Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 16 / 22 (50.000 ký tự/trang)
་རྒོལ་བ་འདིའོ། །གཞལ་བྱ་ཉེ་བར་བསྟན་པ་ནི་ཉེ་བར་
བསྟན་པ་སུ་ཞིག་གིས་བརྗོད་པ་མེད་ཀྱང་རང་གི་དོན་གྱི་རྗེས་སུ་དཔག་པའི་དུས་སུ་གཞལ་པར་བྱ་བ་ལ་རྟོགས་ལ་གཞན་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་ལ་སྟོན་པ་ནི་བདག་ཉིད་ཀྱིས་རྟོགས་པའི་གཞལ་བྱ་ཁོང་དུ་ཆུད་པ་སྔར་རང་ཉིད་ཀྱིས་རྟོགས་པའི་དུས་སུ་གང་སྔ་མའི་གཞལ་བྱ་
རྟོགས་པའི་ཐབས་ཀྱི་རིམ་པ་ཉམས་སུ་མྱོང་བ་དེ་ལས་གཞན་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་འདི་ལ་རིམ་པ་གཞན་ལ་བརྟེན་པའི་རྒྱུ་ཅི་ཞིག་ཡོད། ཅི་ཡང་མེད་པ་ཉིད་དེ་གཞན་དག་རྨོངས་པར་འགྱུར་བས་སྤང་བར་བྱའོ། །འདི་ལྟར་གང་གི་ཚེ་བདག་ཉིད་ཀྱིས་རྟོགས་པའི་རིམ་པས་

རྟོགས་པའི་རྒྱུ་མཚན་ཡིན་ན་ཅིས་ན་དེས་ཡོངས་སུ་སྤངས་ནས་རིམ་པ་གཞན་ལ་བརྟེན་པ་ཡིན། ཡང་ན་རྟོགས་པའི་རྒྱུ་མཚན་མ་ཡིན་པའི་རིམ་པ་གཞན་ལ་བརྟེན་པ་ཡིན་ན་ནི་ཇི་ལྟར་དེས་རང་ཉིད་ཀྱིས་རྟོགས་པ་དང་ལྡན་པ་ཁྱེད་ཀྱི་ཡིན་པའི་ཕྱིར་རོ། །
དེ་ལྟ་བས་ན་གང་གི་ཕྱིར་དེ་ལྟར་ནའོ། །གཞལ་བར་བྱ་བ་བསྒྲུབ་པར་བྱ་བ་སྨོས་ཏེ། དམ་བཅའ་བ་བརྗོད་པ་ནི་ཅུང་ཟད་ཅིག་ཀྱང་དགོས་པ་མེད་དོ། །གང་ལས་གཞན་དུ་ཡང་ནི་མེད་ཀྱང་དེས་རྟོགས་པ་སྟེ་བསྒྲུབ་པར་བྱ་བའི་རྟོགས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་མཇུག་བསྡུ་བའོ། །
དེ་ལྟར་དམ་བཅའ་བའི་ངག་སྒྲུབ་པར་བྱེད་པ་ཡིན་པ་བསལ་བས་གཞན་དག་གི་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་ལ་སོགས་པ་གཞན་དག་གིས་ཡོངས་སུ་བརྟགས་པའི་སྒྲུབ་པར་བྱེད་པའི་ངག་བསལ་བ་ནི་རིགས་པ་ལྷག་པར་བཤད་པ་ནི་འདིས་ནི་ཞེས་བྱ་བ་སྨོས་ཏེ། གཞན་ལས་
ཀྱང་རྟོགས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་རིགས་པ་ནི་ཉེ་བར་གཏོད་པ་དང་མཇུག་བསྡུ་བ་ལ་སོགས་པའོ། །སོགས་པ་སྨོས་པ་ནི་ཐེ་ཚོམ་ཟ་བས་ཤེས་པར་འདོད་པ་ལ་སོགས་པ་སྤངས་ཤིང་བསལ་བ་ཡིན་ནོ། །དེ་ལ་དཔེ་ལ་ལྟོས་པ་དེ་བཞིན་དུ་ཉེ་བར་སྦྱར་བའམ། དེ་བཞིན་དུ་མ་ཡིན་
པ་ལས་བསྒྲུབ་པར་བྱ་བ་ནི་ཉེ་བར་གཏོད་པའོ། །དམ་བཅའ་བ་སླར་བརྗོད་པ་ནི་མཇུག་བསྡུ་བའོ་ཞེས་བྱ་བ་འདིས་བསྒྲུབ་པར་བྱ་བའི་མཚན་ཉིད་བསྟན་པ་ནི་དམ་བཅའ་བ་ཡིན་པས་དམ་བཅའ་བའོ། །འདིས་ནི་ཞེས་བྱ་བས་དེ་ཉིད་བསྟན་པ་ཡིན་ཏེ་འདི་ཙམ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་དང་འབྲེལ་
པ་བརྗོད་པ་ཙམ་གྱིས་ཉེ་བར་གཏོད་པ་ལ་སོགས་པ་སྤངས་ནས་བསྒྲུབ་བྱ་རྟོགས་པ་བཏུབ་པའི་ཕྱིར་ནི་སྐྱེའོ། །འདིར་འོད་ཀྱི་སྨྲས་པ་རེ་ཞིག་དམ་བཅའ་བ་ནི་ཡུལ་ཉེ་བར་བསྟན་པའི་ཕྱིར་གདོན་མི་ཟ་བར་བརྗོད་པར་བྱ་སྟེ། འཇིག་རྟེན་སྔར་གཅད་པར་བྱ་བ་ལ་སོགས་པའི་ལས་ངེས་པར་
དཔྱད་པ་དེའི་ཕྱིར་སྟ་རེ་ལ་སོགས་པ་སྒྲུབ་པར་བྱེད་དོ། །ཉེ་བར་གཏོད་པ་ཡང་ཇི་སྲིད་དུ་དཔེ་མཐོང་བ་ནུས་པས་གཏན་ཚིགས་ཆོས་ཅན་ལ་ཉེ་བར་མ་བསྡུས་པ་དེ་སྲིད་དུ་གང་ལས་བསྒྲུབ་བྱ་རྟོགས་པར་འགྱུར། རང་གི་དོན་གྱི་རྗེས་སུ་དཔག་པ་དང་མཐོང་བ་ནི་ངེས་པའི་ཤེས་པ་

འདིས་དོན་སྟོན་ཏོ། །དེ་ལྟར་རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཐོག་མར་ས་ཕྱོགས་ལ་དུ་བ་མཐོང་ན་དེ་ནི་གང་དང་གང་ལ་དུ་བ་བདག་གིས་མཐོང་བ་དེ་དང་དེ་ལ་མེ་ཡོད་དོ་ཞེས་མེས་ཁྱབ་པ་དྲན་པ་དང་། དེས་ན་འདི་ན་ཡང་དུ་བ་ཡོད་དོ་ཞེས་སླར་ངེས་སོ། །དེ་སོ་སོར་ངེས་པའི་དོན་གཞན་གྱི་
རྗེས་སུ་དཔག་པ་ལ་ཉེ་བར་གཏོད་པ་ཞེས་བརྗོད་དོ། །མཇུག་བསྡུ་བ་ཡང་གདོན་མི་ཟ་བར་བརྗོད་པར་བྱ་སྟེ། གང་གི་ཕྱིར་གང་ཡང་སྔར་སྒྲ་མི་རྟག་གོ་ཞེས་བརྗོད་པ་དེ་ཙམ་གྱིས་ངེས་པ་སྐྱེ་བ་མ་ཡིན་གྱི་ད་ལྟར་ཚད་མའི་སྟོབས་ཀྱིས་འོངས་པའི་དོན་དེ་ཤེས་པའི་དོན་འདིས་མཇུག་བསྡུ་བ་ཡིན་ནོ། །
མ་ལུས་པའི་ཚད་མའི་བྱ་བ་འདིས་ཉེ་བར་སྡུད་པ་ཡིན་ཏེ། འདི་ལྟར་དམ་བཅའ་བ་ནི་ལུང་ངོ་། །གཏན་ཚིགས་ནི་རྗེས་སུ་དཔག་པའོ། །དཔེ་ནི་མངོན་སུམ་མོ། །ཉེ་བར་གཏོད་པ་ནི་ཉེ་བར་འཇལ་བའོ། །དེས་ན་ཚད་མ་རྣམ་པ་བཞི་པོ་དེ་དག་གི་བྱ་བ་ཡང་མཇུག་བསྡུ་བས་ཉེ་བར་སྡུད་པ་ཡིན་པའི་
ཕྱིར་ཇི་ལྟར་འབྲས་བུ་དང་བཅས་པ་མ་ཡིན་སྙམ་པ་དེ་དག་བསྟན་པ་ནི། རེ་ཞིག་ཁ་བྱའི་ཆགས་པ་ཡོངས་སུ་དོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་བྱ་ནི་གཅེར་བུ་སློབ་དཔོན་ནོ། །དེ་ནི་འབྲས་བུ་མེད་པའི་མིང་རྩེག་མ་འབྲི་བ་ལ་ཆགས་པ་དེས་ན་དེ་ལྟ་བུ་གཞན་གྱིས་བཤད་པའི་དེའི་སྟེང་
དུ་གདོན་མི་ཟ་བར་མི་རིགས་པ་འབྲས་བུ་མེད་པར་ཡང་བརྗོད་པར་བྱེད་པ་ཡིན་པའི་ཕྱིར་གནས་མེད་པ་ལ་མངོན་པར་ཞེན་པ་ནི་སྤང་བར་བྱའོ། །མིག་ཚུགས་ལ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་ཉེ་བར་བསྡུས་པ་ལ་སོགས་པའོ། །རེ་ཞིག་འདི་ཙམ་གྱི་ཕྱོགས་ཀྱི་ཆོས་དང་འབྲེལ་པ་སྨོས་པ་ཙམ་
གྱི་ངག་གིས་བསྒྲུབ་བྱ་རྟོགས་པར་གྱུར་པ་ཅིས་ན་མ་ཡིན་ཇི་སྲིད་དུ་ཇི་སྙེད་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་དོན་བརྗོད་པ་ན་ཁོ་བོ་ཅག་རྣམས་ཀྱིས་རྗེས་སུ་རང་དོན་ཇི་ལྟ་བ་བཞིན་ཤེས་ལ་དེ་སྲིད་དུ་ཉུང་བ་དང་ལྷག་པར་ཆགས་པ་མེད་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་རྟོགས་པ་ལ་ཡང་
གཏན་ཚིགས་དང་། དཔེ་དེའི་ནུས་པ་ལ་ཉམས་པ་ཅི་ཞིག་ཡོད། འདི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་གང་གིས་རྟོགས་པ་མི་སྐྱེ། དེ་ཙམ་གྱིས་རྟོགས་པས་དམ་བཅའ་བ་དང་ཉེ་བར་གཏོད་པ་དང་མཇུག་བསྡུ་བའི་མཚན་ཉིད་སྨོས་པའི་ཕྲེང་བས་ཅི་ཞིག་བྱ། ཡང་ན་བྱིས་པ་

