་མི་དམིགས་པས་སོ། །ནམ་ཞིག་ན་མི་དམིགས་པ་དེ་སྒྲུབ་པར་འགྱུར། རྒྱུ་དང་འབྲས་བུ་དང་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་ངོ་བོར་གྲུབ་ནའོ། །མངོན་སུམ་དང་མི་དམིགས་པ་དག་གི་རྒྱུ་ དང་འབྲས་བུའི་ངོ་བོར་གྲུབ་པ་བདེན་ན་རྒྱུ་མི་དམིགས་པས་འབྲས་བུའི་གཏན་ཚིགས་ཀྱི་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མེད་པ་འགྲུབ་བོ། །བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་དེ་ཡོད་པའི་རྒྱུ་མཚན་འཇུག་པ་ན་གྲུབ་པས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་ གྲུབ་པ་ཡོད་ན། ཁྱབ་པར་བྱེད་པ་མི་དམིགས་པས་རང་བཞིན་གྱི་གཏན་ཚིགས་ཀྱི་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མེད་པ་འགྲུབ་བོ། །དེ་ནི་དེ་སྐད་དུ་བརྗོད་པས་གང་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ངེས་པ་ཉིད་ཀྱིས་གཉི་གའི་རྗེས་སུ་འགྲོ་བ་ དང་ལྡོག་པ་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་གཞན་དུ་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཅི་འདྲ་བ་དག་ཡིན་ཞེ་ན། ཇི་སྐད་བཤད་པའི་བལྟར་རུང་བའི་ཡུལ་གང་དག་ཡིན་པ་དེ་དག་ལའོ། །གང་གི་ཚེ་རྒྱུ་དང་ཁྱབ་པར་བྱེད་པ་དམིགས་པའི་རིག་བྱར་གྱུར་པ་ ལས་མི་དམིགས་པ་དེའི་ཚེ་མི་དམིགས་པ་དེའི་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ནམ་ཞིག་ན་དེ་དག་སྣང་དུ་རུང་བའི་ཡུལ་གྱི་བྱེ་བྲག་ལ་ལྟོས་པ་དང་བཅས་པ་ཡིན་ཞེ་ན། ཉེ་བར་བསྟན་པའི་ཡུལ་ལ་ཞེས་བྱ་བ་སྨོས་ཏེ། ཉེ་བར་བསྟན་པ་ནི་བརྗོད་ པའོ། །ཡུལ་ནི་ཆོས་མི་མཐུན་པའི་དཔེའི་གཞིའི་མཚན་ཉིད་གང་བསྒྲུབ་པར་བྱ་བའི་ཆོས་མེད་ན་མེད་པ་དེ་ཉེ་བར་བསྟན་པ་ནི་བྱ་བ་ཡིན་ནོ། །གལ་ཏེ་དེ་ལ་ཡང་སྣང་དུ་རུང་བའི་ཡུལ་ལ་ཅིའི་ཕྱིར་ལྟོས་ཤེ་ན། མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཞན་ དུ་ན་ནི་གལ་ཏེ་སྣང་དུ་རུང་བའི་ཡུལ་གྱི་བྱེ་བྲག་གི་མི་དམིགས་པ་ལ་མི་ལྟོས་པ་ནའོ། །གང་དམིགས་པའི་རིག་བྱར་མ་གྱུར་པའི་ཡུལ་གྱི་ཆོས་མི་མཐུན་པའི་དཔེ་བསྟན་པ་དེའི་ཚེ་དམིགས་པའི་རིག་བྱར་མ་གྱུར་པ་དེ་ནི་རྒྱུ་དང་ཁྱབ་པར་བྱེད་པ་ཡིན་ནོ་ཞེས་མི་དམིགས་པའི་མཚན་ཉིད་ཀྱིར་གྱུར་ པའི་རྒྱུའམ་ཁྱབ་པར་བྱེད་པ་ལ་ལར་བསྐལ་པའི་ཡུལ་རི་རབ་ལ་སོགས་པ་མེད་པར་མི་འགྲུབ་ན་ཅི་བསྒྲུབ་པར་བྱ་བ་མེད་པས་སྒྲུབ་པར་བྱེད་པ་མེད་པ་དག་ཇི་ལྟར་འགྲུབ་པར་འགྱུར་སྙམ་ན། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་དུ་གྲུབ་པས་འགྲུབ་པའི་ཕྱིར་རོ་སྙམ་དུ་དགོངས་སོ། ། འོན་ཏེ་ཡུལ་ཉེ་བར་མ་བསྟན་ཀྱང་མེད་པ་ཉེ་བར་བསྟན་པའི་མི་དམིགས་པ་སྣང་བའི་ཡུལ་གྱི་བྱེ་བྲག་ལ་ཅིས་ན་ལྟོས་པར་བྱ་བ་མ་ཡིན་ཞེ་ན། ཡུལ་ཉེ་བར་མ་བསྟན་པ་ཞེས་བྱ་བ་སྨོས་ཏེ། ཡུལ་ཉེ་བར་མ་བསྟན་པ་ནི་ཆོས་མི་མཐུན་པའི་དཔེའི་ངོ་བོའོ། །གང་ལ་བསྒྲུབ་པར་བྱ་བ་ མེད་པ་ལ་མེད་པ་བཤད་པས་དེའི་འབྲེལ་པ་ཙམ་གྲུབ་སྟེ་ཡོད་ན་སྣང་བའི་ཡུལ་གྱི་བྱེ་བྲག་མེད་ཀྱང་གང་གི་ཕྱིར་འགྲུབ་པ་དེའི་ཕྱིར་དེ་ལ་ཡུལ་ཉེ་བར་མ་བསྟན་པ་ནི་ལྡོག་པ་སྒྲུབ་པར་བྱེད་པའི་མི་དམིགས་པ་བལྟར་རུང་བའི་ཡུལ་གྱི་བྱེ་བྲག་ལ་ལྟོས་པ་མ་ཡིན་པ་ནི་ཡན་ལག་ཏུ་མི་བྱེད་དོ། ། དེ་ལྟ་ན་དོན་མཐའ་དག་ཡོངས་སུ་མ་བཟུང་བའི་སྤྱིར་བརྗོད་པ་ཡང་དང་གང་ལ་འབྲེལ་པའི་རང་བཞིན་དེའི་བདག་ཉིད་དམ་དེ་ལས་བྱུང་བ་དེ་དག་ནི་དེ་མེད་མེད་ན་གདོན་མི་ཟ་བར་མེད་པ་ཡིན་ཏེ། རང་བཞིན་དང་རྒྱུ་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་སྐད་དུ། རང་བཞིན་ལ་ཡང་མེད་མི་ འབྱུང་། །ཡོད་པ་ཙམ་དང་འབྲེལ་པ་ཡིན། །དེ་མེད་པར་ནི་རང་ཡོད་དག །མེད་འགྱུར་ཐ་དད་མེད་ཕྱིར་རོ། །དེ་བཞིན་དུ། མེ་ཡི་འབྲས་བུ་དུ་བ་སྟེ། །དུ་བ་ཆོས་ཀྱི་རྗེས་འཇུག་པ། །དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཅེས་བཤད་དོ། །དེ་དང་ དེ་ནི་སྣང་བའི་ཡུལ་ལ་ལྟོས་པར་བྱ་བ་ལ་ཕན་འདོགས་པར་མི་བྱེད་ན། །དེ་དག་ནི་ཅུང་ཟད་ཅིག་ཀྱང་མེད་དོ། །འབྲེལ་པ་ཙམ་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདིས་འབྲེལ་པའི་གཏན་ཚིགས་བརྗོད་པ་མ་ཡིན་ཏེ། འོན་ཀྱང་མཐོང་བ་ཙམ་ཉིད་ཀྱིས་ལྡོག་པ་བརྗོད་པ་མི་སྲིད་དོ་ཞེས་བསྟན་ཏོ། ། དེ་ལྟ་ན་འབྲེལ་པ་མེད་ཀྱང་གང་གི་ཚེ་བསྒྲུབ་པ་བྱ་བ་ཐམས་ཅད་སྤངས་པའི་དོན་མཐོང་བར་འགྱུར་བ་དེའི་ཚེ་དེ་རྣམ་པར་མི་དམིགས་པའི་སྒྲུབ་པར་བྱེད་པས་མེད་པར་གྲུབ་པོ་སྙམ་ནས་གཞོན་ནུ་མ་ལེན་གྱིས་དེ་ཡང་། ཡུལ་དེ་དག་ཏུ་བགྲོད་སོང་ན། །དོན་གཞན་ཉེ་བར་མི་དམིགས་པ། །དེ་རྒྱུ་གཞན་ ནི་མེད་པའི་ཕྱིར། །མེད་པ་ཡིན་ཅེས་རྟོགས་པར་བྱ། །ཞེས་སྨྲས་ཏེ། ཡུལ་ལ་སོགས་པ་བསྐལ་པའི་མི་སྣང་བ་ཡོད་ཀྱང་དེ་ལ་གཏན་ཚིགས་མི་དམིགས་པ་ཙམ་སྲིད་པས་ཐེ་ཚོམ་ཟ་བ་ཡིན་ནོ། །འདིར་ནི་བསྒྲུབ་པར་བྱ་བ་མ་ལུས་པ་མེད་ན་ལྡོག་པའི་མཚན་ཉིད་ཡིན་ཏེ། རྣམ་པ་ དེ་ལྟ་བུ་ཉིད་གང་དང་གང་ལ་བསྒྲུབ་པར་བྱ་བ་མེད་པ་དེ་དང་དེ་ལ་སྒྲུབ་པར་བྱེད་པ་མེད་དོ་ཞེས་སླར་ཡང་ཚིག་དག་གིས་བརྗོད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ངེས་པ་ཡང་སྔར་འབྲེལ་པའི་རྒྱུ་མཚན་ཉིད་བརྗོད་དོ། །དེའི་ཕྱིར་དེས་ཀྱང་གཞན་དག་མཐོང་བ་ཙམ་གྱི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་བ་ གྲུབ་པར་འདོད་པས་མེད་པར་བརྗོད་པ་ཁོ་ནའོ། །དོན་ཐམས་ཅད་ཀྱི་གཏན་ཚིགས་སུ་འདོད་པ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པར་རྗེས་སུ་དཔོག་པར་བྱེད་པ་རྣམས་ཀྱིས་མཐོང་བར་མི་ནུས་པའི་ཕྱིར་རོ། །མ་ལུས་པའི་ཡུལ་དང་ཕྱོགས་ལ་སོགས་པའི་བསྒྲུབ་པར་བྱ་བའི་དོན་རྗེས་སུ་ འགྲོ་བ་ནི་གང་དང་གང་ལ་གཏན་ཚིགས་ཡོད་པ་དེ་དང་དེ་ལ་བསྒྲུབ་པར་བྱ་བ་ཡོད་དོ་ཞེས་མ་ལུས་པར་བསྟན་པའི་ཕྱིར་རོ། །ཡུལ་ལ་སོགས་པ་ཉུང་ཟད་ཅིག་ཏུ་བསྒྲུབ་པར་བྱ་བའི་ཆོས་དང་སྒྲུབ་པ་བྱེད་པའི་ཆོས་ལྷན་ཅིག་ཏུ་ཡང་དང་ཡང་ཁྱབ་པ་གྲུབ་པ་མཐོང་ཡང་འབྲེལ་པ་མེད་པ་ནི་ལ་ ལར་ཕལ་ཆེར་དེ་བཞིན་དུ་མཐོང་ཡང་སྲིད་པས་མི་སྲིད་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །མི་དམིགས་པའི་གཏན་ཚིགས་ཀྱི་དབང་དུ་བྱས་ནས་ད་ནི། མི་དམིགས་པའི་ལྡོག་པ་ངེས་པ་ཞེས་བྱ་བ་སྨོས་སོ། །བརྗོད་དོ་ཞེས་བྱ་བ་ལྷག་མའོ། །འདིའི་བདག་ཉིད་ ཅི་ཡིན་ཞེ་ན། དམིགས་པའི་རིག་བྱར་གྱུར་པ་ཞེས་བྱ་བ་སྨོས་ཏེ་ཡོད་པའོ། །མི་དམིགས་པ་ནི་ཤེས་པ་གཞན་གྱིས་སམ་བལྟར་རུང་བའི་རང་བཞིན་ནོ། །དེ་ནི་ཡོད་པའི་ཕྱིར་བསྒྲུབ་པར་བྱ་བ་མེད་པའི་ངོ་བོས་མི་དམིགས་པ་དེ་ཉེ་བར་དམིགས་པའི་བདག་ཉིད་ཀྱི་མེད་པའོ། ། དེ་གང་འཛིན་པ་ནི་མངོན་སུམ་མོ། །དེ་ཡོད་པའི་མཚན་ཉིད་དུ་དེ་བསྟན་པ་ནི་བསྟན་པར་བྱ་ཞིང་ཤེས་པར་བྱ་བ་འདིས་བསྟན་པ་ནི་ཉེ་བར་བསྟན་པ་ཅན་གྱི་ཚད་མས་དེའི་བདག་ཉིད་ཀྱི་མི་དམིགས་པའི་ལྡོག་པ་ངེས་པ་དང་དེའི་གཏན་ཚིགས་དེ་ནི་ཚད་མ་དེ་བཞིན་དུ་བརྗོད་དོ། །གལ་ཏེ་ཡོད་ ན་ནི་གཞན་ཉེ་བར་དམིགས་པའི་ཤེས་པ་ལ་སྣང་དུ་རུང་བའི་རང་བཞིན་དུ་འགྱུར་ཏེ། འོན་ཀྱང་ཉེ་བར་མི་དམིགས་ན་ཇི་ལྟར་འདི་སྣང་དུ་རུང་བའི་བདག་ཉིད་དུ་འགྱུར་གང་ཞིག་ཡོད་པ་གཞན་རྣམས་ཀྱང་དམིགས་པའི་རྐྱེན་དུ་ཡོད་པ་ནི་མངོན་སུམ་དུ་འགྱུར་བ་དེ་ཉིད་དུ་སྣང་དུ་རུང་བར་བཤད་ དོ། །དེས་ན་རྣམ་པ་དེ་ལྟ་བུ་ཉེ་བ་ལས་གདོན་མི་ཟ་བར་རྣམ་པ་དེ་ལྟ་བུའི་མངོན་སུམ་འཇུག་པར་འགྱུར་རོ། །གཞན་དུ་ན་རེས་འགའ་ཞིག་ཀྱང་མངོན་སུམ་གྱི་ཡུལ་དུ་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གང་དང་གང་ལ་རྒྱུ་མཚན་ཙམ་ཡོད་པ་དེ་དང་དེ་ལ་ངེས་པར་འགྱུར་ཏེ། དཔེར་ན་ས་བོན་ལ་སོགས་པ་ཚོགས་པ་ཙམ་གྱི་རྒྱུ་མཚན་གྱིས་མྱུ་གུ་བཞིན་ནོ། །ཡོད་པའི་དངོས་པོ་ཡང་ཇི་སྐད་བཤད་པའི་དམིགས་པའི་རིག་བྱར་གྱུར་པ་ཙམ་གྱི་རྒྱུ་མཚན་དང་ལྡན་པའི་ཕྱིར་རྣམ་པ་དེ་ལྟ་བུའི་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། ། ཚད་མ་འདིས་ནི་རང་བཞིན་མ་དམིགས་པའི་བསྒྲུབ་པར་བྱ་བ་མེད་ན་མེད་པའི་མཚན་ཉིད་ཀྱི་ལྡོག་པ་ངེས་པའོ། །འདི་ཡང་རྗེས་སུ་འགྲོ་བ་ངེས་པའི་རྒྱུ་མཚན་གྱི་ཚད་མ་འདིས་ཀྱང་མི་དམིགས་པ་ལ་རྒྱུ་མཚན་གཞན་མེད་པར་བསྟན་པའི་ཕྱིར་རོ། །རྒྱུ་དང་ཁྱབ་པར་བྱེད་པ་མི་ དམིགས་པ་རྗོད་པར་འདོད་པ་དག་འབྲེལ་པ་ཉིད་གྲུབ་པའི་ཐབས་ཁོ་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པའི་རྒྱུ་མཚན་ཡིན་ནོ། །དེ་ཡང་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཉེ་བར་བསྟན་པ་ཉིད་ཀྱིས་ཐ་དད་པར་མ་བརྗོད་དོ། །དེ་བཞིན་དུ་རྒྱུ་དང་ཁྱབ་པར་བྱེད་པ་དག་མེད་པས་ འབྲས་བུ་དང་ཁྱབ་པར་བྱ་བ་དག་མེད་པར་གདོན་མི་ཟ་བར་རྗེས་སུ་འགྲོའོ། །འབྲས་བུ་དང་ཁྱབ་པར་བྱ་བ་མེད་པ་ལས་ལྡོག་པའི་ཡོད་པ་དེ་ནི་ཡོད་པའི་མཚན་ཉིད་ལ་གདོན་མི་ཟ་བར་ལྡོག་པས་ཁྱབ་པར་བྱེད་པ་དང་རྒྱུ་དག་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འབྲས་བུ་དང་ ཁྱབ་པར་བྱ་བ་དག་རྒྱུ་མེད་པའམ་རང་བཞིན་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཅུང་ཟད་ཅིག་ཀྱང་ཐ་དད་པར་བརྗོད་པ་མེད་དོ། །གཞུང་འདི་ཙམ་གྱིས་ནི་ཕྱོགས་ཆོས་དེའི་ཆས་ཁྱབ་པའི་གཏན་ཚིགས་ཞེས་བྱ་བ་དེ་བཤད་པ་ཡིན་ནོ། །ད་ནི་རྣམ་གསུམ་ཉིད་ཅེས་བྱ་བ་དེ་བཤད་ པར་བྱ་སྟེ། མཚན་ཉིད་འདིས་ཞེས་བྱ་བ་སྨོས་ཏེ་ཕྱོགས་ལ་ཆོས་ཡོད་པ་དེའི་ཆས་ཁྱབ་པ་དེ་ནི་གཏན་ཚིགས་ཡིན་ནོ་ཞེས་དེའི་མཚན་ཉིད་གང་ཡིན་པ་དེ་ཉིད། གཏན་ཚིགས་དེ་ནི་རྣམ་གསུམ་སྟེ། །ཞེས་པའི་མཚན་ཉིད་དོ། །དེ་ཞེས་བཤད་པ་ནི་གཏན་ཚིགས་རྣམས་སོ། །རྣམ་གསུམ་སྟེ་ ཞེས་བྱ་བའི་འབྲེལ་པ་ནི་རྣམ་གསུམ་ཁོ་ནའོ། །གཏན་ཚིགས་དེ་རྣམས་ཀྱི་རང་རང་གི་མིང་གྲགས་པ་ནི། རང་བཞིན་དང་འབྲས་བུ་དང་མི་དམིགས་པའོ། །དང་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་བསྡུ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྫོགས་པར་བསྟན་པས་ངེས་པར་བཟུང་བའི་དོན་ཁོ་ནར་ གསལ་ལོ། །དཔེར་ན་སྒྲ་འགའ་ཞིག་ལ་མི་རྟག་པ་བསྒྲུབ་པར་བྱ་བ་ཡོད་པ་ལྟ་བུའོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་ཉེ་བར་བསྟན་པ་དང་མེ་དང་ལྡན་པར་ས་ཕྱོགས་ལ་བསྒྲུབ་པར་བྱ་བ་དུ་བ་ལྟ་བུའོ་ཞེས་བྱ་བ་འབྲས་བུའི་གཏན་ཚིགས་བསྟན་པ་དང་མེད་པ་ལ་ཞེས་བྱ་བ་ནི་མེད་པའི་ ཐ་སྙད་དོ། །དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པ་ཞེས་བྱ་བ་ནི་མི་དམིགས་པ་ཉེ་བར་བཀོད་པའོ། །ཅིའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་ཁོ་ན་ཡིན་ཞེས་དོགས་པ་ལ། གཏན་ཚིགས་རྣམ་པ་གསུམ་ལས་ཐ་དད་པའི་དོན་རྣམས་ཀྱི་གཏན་ཚིགས་ལྟར་སྣང་བ་དང་ གཏན་ཚིགས་འགལ་བས་ཁྱབ་པས་གཏན་ཚིགས་གསུམ་ཉིད་དུ་ངེས་པ་ཡིན་ཏེ་གཏན་ཚིགས་ལྟར་སྣང་བ་ཚད་མ་ཡིན་པ་དེ་ལས་ལྡོག་པ་སྟེ་ཉེ་བ་བསྟན་པ་ནི། འདི་ཁོ་ན་ཞེས་བྱ་བ་སྨོས་ཏེ། རང་བཞིན་དང་འབྲས་བུ་དང་མི་དམིགས་པར་བཤད་པའི་གཏན་ཚིགས་རྣམ་པ་གསུམ་མེད་ ན་མི་འབྱུང་བར་ངེས་པ་ཞེས་བྱའོ། །གཏན་ཚིགས་རྣམ་པ་གསུམ་གྱི་ལྡོག་པ་ནི་དེ་རྣམས་ཀྱི་དོན་ལ་མེད་ན་མི་འབྱུང་བས་གང་མེད་པ་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་མེད་ན་མི་འབྱུང་བ་མ་ཚང་བ་ཡིན་པའི་ཕྱིར་རང་བཞིན་དང་། འབྲས་བུ་དང་། མི་དམིགས་པ་ལས་ ཐ་དད་པ་ནི་གཏན་ཚིགས་ལྟར་སྣང་བ་སྟེ། གཞལ་བར་བྱ་བ་ལ་སོགས་པ་བཞིན་དུ་འགྱུར་རོ་ཞེ་ན། མེད་ན་མི་འབྱུང་བ་མེད་པས་གཏན་ཚིགས་རྣམ་པ་གསུམ་ལྡོག་པ་ཡིན་པའི་ཕྱིར་དེའི་བདག་ཉིད་དང་དེ་ལས་བྱུང་བ་མེད་ན་ཁྱབ་པ་མེད་དོ་ཞེས་བྱ་བ་ན་ཁྱབ་པར་བྱེད་པ་མི་དམིགས་པས་ རྟགས་སོ། །འོན་ཏེ་མེད་ན་མི་འབྱུང་བ་ཞེས་བྱ་བ་ཅི་ཞིག་སུ་ཞིག་གིས་ཡིན། འདི་ཇི་ལྟར་རྣམ་པ་གསུམ་དུ་ངེས་པར་བརྗོད་ཅེ་ན། ཇི་སྐད་བཤད་པ་ཞེས་བྱ་བ་སྨོས་ཏེ། ཁྱབ་པར་བྱེད་པའམ་དེའི་རྒྱུ་དེ་དག་ཡོད་པ་དེས་ན་གང་ལ་དེ་ཁྱབ་པར་བྱ་བ་དང་འབྲས་བུ་དག་ཉེ་བ་དེ་ལ་ཡོད་པ་ཉིད་དོ། ། གང་ལ་ཁྱབ་པར་བྱ་བ་དང་འབྲས་བུའི་རང་བཞིན་དེའི་རྒྱུ་ཡོད་པར་བསྟན་པའམ་ཁྱབ་པར་བྱེད་པ་ཉེ་བའི་ཆོས་ཅན་དེ་ཉིད་ལ་དེ་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཆོས་ཀྱི་ཁྱབ་པར་བཤད་པ་ནི་ཇི་སྐད་དུ་བཤད་པའི་མེད་ན་མི་འབྱུང་བ་ཡིན་ནོ། །སུའི་ཞེ་ན། ཕྱོགས་ ཀྱི་ཆོས་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཆོས་དེ་ཉིད་ཀྱི་ངོ་བོའི་མེད་ན་མི་འབྱུང་བ་གཏན་ཚིགས་རྣམ་པ་གསུམ་ཇི་སྐད་དུ་བཤད་པའོ། །གཏན་ཚིགས་ལས་དེ་གཞན་ལ་དེ་ལྡོག་པའི་དོན་གྱིས་ཡོད་པའོ། །འདིར་ཡང་རྣམ་པ་གསུམ་ཡོད་པ་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མེད་ན་མི་ འབྱུང་བའི་ཁྱབ་པ་དག་ཡོད་པའི་ཕྱིར་བྱས་པ་ཉིད་དང་མི་རྟག་པ་བཞིན་དུ་འདིས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཡོད་པ་དེ་ནི་ཁྱབ་པ་མཉམ་པས་གཅིག་ལ་ཅི་མི་འཁྲུལ་བ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་པོ་འདི་ཉིད་ལས་དེ་གཞན་པ་ལ་མེད་པའི་སྒོ་ནས་ངེས་པར་ བརྗོད་དོ། །དེས་ན་གཏན་ཚིགས་ལྟར་སྣང་དེ་ལས་གཞན་ཞེས་བྱ་བ་མེད་ན་མི་འབྱུང་བའི་ངེས་པའི་འཐད་པ་དང་ལྷན་ཅིག་ཏུ་དེའི་དོན་བཤད་དོ། །ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་ལས་གཞན་པ་ནི་མེད་ན་མི་འབྱུང་བ་མེད་པ་དེ་ལྟར་སྔར་བཤད་ཟིན་ཏོ། །ཡང་ན་གལ་ཏེ་རང་བཞིན་ལས་ གཞན་པའི་དོན་ནི་དོན་གཞན་འབྲས་བུ་ལས་ཀྱང་གཞན་རྒྱུའམ་གཉི་ག་མ་ཡིན་པ་དང་། མི་དམིགས་པ་ལས་གཞན་ཇི་སྐད་དུ་བཤད་པའི་མི་དམིགས་པ་ཙམ་འམ་ཉེ་བར་དམིགས་པའམ་དགག་པའམ་དེ་ལས་གཞན་པ་ཡང་འགལ་བའམ། མི་འགལ་བའོ། །དེ་ལ་དོན་གཞན་ ནི་བརྒྱ་ལ་དེ་མ་ཐག་པའི་འབྲས་བུ་ཡིན་ན་ནི་ཚུ་རོལ་མཐོང་བས་རྟོགས་པར་མི་ནུས་པའི་ཕྱིར་རྟགས་མ་ཡིན་ནོ། །འབྲས་བུ་མཐོང་ནས་ཐ་དད་པར་ངེས་པར་བྱེད་པ་ཡང་། བསྒྲུབ་པ་གྲུབ་པའི་དུས་ཕྱིས་འབྱུང་བའི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་རྟོགས་པ་དོན་མེད་དོ། །འབྲས་ བུ་དང་བར་དུ་ཆོད་པའི་རྒྱུ་རྣམས་ལས་ཀྱང་འབྲས་བུ་དེའི་རྟགས་མ་ཡིན་ཏེ། བར་དུ་ཆོད་པ་ལ་གེགས་བྱེད་པས་མ་ཚང་བས་སྲིད་པས་འཁྲུལ་པའི་ཕྱིར་རོ། །དེ་སྐད་དུ། ཚོགས་པའི་འབྲས་བུའི་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ཡང་། །མ་ངེས་པ་ནི་ཉིད་ཡིན་ཏེ། ། གགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་སོ། །རུང་བ་རྗེས་སུ་དཔག་པ་ནི་དོན་གཞན་པའི་རྟགས་མ་ཡིན་ནོ། །གཉི་ག་མ་ཡིན་པ་ཡང་འབྲེལ་པ་མེད་པས་གཏན་ཚིགས་སུ་མི་རུང་ངོ་། །ཇི་ལྟར་སྨིན་དྲུག་ཤར་བ་ལས་སྣར་མ་ཡོད་པར་རྣམ་པར་ཤེས་པ་ངེས་པ་ཡིན་ཞེ་ན། འོན་ཏེ་དེ་ ཡང་འབྲེལ་པ་མེད་པར་མི་རིགས་ཏེ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་སྐར་གྱི་འཁོར་ལོའི་འཕོང་བ་ནི་གཏན་ཚིགས་ཁོ་ན་ཡིན་ཏེ། དུས་ཀྱིས་བར་དུ་ཆོད་པར་འགའ་ཞིག་གིས་བརྟག་པར་བྱའོ། ། དཔེར་ན་འབྱུང་བ་འཁྲུག་པ་ལས་དུས་ཕྱིས་ཆར་འབྱུང་བ་བཞིན་དུ་གཏན་ཚིགས་ཀྱིས་རྒྱུའི་ཆོས་རྗེས་སུ་དཔོག་པར་འབྲས་བུའི་རྟགས་ལས་སྐྱེད་པར་བརྟག་པར་བྱའོ། །མི་དམིགས་པ་ཙམ་ཡང་ཐེ་ཚོམ་ཟ་བའི་གཏན་ཚིགས་ཏེ་ཚད་མ་ལྡོག་པས་ཀྱང་དོན་མེད་པར་མི་འགྲུབ་བོ། །ཉེ་ བར་དམིགས་པའི་དགག་པ་ཡང་ཇི་ལྟར་དངོས་པོ་མེད་པར་སྒྲུབ་པར་བྱེད་པ་ཡིན། ཉེ་བར་དམིགས་པ་མ་འཁྲུལ་པས་མེད་པར་མི་རིགས་སོ། །འགལ་བ་དམིགས་པ་ཡང་མི་མཐུན་པའི་དངོས་པོ་སྒྲུབ་པར་བྱེད་པ་ཡིན་ཏེ། འོན་ཀྱང་འགལ་བ་དེ་ཡོད་པ་ན་གཞན་ཉེ་བར་མི་དམིགས་པ་ཁོ་ ནས་གྲུབ་པའི་ཕྱིར་དེའི་སྒོ་ནས་མི་དམིགས་པ་ཉིད་སྦྱོར་བར་རིགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་དམིགས་སུ་ཡོད་པ་ལ་དགག་པ་མི་འགྲུབ་པོ། །འགལ་བ་མེད་པ་ཉེ་བར་དམིགས་པ་ཡང་དགག་པར་མ་ངེས་པ་ཡིན་ཏེ། འགལ་བ་མེད་པ་རྣམས་ནི་ལྷན་ཅིག་ཡོད་པ་ སྲིད་པས་སོ། །རྣམ་པ་གཞན་ཡང་མི་སྲིད་པས་མེད་ན་མི་འབྱུང་བ་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར་རོ། །ད་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཡོད་པའི་མཚན་ཉིད་ནི་དེ་ལ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་རྣམ་པ་གསུམ་ལས་རེ་ཞིག་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བརྗོད་དོ། ། བསྒྲུབ་པར་བྱ་བ་ལ་གང་གིས་དེ་སྒྲུབ་པར་བྱེད་པ་དེའི་ཆོས་དེའི་ངོ་བོ་ནི་དེའི་ངོ་བོ་དེ་ཉིད་ཀྱིས་སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་ཙམ་དང་དེའི་རྗེས་སུ་འགྲོ་བ་གང་ཡིན་པ་དེ་ཡོད་དེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་ཆ་ཤས་ལ་སྤྱི་ཉེ་བར་བཏགས་ནས་དེ་ལ་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །བསྒྲུབ་པར་ བྱ་བའི་ཆོས་ནི་མཉན་པར་བྱ་བ་ཡིན་པའི་ཕྱིར་དེ་ཉིད་རང་བཞིན་ཡིན་ནོ་ཞེས་རྟོགས་པར་བྱའོ། །ཇི་ལྟར་འདི་བསྒྲུབ་པར་བྱ་བའི་ཆོས་ཀྱི་རང་བཞིན་ཇི་སྙེད་པ་ཐ་མི་དད་པར་རྟོགས་པ་ཡིན་ཞེ་ན། ཕན་ཚུན་ཞེས་བྱ་བ་སྨོས་ཏེ། མེད་པ་དང་མི་རྟག་པ་མ་ཡིན་པ་ལ་སོགས་པ་ལས་ལྡོག་པའི་ གཏན་ཚིགས་སུ་གྱུར་པས་བསྒྲུབ་པར་བྱ་བའི་ཆོས་དང་སྒྲུབ་པར་བྱེད་པའི་ཆོས་དག་ཐ་དད་པ་དེ་ལ་ཡོད་ཀྱང་དངོས་པོ་ནི་དོན་དམ་པར་རྟགས་ཅན་གྱི་རང་བཞིན་ཁོ་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་རང་བཞིན་ཉིད་དོ། །དེ་ལྟ་ན་མེད་པ་ལས་ལྡོག་པ་གང་ཡིན་པ་དེ་ཉིད་སྐད་ཅིག་མ་ལ་སོགས་པ་དེ་ ཉིད་ཆོས་ཅན་གཅིག་ལ་ཐ་མི་དད་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་ཀྱང་དོན་དམ་པར་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་དངོས་སུ་ན་རྟགས་ཅན་གྱི་རང་བཞིན་གྱི་སྒྲུབ་པར་བྱེད་པའི་ཆོས་ཅིའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་ནི་བསྒྲུབ་པར་བྱ་བའི་ ཆོས་ཀྱིས་ཁྱད་པར་དུ་བྱ་བ་ཡིན། གང་གི་རང་བཞིན་གང་ཡིན་པ་དེ་ནི་ཇི་ལྟར་དེ་ཙམ་གྱི་རྗེས་སུ་འགྲོ་བ་ཡིན། རང་བཞིན་མ་ཡིན་པར་ཐལ་བར་འགྱུར་བས་དེའི་རང་བཞིན་ཡིན་ནོ་སྙམ་ནས་གང་གི་ཕྱིར། གཏན་ཚིགས་ཀྱི་རང་བཞིན་ཞེས་བྱ་བ་སྨོས་ཏེ། གང་གི་བསྒྲུབ་པར་བྱ་བའི་ཆོས་ དེ་ལ་གཏན་ཚིགས་ཀྱི་རང་བཞིན་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་རྗེས་སུ་འགྲོ་བ་ལས་འཁྲུལ་པ་མེད་པས་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་བ་དེ་ལ་འཁྲུལ་པ་མེད་པ་དང་འཁྲུལ་པ་སྲིད་ན་ནི་ཁྱད་པར་རྣམས་རིགས་སོ། །འདིར་ཡང་འཁྲུལ་པ་མི་སྲིད་པ་ཉིད་ཀྱི་ཕྱིར་ ཁྱབ་པར་མི་རིགས་པ་ཉིད་དོ་ཞེ་ན། དེ་ལྟར་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བྱེད་པ་དང་། གང་འདི་དག་བསྒྲུབ་པར་བྱ་བའི་ཆོས་དེ་ཙམ་གྱི་རྗེས་སུ་འགྲོ་བའི་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་བའི་ཁྱད་པར་ནི་གཞན་གྱི་འདོད་པ་ལ་ལྟོས་པ་ནི་རིགས་ པ་ཅན་ལ་སོགས་པའི་འདོད་པ་ལ་ལྟོས་པའོ། །དེ་ཉིད་ཕ་རོལ་པོའི་ལོག་པར་རྟོག་པ་བསྟན་པ་ནི། གཞན་ཞེས་བྱ་བ་སྨོས་ཏེ། རིགས་པ་ཅན་ལ་སོགས་པ་གང་དོན་གཞན་གྱི་རྒྱུ་མཚན་གྱིས་སྐྱེད་པར་བྱེད་པའི་དོན་གྱིས་དོན་གཞན་ལ་བསྣུན་པའི་རྫས་དང་ལྡན་པ་ལ་སོགས་པ་གང་ ཡིན་པ་དེའི་རྒྱུ་མཚན་ཡིན་ནོ། །དེ་ཉིད་འདི་ལྟར་བསྣུན་པས་རྫས་དང་ལྡན་པ་ཆ་ཤས་རྣམས་ལ་བྱ་བ་སྐྱེད་པ་ཡིན་ཏེ། དེ་རྣམས་ཀྱི་ཆ་ཤས་སུ་ཕྱེ་བས་ལྡན་པ་ཞིག་གོ། །དེ་ན་རྩོམ་པའི་འབྲས་བུའི་རྫས་ཞིག་པ་ཡིན་ནོ་ཞེས་སྨྲའོ། །དེ་ལྟར་ན་དོན་གཞན་ལ་ལྟོས་པའི་རྒྱུ་མཚན་ནི་བྱས་པ་ཉིད་ ལ་སོགས་པ་ཡོད་ཀྱང་དེ་མེད་པས་སོ། །དེ་མ་ཡིན་པ་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་བ་དེ་བྱིས་པ་ཉིད་ལ་སོགས་པ་ཡོད་ན་ཡོད་པ་ཁོ་ན་དེ་ཙམ་ནི་དེའི་རྗེས་སུ་འགྲོ་བ་ཡོད་པ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པའི་མཚན་ཉིད་དོ། །དེ་ལས་བཟློག་པ་ཡང་བྱས་པ་ཉིད་ལ་ སོགས་པའི་རང་བཞིན་དུ་འདོད་དོ། །གང་གི་ཕྱིར་ཁྱད་པར་དུ་བྱས་པ་དེའི་ཕྱིར་དེས་ན་ཁྱད་པར་གྱི་རྣམ་པ་དེ་ལྟ་བུའི་དོན་གཞན་པའི་རྒྱུ་མཚན་ཅན་གྱི་འཇིག་པ་དེའི་རང་བཞིན་མ་ཡིན་ཏེ། མཚན་ཉིད་ཁྱད་པར་དུ་བྱས་པ་ཞེས་བྱ་བ་སྨོས་ཏེ། རང་ཡོད་ཙམ་གྱིས་འབྱུང་བ་ཉིད། །རང་ བཞིན་ཉིད་ནི་གཞན་ལ་མིན། །ཞེས་བྱ་བས་ཁྱབ་པར་བསྟན་ཏོ། །དེ་བཞིན་དུ་དེ་ལ་དོན་གཞན་པའི་རྒྱུ་མཚན་ནི། །བསྒྲུབ་པར་བྱ་བ་ལ་གཏན་ཚིགས་བྱ་བ་ལ་སོགས་པ་འཁྲུལ་པས་མ་ངེས་པ་ཡིན་ཏེ་འདིར་དཔེ་ནི་དཔེར་ན་འཇིག་པར་བསྒྲུབ་པར་བྱ་བ་ལ། རྒྱུ་དང་ལྡན་པའི་བྱས་པ་ ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་ཀྱི་རང་བཞིན་མ་ཡིན་པས་འཁྲུལ་པ་ཡིན་ནོ། །འོ་ན་ནི་ཐ་དད་པར་ཁས་བླངས་པས་བྱས་པའི་རང་བཞིན་ཡིན་པའི་མི་རྟག་པ་ནི་གཞན་དག་མི་འདོད་པ་དེས་ཅི་ཞིག་བརྗོད་ཅེ་ན། དེས་ཡོད་པ་ཙམ་དང་རྗེས་སུ་འབྲེལ་ པའི་རང་བཞིན་དུ་འདོད་པ་ཡང་ཡིན་ནོ་སྙམ་དུ་དེ་ལྟར་སེམས་ན་ནི་བྱས་པ་དང་མི་རྟག་པའི་ཆོས་ཀྱི་རྟོག་པ་ཡང་ཁས་བླངས་པ་རྣམས་ཀྱིས་གདོན་མི་ཟ་བར་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཀྱང་མེད་པའི་མི་གནས་པའི་རང་བཞིན་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ན་བདག་ལ་ སོགས་པ་དང་བྱས་པ་ཉིད་དང་མི་རྟག་པ་ཉིད་ཁྱབ་པར་མེད་པ་ཡོད་པར་འགྱུར་རོ། །དེའི་ཕྱིར་གང་མ་བྱུང་བ་ལས་བྱུང་བ་དང་བྱུང་ནས་མེད་པས་མི་གནས་པ་དེ་དག་ཉིད་དེ་ནི་མཐོང་བའི་སྟོབས་ལས་སྐྱེས་པའི་བྱས་པ་དང་མི་རྟག་པའི་ཆོས་ཐ་དད་པར་རྟོག་པ་ལ་སྣང་བའི་སྒོ་ནས་བསྒྲུབ་ པར་བྱ་བ་དང་། སྒྲུབ་པར་བྱེད་པ་དག་ལས་ཅིས་ཐ་དད་པའི་ཆོས་གནས་པ་ཡིན། བརྟགས་སུ་ཟིན་ཀྱང་དངོས་པོའི་བདག་ཉིད་དོན་བྱེད་པའི་རྒྱུ་མཚན་དེ་དོན་དུ་གཉེར་བ་རྣམས་ཀྱིས་བསམས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཡོད་མེད་ཕྱོགས་ནི་ཐ་དད་པས། །སྒྲ་དོན་སྐུར་འདེབས་ མེད་རྣམས་ཀྱིས། །གང་ལ་འབྲེལ་པས་འབྲས་སྐྱེད་པའི། །དངོས་པོ་ཁོ་ན་དཔྱད་པར་བྱ། །དོན་བྱེད་ནུས་པ་མེད་པ་ལ། །དེ་འདོད་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟག་ཅི་ཕན། །ཞེས་བཤད་དོ། །དེའི་ཕྱིར་མཐོང་ དུ་ཟིན་ཀྱང་དངོས་པོ་འགའ་ཞིག་གིས་བདག་ཉིད་དུ་མ་ཡིན་པ་གཞན་ལས་ལྡོག་པའི་རྣམ་པ་འགའ་ཞིག་ངེས་སོ། །དེ་མ་ཡིན་པ་གཞན་གྱིས་ཀྱང་དེ་ཡིན་པའི་ངོ་བོ་ལས་ལྡོག་པའི་བདག་ཉིད་ལ་འཁྲུལ་པའི་རྒྱུ་ཡོད་པ་སྲིད་པས་མ་ངེས་པ་ཡིན་པས་མ་ངེས་པ་ཉིད་དོ། །ངེས་པ་ དག་གི་ངོ་བོ་ནི་ཚད་མ་གཞན་གྱི་འབྲེལ་པ་ངེས་པས་མདུན་ན་གནས་པ་ལ་རྗེས་སུ་དཔག་པ་ཡིས་ངེས་པའི་ཕྱིར་མི་རྟག་པའི་རང་བཞིན་དུ་གྱུར་པའི་བྱས་པ་ཉིད་ཀྱིས་འཇིག་པའི་རྟགས་སུ་རིགས་སོ། །དེ་བཞིན་དུ་འཇིག་པའི་རང་བཞིན་ཁོ་ན་གཏན་ཚིགས་སུ་ཇི་སྐད་བཤད་པའི་རིགས་ པས་དེ་འདོད་པ་ཡིན་ཏེ། དེ་ནི་དེ་ཙམ་དང་རྗེས་སུ་འབྲེལ་པ་ཉིད་ལ་དོན་གཞན་གྱི་རྒྱུ་མཚན་གྱིས་བྱེ་བྲག་ནི་རང་བཞིན་མ་ཡིན་པར་བརྗོད་དོ། །གལ་ཏེ་བྱས་པ་ཉིད་ཀྱི་དངོས་སུ་རྒྱུ་དང་ལྡན་པར་འདི་རྗེས་སུ་དཔག་པར་བྱ་སྟེ། དེས་ན་སྔར་ཞིག་པ་མེད་པའི་བྱེ་བྲག་གིས་ཡོད་པ་དེ་འདུ་བའི་འབྲེལ་ པས་མི་རྟག་པ་རྣམ་པར་གཞག་གོ། །འདི་ཉིད་བདག་ལ་སོགས་པ་རྟག་པ་ལ་ཐལ་བར་འགྱུར་བ་མེད་ལ་འཇིག་པ་ཞེས་བྱ་བ་ནི་ཡོད་པ་མེད་པ་འཇིག་པའི་མཚན་ཉིད་དུ་འདོད་པ་ན། བྱས་པ་ཉིད་འདུ་བའི་སྲིད་པའི་འབྲེལ་པའི་ཁྱད་པར་གྱིས་འཇིག་པའི་རང་བཞིན་དུ་བསྟན་པ་ལ་ཅུང་ཟད་ཅིག་ཀྱང་ མི་འདོད་པ་མེད་དོ་སྙམ་དུ་སེམས་པ་ན་དེ་ནི་མི་རིགས་ཏེ། རྣམ་པ་དེ་ལྟ་བུའི་འཇིག་པ་ནི་རྒྱུ་དང་ལྡན་པ་འགལ་བའི་ཕྱིར་རོ་ཞེས་སློབ་དཔོན་རང་ཉིད་འདི་འཆད་པར་འགྱུར་རོ། །འདི་ནི་རྗེས་སུ་དཔག་པར་བྱེད་ན་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ནུས་པ་མེད་པ་བརྟག་པའི་ཕྱིར་རོ། །བདེ་བ་དང་ སྡུག་བསྔལ་སྒྲུབ་པར་བྱེད་པ་ཤེས་པ་ཇི་ལྟར་རིགས་པ་རྟོགས་པར་འདོད་པ་ནི་ཅུང་ཟད་ཅིག་ཡོངས་སུ་བརྟག་པར་བྱེད་དོ། །དེའི་ཕྱིར་འདིར་མི་བརྟན་པའི་རང་བཞིན་གྱི་ཡོད་པ་ཉིད་རྗེས་སུ་དཔག་པར་བྱ་སྟེ་དེ་ཉིད་ཀྱི་རྒྱུ་དང་ལྡན་པ་བརྟག་པར་བྱའོ། །དེ་ལྟ་མ་ཡིན་ན་མེད་པས་དབེན་པའི་སྐད་ ཅིག་མའི་དུས་སུ་མེད་པ་ཐོབ་པ་ལ་སོགས་པས་བསྐྱེད་པ་ནི་དངོས་པོ་ལ་ཉེ་བར་མི་མཁོ་བའི་ཕྱིར་རོ། །དེ་ཡོད་པ་ནི་དེ་ཉིད་དུ་གནས་པ་ཁོ་ན་ཡིན་ཏེ། ཇི་ལྟར་དེའི་ཁྱད་པར་གྱིས་སམ་ཡོད་པ་དེ་འདུ་བས་མི་རྟག་པར་འགྱུར། དངོས་པོ་མི་འགྱུར་ཐོབ་པ་ལ་སོགས་པས་བྱས་ནས་ཞིག་ནས་ མེད་པའི་ཁྱད་པར་གྱིས་ཡོད་པ་ལྡན་པའི་འབྲེལ་པས་གལ་ཏེ་མི་རྟག་པ་ཡིན་ནོ་ཅི་སྟེ། བདག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བ་གནས་པ་ཡིན་ནོ། །རང་གི་རྒྱུ་ལས་མ་བྱུང་བ་ལས་བྱུང་བ་ལ་ཡོད་པ་དང་འདུ་བ་ནི་མི་འདོད་དེ་མི་འགྲུབ་པས་སོ། །མ་བྱུང་བ་ལས་བྱུང་བ་གང་ཡོད་པ་ དེ་ཉིད་ལ་བྱས་པ་ཉིད་ཅེས་བརྗོད་དོ། །ཡོད་པ་ལ་འདུ་བའི་འབྲེལ་པས་མི་རྟག་པར་ཁས་བླང་པར་མི་བྱ་སྟེ། བོགས་དབྱུང་དུ་མེད་པའི་ཕྱིར། སྔ་མ་ཞིག་ནས་མེད་པའི་བྱེ་བྲག་མི་རིགས་སོ། །མ་བྱུང་བ་ལས་འབྱུང་བར་ཁས་བླངས་པ་དེ་ཉིད་ནི་བྱས་པ་ཉིད་ཀྱི་མི་བརྟེན་པའི་རང་བཞིན་གྱི་ འཇིག་པ་ཡོད་ན་འབྲས་བུ་བྱེད་པ་ཚད་མ་མེད་ཅིང་ཚད་མས་གནོད་པའི་དོན་གཞན་བརྟགས་པས་ཅི་ཞིག་བྱ། དེ་ལྟར་ན་བྱས་པ་འཇིག་པ་དེའི་བདག་ཉིད་དུ་ཕ་རོལ་པོས་ཀྱང་གདོན་མི་ཟ་བར་ཁས་བླང་བར་བྱ་དགོས་སོ། །དེའི་ཕྱིར་འཇིག་པ་མི་གནས་པའི་མཚན་ཉིད་ ལ་དོན་གཞན་པའི་རྒྱུ་མཚན་ཁས་བླངས་ནས་བྱས་པ་ཉིད་མ་ཡིན་པའི་རང་བཞིན་གྱི་བྱེ་བྲག་ཏུ་བསྟན་ན་དེ་གྲུབ་པ་དང་མ་གྲུབ་པ་དང་ཐ་དད་པའི་རྒྱུ་ཅན་ནི་དེའི་རང་བཞིན་དུ་མི་རིགས་པས་དེ་ལྟར་བསྒྲུབ་པར་བྱ་བ་དེ་ལ་བྱས་པ་ཉིད་མ་ངེས་པ་ཡིན་ནོ། །གང་དང་གང་རྒྱུ་མཚན་གཞན་ལ་ལྟོས་པ་དེ་ དང་དེ་ནི་གདོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། དཔེར་ན་གོས་ཁ་བསྒྱུར་བ་བཞིན་ནོ། །བྱས་པ་ཉིད་རྣམས་ཀྱི་འབྱུང་བ་ཞིག་ནས་མེད་པ་ཡང་རྒྱུ་མཚན་གཞན་ལྟོས་པས་ཞེས་བྱ་བ་འགལ་བས་ཁྱབ་པ་དམིགས་པ་ཡིན་ནོ། །འོན་ཏེ་གོས་ལ་ཚོན་གྱིས་བསྒྱུར་བ་ནི་ཚད་ཡོད་པའི་རྒྱུ་ཡིན་ པའི་ཕྱིར་དེ་ཡང་རང་གི་རྒྱུ་ལ་རག་ལས་པས་ཉེ་བ་ན་དེའི་རྟེན་ལ་མི་མཐུན་པའི་རྐྱེན་དང་ཕྲད་པས་མི་བརྟན་པས་ན་གདོན་མི་ཟ་བར་འབྱུང་བ་མི་རིགས་ཀྱི་འཇིག་པ་ལ་ནི་མ་ཡིན་ཏེ། རྒྱུ་རྣམས་ནི་མཐའ་ཡས་པས་གདོན་མི་ཟ་བར་བུམ་པ་ལ་སོགས་པ་འགའ་ཞིག་ལ་ཉེ་བ་དང་འཇིག་ པའི་རྟེན་པ་ལ་སྔ་མའི་རྒྱུ་དེ་ཉེ་བས་ཁ་ཅིག་ཉེ་བར་འཇིག་སྟེ། གང་གི་ཕྱིར་དེ་མེད་ན་འཇིག་པ་མི་རྩོམ་མོ་ཞེ་ན། དེ་ནི་མི་རིགས་ཏེ། གལ་ཏེ་ཡང་གང་གི་ཕྱིར་འཇིག་པའི་རྒྱུ་མང་པོ་ཡོད་པ་དེ་ལྟ་ན་ཡང་རང་གི་རྒྱུ་གང་ཡིན་པ་ཉེ་བའི་ཕྱིར་རོ། །དེ་བཞིན་དུ་དེའི་རྒྱུ་རྣམས་དང་ཉེ་བ་ན་ཡང་དེ་དང་ འགལ་བ་མཐའ་ཡས་པ་ཡོད་པས་དེའི་ནུས་པ་ལ་གེགས་བྱེད་པས་གདོན་མི་ཟ་བར་རྒྱུ་ནི་འབྲས་བུ་དང་ལྡན་པ་མ་ཡིན་པའི་ཕྱིར་འགའ་ཞིག་ཞིག་པ་ཡང་མ་ངེས་འཇིག་པ་མ་ཡིན་ནོ། །འོན་ཏེ་གོས་ལ་ཚོན་ལ་སོགས་པ་འདི་ནི་ལྟོས་པ་དང་བཅས་པར་ཡང་གལ་ཏེ་ཐམས་ཅད་དུ་ཉེ་བར་དམིགས་པ་དེས་ ན་གདོན་མི་ཟ་བར་ཅིས་ན་འབྱུང་བ་མ་ཡིན་ཞེ་ན། གལ་ཏེ་དེ་བཞིན་དུ་ཉེ་བར་དམིགས་ཀྱང་དེ་ནི་གཞན་དུ་འཛིན་ཏོ། །གལ་ཏེ་དེ་ལྟ་ན་དེ་བཞིན་དུ་ཐམས་ཅད་ཞིག་པ་ཉེ་བར་དམིགས་པ་ལས་གཞན་དུ་ཡོད་པར་དོགས་པ་ལ་ཡིད་སྐྱོ་བར་མི་བྱའོ་ཞེ་ན། །ཅི་དངོས་པོ་མ་ལུས་པའི་ངོ་བོ་རྒྱ་ཆེ་བ་ལ་ཡང་ ཤེས་པའི་སྣང་བས་ཁྱབ་པ་ཡིན་པར་གང་གིས་བརྗོད་ན་ནི་དེ་ལྟར་ཡིན་ན་ཡང་ཇི་ལྟར་རྗེས་སུ་དཔག་པ་མི་འཇུག་པར་ཐལ་བ་ལས་འཇུག་པ་མཐོང་བས་ན་དོན་མེད་པ་ལ་བརྟེན་པར་འགྱུར་ཏེ། གང་ཞིག་རྒྱུས་བྱས་པའི་འཇིག་པ་མཐོང་དུ་ཟིན་ཀྱང་རྒྱུ་གང་ཞིག་ལས་གཞན་དུ་སྐྱེ་བར་ཡང་མཐོང་ བས་དོགས་པ་སྐྱེ་སྟེ། །ཡུལ་དང་དུས་དང་རང་བཞན་གྱིས་བསྐལ་པ་རྣམས་ལ་ཇི་ལྟར་དེ་བཞིན་དུ་ཡོད་པར་ངེས་པ་ཡིན། བྱས་པ་ཉིད་ལ་ཡང་འདི་ཡོད་པ་དང་མེད་པའི་མཚན་ཉིད་ཀྱི་འཇིག་པ་ནི་རྟག་པར་ཁས་བླངས་པས་དེའི་འཇིག་པ་ཁས་བླངས་པ་ནི་དངོས་པོ་ལས་སྐྱེ་བར་ཐལ་བར་འགྱུར་བ་དང་། བུམ་པ་ལ་སོགས་པ་བཞིན་དུ་འཇིག་པའི་རྒྱུ་འགའ་ཞིག་ཉེ་བར་མི་དམིགས་སོ། །དེ་སྐད་དུ། དཔེར་ན་བུམ་པ་ལ་སོགས་པར། །འཇིག་པའི་རྒྱུ་ནི་མཐོང་བ་ཡིན། །དེ་བཞིན་འཇིག་དེ་རྒྱུ་མེད་ལས། །དེ་ཡི་སྐྱེ་བ་ཅི་ལྟར་ཡིན། །ཞེས་བྱ་བ་སྨྲས་པ་དེའི་ཕྱིར་བྱས་པ་ཉིད་ལ་ནི་སྒྲུབ་པ་དེ་ ཉིད་ཀྱིས་མ་ངེས་པ་ཅིས་ནི་མ་མཐོང་། གལ་ཏེ་དངོས་པོ་རྣམས་ཀྱི་གཅིག་ཏུ་ངེས་པ་ཆོས་ཉིད་ཡིན་ནོ་ཞེ་ན། དེ་དག་ཁོ་ན་ཡིན་པར་ག་ལས་ངེས། གལ་ཏེ་དེ་དག་ལས་གཞན་པ་ཡོད་པར་ཉེ་བར་མི་དམིགས་སོ་ཞེ་ན། འོ་ན་ནི་འདི་མི་དམིགས་པར་འགྱུར་ཞེ་ན། བདག་ལ་སོགས་ པ་ལ་ཡང་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཇི་ལྟར་འདིར་གཞན་དུ་ཡོད་པ་ལྡོག་པར་འགྱུར་རོ། །དེས་རྗེས་སུ་དཔག་པས་ཉེ་བར་དམིགས་སོ་ཞེས་བརྗོད་ན་རྗེས་སུ་དཔག་པ་དེ་དང་དེ་ལ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ནི་མི་དམིགས་པར་ཁོ་ནས་གཏན་ཚིགས་ཅི་ལྟར་ལྡོག་པར་འགྱུར་འདི་ནི་ཅི་ ཡང་མ་ཡིན་ནོ། །དེའི་ཕྱིར་རྒྱུ་དང་ལྡན་པའི་འཇིག་པ་ནི་བྱས་པ་ཉིད་ཀྱི་རང་བཞིན་མ་ཡིན་པ་དང་། འཁྲུལ་པས་ན་ལེགས་པར་བཤད་པ་སྨྲས་པས་ཆོག་གོ། །ད་ནི་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་གང་ཡིན་པ་དེ་དག་ན་ཡང་འགའ་ཞིག་སྦྱོར་བའི་ཡན་ལག་ཉིད་བསྟན་པའི་ཕྱིར་ རང་གི་དོན་གྱི་རྗེས་སུ་དཔག་པ་ཡང་སྲིད་པས་ཞར་ལ་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྦྱོར་བ་བསྟན་པ་ནི། དེའི་སྦྱོར་བ་ཞེས་བྱ་བ་སྨོས་ཏེ་རང་བཞིན་གྱི་གཏན་ཚིགས་ནི་རྣམ་པ་གཉིས་སོ། །མཚན་ཉིད་གསུམ་བསྟན་པའི་ཚིག་གི་དཔེ་ནི་སྦྱོར་བའོ། །དེ་ཉིད་བསྟན་པ་ནི་ཆོས་མཐུན་པ་ མཚུངས་པ་གང་ཡིན་པ་དེ་ནི་དེ་ལ་ཡོད་པ་དེས་ན་ཆོས་མཐུན་པ་སྟེ། སྦྱོར་བ་གཅིག་དང་གཞན་ཆོས་མི་མཐུན་པ་མི་འདྲ་བ་གང་ཡིན་པ་དེ་ལ་ཡོད་པ་དེས་ན་ཆོས་མི་མཐུན་པའོ། །རིམ་པ་ཇི་ལྟ་བ་འདིས་དེའི་དཔེ་བརྗོད་པ་ནི། དཔེར་ན་གང་དང་གང་ཡོད་པ། །ཞེས་བྱ་བ་ སྨོས་ཏེ། གང་གི་སྒྲ་ནི་ཟློས་པ་གཙོ་བོ་ཡིན་ནོ། །དེ་ཐམས་ཅད་ཅེས་བྱ་བ་ནི་དེའི་སྒྲ་ཡང་ཟློས་པ་གཙོ་བོ་ཉིད་དོ། །ཐམས་ཅད་སྨོས་པ་ནི་མ་ལུས་པ་ཡོངས་སུ་བཟུང་བས་ཕྱི་རོལ་གྱི་ཁྱབ་པ་བསལ་བ་ཡིན་ནོ། །དཔེར་ན་བུམ་པ་ཞེས་བྱ་བ་ནི་གང་ཡོད་པ་དང་སྐད་ཅིག་མ་འབྲེལ་ པ་སྒྲུབ་པར་བྱེད་པའི་ཚད་མ་བུམ་པ་ལ་སོགས་པ་ལ་འཇུག་པ་དེ་ལ་དྲན་པ་ཀུན་ནས་སློང་བའི་ཕྱིར་དཔེར་བརྗོད་ཀྱི་དཔེ་ཙམ་ལས་སྒྲུབ་པ་མེད་པའི་ཕྱིར་རོ། །གཅིག་ལ་ཡོད་པ་དེ་བཞིན་དུ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་ལ་ཡང་ཡོད་པས་ ཞེས་བྱ་བ་ནི་ཕྱོགས་དེ་ལ་ཆོས་བསྡུ་བའོ། །ཆོས་མི་མཐུན་པའི་སྦྱོར་བའི་དཔེ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་སྨོས་པ་ནི་ཆོས་མི་མཐུན་པའི་སྦྱོར་བའི་དཔེ་བསྡུས་པ་ཡིན་ནོ། །འདིར་ཡང་ཐམས་ཅད་ཅེས་བྱ་བ་དེ་ནི་རྣམ་པར་དབྱེ་བ་འགྱུར་བར་འབྲེལ་ པ་ཡིན་ཏེ་སྐད་ཅིག་མ་ཉིད་མེད་པ་ཐམས་ཅད་ལ་ཡོད་པ་ཉིད་མེད་པ་ཡིན་ཞེས་བྱ་བ་ནི་སྦྱོར་བ་གཉི་ག་ལ་ཡང་ཐམས་ཅད་སྨོས་པ་འབྲས་བུར་བསྟན་པ་ཡིན་ནོ། །ཐམས་ཅད་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་དང་དཔེའི་ཆོས་ཅན་ཉིད་དོ། །བསྒྲུབ་པར་བྱ་བའི་ཆོས་ཉེ་བ་བསྡུ་བ་ནི་ཉེ་བར་ བསྡུས་པ་དང་བསྡོམས་པ་དེས་ན་ཁྱབ་པར་བྱ་བ་ནི་ཁྱབ་པར་བྱེད་པ་དེ་ཁོ་ན་ལ་ཡོད་པ་ལ་ཞེས་པ་ལ་སོགས་པའི་ངོ་བོའོ། །དེ་བསྟན་པ་ནི་རབ་ཏུ་བཤད་པའོ། །དེའི་མཚན་ཉིད་ནི་གང་དང་གང་དེ་སྐད་དུ་བཤད་པའོ། །དེའི་ཕྱིར་གང་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་སྤངས་ནས་ཕྱི་ རོལ་གྱི་ཁྱབ་པ་བསྟན་པ་ནི་གལ་ཏེ་ཡང་དཔེའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱིས་སྒྲུབ་པར་བྱེད་པའི་ཆོས་ལ་ཁྱབ་པ་དེ་ཙམ་གྱིས་ཐམས་ཅད་ལ་དེ་བཞིན་དུ་ཡོད་པ་དང་མེད་པ་ལས་བསྒྲུབ་པར་བྱ་བ་འགྲུབ་པར་མི་རིགས་པས་བསལ་བ་ཡིན་ནོ། །ཡང་ན་ཐམས་ཅད་དུ་བསྒྲུབ་པར་བྱ་བའི་ ཆོས་ཀྱིས་སྒྲུབ་པར་བྱེད་པར་ཆོས་ལ་ཁྱབ་པ་ཡོད་པར་འགྱུར་ན་ནི་རྣམ་པ་དེ་ལྟ་བུ་ཅིས་ན་མ་བསྟན། གང་གིས་ཕྱིའི་ཁྱབ་པ་ལ་ནུས་པ་མེད་པར་བཤད་པ་ནི་དེ་ནི་སྔོ་བསངས་ཡིན་ཏེ་དེའི་བུ་ཡིན་པའི་ཕྱིར་སྔོ་བསངས་ཀྱི་བུ་མཐོང་བ་བཞིན་ནོ་ཞེས་བྱ་བ་དེའི་བུ་ཡིན་པས་སྔོ་བསངས་སུ་བསྒྲུབ་པར་ བྱ་བ་ཕྱི་རོལ་དུ་མཐོང་བའི་བུ་ལ་ཁྱབ་པ་བསྟན་ཀྱང་བསྒྲུབ་པར་བྱ་བ་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་ཐམས་ཅད་ཀྱི་ཉེ་བར་བསྡུས་པའི་འབྲེལ་པ་ཚད་མས་གྲུབ་པའི་རྒྱུ་མཚན་གྱིས་ཤུགས་ལ་བསྒྲུབ་པར་བྱ་བ་གྲུབ་པ་གང་ཡིན་པ་དེ་དྲན་པ་བསྟན་ཏོ། །ཐམས་ཅད་ཉེ་བར་བསྡུས་ནས་ ཁྱབ་པ་བསྟན་པ་ཡང་ཆོས་ཀྱིས་ཁྱད་པར་བྱས་པའི་ཆོས་ཅན་དེ་ཉིད་ཤེས་པ་མེད་པས། གང་གི་ཕྱིར་ཕྱོགས་ཀྱི་ཆོས་བསྟན་པའི་དེ་མ་ཐག་པའི་དུས་ཕྱིས་འབྱུང་བའི་རྗེས་སུ་དཔག་པ་ན་དྲན་པ་ཉིད་དུ་འགྱུར་ན་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་མེད་ན། མི་འབྱུང་བ་ཆོས་རྟོག་པའི་རྒྱུ་མཚན་ཉིད་ ཀྱི་དེ་བསྟན་པ་ལས་སྔར་ནི་མི་སྲིད་པའི་ཕྱིར་རོ། །དེ་ནི་ཁྱབ་པ་སྔོན་དུ་སོང་བའི་དེ་མ་ཐག་ཏུ་བྱེ་བྲག་གི་ཡུལ་ལ་རྗེས་སུ་དཔོག་པ་ན་ཇི་ལྟར་དྲན་པར་འགྱུར། འོ་ན་ཆོས་མཐུན་པའི་སྦྱོར་བས་ཁྱབ་པ་བསྟན་པའི་མཚན་ཉིད་ནི་རིགས་ཏེ། སྒྲུབ་པར་བྱེད་པའི་ཆོས་ཡོད་ན་བསྒྲུབ་པར་བྱ་བའི་ ཆོས་གདོན་མི་ཟ་བར་ཡོད་པར་བསྟན་པས་སོ། །ཆོས་མི་མཐུན་པའི་སྦྱོར་བ་ནི་བསྒྲུབ་པར་བྱ་བ་མེད་པས་གཏན་ཚིགས་མེད་པ་འབའ་ཞིག་ཇི་ལྟར་དེ་ལ་བརྗོད་གཏན་ཚིགས་ཡོད་པས་བསྒྲུབ་པར་བྱ་བ་ཡོད་པ་ནི་མ་ཡིན་ནོ་ཞེ་ན། དེ་དག་གི་སྐྱོན་ནི་མེད་དེ་འདིར་བསྒྲུབ་པར་བྱ་བ་མེད་ན་ གཏན་ཚིགས་མེད་པ་ནི་དངོས་པོའི་ངོ་བོ་བསྟན་པ་དེའི་གཏན་ཚིགས་ཀྱི་ཁྱབ་པར་བསྟན་པའི་མཚན་ཉིད་ཀྱི་ངོ་བོ་འགལ་བ་དང་ལྡན་པ་མ་ཡིན་ནོ། །དངོས་པོའི་ཆོས་ཀྱི་ཡོད་པ་ལ་སོགས་པའི་གཏན་ཚིགས་དེའི་བདག་ཉིད་མེད་པར་ཇི་ལྟར་འགྱུར་ཏེ། གང་ལས་གཏན་ཚིགས་ཚུལ་གསུམ་ པར་འགྱུར། འོན་ཀྱང་བསྒྲུབ་པར་བྱ་བ་ལྡོག་པ་ལས་ལྡོག་པའི་ཆོས་ཉིད་རང་གི་ཆོས་སུ་གཏོགས་པ་དེ་ལྟ་བུ་བསྟན་པ་ནི་ཆོས་མི་མཐུན་པའི་སྦྱོར་བས་རྣམ་པ་དེ་ལྟ་བུའི་སྒྲུབ་པར་བྱེད་པའི་ཆོས་ལས་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་རྟོགས་པ་ཡིན་གྱི་གཞན་དུ་ན་ལྡོག་པ་དང་ལྡན་པ་གཅིག་པ་ཉིད་ དུ་མི་རིགས་པའི་ཕྱིར་ཁྱབ་པའི་མཚན་ཉིད་བསྟན་པ་མེད་ན་ཆོས་མི་མཐུན་པའི་སྦྱོར་བར་མི་རིགས་སོ། །འོ་ན་ནི་སྦྱོར་བ་རྣམ་པ་གཉིས་ལ་དམ་བཅའ་བའི་སྦྱོར་བ་མ་བསྟན་པའི་དེ་ཇི་ལྟར་ཤུགས་ཀྱིས་གོ་བས་དེའི་དོན་རྟོགས་པར་འགྱུར། གང་ཡང་སྒྲུབ་པར་བྱེད་པའི་སྦྱོར་ བར་མངོན་པར་མི་འདོད་ཅེ་ན། འདིར་ནི་ཞེས་བྱ་བ་སྨོས་ཏེ་སྦྱོར་བའོ། །ཕྱོགས་ཀྱི་ཆོས་དང་འབྲེལ་པ་བརྗོད་པའི་ཤུགས་ཁོ་ནས་ཞེས་འཆད་པར་འགྱུར་རོ། །དམ་བཅས་པའི་དོན་ནི་ཆོས་དང་ཆོས་ཅན་གྱི་སྤྱིའི་མཚན་ཉིད་བསྒྲུབ་བྱར་རྟོགས་པའི་ཕྱིར་གཏན་ཚིགས་ལས་དམ་བཅའ་བའི་སྦྱོར་བ་ བསྟན་པར་མི་བྱའོ། །གལ་ཏེ་གཞན་ཤུགས་ཀྱིས་བརྗོད་པ་ནི། རབ་ཏུ་མ་བསྟན་པ་ཞེས་བྱ་བ་སྨོས་ཏེ་མ་བརྗོད་པའོ། །གཞལ་བར་བྱ་བ་ནི་བསྒྲུབ་པར་བྱའོ། །ཇི་ལྟར་ནི་རྣམ་པ་འགའ་ཞིག་མི་རྟོགས་པའོ། །གལ་ཏེ་དམ་བཅས་པའི་དོན་དེ་བཞིན་དུ་རྟོགས་པ་ཡིན་ནོ་སྙམ་དུ་སེམས་ན། རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་དེ་རང་ཉིད་ལ་གཞན་གྱིས་བསྟན་པ་མེད་པར་རྟོགས་ན་གཞལ་བྱ་ཉེ་བར་སྟོན་པར་བྱེད་པ་སུ་ཞིག་ཡོད་ཅེས་བྱ་བ་ནི་སུ་ཡང་མ་ཡིན་ནོ། །རང་ཉིད་ཀྱིས་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བའི་སྒྲུབ་པར་བྱེད་པའི་ཆོས་མཐོང་བས་གཞལ་བྱ་རྟོགས་པ་ཡིན་ནོ། ། དེ་བཞིན་དུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལས་ཡང་དེ་ཉིད་ཀྱིས་དེ་རྟོགས་ན་དམ་བཅའ་བ་བརྗོད་པས་ཅི་ཞིག་བྱ། གལ་ཏེ་རང་ཉིད་རྟོགས་པའི་དུས་ན་གཞལ་བར་བྱ་བ་འགའ་ཞིག་ཉེ་བར་བསྟན་པ་མེད་པ་དེ་ལྟ་ན་དེ་ཇི་ལྟར་རྟོགས་ཤེ་ན། ཕྱོགས་ན་ཡོད་པ་ཞེས་བྱ་བ་སྨོས་ཏེ་བསྒྲུབ་པར་བྱ་བའི་ ཆོས་ཅན་ལ་ཡོད་པའོ། །དུ་བ་སྒྲུབ་པར་བྱེད་པའི་ཆོས་ཉེ་བར་དམིགས་པ་ནི་མངོན་སུམ་གྱིས་མཐོང་བ་ལྡན་པའོ། །དུ་བ་དེ་དང་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མེ་དང་འབྲེལ་པ་ཚད་མས་ངེས་པའི་སྟོབས་ཀྱིས་སྔར་ཁྱབ་པ་རྟོགས་ལ་མེད་ན་མི་འབྱུང་བ་དྲན་པར་འགྱུར་བའི་མཐུ་ཁོ་ནས་ཕྱོགས་ཀྱི་ཆོས་ ཁོ་ན་བཟུང་བ་དང་ཁྱབ་པ་དྲན་པའི་མཐུ་ཁོ་ནས་དམ་བཅའ་བའི་སྦྱོར་བ་སྤངས་པ་ལས་འདི་ན་མེ་ཡོད་དོ་ཞེས་དེ་ལྟ་བུའི་ངོ་བོ་དམ་བཅའ་བའི་དོན་ཤེས་པར་འགྱུར་རོ། །དེ་ལ་འདིར་ཡང་ཤ་ཟ་ལ་སོགས་པ་འགའ་ཞིག་གིས་གཞལ་བར་བྱ་བ་རྣ་བར་བརྗོད་པས་དེ་ལྟར་འགྱུར་རོ་སྙམ་དུ་སེམས་ན། དེ་ན་འདི་ལ་ཞེས་བྱ་བ་སྨོས་ཏེ། དེ་ལ་རང་གི་དོན་གྱི་རྗེས་སུ་དཔག་པ་དུས་སུ་ཤ་ཟ་ལ་སོགས་པ་འགའ་ཞིག་མི་སྣང་བའི་མེ་འདི་ན་དེ་ལྟར་ཡོད་དོ་ཞེས་གཞལ་བར་བྱ་བ་འདི་རྟོགས་པར་བྱེད་པ་སྟོན་ཅིང་བརྗོད་པ་ནི་མེད་དོ། །གལ་ཏེ་ཁྱོད་བདེན་པར་སྨྲ་བས་ཡིན་ན་དེ་ལྟར་བརྗོད་པར་ནི་མི་རིགས་ལ། དེ་བཞིན་དུ་ཁོ་བོས་ཀྱང་ས་ཕྱོགས་ལ་ཡོད་པའི་དུ་བ་མཐོང་ནས་དེ་མེས་ཁྱབ་པར་དྲན་པ་ལ་ལྟོས་ནས་མེའི་རྟོགས་པ་འབྱུང་ངོ་། །ཡོད་པར་འགའ་ཞིག་བརྗོད་པར་མི་བྱེད་ན་ཡང་མེ་འདི་ན་ཡོད་དོ་ཞེས་དེ་རྟོགས་པར་བྱེད་པ་དེ་བཞིན་དུ་དེ་ནི་གཞན་ལ་ཡང་རིམ་པ་དང་བཅས་པས་རྟོགས་པ་ཁོ་ན་ཡིན་པའི་ ཕྱིར་རོ། །གལ་ཏེ་འགའ་ཞིག་སྟོན་པ་མེད་པ་དེ་ལྟ་ན་ཡང་རང་ཉིད་ཀྱིས་གཞལ་བྱ་རྣམ་པར་གཞག་པ་རྟོགས་པ་ན་རྟོགས་ཀྱི་རྗེས་སུ་འབྲང་བར་འདོད་དོ་ཞེ་ན། བདག་ཉིད་ཀྱི་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འགའ་ཞིག་སྟོན་པར་མི་བྱེད་ན་རང་ཉིད་འབའ་ཞིག་གིས་ཀྱང་རྟགས་ཀྱི་བྱེད་པ་ལས་སྔར་ ཅུང་ཟད་ཅིག་ཀྱང་མེ་ལ་སོགས་པ་རྟོགས་པ་མེད་དོ། །གལ་ཏེ་ཅིའི་ཕྱིར་ཞེ་ན་ཚད་མ་ནི་རྒྱུའོ། །མེད་པ་ནི་སྟོང་པའོ། །མེ་འདི་ན་ཡོད་དོ་ཞེས་དེ་ལྟར་རྟོགས་པའི་རྒྱུ་མཚན་མེད་པའི་ཕྱིར་དེ་ལྐོག་ཏུ་གྱུར་པ་རྟོགས་པའི་རྒྱུ་མཚན་ཚུལ་གསུམ་པའི་གཏན་ཚིགས་མེད་ན་དེ་ཇི་ལྟར་འགྱུར། གལ་ ཏེ་རྟགས་མེད་ཀྱང་དེ་ལྟར་རྟོགས་པར་འགྱུར་རོ་ཞེས་སྨྲ་ན་དེའི་ཚེ་དེ་ལྟར་རྟོགས་པར་འདོད་པ་ཡིན་ན་རྟགས་དོན་མེད་དོ། །དེ་ནི་རྗེས་སུ་དཔག་པར་བྱ་བའི་རྟོགས་པའི་ཆེད་ཡིན་པའི་ཕྱིར་དེ་མེད་ཀྱང་དེ་རྟོགས་ན་དེ་ཇི་ལྟར་འདི་དགོས་པ་མེད་པར་མི་འགྱུར་གཞན་དག་ཤིན་ཏུ་རྨོངས་པར་སྟོན་པ་ནི་བདག་ ཉིད་ཅེས་བྱ་བ་སྨོས་ཏེ། །རང་དགར་འདི་ལ་མེ་ཡོད་དོ་ཞེས་རྣམ་པར་འཇོག་པ་ནི་ཇི་ལྟར་བབ་ཅོལ་དུ་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཚད་མ་མེད་ཀྱང་རྣམ་པར་འཇོག་པར་འགྱུར། དེ་རྟོགས་པ་ནི་རྒྱུ་མཚན་ནི་གཞལ་བྱ་རྣམ་པར་གཞག་པ་རྟོགས་པའི་ཆེད་དུ་ཕྱི་ནས་རྟགས་དེའི་ རྒྱུ་མཚན་གྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་རྟོགས་པའི་རིམ་པ་ཆར་ཕྱེ་བ་འདི་ཅི་ཞིག་ཡིན། དེ་ལྟ་ན་དང་པོ་རྟགས་ཀྱི་རྗེས་སུ་འབྲངས་པ་དེ་ལས་བསྒྲུབ་པར་བྱ་བ་རྟོགས་སོ་ཞེས་བྱ་བ་རིམ་པ་འཐད་པ་ཡིན་ན། གང་སྔར་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ནི་ཕྱིན་ཅི་ལོག་ལ་བརྟེན་ པའི་ཕྱིར་བཞད་གད་དུ་འགྱུར་ཏེ། འཇིག་རྟེན་ན་སྐྲ་བྲེགས་ནས་སྐར་མ་འདྲིའོ་ཞེས་བྱ་བ་གང་ཡིན་པ་དེའི་གླུ་དེ་དང་རིམ་པ་འདི་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་ཀྱི་ཆོས་བཟུང་ནས་ཁྱབ་པར་དྲན་པའི་མཐུ་ཁོ་ནས་རང་ཉིད་རྟོགས་པ་ཡིན་ནོ། །དེ་ཡང་སྟོན་པར་ བྱེད་པས་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཅུང་ཟད་ཅིག་ཀྱང་གཞལ་བྱ་བསྟན་པ་མེད་དོ། །གལ་ཏེ་རང་གི་དོན་རྗེས་སུ་དཔག་པའི་དུས་སུ་རང་ཉིད་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པ་ནི་རིགས་ཏེ་བརྟག་ཀྱང་དེ་ལ་བདག་ཉིད་ཁོ་ནས་རྟོགས་སོ་ཞེས་དེ་སྐད་དུ་བཤད་ཀྱི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་གཞན་ གྱིས་ཇི་ལྟར་རྟགས་བསྟན་པ་དེ་བཞིན་དུ་གཞལ་བྱར་བྱ་བ་ཡང་གཞན་ཁོ་ནས་བསྟན་པར་བྱ་བ་དེའི་ཕྱིར་དམ་བཅའ་བའི་སྦྱོར་བ་རིགས་སོ་སྙམ་ན། དེ་གཞན་གྱིས་ཤེས་བརྗོད་ན་ཡང་། །ཞེས་སྨོས་ཏེ། བདག་ཉིད་ཁོ་ན་ཉི་ཚེ་སྔར་རྣམ་པར་འཇོག་པར་བྱེད་ན་བསླད་པ་ཡིན་ཏེ། གཞན་རྒོལ་བས་ དེའི་གཞལ་བར་བྱ་བ་བརྗོད་པ་ཡང་བསླད་པ་ཉིད་དོ། །དེ་བརྗོད་པ་ནི་དོན་ལ་ཐེ་ཚོམ་ཟ་བ་རྗོད་པར་བྱེད་དེ། དེ་ནི་ངེས་པའི་ཡན་ལག་མ་ཡིན་པས་གཞལ་བར་བྱ་བ་ཟབ་པ་རྟོགས་པར་དཀའ་བ་བརྒྱུད་པས་ཀྱང་དེ་མ་ཡིན་པ་དང་འབྲེལ་པ་བརྗོད་པར་འདོད་པ་ཙམ་གྱི་རྒྱུ་མཚན་གྱིས་སྟོང་པར་ གནས་པ་ཡིན་ནོ། །ཅིའི་ཕྱིར་བསླད་པ་ཡིན་ཞེ་ན། ཉེ་བར་མཁོ་བ་མེད་པའི་ཕྱིར་རོ། །འདིར་བསྒྲུབ་པར་བྱ་བ་རྟོགས་པ་ལ་ཉེ་བར་མཁོ་བ་ཅུང་ཟད་ཅིག་ཀྱང་མེད་དེ། །དེ་ཤེས་པ་དང་ཤུགས་ལ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་འགའ་ཞིག་ཏུ་ཉེ་བར་མཁོ་བ་ཡོད་དོ་ཞེས་ དགོངས་པས་ཡུལ་ཉེ་བར་བསྟན་པ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་ཀྱི་ཡུལ་ནི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་བསྟན་པ་སྟེ། དམ་བཅའ་བའི་ཚིག་ཉེ་བར་མཁོ་བ་ཡིན་ཞེ་ན། དེ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ་ཡུལ་ལོ། །རེ་ཞིག་སྨོས་པ་ནི་རིམ་གྱིས་སོ། །ཡུལ་ཉེ་བར་བསྟན་པས་དོན་ དང་ལྡན་པ་ཡིན་དེ་བསྟན་ན་ནི་དམ་བཅའ་བའི་ཚིག་དོགས་པར་འགྱུར་ན། ཡུལ་བསྟན་པ་ཉིད་ཀྱིས་ཅི་ཞིག་ཕན་ཏེ་དགོས་པ་ཅི་ཞིག་ཡོད་ཅེས་བྱའོ། །གལ་ཏེ་དེ་ནི་བསྒྲུབ་པར་བྱ་བ་རྟོགས་པ་དང་། ཆོས་མཐུན་པ་ཅན་གྱི་སྦྱོར་བ་ལ་སོགས་པ་རྟོགས་པའི་ཡུལ་ཉེ་བར་བསྟན་པའི་དོན་དེ་དང་དེ་ བསྟན་པ་ལ་དམ་བཅའ་བའི་ཚིག་བརྗོད་དགོས་ཏེ་དེ་ལྟ་ན་བསྒྲུབ་པར་བྱ་བ་བསྟན་པར་བྱ་སྟེ། བྱས་པ་ཉིད་མི་རྟག་གོ་ཞེས་བརྗོད་པ་འདིར་ཅི་ཞིག་ཆོས་མཐུན་པ་ཅན་གྱི་སྦྱོར་བ་ཡིན། ཡང་ན་ཆོས་མི་མཐུན་པ་ཅན་ཡང་མི་ཤེས་ཏེ། འདིར་གཉི་ག་ལ་དོགས་པ་སྐྱེ་སྟེ། བྱས་པ་ཉིད་ཀྱིས་མི་ རྟག་པ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཅན་དང་རྟག་པ་ནི་མ་བྱས་པ་ཉིད་ནི་ཆོས་མི་མཐུན་པ་ཞེས་བྱ་བ་སྒྲ་ནི་མི་རྟག་སྟེ་བྱས་པ་ཉིད་དོ་ཞེས་དམ་བཅའ་བའི་ཚིག་གིས་ཐེ་ཚོམ་མེད་པར་རྟོགས་པ་དང་། གཏན་ཚིགས་འགལ་བ་དང་མ་ངེས་པ་རྟོགས་པར་མི་འགྱུར་ཏེ། དམ་བཅའ་བ་སྔོན་དུ་སོང་ བའི་སྦྱོར་བ་ནི་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་གཏན་ཚིགས་ཡོད་པར་རྟོགས་པ་ལས་བྱས་པའི་ཕྱིར་རྟག་གོ་ཞེས་བྱ་བ་ནི་འགལ་བ་དང་། རྩོལ་བ་ལས་བྱུང་བ་ཡིན་ཏེ་བྱས་པའི་ཕྱིར་ཞེས་བྱ་བ་ནི་མ་ངེས་པ་དང་། གཏན་ཚིགས་ཚུལ་གསུམ་པའི་རྟགས་གོ་བར་བྱ་བར་མི་འགྱུར་ཏེ་དེ་བསྒྲུབ་ པར་བྱ་བ་ལྟོས་པའི་ཕྱིར་རོ། །དམ་བཅའ་བའི་ཚིག་ནི་ཆ་ཤས་ལ་སྤྱི་བརྟགས་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཕྱོགས་ཞེས་བྱ་བ་སྟེ། དེ་ལ་ཡོད་པའི་བྱས་པ་ཉིད་ནི་ཕྱོགས་ཀྱི་ཆོས་སོ། །བསྒྲུབ་པར་བྱ་བའི་ཆོས་ནི་སྤྱིའི་དོན་ནི་ཕྱོགས་སོ། །དེ་ལ་འཇུག་པ་ནི་མཐུན་ པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་སྟེ་མཐུན་པའི་ཕྱོགས་ཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་སྤོང་བ་ནི་མི་འཇུག་པའོ། །མི་མཐུན་པའི་ཕྱོགས་ལ་མེད་པར་རྟོགས་པ་ཡིན་ནོ་ཞེས་དོགས་པ་ལ། གལ་ཏེ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་ མཚན་ཉིད་ངེས་པ་དང་། ཆོས་མཐུན་པ་ཅན་གྱི་སྦྱོར་བ་ལ་སོགས་པ་རང་གི་ངོ་བོ་ངེས་པར་བཟུང་བའི་བདག་ཉིད་ལས་གཞན་དུ་ན་ནི་དམ་བཅའ་བའི་ཚིག་མེད་པ་ནའོ། །དེ་ནི་མི་རིགས་ཏེ་བསྒྲུབ་པར་བྱ་བ་འགྲུབ་པ་དོན་དུ་ཆོས་མཐུན་པ་ཅན་གྱི་སྦྱོར་བ་ལ་སོགས་པ་ཤེས་པའི་དོན་ལ་ཡུལ་ཉེ་བར་ བསྟན་པར་བྱ་བ་ཡིན་ན་ནི་དེ་ཐམས་ཅད་ལེགས་པར་འགྱུར་རོ། །ཇི་སྲིད་དུ་རང་གི་དོན་རྗེས་སུ་དཔག་པའི་དུས་སུ་དམ་བཅའ་བའི་ཚིག་མེད་ཀྱང་ཕྱོགས་ཀྱི་ཆོས་བཟུང་ནས་འབྲེལ་པ་དྲན་པས་བསྒྲུབ་པར་བྱ་བ་འགྲུབ་པའི་མཚན་ཉིད་རྟོགས་པ་ཡིན་ནོ་ཞེས་བཤད་པ་དེ་བཞིན་དུ་གཞན་གྱི་དོན་གྱི་རྗེས་ སུ་དཔག་པ་ལ་ཡང་འགྱུར་ཏེ། གང་གི་ཕྱིར་དེ་ལྟར་དེ་ལྟ་བས་ན་དམ་བཅའ་བའི་སྦྱོར་བར་སྨྲ་བ་ནི་གང་གི་ཚེ་རང་ཉིད་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པ་དེའི་ཚེ་བདག་ཉིད་ཀྱི་བསྒྲུབ་པར་བྱ་བ་རྟོགས་པས་ཡུལ་རྣམ་པར་འཇོག་པར་བྱེད་ན་གང་གིས་ན་ཡུལ་དམ་བཅའ་བའི་ཚིག་ གི་སྒོ་ནས་སྐྱེས་བུ་འགའ་ཞིག་གིས་དེ་མེད་ཀྱང་རྟོགས་པས་བསྒྲུབ་པར་བྱ་བ་ངེས་པ་ནི་རྟགས་ཀྱི་མཐུ་ཁོ་ན་ལས་ཡིན་ནོ། །ཁོ་བོ་ཅག་གིས་རྟོགས་པ་གང་ཡིན་པ་དེ་ནི་ཁོ་བོ་ཅག་དོན་དུ་གཉེར་བ་མཐོང་བ་ནི་བསལ་བའོ། །དམ་བཅའ་བའི་སྦྱོར་བ་མཚན་ཉིད་ནི་ཅི་དུས་སྟོན་གྱི་བྲམ་ཟེ་བཞིན་ དུ་རྙེད་པ་ཚོལ་བར་བྱེད་དམ། དཔེར་ན་ཡོད་མེད་ཀྱང་གཞན་དག་གི་ཁྱིམ་དུ་བྲམ་ཟེ་ལ་གཞན་དག་དད་པ་ཅན་ལ་སོགས་པ་དུས་སྟོན་དོན་དུ་གཉེར་བ་ན་དད་པ་ཅན་ལ་སྨྲས་པ་མར་གྱིས་བཀང་ཞིང་སོ་སོར་ཡོན་སྟེར་ན་ནི་ཁོ་བོ་ཟའི་གཞན་དུ་ན་མ་ཡིན་ནོ་ཞེས་བྱ་བ་དེ་དང་མཚུངས་པར་ཁྱོད་ལ་ ཡང་ཡིན་ནོ། །གཞན་ཡང་གལ་ཏེ་སྨྲས་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་དུས་སུ་ཇི་ལྟར་རྟགས་གཞན་གྱིས་མ་བརྗོད་ན་རྟོགས་པ་མེད་དོ་ཞེས་བསྟན་པ་དེ་བཞིན་དུ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བརྗོད་ན། ནམ་གྱི་ཚེ་དགོས་པ་ཡིན། གལ་ཏེ་འདི་རྒོལ་བས་བརྗོད་པ་ཙམ་གྱིས་ རྟགས་ཀྱང་ངེས་ལ་དེའི་རྗེས་སུ་འབྲངས་ནས་བསྒྲུབ་བྱ་རྟོགས་པར་འགྱུར་བ་དང་གཞན་ལ་རྟོགས་པ་དོན་དུ་གཉེར་བ་ཡིན་ན་ཁོ་བོ་ཡང་རྟགས་བརྗོད་པ་སྤངས་ནས་དམ་བཅའ་བ་ལ་ཅིས་ན་སྦྱོར་བ་མི་བྱེད། ཁོ་བོ་ཅག་གི་ཚིག་ཉིད་དེ་རྟོགས་པའི་ཚད་མ་ཡིན་པ་དེ་ཉིད་ཀྱི་རྗེས་སུ་དཔག་པར་བྱ་ བ་རྟོགས་པ་ནི་བརྗོད་པས་གྲུབ་པའི་ཕྱིར་ན་དེ་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཁོ་བོ་ཅག་གི་ཚིག་འབའ་ཞིག་གིས་ཀྱང་མ་ཡིན་ཏེ། རང་གི་དོན་རྗེས་སུ་དཔག་པའི་དུས་སུ་ཁོ་བོ་ཅག་གིས་བརྗོད་པ་མེད་པའི་ཕྱིར་རོ། །ཀྱང་གི་སྒྲས་ནི་འོན་ཀྱང་གང་གི་ཚེ་ཁོ་བོ་ཅག་གི་བརྗོད་ པ་འཇུག་པ་དེའི་ཚེ་ཡང་ཁོ་བོ་ཅག་གི་ཚིག་ལས་རྟགས་ཀྱང་རྟོགས་པ་མེད་ན་གང་ཁོ་ན་ལས་བསྒྲུབ་བྱ་འགྲུབ་པའི་རྗེས་སུ་འབྲང་བར་འགྱུར། འོན་ཀྱང་གང་གི་ཚེ་དེའི་རྟགས་ཚད་མ་འགའ་ཞིག་ལས་དེ་འདིར་རང་ཉིད་གྲུབ་པར་གྱུར་པ་དེ་ལ་ཁོ་བོ་ཅག་གིས་དྲན་པ་སྐྱེད་པར་བྱེད་པ་ཙམ་ཡིན་པ་ དེའི་ཚེ་རྟགས་བདག་ཉིད་གྲུབ་པའི་རྗེས་སུ་འབྲངས་ནས་བསྒྲུབ་པར་བྱ་བ་རྟོགས་ཀྱི་ཚིག་གིས་ནི་མ་ཡིན་ནོ། །དེའི་ཕྱིར་གང་གིས་ན་དམ་བཅའ་བ་བརྗོད་པ་དང་མ་བརྗོད་པའི་བདག་ཉིད་ཀྱི་གནས་སྐབས་འདི་གཉིས་ལ་ཁྱད་པར་མེད་དེ་རྟགས་ཀྱི་བདག་ཉིད་གྲུབ་པའི་ནུས་པ་ཁོ་ནས་བསྒྲུབ་པར་ བྱ་བ་རྟོགས་པས་ཅི་ཡང་མ་ཡིན་ནོ། །དེས་ན་རང་དང་གཞན་གྱི་དོན་རྗེས་སུ་དཔག་པ་རྟགས་ཀྱི་བདག་ཉིད་ཀྱི་རྗེས་སུ་འབྲངས་པ་དེས་བསྒྲུབ་བྱ་རྟོགས་ཏེ། བསྒྲུབ་བྱ་རྟོགས་པ་ལ་བྱེ་བྲག་མེད་པའི་ཕྱིར་གཞན་གྱི་རྗེས་སུ་དཔག་པ་ལ་དམ་བཅའ་བ་དོན་མེད་པ་ཉིད་དེ་རྟགས་ཀྱང་རེ་ཞིག་ འདིར་མ་བརྗོད་པ་ཡིན་ན། གང་དེ་སྔར་གྲུབ་པའི་བདག་ཉིད་རྗེས་སུ་དྲན་པས་མ་ཡིན་ན་ཅི་ཐེ་ཚོམ་ཟ་བའི་དོན་བརྗོད་པར་བྱ་བའི་དམ་བཅའ་བ་བརྗོད་པར་ཁས་ལེན་པ་ཡིན། གལ་ཏེ་བསྒྲུབ་པར་བྱ་བ་འགྲུབ་པ་ལ་དམ་བཅའ་བ་མི་བརྗོད་པ་ཉེ་བར་མི་མཁོ་བས་དེའི་དོན་ལ་འདི་སྦྱོར་བ་ མ་ཡིན་གྱི་ཆོས་མཐུན་པའི་སྦྱོར་བ་ལ་སོགས་པ་ཤེས་པའི་ཕྱིར་དེ་བརྗོད་པ་ལ་གནས་པ་ཉིད་དེ་དེ་བཞིན་དུ་ན་རྟོགས་པ་མེད་པའི་ཕྱིར་རོ་སྙམ་ན་དམ་བཅའ་བ་སྨོས་པ་མེད་པ་ཞེས་བྱ་བ་སྨོས་ཏེ། ཆོས་མཐུན་པའི་སྦྱོར་བ་ལ་སོགས་པ་དམ་བཅའ་བ་བརྗོད་པ་མེད་པར་ཡང་རྟོགས་པ་མཐོང་བ་དེའི་ ཕྱིར་དེའི་དོན་ལ་དམ་བཅའ་བ་ཉེ་བར་དགོད་པ་མཛེས་པ་མ་ཡིན་ནོ། །ཆོས་མཐུན་པའི་སྦྱོར་བ་ལ་སོགས་པ་མེད་ན་ཡང་བསྒྲུབ་པར་བྱ་བ་བསྟན་པ་རྟོགས་པ་ག་ལ་ཡིན་ཞེ་ན། ཕྱོགས་ཀྱི་ཆོས་དང་འབྲེལ་པ་སྨོས་པ་ཙམ་གྱིས་ཞེས་བྱ་བ་སྨོས་ཏེ། འདི་སྙམ་དུ་དགོངས་པ་ཡིན་ཏེ་ འགའ་ཞིག་བྱས་པ་ཡིན་པ་དེ་ནི་མི་རྟག་གོ་ཞེས་བྱ་བ་དེ་ཙམ་བརྗོད་པ་ཙམ་གྱིས་མ་ཡིན་ཏེ། བཏང་སྙོམས་སུ་འདུག་པ་དང་། སྒྲུབ་པར་བྱེད་པ་མ་ཚང་བ་གང་ཡིན་པ་ཁོ་ནས་ཕན་པའི་ཕྱིར་རོ། །འོན་ཀྱང་གཏན་ཚིགས་ཆོས་ཅན་ལ་ཉེ་བར་བསྡུ་བ་ནི་གདོན་མི་ཟ་བར་བྱ་བ་ཡིན་ ནོ། །དེ་ལ་གང་གི་ཚེ་སྒྲ་ཡང་བྱས་པས་ཤེས་བརྗོད་པ་དེའི་ཚེ་ཆོས་མཐུན་པ་ཅན་གྱི་སྦྱོར་བ་རྟོགས་པའམ། ཡང་ན་གང་གི་ཚེ་བརྟག་པ་བརྗོད་པ་དེའི་ཚེ་ཆོས་མི་མཐུན་པ་ཅན་ཡིན་ནོ་ཞེས་འབྲེལ་པ་བརྗོད་པ་སྔོན་དུ་སོང་བའི་ཕྱོགས་ཀྱི་ཆོས་བརྗོད་པས་སྦྱོར་བ་གཉི་ག་རྟོགས་པ་ ཡིན་ནོ། །གཏན་ཚིགས་འགལ་བ་དང་མ་ངེས་པ་ཡང་ཕྱོགས་ཀྱི་ཆོས་སྨོས་པ་ཙམ་གྱིས་རྟོགས་སོ། །གང་གི་འབྲེལ་པ་རྗོད་པར་བྱེད་པ་དེའི་ཚེ་ཇི་ལྟར་མི་རྟོགས། དེ་ལྟ་ན་གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་བརྗོད་པ་ན་འབྲེལ་པ་ བཤད་པ་ལ་གཏན་ཚིགས་སུ་ཁོང་དུ་ཆུད་པ་ནི་བསྒྲུབ་པའི་རྗེས་སུ་བཟླས་པས་ཁྱབ་པ་ཡིན་ནོ། །གང་བྱས་པ་དེ་ནི་རྟག་པ་ཡིན་ནོ་ཞེས་བརྗོད་པ་ནི་འགལ་བ་སྟེ་ཁྱབ་པ་ཕྱིན་ཅི་ལོག་པ་ཡིན་ལ། གང་བྱས་པ་དེ་ནི་རྩོལ་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་བསྟན་པ་ནི་འཁྲུལ་པས་མ་ངེས་ པ་ཡིན་པར་ངེས་སོ། །ཚུལ་གསུམ་པས་རྟགས་གོ་བར་བྱ་བ་ཡིན་ཏེ་གང་གི་ཕྱིར་ཁྱབ་པ་སྟོན་པའི་དུས་སུ་ཁྱབ་པར་བྱེད་པའི་ཆོས་བསྒྲུབ་པར་བྱ་བ་རྟོགས་པར་བྱའོ། །གང་ལ་ཁྱབ་པར་བྱ་བའི་ཆོས་ཆོས་ཅན་ལ་ཉེ་བར་སྡུད་པ་དེ་ཁྱབ་པར་བྱེད་པའི་ཆོས་ཁྱད་པར་ཅན་རྟོགས་པར་བྱ་སྟེ། བསྒྲུབ་པར་བྱ་བའི་སྤྱིའི་ཕྱོགས་གཅིག་ཕྱོགས་ཡིན་ནོ་ཞེས་ཉེ་བར་བསྡུ་བ་ནི་ཁྱབ་པར་བྱ་བའི་ཆོས་ཕྱོགས་ཀྱི་ཆོས་ཉིད་དུ་རྟོགས་པར་བྱའོ། །དེ་ཡང་ཁྱབ་པ་ཆོས་ཅན་གང་ཉེ་བར་བསྟན་པ་དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ལ་མཐུན་པའི་ཕྱོགས་སུ་ཤེས་པར་བྱའོ་ཞེས་ མཐུན་པའི་ཕྱོགས་ལ་ཡོད་པ་ཡང་རྟོགས་པ་དང་། ཤུགས་ཀྱིས་ཁྱབ་པར་བྱེད་པ་ལྡོག་པས་ཁྱབ་པར་བྱ་བ་ལྡོག་པ་གང་ལ་ངེས་པ་དེ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་ཡང་ངེས་པ་ཡིན་ནོ། །གལ་ཏེ་ཕྱོགས་ལ་སོགས་པ་རྣམས་ཀྱང་ཤེས་པ་ནི་ཅུང་ ཟད་ཅིག་དོགས་པ་ནི་ཐ་སྙད་དུ་བྱེད་པ་རྣམས་ཕྱོགས་ལ་སོགས་པའི་བརྡ་ལ་ལྟོས་ནས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་མ་ཡིན་གྱི། གང་ལ་ལར་དཔེ་གང་ལ་འབྲེལ་པའི་རྣམ་པ་དེ་དང་དེས་རྟོགས་པ་དེ་ལ་འཇིག་རྟེན་པ་དངོས་པོ་རྟོགས་པར་གྱུར་པ་ནི་ཕྱོགས་ལ་སོགས་པ་བརྡ་བཟུང་ པ་ལ་ལྟོས་པ་མ་ཡིན་ནོ། །དེ་ལ་བསྟན་བཅོས་བྱེད་པ་ཇི་ལྟར་འདོད་པའི་ལུང་གི་ངོ་བོ་རྟོགས་པ་རང་ཉིད་ཀྱི་བརྡ་ལ། གཞན་པའི་མཚན་ཉིད་བྱེད་པ་ཡང་ཐ་སྙད་ཀྱི་དུས་སུ་དེའི་རྗེས་སུ་འབྲང་བ་རྣམས་ལ་འབའ་ཞིག་ཏུ་ཉེ་བར་མཁོ་བ་མེད་དོ། །དེའི་བརྡ་བསྟན་པ་ཉིད་ནི་ཇི་སྐད་བཤད་པའི་ ལུང་གི་ངོ་བོ་ལ་ཉེ་བར་མཁོ་བའི་ཐ་སྙད་དུ་བྱེད་པ་རྣམས་གལ་ཏེ་དེ་ལས་རྟོགས་པ་དེ་ཙམ་ཉིད་ཀྱི་བསྒྲུབ་བྱ་འགྲུབ་པ་སྐྱེད་པའི་ཕྱིར་ཕྱོགས་དང་མཐུན་པའི་ཕྱོགས་ལ་སོགས་པའི་བརྡ་ཡོངས་སུ་ཤེས་པ་ལ་ཡང་ཅུང་ཟད་ཉམས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་མེད་ན་མི་ འབྱུང་བའི་དོན་བསྟན་པ་དེ་རྗེས་སུ་དཔག་པ་ཡིན་ནོ་ཞེས་གོ་བར་བྱེད་པའི་ངོ་བོ་ཙམ་གྱི་ཕྱོགས་ལ་བརྡ་ལ་མི་ལྟོས་པར་རྩོད་པ་བསྒྲུབ་པར་བཤད་དོ། །རང་གི་ཤེས་རབ་ཀྱིས་ཉེས་པས་ཡིན་གྱི། དེ་ལ་ཅུང་ཟད་ཅིག་ཀྱང་སྐྱོན་དུ་གྲགས་པ་མེད་པའི་ཕྱིར་འདིར་ཅི་ཞིག་བརྗོད་པར་བྱ། དེའི་ཆོས་མཐུན་པ་ཅན་གྱི་སྦྱོར་བ་ལ་སོགས་པ་ཤེས་པའི་ཕྱིར་དམ་བཅའ་བ་བརྗོད་པ་ཡིན་ན། ཕྱོགས་ཀྱི་ཆོས་དང་འབྲེལ་པ་བརྗོད་པ་ཙམ་ཁོ་ནས་ཇི་སྐད་བཤད་པའི་རྣམ་པ་རྟོགས་པར་མི་རིགས་པའི་ཕྱིར་རོ། །དེའི་དམ་བཅའ་བ་བརྗོད་པ་དགོས་པ་ཅི་ཞིག་ཡོད་དེ། ཅི་ཡང་མེད་པ་ ཁོ་ནའོ། །རང་ཉིད་ཀྱང་འདི་བརྗོད་པའི་རིམ་པ་གང་གིས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་དེ་ཁྱད་པར་དུ་བསལ་ནས་གཞན་ལ་རྟོགས་པ་རིམ་པ་གཞན་ལ་བརྟེན་པ་ནི་གཞན་སླུ་བ་གཡོ་ཅན་གྱི་རྟོགས་པ་ཁོ་ན་ཡིན་གྱི་བདེན་པ་མ་ཡིན་ནོ་ཞེས་བསྟན་པ་ནི་རང་ལ་ངེས་པ་བཞིན་དུ་ཞེས་བྱ་ པ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རང་ལ་ངེས་པ་སྐྱེས་པར་བྱས་པ་དེ་བཞིན་དུ་གཞན་ལ་ཡང་ངེས་པ་སྐྱེས་པར་བྱེད་པ་ནི་གཞན་ལ་ཡང་ཕན་པར་དགའ་བས་སྒྲུབ་པ་བརྗོད་དོ། །དེ་ལ་ནི་དེའི་རིགས་པར་གྱུར་པ་ལའོ། །བདག་ཉིད་ནི