འཇུག་པར་བྱེད་པ་དེ་ལ་ཉེ་བར་མཁོ་བ་ཉེ་བར་བརྗོད་པ་ནི་མཚན་ཉིད་ཡིན་ནོ། །དེ་ལྟ་ན་དམ་བཅའ་བ་ཉེ་བར་གཏོད་པ་དང་མཇུག་བསྡུ་བའི་མཚན་ཉིད་སྤྲོས་པའི་ཕྲེང་བས་ཅི་ཞིག་བྱ། ཡང་བྱིས་པ་འཇུག་པར་བྱེད་པ་དེ་ལ་ཉེ་བར་མཁོ་བ་ཉེ་བར་བརྗོད་པ་ནི་མཚན་
ཉིད་ཡིན་ནོ། །དེ་ལྟ་ན་དམ་བཅའ་བ་ནི་ཉེ་བར་གཏོད་པ་དང་མཇུག་བསྡུ་བའི་སྦྱོར་བ་ཡང་གལ་ཏེ་ཚད་མས་ངེས་ན་རང་གི་བསྒྲུབ་བྱས་ཁྱབ་པའི་སྒྲུབ་པར་བྱེད་པའི་ཆོས་སུ་མི་འགྱུར་བའམ། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡོད་པ་ཡིན་པ་དེ་འདིར་གཏན་ཚིགས་སུ་མི་འགྱུར་རོ། །དེའི་
གཏན་ཚིགས་ཡོད་པ་ཡིན་ན་དམ་བཅའ་བ་མེད་ཀྱང་རང་གི་དོན་རྗེས་སུ་དཔག་པ་ལྟ་བུའི་གོ་བར་བྱེད་པའི་ངོ་བོ་མ་ཚང་བ་མེད་པས། དེའི་བསལ་བར་མི་བྱ་བའི་ཕྱིར་གནས་མེད་པ་ལ་ཅིས་ན་ཞེན་པར་བྱེད། སྒྲུབ་པར་བྱེད་པའི་ཆོས་འཕེན་པའི་ནུས་པས་སྟོང་པའི་བསྒྲུབ་པར་བྱ་བའི་ཆོས་
བརྗོད་པ་ཙམ་གྱིས་རྒོལ་བ་བསྒྲུབ་པར་བྱ་བ་ངེས་པར་རིགས་པ་མ་ཡིན་ཏེ། གཏན་ཚིགས་ཉེ་བར་བཀོད་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དེས་འཕངས་པའི་ནུས་པ་ཉིད་ཀྱིས་དམ་བཅས་པ་ཡིན་ནོ། །གང་གིས་དམ་བཅའ་བའི་ཡུལ་ཉེ་བར་བསྟན་པ་ནི་གཞན་དུ་བསྟན་
བཅོས་བྱེད་པ་ཉིད་ཀྱིས་བཤད་པས་སྨྲས་པའི་ལན་བཏབ་ཟིན་ཏོ། །གང་ཡང་སྒྲུབ་པར་བྱེད་པ་ལ་རབ་ཏུ་སྦྱར་བ་དེས་ན་ཁོ་བོ་སྒྲུབ་པར་བྱེད་པ་འདིས་བསྒྲུབ་པར་བྱ་བ་ཆེ་གེ་མོ་ཞིག་རྟོགས་པར་བསྒྲུབ་པར་བྱའོ་སྙམ་པས། ལས་ལ་ངེས་པར་དཔྱད་པ་ཉིད་དེ་ལ་རབ་ཏུ་སྦྱར་བའི་ཕྱིར་
འཇིག་རྟེན་པའི་རིགས་ལས་འདས་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་གལ་ཏེ་སྒྲུབ་པར་བྱེད་པ་ལས་གང་གི་བསྒྲུབ་པར་བྱ་བ་རྟོགས་པ་སྐྱེ་བ་དེས་ན་ལས་ལ་ངེས་པར་དཔྱོད་པ་དེ་མེད་པར་གྱུར་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་བསྒྲུབ་བྱ་འགྲུབ་པ་ནི་སྒྲུབ་པར་བྱེད་པའི་རྒྱུ་མཚན་ལས་
ཇི་ལྟར་འགྱུར། ནང་ཡང་མེ་དང་དུ་བའི་འབྲེལ་པ་སེམས་ལ་རྣམ་པར་གནས་ཀྱང་གང་ན་མེ་ཡོད་ཅེས་མེ་ཚོལ་བ་ན་དུ་བ་དང་བཅས་པའི་ཕྱོགས་མཐོང་བ་ཙམ་གྱིས་མེ་རྟོགས་པ་ཡིན་ནོ་ཞེས་ཇི་ལྟར་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ངེས་པའི་ཤེས་པས་ཤེས་པར་འགྱུར། ཡང་ན་རེས་འགའ་དེ་ལ་

མཐོང་ངོ་ཞེས་གཞན་གྱི་དོན་ལ་བསྟན་པ་ཡིན་ན་ནི་དེའི་ཚེ་ཞོ་ལ་སོགས་པ་ཟོས་ནས་རེས་འགའ་དུ་བ་ལས་མེ་རྟོགས་པ་ཡང་ཡིན་ནོ་ཞེས། ཞོ་ལ་སོགས་པ་ཟོས་པ་ཡང་རེས་འགའ་ཞིག་ཅིས་ན་སུ་ཞིག་གིས་བརྟེན་པར་བྱ་བ་མ་ཡིན་གང་ཕྱིར་བརྗོད་པ་ལུང་ཡིན་ནོ་ཞེས་བྱ་བ་དེ་ལ་གལ་ཏེ་རྒོལ་བའི་ཚིག་
ཉིད་ལུང་ཡིན་པ་དེའི་ཚེ་དེ་ཉིད་ལས་བསྒྲུབ་པར་བྱ་བ་འགྲུབ་པར་གཏན་ཚིགས་བསྟན་པ་དོན་མེད་དོ། །ཡང་ན་དམ་བཅའ་ལུང་དུ་སྨྲ་ན་ལུང་དམ་བཅའ་བ་ཡིན་པ་དེའི་ཚེ། ཕྱོགས་འདི་ན་མེ་ཡོད་དོ་ཞེས་ལུང་འགའ་ཞིག་ལས་བཤད་པ་མེད་ན་ཇི་ལྟར་ལུང་དམ་བཅའ་བ་ཡིན། གཏན་ཚིགས་
རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ཡང་མི་རིགས་ཏེ་ཕྱོགས་ཀྱི་ཆོས་ཙམ་གཏན་ཚིགས་མ་ཡིན་གྱི་དེ་ནི་ཚུལ་གསུམ་པ་ཡིན་པའི་ཕྱིར་རོ། །དཔེ་ཐམས་ཅད་ཀྱང་མངོན་སུམ་མ་ཡིན་པའི་ཕྱིར་ཇི་ལྟར་དཔེ་མངོན་སུམ་དུ་འགྱུར། ཉེ་བར་གཏོད་པ་ཡང་ཚད་མ་མ་ཡིན་ན་ཇི་ལྟར་དེའི་བྱེད་པ་
ཉེ་བར་བསྡུ་བ་ཡིན། ཉེ་བར་གཏོད་པ་ནི་གལ་ཏེ་ངེས་པར་དཔེ་མཐོང་བའི་ནུས་པས་གཏན་ཚིགས་ཆོས་ཅན་ལ་ཉེ་བར་གཏོད་པ་དེ་ནི་ཉེ་བར་གཏོད་པར་བླའི། །ཅི་བྱས་པའི་ཕྱིར་ཞེས་བྱ་བ་ཕྱོགས་ཀྱི་ཆོས་བསྟན་པ་ཡིན་དེ་ཉིད་མཐོང་བའི་ནུས་པས་གཏན་ཚིགས་ཉེ་བར་བསྡུ་བར་འགྱུར་བས་ཕྱོགས་
ཀྱི་ཆོས་བསྟན་པར་མི་བྱ་བས་ཅི་ཡང་མ་ཡིན་ནོ། །དེས་ན་གང་ལ་དམ་བཅའ་བ་ཐོག་མ་ཁོ་ནར་སྦྱོར་བ་མི་འདོད་དེ། དེ་ལ་དེ་ཡང་བརྗོད་པ་གང་ལས་མཇུག་བསྡུ་བར་འགྱུར་སྙམ་ན། ཕྱིར་ཞེས་བྱ་བ་སྨོས་ཏེ་དེའི་ཕྱིར་ན་འདི་ཉིད་ཕྱོགས་ཀྱི་ཆོས་དང་འབྲེལ་པ་ཙམ་གྱིས་སྒྲུབ་པར་བྱེད་པའི་བདག་ཉིད་ཀྱང་གང་གི་སྦྱོར་བས་སྦྱོར་
བ་ན་ཚིག་ཡན་ལག་ལྔ་པའི་བདག་ཉིད་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདི་བསྒྲུབ་པར་བྱ་བའི་ངག་གིས་དམ་བཅའ་བ་ལ་སོགས་པ་འབའ་ཞིག་སྦྱོར་བ་མི་རིགས་ཏེ། སྔར་གཞན་གྱིས་ཁས་བླངས་པ་གཏན་ཚིགས་ཀྱི་སྦྱོར་བའི་དཔེ་ཡིན་ནོ་ཞེས་བྱ་བའི་རིམ་པ་ངེས་པ་ནི་འགའ་ཡང་མེད་དོ། །ག་ལས་ཤེ་ན་ཐམས་ཅད་དུ་
གང་གི་ཚེ་སྔར་གཏན་ཚིགས་ཡིན་ལ་ཕྱི་ནས་ཁྱབ་པའམ། ཡང་ན་སྔར་ཁྱབ་པ་ཡིན་ལ་ཕྱིས་ཕྱོགས་ཀྱི་ཆོས་ལ་རབ་ཏུ་སྦྱར་བ་དེ་ལྟ་ན་ཡང་གོ་བར་བྱེད་པའི་ཕྱིར་རོ། །འོ་ན་ནི་དེའི་སྦྱོར་བ་རྣམ་པ་གཉིས་ཡིན་ནོ་ཞེས་བྱ་བ་མི་རིགས་པར་བཤད་པ་ཡིན་ཏེ་གང་གི་ཕྱིར་རིགས་པ་ཅན་གྱི་གཏན་

ཚིགས་ནི་རྣམ་པ་གསུམ་སྟེ། རྗེས་སུ་འགྲོ་བ་དང་། ལྡོག་པ་དང་། རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའོ། །དེས་ན་དེའི་སྦྱོར་བ་ནི་རྣམ་པ་གསུམ་སྟེ། ཆོས་མཐུན་པ་དང་ཆོས་མི་མཐུན་པ་དང་ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཅན་དག་གོ་ཞེས་
བརྗོད་པར་བྱའོ་ཞེ་ན། འབྲེལ་པ་སྨོས་པ་དག་གིས་ཀྱང་ཞེས་བྱ་བ་སྨོས་ཏེ། རིམ་པ་ངེས་པ་འབའ་ཞིག་ནི་རིགས་པ་མ་ཡིན་ཏེ། འོན་ཀྱང་གཉི་ག་ལ་ཡང་དོན་ཐ་དད་པ་ནི་འགའ་ཡང་མེད་དེ་གང་ལ་ཡང་ཚུལ་གསུམ་ཡོད་པར་གྱུར་པ་དེའི་ཕྱིར་གཏན་ཚིགས་ཐམས་ཅད་རྗེས་སུ་འགྲོ་བ་དང་
ལྡོག་པ་ཉིད་དང་རྗེས་སུ་འགྲོ་བ་ཅན་ནམ། ལྡོག་པ་ཅན་གྱི་གཏན་ཚིགས་འགའ་ཞིག་མེད་པ་དེས་ན་གང་ལས་སྦྱོར་བ་རྣམ་པ་གསུམ་དུ་འགྱུར་བར་སེམས་པ་ཡིན། །གལ་ཏེ་གང་ལས་དོན་ཐ་དད་པ་མེད་པ་ཡང་ཡིན་ན་གཉིས་ཀ་སྨོས་སོ་ཞེ་ན། གཉིས་ཀ་ཞེས་བྱ་བ་སྨོས་ཏེ་ཆོས་མཐུན་པ་དང་
ཆོས་མི་མཐུན་པ་སྦྱོར་བ་ལ་སོགས་པ་ལ་ཡང་དགག་པ་དང་སྒྲུབ་པའི་ངོ་བོས་ཆོས་ཐ་དད་པར་རྟོགས་སོ། །དེ་ལྟ་ན་སྒྲུབ་པར་བྱེད་པའི་ཆོས་དེ་ཡོད་པ་ཉིད་བསྒྲུབ་པར་བྱ་བའོ། །རང་བཞིན་དུ་གྱུར་པ་ཁོ་ན་ཆོས་མཐུན་པ་དང་། ཆོས་མི་མཐུན་པའི་སྦྱོར་བ་དག་གིས་བཤད་པའི་ཕྱིར་རོ། །འོ་
ན་ནི་ཆོས་མཐུན་པའི་སྦྱོར་བ་ནི་གཏན་ཚིགས་ཡོད་ན་བསྒྲུབ་བྱ་ཡོད་པ་དང་། ཆོས་མི་མཐུན་པ་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་སྒྲ་ལས་རྟོགས་ཀྱི་དེའི་བདག་ཉིད་མ་ཡིན་ན་དེ་ཅིས་ན་བརྗོད། གལ་ཏེ་དེའི་རང་བཞིན་དུ་བསྟན་པའི་ཕྱིར་ཞེ་ན་དེའི་རང་བཞིན་མ་ཡིན་པ་ཞེས་བྱ་བ་
སྨོས་ཏེ་གང་གི་ཚེ་ཆོས་མཐུན་པའི་སྦྱོར་བས་དེའི་རང་བཞིན་དུ་མ་འཕངས་པ་དེའི་ཚེ་སྒྲུབ་པར་བྱེད་པ་དེའི་རང་བཞིན་དུ་མ་གྱུར་པ་ཅི་དེ་ལྟར་གཅིག་ཏུ་ངེས་པར་གདོན་མི་ཟ་བར་བསྒྲུབ་པར་བྱ་བར་འགྱུར་ཏེ། རེས་འགའ་བ་ཞིག་ཏུ་འགྱུར་སྲིད་དོ། །གང་བྱས་པ་དེ་མི་རྟག་པ་ཡིན་ནོ་ཞེས་བྱ་བར་
གཅིག་ཏུ་ངེས་པར་གྱུར་པའི་གཏན་ཚིགས་ལ་བསྒྲུབ་བྱས་ཁྱབ་པ་ནི་ཆོས་མཐུན་པ་ལ་སོགས་པའི་སྦྱོར་བར་བརྗོད་དོ། །དེ་ཡང་དེའི་བདག་ཉིད་མ་ཡིན་ན་ནི་དོན་གཞན་ལ་ཤུགས་ཀྱིས་དེ་འཕེན་པ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་དེའི་རང་བཞིན་དུ་གྱུར་པའི་གཅིག་ཏུ་ངེས་པ་ལས་གཞན་ལ་

ཡོད་པ་མ་ཡིན་ཞེ་ན། བྱས་པ་ཉིད་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་རྩོལ་བ་ལས་བྱུང་བ་ཉིད་མེད་དུ་ཟིན་ཀྱང་བྱས་པ་ཉིད་ཡོད་པས་དེའི་རང་བཞིན་མ་ཡིན་པས་མི་རྟག་པ་ཡང་འདི་ཉིད་ཀྱི་ལུགས་ཀྱིས་དེ་ཡང་དེའི་བདག་ཉིད་སྤངས་པའི་ཕྱིར་ན་རྩོལ་བ་ལས་བྱུང་བ་ཉིད་མི་རྟག་
པའི་རྗེས་སུ་འགྲོ་བས་མི་འགྱུར་བའམ། ལྡོག་ན་ལྡོག་པར་མི་འགྱུར་བས་ཇི་ལྟར་དེ་ལས་དེ་རྟོགས་པར་འགྱུར་ཞེ་ན། ཉེས་པ་འདི་དག་མེད་དེ། རྩོལ་བ་ལས་བྱུང་བའི་དོན་གྱི་རང་བཞིན་གྱིས་མི་རྟགས་པ་ཉིད་དེས་སྒྲུབ་པར་བྱེད་པ་དེ་ལ་ཡང་དེའི་བདག་ཉིད་ཡོད་པས་རྗེས་སུ་འགྲོ་བ་དང་ལྡོག་
པ་དང་བསལ་བར་མི་ནུས་སོ། །བྱས་པ་ཉིད་མི་རྟག་པ་ཉིད་ཙམ་ལ་ལྟོས་པ་དེའི་བདག་ཉིད་ནི་འདིས་སྤོང་བར་བྱེད་པར་འདོད་པའི་ཕྱིར་རོ། །འོ་ན་ནི་མེ་ལྡོག་པས་དེའི་རང་བཞིན་མ་ཡིན་པའི་དུ་བ་ལྡོག་པ་དང་རྗེས་སུ་འགྲོ་བ་ཡང་མཐོང་ངོ་ཞེ་ན། འབྲས་བུ་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ།
རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་འབྲེལ་པའི་རྒྱུ་མཚན་དེས་དེ་ལ་ཁྱབ་པ་ན། དེ་མེད་ན་དེ་མེད་པའི་ཕྱིར་དང་། དེ་ལ་དོན་གཞན་པའི་དུ་བ་མེ་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་མཚན་དུ་ཡོད་པར་གྱུར་པའོ། །དེ་དག་གང་ལ་དོན་གཞན་མ་ཡིན་པར་བརྗོད་
པ་དེ་ནི་གདོན་མི་ཟ་བའི་བདག་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདིར་དཔེ་ནི་དཔེར་ན་བྱས་པ་ཉིད་དང་རྩོལ་བ་ལས་བྱུང་བ་དེ་དག་ཉིད་ལས་བྱུང་བ་ཟློག་པ་སྟེ་གཅིག་ལྡོག་པས་གཞན་ལྡོག་པ་ནི་མ་ཡིན་ཏེ་གང་རྩོལ་བ་ལས་བྱུང་བ་མ་ཡིན་པ་དེ་ནི་བྱས་པ་ཡང་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་
ཡིན་ནོ། །གང་གི་ཕྱིར་དེ་ལྟར་ན་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་མཚན་ཉིད་ཇི་ལྟ་བའི་གཏན་ཚིགས་ཡོད་ན་བསྒྲུབ་པར་བྱ་བ་གདོན་མི་ཟ་བར་ཡོད་པ་དང་། བསྒྲུབ་བྱ་མེད་ན་གཏན་ཚིགས་གདོན་མི་ཟ་བར་མེད་པའི་ཕྱིར་ཆོས་མཐུན་པའི་སྒོ་ནས་སམ་ཆོས་མི་མཐུན་པའི་སྒོ་ནས་
སྦྱོར་བ་གཅིག་གིས་གཉིས་པ་འཕེན་པས་བདག་ཉིད་ལ་ཁྱབ་པར་བྱེད་པའི་རྒྱུ་མཚན་གྱིས་འཕངས་པས་དེ་ཡང་ཅིག་ཤོས་ནི་ཁྱབ་པར་བྱ་བ་ཡིན་པ་དེའི་ཕྱིར་གང་ལ་ཡང་ཚུལ་གསུམ་པ་རྟོགས་པས་གཅིག་ནི་ཚིག་གིས་ཡིན་ལ་གཞན་ནི་དོན་གྱིས་ཡིན་ནོ་ཞེས་འབྲེལ་པ་བརྗོད་པའི་སྦྱོར་བ་

ཁོ་ནས་དགག་པའི་སྒོ་ནས་སམ་སྒྲུབ་པའི་སྒོ་ནས་ཐ་དད་ཀྱི་དོན་ནི་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེའི་ཕྱིར་དེའི་སྦྱོར་བ་གཉིས་ཏེ་ཆོས་མཐུན་པ་དང་ཆོས་མི་མཐུན་པའོ། །ཆོས་མཐུན་པ་དང་ཆོས་མི་མཐུན་པ་དག་གཉིས་ཀས་མ་ཡིན་ལ། དེའི་དོན་གྱིས་ཡིན་ཏེ་གང་
ཡང་རུང་བ་ཁོ་ནས་སྟོན་པའི་ཕྱིར་རོ། །གཏན་ཚིགས་ཐམས་ཅད་རྗེས་སུ་འགྲོ་བ་དང་། ལྡོག་པའི་དངོས་པོ་ཅན་དེ་རྗེས་སུ་འགྲོ་བ་ཅན་ནམ་ལྡོག་པ་ཅན་གྱིས་མ་ཡིན་ནོ་ཞེས་བྱ་འདི་དག་ཀྱང་ཉེ་བར་བསྡུ་བ་ནི་གཉིས་པ་འཕེན་པས་ཞེས་བྱ་བ་སྨོས་ཏེ། གཅིག་པུ་ནི་མ་ཡིན་ནོ། །རྗེས་
སུ་འགྲོ་བའི་སྒོ་ནས་སམ་ལྡོག་པའི་སྒོ་ནས་སྒྲུབ་པར་བྱེད་པའི་ངག་གཉིས་ཀྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་དངོས་སུ་སྒྲ་ཡིས་བསྟན་པར་འདོད་པ་ནི་དོན་མེད་པས་རྟོགས་པའི་ཤེས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དོན་དེ་ཉིད་གཞན་གྱི་བསལ་བ་རྟོགས་པར་བྱ་བ་ནི་དེའི་
རང་བཞིན་ཡིན་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དེའི་རང་བཞིན་གྱིས་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་གྲུབ་བོ། །དེའི་རང་བཞིན་ཡིན་པ་དེ་ཉིད་ཀྱི་ཕྱིར་དེ་མེད་ན་མེད་པར་ཡང་གྲུབ་པ་ཉིད་དོ། །དེའི་རང་བཞིན་མེད་པ་ནི་གང་གི་བདག་ཉིད་མེད་པས་མེད་པར་
རིགས་པའི་ཕྱིར་རོ། །དེ་བཞིན་དུ་དེའི་རང་བཞིན་གྱིས་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པར་བྱེད་པ་མེད་པར་གྲུབ་པ་བདེན་པ་དེ་ཉིད་ཀྱི་ཕྱིར་གཏན་ཚིགས་གྲུབ་པ་དང་རྗེས་སུ་འགྲོ་བ་ཡང་གྲུབ་པ་ཡིན་ནོ། །ཁ་ཅིག་ཆོས་མཐུན་པ་ཅན་གྱི་སྦྱོར་བ་བཤད་པ་ན་དེ་མེད་པ་ཉིད་ནི་གཏན་ཚིགས་མི་མཐུན་པའི་
ཕྱོགས་ལ་མེད་པར་གསུངས་པ་ཇི་ལྟར་གཞན་པ་དང་འགལ་བ་མི་མཐུན་པའི་ཕྱོགས་ཡིན་ན་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་དང་འགལ་བ་ཁོ་ནས་རྣམ་པར་བཅད་པ་ཐལ་བར་འགྱུར་བས་ན་བསྣན་པ་བསྟན་པའི་ཕྱིར་ལྡོག་པའི་སྦྱོར་བ་ཡིན་ནོ་ཞེ་ན། དེ་དང་དེའི་དོན་དུ་ཡང་
མི་རིགས་ཏེ། གང་གི་ཕྱིར་གཞན་པ་དང་འགལ་བ་དག་ཀྱང་ཡིན་ཏེ། དེ་མེད་པ་འབའ་ཞིག་གིས་མི་མཐུན་པའི་ཕྱོགས་ཡིན་ན་ཆོས་གཞན་དང་ལྡན་པས་གཞན་ཡིན་ན། བརྗོད་པར་འདོད་པའི་ཆོས་ཀྱི་རྟེན་མ་ཡིན་པ་མ་ཡིན་ནོ། །འགལ་བ་ཉིད་ཁོ་ན་མི་མཐུན་པའི་ཕྱོགས་མ་ཡིན་ཏེ་

ལྷན་ཅིག་མི་གནས་པའི་མཚན་ཉིད་འགལ་བ་དང་། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་སོ། །དེའི་མི་རྟག་པ་ལས་གཞན་པ་དག་མེད་པ་ལ་སོགས་པའི་ཆོས་དང་ལྡན་པའི་དོན་ལ་བྱས་པ་ཉིད་ལ་སོགས་པ་འཇུག་པ་ནི་གཏན་ཚིགས་མེད་པར་ཐལ་བར་འགྱུར་རོ། །
དྲོ་བ་བསྒྲུབ་པར་བྱ་བའི་མེའི་མཚན་ཉིད་ཀྱི་གཏན་ཚིགས་དང་འགལ་བ་ནི་གྲང་བ་སྟེ་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་གཞན་ཡང་རྣམ་པར་བཅད་པར་ཐལ་བར་འགྱུར་བས་དྲོ་བ་གཅིག་ཏུ་ངེས་པ་མེས་གོ་བ་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་དེ་འདིའི་སྐྱོན་དུ་འགྱུར་གྱི། སློབ་དཔོན་གྱིས་
བཤད་པ་གང་གི་ཚེ་གཅིག་ཏུ་མི་མཐུན་པའི་ཕྱོགས་སུ་འདོད་པ་དེའི་ཚེ་དེ་མེད་པ་མི་མཐུན་པའི་ཕྱོགས་ཡིན་གྱི་འགལ་བ་དང་གཞན་ནི་མ་ཡིན་ན་དེ་ནི་གཞན་ལ་ཡང་བརྗོད་པར་འདོད་པའི་ཆོས་མི་རྟེན་པ་དང་འགལ་བ་ཡང་ཡོད་པས་དེ་མེད་པ་ལས་གཞན་པ་དག་ནི་རིགས་པ་མ་ཡིན་ནོ། །
ཁོ་བོ་ཅག་ནི་མི་མཐུན་པའི་ཕྱོགས་ཀྱང་རྣམ་པ་གསུམ་འདོད་པ་དང་། བརྗོད་པར་འདོད་པའི་ཆོས་ཀྱི་རྟེན་མ་ཡིན་པ་གཞན་ཡིན་ནོ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་སྒྲུབ་པར་བྱེད་པའི་ཆོས་བསྒྲུབ་པར་བྱ་བའི་རང་
བཞིན་དུ་གྱུར་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་བས་སམ། ལྡོག་པས་ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཅན་གྱི་སྦྱོར་བ་དག་བརྗོད་པས་དེའི་བདག་ཉིད་ཀྱི་སྒོ་ནས་དོན་གྱིས་ཅིག་ཤོས་འཕངས་པར་བརྗོད་དོ། །དེའི་ཚེ་ཚད་མ་གྲུབ་པ་ཉིད་དེ་དེའི་རང་བཞིན་དུ་གྱུར་པ་དེའི་རྒྱུ་མཚན་གྱིས་
ཡིན་གྱི་སྒྲ་ཙམ་ཤེས་པས་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་སྙམ་ནས། གཞན་གྱིས་གང་གིས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ན་ཞེས་བྱ་བ་ནི་ཡོད་པ་འཇིག་པའི་རང་བཞིན་དུ་གྱུར་པ་ཉིད་ཀྱིས་ཡོད་པའི་མཚན་ཉིད་ཀྱི་གཏན་ཚིགས་སྐད་ཅིག་མ་ཉིད་ཀྱི་རང་བཞིན་དུ་
གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་འདྲི་བའི་བསམ་པ་ནི་ཡོད་པ་ནི་རྣམ་པ་གཉིས་ཏེ། བྱས་པ་བུམ་པ་ལ་སོགས་དང་མ་བྱས་པ་ནམ་མཁའ་ལ་སོགས་པའོ། །དེ་ལ་གང་རེ་ཞིག་མ་བྱས་པར་ཡོད་པ་རྒྱུ་མེད་པ་ནི་རྟག་པའི་མཚན་ཉིད་དང་ལྡན་པ་ནི་མི་རྟག་པ་ཁོ་ནར་མི་འགྱུར་ཏེ། གང་ཁོ་

ན་ལས་སྐད་ཅིག་མ་ཡིན་ཞེས་བྱ། ཡོད་པ་ནི་སྐད་ཅིག་མའི་རང་བཞིན་མ་ཡིན་ནོ། །གང་ཡང་ཡོད་པ་དང་བྱས་པ་ཉིད་དེ་དག་ཀྱང་ཐོ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པས་འཇིག་པ་ནི་རྒྱུ་དང་བཅས་པའི་ཕྱིར་དེའི་རྒྱུ་ཉེ་བར་འཇིག་གོ། །བྱས་
པའི་བདག་ཉིད་ཡིན་དུ་ཟིན་ཀྱང་ཡོད་པ་མ་ལུས་པ་ཉིད་སྐད་ཅིག་མའི་རང་བཞིན་མ་ཡིན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མི་སྲིད་པའི་ཕྱིར་གདོན་མི་ཟ་བར་འཇིག་པ་ནི་དབྱུག་པ་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྣམ་པས་མཐོང་བའི་ཕྱིར་རོ། །དེ་སྐད་དུ་ཡང་། བསྣུན་དང་མེ་དང་འབྲེལ་
པ་ནི། །འཇིག་པའི་རྐྱེན་དུ་ཉེ་བ་ཡིན། །གང་གི་ཚོགས་པ་མེད་པ་ནི། །བུམ་པ་ལ་སོགས་འཇིག་པ་མེད། །ཅེའོ། །བདེ་བར་གཤེགས་པ་པས་གཞན་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་རྒྱུ་དང་ལྡན་པའི་ཐ་སྙད་དུ་བྱེད་པའི་རྒྱུ་མཚན་དུ་ཁས་བླངས་པས་དེ་འདིར་ཡང་
ཡོད་པ་ཡིན་ནོ་ཞེས་དེའི་ཐ་སྙད་ཅིས་ནི་འཇུག་པར་མི་འགྱུར་ཞེ་ན། འོ་ན་ནི་རྗེས་སུ་འགྲོ་བ་ངེས་པ་ཡང་བསྟན་ཏེ་གནོད་པར་བྱེད་པའི་ཚད་མ་འཇུག་པའི་དབང་གིས་རང་བཞིན་ཡིན་པ་སྔར་བསྟན་ཟིན་ལ། རྗེས་སུ་འགྲོ་བ་ངེས་པ་ཡང་རང་བཞིན་གྱི་གཏན་ཚིགས་ལ་སོགས་པ་ལ་བརྗོད་པས་
དེ་གང་གིས་ཕྱོགས་སྔ་མའི་གོ་སྐབས་སུ་འགྱུར་རོ་ཞེ་ན། །བདེན་ཏེ་འོན་ཀྱང་སྔོན་གྱི་སློབ་དཔོན་གྱིས་བྱས་པ་ཉིད་སྐད་ཅིག་པ་ཉིད་བསྒྲུབ་པར་བྱ་བ་ལ་མཐར་གཞན་གྱིས་བྱས་པ་སྟེ། གདོན་མི་ཟ་བར་འཇིག་པའི་རྒྱུ་དང་འབྲེལ་པར་ཁས་ལེན་པའི་ཕྱིར། དེའི་རྒྱུ་དང་མི་ལྡན་པར་བསྟན་
པས་ལྟོས་པ་མེད་པར་འཇིག་པ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་རྣམས་ཀྱིས་དེའི་བདག་ཉིད་དུ་སྒྲུབ་པར་བྱེད་པར་བཤད་པ་དེའི་ཞར་ལ་བྱུང་བས་བྱས་པ་དང་ཡོད་པའི་མཚན་ཉིད་ནི་དེའི་བདག་ཉིད་གོ་བར་བྱེད་པ་ཡིན་གྱི་གཞན་དུ་བསྟན་པར་མི་བྱ་སྟེ་དོན་བྱེད་པའི་མཚན་ཉིད་
དང་འགལ་བས་ན་ཡོད་པ་ཐམས་ཅད་ནི་དངོས་པོ་ཙམ་ཁོ་ན་ཞེས་སྔར་བཤད་དུ་ཟིན་ཀྱང་། སྤྲོས་པར་འདོད་ནས་ཕྱོགས་སྔ་མ་ཉེ་བར་བཀོད་དོ། །མ་བྱས་པའི་མཚན་ཉིད་ཅན་གྱི་ཡོད་པ་ནི་མི་སྲིད་པ་ཁོ་ནར་ངེས་ཏེ་རྒྱུ་མེད་ན་ཡུལ་དང་དུས་དང་རང་བཞིན་ངེས་པར་མི་རིགས་པའི་ཕྱིར་

རོ། །དེས་ན་སྔོན་གྱི་སློབ་དཔོན་གྱིས་ཡོད་པ་རྒྱུ་མེད་པ་ཅན་གྱི་རྟག་པ་ནི་ཡན་ལག་མ་ཚང་བ་ཉིད་ཀྱི་རྟག་པ་མི་སྲིད་པའི་ཕྱིར་དེའི་བདག་ཉིད་དུ་དེ་ལ་འབད་པ་མ་མཛད་དོ། །བསྟན་བཅོས་བྱེད་པ་ནི་ཡོད་པའི་སྤྱི་དང་བྱས་པའི་མཚན་ཉིད་ཀྱང་སྐད་ཅིག་མའི་རང་བཞིན་དུ་ཡུལ་དང་དུས་དང་
རང་བཞིན་གྱིས་བསྐལ་དུ་ཟིན་ཀྱང་དེའི་བདག་ཉིད་དུ་དངོས་པོ་ལ་གནས་པ་ཁོ་ན་སྟེ། གཞན་གྱིས་ཁས་བླངས་པའི་དོན་བྱེད་པར་འགལ་བ་དང་ཕྱིས་གདོན་མི་ཟ་བར་འཇིག་པ་རྒྱུ་མེད་པ་ནི་ཁྱད་པར་མེད་པས་སྐྱེ་བ་ཙམ་མེད་པར་ཐལ་བར་འགྱུར་བར་བསྟན་པར་བྱའོ། །དེ་ལ་སྔོན་གྱི་
སློབ་དཔོན་གྱིས་ཡོད་པ་དང་བྱས་པ་ཐམས་ཅད་ལ་མཐར་རྒྱུས་བྱས་པའི་འཇིག་པར་གདོན་མི་ཟ་བ་ཡིན་ནོ་ཞེས་གང་ཕ་རོལ་པོ་འདོད་པ་དེ་ནི་ལྟོས་པ་མེད་པའི་རིམ་པས་འཇིག་པའི་རྒྱུ་མི་རིགས་པའི་ཕྱིར་རོ་ཞེས་བཤད་དོ། །གལ་ཏེ་འཇིག་པའི་རྒྱུ་མེད་པ་དེ་ལྟ་ན་དེ་དག་གི་བྱས་པ་འཇིག་པ་སྟེ།
གདོན་མི་ཟ་བར་འབྱུང་བ་ནི་འཇིག་གོ་ཞེས་བྱ་བ་གང་ལས་ཡིན་དེ་གློ་བུར་བ་འབའ་ཞིག་གི་རང་བཞིན་མི་རིགས་ཤེ་ན། རང་གི་ངོ་བོ་ཁོ་ནས་ཞེས་བྱ་བ་སྨོས་ཏེ། ཁོ་བོ་ཅག་དེ་ལས་འབྱུང་བ་འབྲས་བུ་ཡིན་པས་དངོས་པོའི་རྒྱུའི་སྒྲས་བརྗོད་དོ། །རང་གི་རྒྱུ་ཁོ་ནས་འཇིག་པ་ནི་འཇིག་པའི་
ངང་ཅན་ནི་ཁབ་ཀྱི་རྩེ་མོར་ཡུངས་ཀར་གྱི་གནས་མེད་པ་བཞིན་དུ་རང་གི་བདག་ཉིད་དངོས་པོ་ལས་སྐྱེ་བ་དེ་དག་བྱས་པའི་མཚན་ཉིད་ཀྱི་ཡོད་པའི་དངོས་པོ་རྣམས་རང་གི་རྒྱུ་ལས་གྲུབ་པ་ནི་གཞན་གྱིས་བཅོལ་བ་ལ་སོགས་པས་འཇིག་པ་སྐྱེད་པ་ནི་མ་ཡིན་ནོ། །གང་ལས་ཡིན་ཞེ་ན།
དེ་བཅོམ་པ་མེ་དང་འབྲེལ་པ་ལ་སོགས་པ་ལ་རྒྱུར་ཁས་བླངས་པ་དེ་ནི་ནུས་པ་མེད་པའི་ཕྱིར་རོ། །མེ་དང་འབྲེལ་པ་ལ་སོགས་པ་ཆ་རྣམ་པ་གསུམ་དུ་དཔྱད་པར་བྱ་སྟེ། དེ་ཉིད་ཤིང་ལ་སོགས་པ་འཇིག་པའམ་སོལ་བ་ལ་སོགས་པ་གནས་སྐབས་གཞན་པའམ་ཤིང་ལ་སོགས་པ་
ལྡོག་པའི་མཚན་ཉིད་ཀྱིས་དངོས་པོ་མེད་པ་ཅན་མ་ཡིན་པའི་ངོ་བོ་ཞིག་ཡིན། གང་ལ་མེ་ལ་སོགས་པ་དང་འབྲེལ་པའི་བྱེད་པ་ལས་གཞན་ནི་བསམ་པར་མི་བྱའོ། །རེ་ཞིག་དངོས་པོར་གྱུར་པ་ལ་ལ་ཞིག་ལ་འདིར་འཇིག་པ་རྒྱུའི་ནུས་པས་ནི་མི་རིགས་སོ། །གང་གི་ཕྱིར་འཇིག་

པའི་རྒྱུ་ཡོད་པ་ཡིས་བུད་ཤིང་ལ་སོགས་པ་རང་གི་རྒྱུ་ལས་བསྟན་པའི་ངོ་བོར་སྐྱེས་པའི་རང་བཞིན་ཁོ་ན་མི་བརྟེན་པའི་བདག་ཉིད་ཀྱི་མཚན་ཉིད་ཅན་དུ་མི་བྱེད་དོ། །གང་གིས་ཤེ་ན། བུད་ཤིང་ལ་སོགས་པ་རང་གི་རྒྱུ་ཁོ་ན་ལྡོག་པས་སོ། །གནས་པའི་བདག་ཉིད་ལྡོག་
པ་མེད་པ་གཞན་དུ་དངོས་པོ་མེད་པ་དེའི་བདག་ཉིད་དུ་བྱེད་པར་ནུས་པ་མ་ཡིན་ནོ། །དེའི་རྒྱུ་གཞན་གྱིས་ཕྱིས་འབྱུང་བ་ནི་དོན་གཞན་པ་ཉིད་དུ་ཐལ་བར་འགྱུར་ན་དེ་ནི་གཞན་དུ་རིགས་པ་མ་ཡིན་ཏེ་དེ་ལ་རྒྱུའི་བྱེད་པ་བརྟག་པར་མི་ནུས་པའི་ཕྱིར་རོ། །ཡང་ན་ཇི་སྲིད་དུ་རྣམ་གསུམ་བརྟག་པར་བྱ་སྟེ། འཇིག་
པ་ནི་ཤིང་ལ་སོགས་པའི་རང་བཞིན་མེ་དང་འབྲེལ་པ་ལ་སོགས་པས་འཇིག་པ་རྒྱུས་བྱེད་པར་འགྱུར་ན་དེའི་རང་གི་རྒྱུ་ཁོ་ནས་ལྡོག་པའི་ཕྱིར་རོ། །གཞོན་ནུ་མ་ལེན་གྱིས་བསམ་པ་མེ་དང་འབྲེལ་པ་ལ་སོགས་པས་མེད་པའི་རང་བཞིན་དུ་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་བུད་ཤིང་ལ་སོགས་པས་ཞིག་
ནས་མེད་པ་དེ་ཡང་བུད་ཤིང་ལ་སོགས་པའི་ངོ་བོ་མ་ཚང་བ་ན་སོལ་བ་ལ་སོགས་པ་ཕྱིས་བྱུང་བ་ཁོ་ན་སྟེ། དེ་ནི་ཞོ་ལ་འོ་མ་མེད་པ་ལ་ཞིག་ནས་མེད་པར་བཤད་པའི་རྣམ་པ་དེ་བཞིན་དུ་མེད་པ་རྒྱུ་དང་ལྡན་པར་ཁས་བླང་པར་བྱ་བ་ལ་འགལ་བ་མེད་དོ། །དེ་བཞིན་དུ་གཞན་ཞིག་ཀྱང་། དངོས་པོ་
གཞན་གྱིས་དབེན་པ་ཡི། །མི་དམིགས་པ་ལས་སྲིད་པ་ན། །དེ་ཡི་དེ་ནི་དངོས་མེད་འདོད། །ཅིས་ན་རྒྱུ་ལས་འབྱུང་མ་ཡིན། །ཞེས་སྨྲས་ཏེ། །གཞོན་ནུ་མ་ལེན་གྱིས་འདོད་པ་དེ་དང་དེ་དག་བསལ་བ་ནི་དངོས་པོ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་བདག་ཉིད་ཕྱི་མ་
ནི་དངོས་པོ་གཞན་ཁོ་ན་མེད་པ་གང་ཡིན་པ་དེ་ནི་མེ་དང་འབྲེལ་པ་ལ་སོགས་པ་ལས་སོལ་བ་ལ་སོགས་པ་འབྱུང་བ་ནི་ཁོ་བོ་ཅག་མངོན་པར་འདོད་པ་ཉིད་དེ། འོན་ཀྱང་དངོས་པོ་གཞན་རྒྱུར་ཁས་བླངས་པ་ན་མེ་ལ་སོགས་པ་བུད་ཤིང་ལ་བྱེད་པ་མེད་པར་དངོས་པོའི་བུད་ཤིང་ལ་སོགས་པའི་གནས་
སྐབས་ཁོ་ནར་འགྱུར་རོ། །དེས་ན་ཡང་ཇི་ལྟར་མེ་ལ་སོགས་པ་དང་འབྲེལ་པ་ལས་སྔར་བུད་ཤིང་ལ་སོགས་པ་ཉེ་བར་དམིགས་པ་ལས་གཞན་པ་དེའི་བསྒྲུབ་པར་བྱ་བའི་ཡང་དོན་བྱེད་པ་དེ་བཞིན་དུ་སོལ་བ་ལ་སོགས་པ་སྐྱེད་པ་ན་ཉེ་བར་དམིགས་པར་ཐལ་བར་འགྱུར་རོ། །ཅི་སྟེ་དངོས་པོ་

གཞན་ཞིག་ནས་མེད་པའི་ངོ་བོ་དེ་སྐྱེད་པ་ནི་བུད་ཤིང་ལ་སོགས་པ་ཞིག་ནས་མེད་པས་ཇི་ལྟར་ཉེ་བར་དམིགས་པར་ཐལ་བར་འགྱུར་ཞེ་ན། འདི་སྙམ་དུ་དགོངས་པ་ཡིན་ཏེ་འཇིག་པ་འདི་བུད་ཤིང་ལ་སོགས་པ་ལས་གཞན་བ་ལང་ལ་སོགས་པ་དག་ཀྱང་དངོས་པོ་དེ་ལྟར་མ་གྱུར་ཅིག་སྙམ་
ནས་སོལ་བ་ལ་སོགས་པ་ལ་ཞིག་པ་རྣམ་པར་འཇིག་པའི་རྒྱུ་མཚན་བརྗོད་པ་ཡིན་ནོ། །གལ་ཏེ་འདི་ཡོད་པ་ལས་དེ་ལྡོག་པ་ཡིན་ནོ་ཞེ་ན། ཚིག་ལ་མཁས་པའི་ངོ་མཚར་དེ་གང་ཡོད་པས་ལྡོག་པ་ཡིན། ཅི་ཡང་མ་ཡིན་པའི་རང་བཞིན་ནི་ཁས་མ་བླངས་པས་དེ་ཉིད་དངོས་པོ་གཞན་པ་སོལ་བ་
ལ་སོགས་པ་ལ་ལྡོག་པར་བརྗོད་ན། དེའི་དོན་འདི་གྲུབ་ཟིན་པས་སོལ་བ་ལ་སོགས་པའི་དངོས་པོའི་སོལ་བ་ལ་སོགས་པ་ཡོད་པས་སོལ་བ་ལ་སོགས་པ་ལ་ཞིག་པ་ཞེས་བྱའོ། །སོལ་བ་ལ་སོགས་པ་དེ་ཡོད་པས་དེ་ཡོད་པ་ནི་མ་ཡིན་ནོ། །རང་གི་བདག་ཉིད་ཀྱི་རྒྱུའི་དངོས་པོ་མི་རིགས་ཏེ་མེ་
ལ་སོགས་པས་དེ་སྐྱེད་པར་བརྗོད་པའི་ཕྱིར་རོ། །བུད་ཤིང་ཉེ་བར་བཅོམ་པས་སོལ་བ་ལ་སོགས་པ་འབྱུང་བས་འདི་འཇིག་པའི་ངོ་བོ་ཡིན་ནོ་ཞེ་ན། ཉེ་བར་བཅོམ་པ་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་ལྡོག་པ་ནི་སོལ་བ་སོགས་པའི་མཚན་ཉིད་དུ་ཁས་ལེན་ན་སྔ་མ་ལས་ཁྱད་པར་མེད་དོ། །
དེའི་ཕྱིར་རང་གི་ངང་གིས་ལྡོག་པ་ན་ཤིང་ལ་སོགས་པ་ལ་མེ་ལ་སོགས་པས་སོལ་བ་ལ་སོགས་པ་སྐྱེད་པ་ཉིད་ནི་མཛེས་ཏེ། དེ་ལྟ་ན་ཡིན་ན་ཤིང་ལ་སོགས་པ་དེ་བཞིན་དུ་ཉེ་བར་དམིགས་པ་ལ་སོགས་པ་ཐལ་བར་ཇི་ལྟར་འགྱུར། གཞན་ཡང་། གལ་ཏེ་དངོས་པོ་གཞན་པ་ལ་ཞིག་ནས་མེད་པ་
འདིའི་འགྱུར་བ་རྗེས་སུ་སྐྱེས་པ་ཡིན་ན་ནི་མར་མེ་དང་བློ་ལ་སོགས་པ་ཞིག་པ་དེ་དག་གང་ལས་དངོས་པོ་གཞན་པའི་ཞིག་པ་རྣམ་པར་གཞག་པར་བྱ། གལ་ཏེ་དེ་ཡང་མི་གསལ་བའི་བདག་ཉིད་ཀྱི་དངོས་པོ་འགྱུར་བ་ཁོ་ན་ལ་ཞིག་པར་དམིགས་སོ་ཞེ་ན། མར་མེ་ལ་སོགས་པའི་ངོ་བོ་མི་གསལ་བར་འགྱུར་
བ་ལ་ཚད་མ་མེད་པའི་ཕྱིར་རོ། །གང་གི་ཚེ་ནུས་པའི་ངོ་བོ་ཐོབ་མི་གསལ་བ་ཡིན་པ་དེའི་ཚེ་ནུས་པ་ནི་འབྲས་བུ་མཐོང་བ་ལས་དཔག་པར་བྱ་བའི་ངོ་བོ་ཡིན་པའི་ཕྱིར་མེད་པ་ཇི་ལྟར་མར་མེ་ལ་སོགས་པའི་ནུས་པའི་བདག་ཉིད་དུ་གནས་པར་བརྟག་པར་བྱ། ཡང་ན་མ་ཚང་བ་མེད་པའི་བདག་ཉིད་ཐོབ་

པའི་ཉེ་བར་དམིགས་སུ་རུང་བ་མི་གསལ་བ་ཡིན་ན་འདི་ལ་ཡང་དེའི་བདག་ཉིད་དུ་གནས་པའི་ཚད་མ་མེད་པ་ཉིད་དོ། །མཁས་པ་ནི་ཚད་མ་མེད་པའི་ཚིག་ལ་གུས་པར་མི་བྱེད་པ་དང་། བདག་ཉིད་མེད་པའི་ཕྱིར་ཇི་ལྟར་ཡོད་པ་ཡིན། བློ་ལ་སོགས་པ་རྣམས་ཀྱི་འགྱུར་
བ་དང་ཡོངས་སུ་འགྱུར་བ་གཞན་དུ་བྱས་པའི་བརྟག་པ་རྒྱས་པ་ཞར་ལ་བྱུང་བས་ཆོག་གོ། །གལ་ཏེ་དངོས་པོ་གཞན་སོལ་བ་ལ་སོགས་པ་ནི་སྒྲིབ་པ་ཡིན་པས་བུད་ཤིང་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་རོ་ཞེས་བྱ་བར་འདོད་དོ་ཞེ་ན། ངོ་བོ་ཉིད་གཞན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
རང་བཞིན་གཞན་པ་འདི་བུད་ཤིང་ལ་སོགས་པ་སྒྲིབ་པར་རིགས་པ་མ་ཡིན་ནོ། །དེ་སོ་ན་འདུག་པའི་ངོ་བོ་བུད་ཤིང་ལ་སོགས་པ་དེ་ལ་གྱུར་པ་སྒྲིབ་པར་ཡང་ཉེ་བར་དམིགས་སུ་མེད་པས་མི་རུང་བའི་ཕྱིར་རོ། །དངོས་པོ་འབའ་ཞིག་གི་རང་བཞིན་མ་ཡིན་ལ། དངོས་པོ་གཞན་ནི་འཇིག་པའི་
རྒྱུས་མི་བྱེད་པས་སོ། །དངོས་པོ་དང་དངོས་པོ་མེད་པ་ཡང་བྱེད་པ་མེད་དོ་སྙམ་ནས། འཇིག་པའི་རྒྱུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ག་ལས་ཤེ་ན། དངོས་པོ་མེད་པ་སྒྲུབ་པ་དང་མ་ཡིན་པར་དགག་པར་ཡང་། བརྗོད་པས་འདོད་པ་མ་ཡིན་ཏེ་མེད་པ་མི་གཞན་གྱི་འབྲས་བུར་ཁས་ལེན་པར་
བྱེད་པ་ན་ཅི་བུད་ཤིང་ལ་སོགས་པའི་ངོ་བོ་ལས་དོན་གཞན་པ་ཞེས་བྱ་བའམ། ཐ་དད་པ་དང་ཐ་དད་པ་མ་ཡིན་པར་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །དེ་ལ་ཡང་བཤད་ཟིན་པའི་སྐྱོན་ཉིད་དོ། །འོ་ན་ནི་མེད་པར་དགག་པ་ཅི་ཡང་མ་ཡིན་པའི་ངོ་བོ་འདི་མེ་ལ་སོགས་པ་ལས་སྐྱེ་བར་
ཁས་ལེན་ཏེ་དེ་ཡོད་ཀྱང་བུད་ཤིང་ལ་སོགས་པ་རང་བཞིན་མེད་པ་གང་ལ་ཡིན། སྔ་མའི་སྐྱོན་དུ་འགྱུར་རོ། །དེ་ཡང་ངེས་པར་མེ་ལ་སོགས་པ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པས་དེའི་འབྲས་བུ་དེའི་ཡོད་པའི་ཐ་སྙད་དུ་བྱེད་ལ་གཞན་ཡང་དེའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་རོ། །དེ་སྐད་དུ། ཤེས་
པའི་སྤྱོད་ཡུལ་གྱུར་པ་ན། །དེ་ཡོད་པར་ནི་ཉེ་བར་དམིགས། །ཞིག་ལ་ཞིག་པའི་ངོ་བོ་དེ། །ཇི་ལྟར་འབྲས་བུར་འགྲོ་བ་མིན། །དཔེར་ན་སྔོན་མེད་ལས་བྱུང་བའི། །དངོས་པོ་རྒྱུ་ལས་སྐྱེ་བ་ཡིན། །བྱུང་ཟིན་པ་ནི་མི་འགྱུར་བ། །དེ་ནི་རྒྱུ་ལས་བྱུང་མ་ཡིན། །ཅེས་སྨྲ་བ་ན། དངོས་པོ་

དགག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །འདིའི་དགོངས་པ་ནི་གང་གི་ཚེ་དངོས་པོ་གཞན་པའི་ཚོགས་པ་ལ་ལྟོས་པ་མེད་པ་ཙམ་ཉིད་ན་ཅི་ཡང་མ་ཡིན་པའི་ངོ་བོའི་ཞིག་པ་ཡིན་པ་དེའི་ཚེ་དེ་ལ་བྱེད་པ་པོའི་བྱེད་པ་མི་སྲིད་དེ་སྲིད་ན་ནི་ཆོས་ཅན་ཁོ་ན་ལ་དེ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ཡང་མ་
བྱུང་བ་ལས་བྱུང་བར་ཁས་བླངས་པས་འབྲས་བུ་ཉིད་དུ་འགལ་བ་མེད་དོ་ཞེ་ན། མ་ཡིན་ཏེ་བྱུང་བ་ཆོས་ཅན་ལ་ཡོད་པའི་ངོ་བོ་ཐོབ་པ་ན་དངོས་པོ་མེད་པ་ཉམས་པ་ཡིན་ནོ། །གང་གི་ཕྱིར་བྱུང་བ་ཞེས་བྱ་བ་ཡོད་པར་བརྗོད་ཀྱི་མྱུ་གུ་ལ་སོགས་པ་ལ་ཡང་ཡོད་པའི་སྒྲ་འཇུག་པའི་རྒྱུ་མཚན་མ་ཡིན་ནོ། །
གལ་ཏེ་དོན་བྱེད་པར་ནུས་པ་ཡིན་ནོ་ཞེ་ན། ནུས་པ་ཐམས་ཅད་ཀྱིས་སྟོང་པ་དེ་ལྟ་ན་ཇི་ལྟར་ཤེས་པའི་ཡུལ་དུ་འགྱུར། རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའམ། དེའི་ཡུལ་མ་ཡིན་ན་ཇི་ལྟར་རྒྱུ་དང་ལྡན་པར་རྟོགས་པ་ཡིན། དངོས་པོར་གང་གིས་བརྗོད། ཅི་
ཡང་མ་ཡིན་པའི་ངོ་བོ་ཁོ་ན་དངོས་པོ་ཡིན་ནོ་སྙམ་ན། ཤེས་པ་སྐྱེད་པར་བྱེད་པ་ཉིད་ཇི་ལྟར་ནུས་པ་དེ་དག་འབྲེལ་པ་མ་ཡིན། གལ་ཏེ་ཤེས་པའི་ཡུལ་མེད་ན་ཇི་ལྟར་ཡོད་པར་འགྱུར། འདི་ནི་འབྲས་བུ་ཡང་ཇི་ལྟར་ཡིན། གལ་ཏེ་རང་གི་རྒྱུ་ཡོད་པ་ལས་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འབྲས་
བུར་ཡོད་པ་དེ་ཤེས་པའི་ཡུལ་ཡིན་ནོ། །འདི་ལྟར་གལ་ཏེ་རང་གི་རྒྱུ་ཡོད་པ་ལས་བྱུང་ངོ་ཞེས་ཤེས་པ་ན་ཡོད་དོ་ཞེས་པ་ཡང་ཤེས་སོ། །གང་གི་ཕྱིར་ཡོད་དོ་ཞེས་པ་དང་བདོག་གོ་ཞེས་མཁས་པས་བརྗོད་པ་ནི་ཡོད་པ་དང་ཡིན་པ་དང་མཆིས་པ་དང་བདོག་པ་སྒྲའི་མིང་ཡིན་གྱི་དོན་དམ་པར་ན་དོན་
ལ་ཐ་དད་པ་འགའ་ཞིག་ཀྱང་མེད་དོ། །གལ་ཏེ་མེད་པའི་བདག་ཉིད་དེ་བྱུང་བ་འདི་ཡིན་ནོ་ཞེ་ན། མ་ཡིན་ཏེ་འགལ་བའི་ཕྱིར་གང་གི་ཕྱིར་མ་བྱུང་བའོ་ཞེས་བྱ་བ་མེད་པར་བརྗོད་ན་དེ་ཇི་ལྟར་བྱུང་བ་ཡིན་ནོ་ཞེས་བསྟན་པར་བྱ། གལ་ཏེ་ངོ་བོ་འགའ་ཞིག་གིས་རབ་ཏུ་གནས་པ་ཤེས་པའི་
བདག་ལ་སོ་སོར་སྣང་བས་ཡོད་པ་མ་ཡིན་ནོ་ཞེ་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་མིག་ལ་སོགས་པ་མེད་པར་འགྱུར་རོ། །མ་ཡིན་ཏེ་དེ་དག་ཤེས་པའི་རྒྱུའི་ངོ་བོར་སྣང་བའི་ཕྱིར་རོ་ཞེ་ན། འདི་ཡང་འབྱུང་བར་བྱེད་པའི་ངོ་བོར་སྣང་བའི་ཕྱིར་དང་དངོས་པོ་ཐམས་ཅད་ཀྱིས་དབེན་པ་ཇི་ལྟར་བྱུང་བ་

དང་འབྲེལ་པ་ཡིན། ངོ་བོ་ཅུང་ཟད་ཅིག་གིས་མངོན་པར་གྱུར་པ་དང་ཤེས་པའི་ཡིན་པས་ཀྱང་རྒྱུའི་ངོ་བོར་སྣང་བ་མཚུངས་པའི་ཕྱིར་དང་རྒྱུ་མ་ཡིན་པ་ཡུལ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ཁོ་བོ་ཅག་ཀྱང་དངོས་པོ་མེད་པའི་བློ་ནི་རང་གི་བག་ཆགས་ཡོངས་སུ་སྨིན་པའི་
རྗེས་སུ་འགྲོ་བས་ཡུལ་མེད་པ་ཉིད་དོ། །དངོས་པོ་མེད་པ་འབྱུང་བར་བྱེད་པ་ལ་ཇི་ལྟར་མ་ཡིན་པར་དགག་པ་དང་མེད་པར་དགག་པ་ཐ་དད་པར་བརྗོད་པ་ཡིན། གལ་ཏེ་དེའི་ངོ་བོར་མི་བྱེད་པས་མ་ཡིན་པར་དགག་པ་ལས་དེ་ཐ་དད་དོ་ཞེ་ན། མ་ཡིན་ཏེ་མེད་པའི་ངོ་བོ་ཡང་འབྱུང་བ་ལས་འགལ་བ་མེད་
པའི་ཕྱིར་རོ། །བྱུང་ངོ་ཞེས་བྱ་བ་བྱུང་ཟིན་པའི་ཡོད་པ་ལ་མི་སླུ་བ་སྟེ། དེ་ལ་ཇི་ལྟར་ཡོད་པའི་ངོ་བོའི་རྣམ་པས་མ་ཡིན་པར་དགག་པ་ཡིན། དེ་ཉིད་དགག་པའི་དོན་དུ་གཅིག་པར་འགྱུར་ཏེ་ཐམས་ཅད་དུ་སྒྲུབ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་ན་ཅུང་ཟད་ཅིག་རྣམ་པ་འགས་ལྡོག་
པ་ཡིན་པ་དེའི་ཚེ་དེ་ནི་དེ་མ་ཡིན་པ་ལས་ཐ་དད་པས་དེ་ལས་བཟློག་པར་ཤེས་སོ། །དེ་ཡང་མེད་པ་ནི་ཐམས་ཅད་ལས་ལྡོག་པ་ཡིན་པར་བཤད་ལ་དངོས་པོ་ཉིད་ནི་འགའ་ཞིག་གིས་བྱེད་པ་དེ་བཞིན་དུ་འདིས་དངོས་པོ་ལ་དམིགས་པར་བཤད་པར་འགྱུར་ན། དེ་དག་ཐ་དད་པ་ནི་མེད་དོ། །ཐ་དད་
པ་མེད་ན་མ་ཡིན་པར་དགག་པ་མ་ཡིན་པ་དང་། སྐབས་མ་ཡིན་པ་བརྗོད་པར་ཡང་འགྱུར་ཏེ་དངོས་པོ་ལྡོག་པའི་སྐབས་སུ་མེད་པའི་བདག་ཉིད་ཀྱི་དངོས་པོ་གཞན་བརྗོད་པའི་ཕྱིར་རོ། །རང་གི་ངོ་བོས་མེད་པའི་བདག་ཉིད་ནི་མ་ཡིན་ཏེ། རང་གི་ངོ་བོས་མེད་ན་འབྲས་བུ་ཉིད་དུ་འགལ་བའི་ཕྱིར་རོ། །
གཞན་གྱི་ངོ་བོས་ཡིན་ན་ནི་དངོས་པོ་ཐམས་ཅད་མེད་པའི་བདག་ཉིད་དུ་འགྱུར་ཏེ་བུམ་པ་དང་ལ་ལ་ཞིག་ཁྱད་པར་མེད་དོ། །ཡང་ན་ཡིན་དུ་ཆུག་ན་མེད་པ་འདི་མེ་ལ་སོགས་པ་དག་ལས་དེ་འབྱུང་བ་ཡིན་ན་ཅིས་ན་ཤིང་ལ་སོགས་པ་ཉེ་བར་མི་འགྱུར། འདི་ལྟར་མེ་ལ་སོགས་པ་གཞན་གྱི་བྱེད་པར་
དོན་འདི་གྲུབ་པའི་ཕྱིར་བུད་ཤིང་ལ་སོགས་པ་ལྡོག་པ་མེད་པས་ན་སྔ་མ་བཞིན་དུ་ཉེ་བར་དམིགས་པར་འགྱུར་རོ། །གལ་ཏེ་དེ་ཉེ་བར་བཅོམ་པ་ལས་ཞིག་པ་སྐྱེ་བ་ཡིན་ནོ་ཞེ་ན། ཇི་ལྟར་དེ་ཉེ་བར་བཅོམ་པ་ཡིན། རེ་ཞིག་ཞིག་པ་མེད་པ་མ་ཡིན་ཏེ་བུད་ཤིང་ཡོད་པའི་དུས་སུ་དེ་མེད་པའི་ཕྱིར་རོ། །

མེ་ལ་སོགས་པ་རྣམས་ཀྱིས་ཞིག་པ་ནི་མ་ཡིན་ཏེ། མི་མངོན་པ་ཉིད་དུ་དེ་དག་བྱེད་པར་ཁས་བླངས་པའི་ཕྱིར་རོ། །བཅོམ་པ་ན་ཞིག་པའི་མེད་པ་མ་ཡིན་ཏེ་བུད་ཤིང་ལ་སོགས་པ་ཉམས་པ་དང་དུས་མཉམ་པར་ཐལ་བར་འགྱུར་བས་ཞིག་པ་དང་འཇིག་པ་དེ་ལ་རྣམ་པར་རྟོག་པ་རྣམ་པ་གསུམ་རྣམ་པར་གནས་
པའི་ཕྱིར་རོ། །དེས་ན་ཐུག་པ་མེད་པ་ཡིན་ནོ། །གལ་ཏེ་དེ་ཉིད་ཞིག་པ་བུད་ཤིང་ལ་སོགས་པ་ལ་མེ་ལ་སོགས་པ་སྐྱེ་བ་ན་ལྡོག་པ་དེས་ན་འདི་མི་དམིགས་པ་ཡིན་ནོ་ཞེ་ན། ཇི་ལྟར་གཞན་གྱིས་གཞན་ལྡོག་པ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་འདི་རྒྱུ་དང་ལྡན་པ་དེ་དག་ཉིད་ཐ་དད་པས་ཐ་དད་
པར་ཅིས་ན་མི་འགྱུར། འབྲས་དང་ནས་ཀྱི་མྱུ་གུ་ཡང་རྒྱུ་ཐ་དད་པ་བདག་ཉིད་ཐ་དད་པ་ཤིན་ཏུ་མཚན་ཉིད་མི་མཐུན་པར་མངོན་སུམ་གྱིས་ཉམས་སུ་མྱོང་བ་ཉིད་དུ་ངེས་པ་ཡིན་ནོ། །འདི་ལྟར་དངོས་པོ་གཞན་གྱི་ཚོགས་པ་ལ་མི་ལྟོས་པའི་འཕོ་བ་ཙམ་གྱི་མཚན་ཉིད་ནི་ཞིག་པ་མ་ཡིན་ཏེ་མེ་ལ་སོགས་པ་དང་ཕྲད་
པའི་རྒྱུ་ཐ་དད་ཀྱང་དེ་ལ་གནོད་པ་མེད་དེ་ཅི་ཡང་མ་ཡིན་པའི་ངོ་བོར་རོ་གཅིག་པར་ཤེས་པའི་བདག་ཉིད་ལ་སྣང་བས་དངོས་པོའི་སྟོང་པ་ཉིད་སྤངས་ན་གཞན་པ་དེ་ལ་ངོ་བོ་ཅུང་ཟད་ཅིག་མཐོང་བ་ནི་མེད་དོ། །དེ་ཡང་རྒྱས་པར་ནི་སྐད་ཅིག་མ་འཇིག་པར་གྲུབ་པར་དཔྱད་ཟིན་པ་དེ་རེ་ཞིག་འདིར་གཞག་གོ། །དེའི་
ཕྱིར་མེ་ལ་སོགས་པ་དང་འབྲེལ་པ་དེ་ཅུང་ཟད་ཅིག་འབྱུང་ངམ་མི་འབྱུང་ཞེས་ཁས་བླངས་པར་མི་རིགས་སོ། །གང་དག་ཞིག་པ་ཞེས་བྱ་བ་འདི་ཅུང་ཟད་ཅིག་འབྱུང་བ་མེད་དེ་འོན་ཀྱང་གང་གི་ཕྱིར་རང་ཉིད་མི་གནས་པའི་ངོ་བོ་བྱུང་ཟིན་པ་མ་ཡིན་པ་དེའི་ཕྱིར་ཞིག་པ་ཞེས་བྱ་བའི་མེད་པ་ནི་འདིའི་འམ་གཞན་
པ་ཅུང་ཟད་ཅིག་འབྱུང་བ་མེད་དོ། །དེ་ལྟར་ན་འབྱུང་བའི་ཆོས་འགའ་ཞིག་མེད་པས་ན་དངོས་པོ་གཞན་པའི་དངོས་པོ་བྱེད་པ་མ་ཡིན་པས་མེ་ལ་སོགས་པ་དང་ཕྲད་པས་ནི་བྱ་བ་དགག་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་མེ་ལ་སོགས་པ་དང་འབྲེལ་པ་ལས་བྱེད་པ་པོ་ཡོད་པར་མི་འགྱུར་རོ་ཞེས་བྱ་བས། བྱེད་
པ་པོ་མ་ཡིན་པ་རྒྱུ་ཉིད་མ་ཡིན་པ་དེའི་ཕྱིར་འཇིག་པའི་རྒྱུ་འགའ་ཞིག་ཡང་མེད་དོ། །འགའ་ཞིག་མི་ནུས་པས་འཇིག་པའི་རྒྱུ་མི་རིགས་པ་དང་དེ་ཉིད་དོན་མེད་པའི་ཡང་ཕྱིར་རོ། །གལ་ཏེ་དངོས་པོའི་རང་གི་ངོ་བོ་འཇིག་པ་ཞེས་བྱ་བ་སྨོས་ཏེ། འཇིག་པའི་ངང་ཚུལ་ཅན་ཏེ། རང་གི་ངོ་བོས་མི་

གནས་ན་གནས་པར་མི་ནུས་ཏེ་ཁབ་རྩེར་ཡུངས་ཀར་བཞིན་དུ་དེ་ལ་འཇིག་པའི་རྒྱུ་ནི་ཅི་ཡང་མ་ཡིན་ཏེ་རྒྱུ་གཅིག་ཡིན་ཞེ་ན། བདག་ཉིད་འཇིག་པའི་ཕྱིར་རོ། །དེའི་རང་གི་ངོ་བོ་ཉིད་ནི་མི་གནས་པའི་རང་བཞིན་ཉིད་དེ། རང་བཞིན་ནི་གནས་པར་མི་ནུས་ཏེ་ཁབ་རྩེར་ཡུངས་
ཀར་མི་གནས་ན་འབད་པས་འབྲས་བུ་དང་ལྡན་པར་མི་འགྱུར་རོ། །འདིར་ཁྱབ་པ་བསྟན་པ་ནི་གང་ཞིག་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ངོ་བོ་ནི་རང་བཞིན་གྱི་སྐྱེད་པར་བྱེད་པའི་རྒྱུ་ལས་ཡིན་གྱི་རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །བསལ་བ་ལ་སོགས་པ་ཞེས་བྱ་བས་ནི་དཔེ་
རྣམ་པར་འགྲེལ་ཏོ། །དེའི་བདག་ཉིད་ལ་རྒྱུ་གཞན་ལ་མི་ལྟོས་པས་ཁྱབ་ལ། དེའི་བདག་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་བསྟན་པ་ནི། དེའི་བདག་ཉིད་ལ་གང་གི་རང་བཞིན་ཡིན་པ་དེའི་རང་བཞིན་གྱི་དེའི་བདག་ཉིད་མེད་པ་རྒྱུ་གཞན་ལ་ལྟོས་པ་ན་ནི་རང་གི་རྒྱུ་ལས་གྲུབ་པའི་རང་གི་ངོ་བོ་
ཉིད་མེད་པས་བདག་ཉིད་མེད་པ་ནི་རང་བཞིན་མེད་པར་ཐལ་བར་འགྱུར་བས་སོ། །དེ་དང་འདྲ་བ་ནི་གསལ་བ་ལ་སོགས་པ་དང་ལྡན་པའོ། །ཡང་ནི་ཕྱི་ནས་སོ། །དེའི་བདག་ཏུ་བྱས་པའི་ཕྱིར་ནི་མི་གནས་པའི་ཆོས་ཅན་དུའོ། །རྒྱུ་གཞན་ལ་མི་ལྟོས་སོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུའོ། །
གལ་ཏེ་མི་གནས་པའི་ཆོས་ཅན་ཞིག་ཡིན་ན་ནི་འཇིག་པའི་རང་གི་ངོ་བོ་ཉིད་ཀྱིས་རང་གི་རྒྱུ་ལས་གྲུབ་བོ་ཞེས་བྱ་བར་ནི་ཕྱོགས་ལ་ཆོས་བསྡུ་བའོ། །འགལ་བས་ཁྱབ་པ་དམིགས་པ་འདི་ནི་རྒྱུ་གཞན་ལ་ལྟོས་པ་དང་མི་ལྟོས་པ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དེས་འགལ་བའི་ཕྱིར་རོ། །རྒྱུ་
གཞན་ལ་མི་ལྟོས་པ་ནི། དེའི་རང་གི་ངོ་བོས་ཁྱབ་པའི་ཕྱིར་རོ། །འདིར་གཞན་གྱི་ཚིག་གི་དོགས་པའི་གོ་སྐབས་ནི་ས་བོན་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་རྣམ་པར་དབྱེ་བ་ནི་འབའ་ཞིག་སྐྱེད་པར་མི་བྱེད་དོ་ཞེས་བྱའོ། །
གང་ལས་ཡིན་ཞེ་ན། ཆུ་དང་ཞིང་ལ་སོགས་པ་རང་གི་རྒྱུ་ནས་ཐ་དད་པ་མྱུ་གུ་ལ་སོགས་པ་སྐྱེད་པའི་རང་བཞིན་ཡང་ས་བོན་ལ་སོགས་པ་རྣམས་ཀྱི་བདག་ཉིད་ལ་ལྟོས་པའི་ཕྱིར་རོ། །དེས་ན་དེའི་རང་བཞིན་ནི་རྒྱུ་གཞན་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བ་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་བུད་ཤིང་ལ་

སོགས་པ་རང་གི་རྒྱུ་ལས་འཇིག་པའི་བདག་ཉིད་དུ་གྲུབ་པའི་འཇིག་པ་ནི་བདག་ཉིད་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་དཔེ་དོན་ཡིན་ནོ་ཞེ་ན། ས་བོན་ལ་སོགས་ལ་བཞིན་དུ་མ་ངེས་པ་མ་ཡིན་ནོ། །གང་ལས་ཤེ་ན། དེའི་རང་བཞིན་དུ་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པའི་ས་བོན་ལ་སོགས་པས་
མྱུ་གུ་ལ་སོགས་པ་སྐྱེད་པའི་ཕྱིར་དེའི་བདག་ཉིད་འདི་རྒྱུ་གཞན་ལ་མི་ལྟོས་པས་སོ། །ཕྱི་ནས་ཞིང་ལ་སོགས་པ་ལ་ལྟོས་ནས་སྐྱེད་པ་མ་ཡིན་པ་དང་སྦྱང་བ་ལ་སོགས་པ་ན་གནས་པ་སྐྱེད་པ་ལ་སོགས་མ་ཡིན་ཏེ་དེའི་ངོ་བོ་ཉིད་མ་ཡིན་པའི་རང་བཞིན་ཉིད་ཀྱི་མྱུ་གུ་ལ་སོགས་པ་སྐྱེད་པའི་ངོ་བོ་ཉིད་མེད་
པས་དེ་ནི་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་རྒྱུར་གནས་པ་མ་ཡིན་པའི་ཕྱིར་རོ། །དེས་ན་མ་ངེས་པ་མ་ཡིན་ནོ། །འོ་ན་ནི་ངོ་ཤེས་པའི་མངོན་སུམ་ཁོ་ནས་ས་བོན་ལ་སོགས་པ་གཅིག་གི་ངོ་བོ་ཉིད་དུ་རྟོགས་སོ། །དེ་ལ་འདི་སྐྱེད་པར་བྱེད་པའི་རང་བཞིན་ཉིད་དང་སྐྱེད་པ་མ་ཡིན་པའི་རང་བཞིན་
ཉིད་ཀྱི་མཚན་ཉིད་ཐ་དད་པ་ག་ལས་ཡིན། གང་གི་ཕྱིར་མ་ངེས་པར་མི་འགྱུར་ཞེ་ན། ངོ་ཤེས་པ་ཚད་མ་མ་ཡིན་པ་ནི་མ་ཡིན་ཏེ་དེ་ལ་སྔར་མེད་པའི་དོན་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ཚད་མའི་མཚན་ཉིད་དང་ལྡན་པའི་ཕྱིར་ཡོད་པ་དང་ཡང་དག་པར་འབྲེལ་པའི་དབང་པོ་རྣམས་ལས་བྱུང་
བ་ངོ་ཤེས་པ་ནི་མངོན་སུམ་ཁོ་ན་ཡིན་ཏེ་མངོན་སུམ་ལས་གཙོ་བོའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །གང་ལས་དེའི་ཡུལ་ཐ་དད་པར་གྲུབ་པའི་གནོད་པ་ཡོད་པས་འདི་དག་ཚད་མ་མ་ཡིན་པར་འགྱུར་ཞེས་དོགས་པ་ལ། དེ་ཉིད་ཀྱི་ཞེས་བྱ་བ་སྨོས་ཏེ་སྐྱེད་པར་བྱེད་པ་དང་། སྐྱེད་པར་ངེས་པ་མ་ཡིན་
པ་འགལ་བའི་ཆོས་གནས་པས་སོ། །དེ་དག་གི་གནས་སྐབས་ནི་སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པའི་གནས་སྐབས་ས་བོན་ལ་སོགས་པའི་དངོས་པོ་ཐ་དད་པའོ། །དངོས་པོ་ཐ་དད་པར་ངེས་པ་ནི་ཞེན་པས་སོ། །འདི་ལྟར་འབྲས་ཀྱི་ས་བོན་ནི་དེའི་མྱུ་གུའི་རྒྱུའི་རང་བཞིན་ཡིན་ཏེ་
དེ་ཡོད་ན་འབྲས་ཀྱི་མྱུ་གུ་ཡོད་པ་མཐོང་བའི་ཕྱིར་མངོན་སུམ་གྱིས་ཁོང་དུ་ཆུད་དོ། །ནས་ཀྱི་ས་བོན་ཡང་དེ་སྐྱེད་པའི་རང་བཞིན་དེ་ཡོད་ན་འབྲས་ཀྱི་མྱུ་གུ་མི་དམིགས་སོ། །དེས་དབེན་པའི་ནས་ཀྱི་ས་བོན་འཛིན་པ་ནི་མངོན་སུམ་གྱི་ངོ་བོས་རྟོགས་སོ། །དེ་བཞིན་དུ་འདིར་ཡང་གནས་སྐབས་

ཀྱི་ས་བོན་ནི་དེའི་མྱུ་གུས་དབེན་པ་དང་དབེན་པ་མ་ཡིན་པའི་གནས་སྐབས་འཛིན་པ་ནི་མངོན་སུམ་གྱི་སྟོབས་ཉིད་ཀྱིས་རང་གི་མྱུ་གུ་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པའི་རང་བཞིན་ཅིས་ན་ངེས་པར་མི་འགྱུར། གལ་ཏེ་གནས་སྐབས་ཐ་དད་པར་འདོད་པ་ཉིད་དེ་གནས་སྐབས་
ཅན་ཐ་མི་དད་པ་ཡིན་ནོ་ཞེ་ན། དེའི་གནས་སྐབས་ཀྱི་ངོ་བོ་གཞན་གྱིས་དབེན་པ་མངོན་སུམ་ལ་སྣང་བར་ཐལ་བར་འགྱུར་རོ། །བདག་ཉིད་ཀྱི་ངོ་བོ་མ་ཡིན་པས་དབེན་པར་རང་གི་ཤེས་པ་ལ་སྣང་བ་གང་ཡིན་པ་དེ་ནི་མངོན་སུམ་དུ་མི་རིགས་པ་མ་ཡིན་ནོ། །གལ་ཏེ་གནས་སྐབས་ཅན་དང་ལྡན་པའི་རང་བཞིན་
ཐ་དད་པ་མེད་པས་ཇི་ལྟར་ངོ་བོ་གཞན་ཡིན་ཞེ་ན། འོ་ན་ནི་གནས་སྐབས་རྣམས་མཐོང་བའི་ངོ་བོ་ནི་ཐ་དད་པའི་གནས་སྐབས་ལྟ་བུར་བདག་ཉིད་ཐ་དད་པ་དེ་ཐ་དད་པ་ཡོད་པ་ཐ་མི་དད་པ་དང་འབྲེལ་པ་མ་ཡིན་ནོ། །དེས་ན་འདི་གནས་སྐབས་བཞིན་དུ་ཐ་དད་པར་ཉམས་སུ་མྱོང་བས་ཇི་ལྟར་གནས་སྐབས་
སུ་བྱེད་པ་པོ་ཡིན་གལ་ཏེ་གནས་སྐབས་ཐ་དད་པས་ཀྱང་ཐ་དད་པའི་ངོ་བོར་དེ་བཞིན་དུ་རྣམ་པར་འཇོག་པའི་ཕྱིར་རྣམ་པ་འགའ་ཞིག་གིས་ཀྱང་ཐ་དད་པས་ཉེས་པ་མེད་དོ་ཞེ་ན། གང་ཞིག་མདུན་ན་གནས་པའི་བདག་ཉིད་ལ་འདི་གནས་སྐབས་སོ་ཞེས་བརྗོད་པ་དེས་གནས་སྐབས་དེ་དང་ལྡན་པ་ཐ་དད་པ་དང་
དེ་ཐ་མི་དད་པ་ཉིད་ནི་རྣམ་པ་འགས་ཡིན་ནོ་ཞེས་བྱ་བ་འདི་ནི་ལོང་བའི་འདོད་པའོ། །དེས་ན་འདི་མངོན་སུམ་གྱིས་དེའི་བདག་ཉིད་མ་ཡིན་པའི་ངོ་བོ་གཞན་དུ་སྣང་བར་ཐལ་བར་འགྱུར་བ་མི་བཟློགས་སོ། །དེས་ན་བདག་ཉིད་ཐ་དད་པའི་གནས་སྐབས་བཞིན་དུ་ཐ་དད་པར་ཐལ་བར་འགྱུར་བའམ།
གནས་སྐབས་ཅན་དེ་བཞིན་དུ་གནས་སྐབས་རྣམས་ཐ་མི་དད་པར་འགྱུར་རོ། །དེ་དག་ཀྱང་རྣམ་པ་འགའ་ཞིག་ཐ་དད་པ་དང་ཐ་མི་དད་པ་བསམ་པར་བྱ་སྟེ། དེ་ལྟ་ན་གནས་སྐབས་ཅན་དང་དེའི་གནས་སྐབས་ནི་བདག་ཉིད་ཐ་མི་དད་པ་དང་ལྡན་པ་ན། རྣམ་པ་འགས་ཐ་མི་དད་པའི་རྒྱུ་མཚན་དངོས་པོ་
གཞན་ཞིག་འདོད་པར་བྱ་བ་དང་། དེ་བཞིན་དུ་དེ་ཡང་དེ་རྣམ་པ་འགས་ཐ་དད་པ་ཡང་གཞན་ཡིན་ནོ། །དེ་རང་བཞིན་གཅིག་པར་ཤིན་ཏུ་ཐ་མི་དད་པའི་གནས་སྐབས་དང་ལྡན་པ་ནི་བརྒྱུད་པས་ཤིན་ཏུ་ཐ་དད་པ་དང་ཐ་མི་དད་པ་དངོས་པོ་གཞན་པ་ཞིག་ཏུ་ཐལ་བར་འགྱུར་བ་དང་། རྣམ་པ་འགའ་ཞིག་ཐ་དད་པའི་

རྒྱུ་མཚན་གྱི་ངོ་བོ་ནི་གཞན་ཡིན་པ་ལ་དེ་བཞིན་དུ་དེ་ལས་གཞན་པ་ལ་ཡང་ཡིན་པའི་ཕྱིར་དངོས་པོ་རེ་རེ་ལ་དཔག་ཏུ་མེད་པར་ཐལ་བར་འགྱུར་རོ། །དཔག་ཏུ་མེད་པའི་ངོ་བོ་སྣང་བ་ནི་མངོན་སུམ་གྱིས་ཉམས་སུ་མྱོང་བ་མེད་དེ་ཉམས་སུ་མྱོང་བ་མེད་ན་ཇི་ལྟར་བརྟག་པ་བདག་ཉིད་བསླུ་བར་བྱ་བའམ།
དེའི་ཕྱིར་གནས་སྐབས་ཀྱི་ངོ་བོ་རྣམ་པར་དཔྱད་ན་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར་དང་། དཔག་ཏུ་མེད་པའི་ངོ་བོར་ཐལ་བར་འགྱུར་བའི་ཕྱིར་རྣམ་པ་འགས་ཐ་དད་པ་དང་ཐ་མི་དད་པ་དང་ལྡན་པའི་གནས་སྐབས་ཅན་གྱི་མེད་པ་ཁོ་ནའོ། །དེ་ཡང་སྐྱེད་པར་བྱེད་པ་དང་།
སྐྱེད་པར་མི་བྱེད་པའི་རང་བཞིན་གྱི་གནས་སྐབས་ཐ་དད་པ་དང་ལྡན་པར་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །དེ་གཅིག་པ་ཉིད་དུ་མངོན་པར་ཞེན་པའི་ངོ་བོ་ཤེས་ལ་ཉམས་སུ་མྱོང་བས་གནོད་པས་ཇི་ལྟར་ཚད་མར་འགྱུར། གང་གི་ཕྱིར་ས་བོན་ལ་སོགས་པ་རྣམས་མྱུ་གུ་ལ་སོགས་པ་སྐྱེད་པའི་
རང་བཞིན་ཅན་ཡང་དེའི་བདག་ཉིད་ཀྱི་རྒྱུ་གཞན་ལ་ལྟོས་ཀྱང་སྔ་མའི་གཏན་ཚིགས་མ་ངེས་པར་མི་འགྱུར་རོ། །གནས་སྐབས་ཅན་འགའ་ཞིག་ཡོད་དུ་ཆུག་ཀྱང་དེ་ཡང་དེ་ཉིད་ཀྱིས་ཐ་དད་པ་སྐྱེད་དོ། །དེ་ལྟ་ན་དེ་དག་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པའི་གནས་སྐབས་དག་ཡིན་ནོ་ཞེས་བྱ་བ་འདི་ནི་
བདུན་པའི་གཉིས་པའི་ཚིག་ཡིན་པས་དེའི་ཚེ་འགྱུར་རོ། །དེས་ན་དོན་འདི་སྐྱེད་པར་བྱེད་པའི་གནས་སྐབས་དང་། འདི་སྐྱེད་པར་མི་བྱེད་པའི་གནས་སྐབས་ནི་དངོས་པོའི་ཆོས་ཀྱི་མཚན་ཉིད་ཐ་དད་པའི་རང་བཞིན་དུ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་སྐྱེད་པར་བྱེད་པར་དང་སྐྱེད་པར་མི་བྱེད་པའི་རང་གི་ངོ་བོ་ཡིན་
པར་མངོན་སུམ་གྱིས་ངེས་པར་གྲུབ་བོ། །ཐ་དད་པར་ངེས་པའི་མཚན་ཉིད་དུ་དེ་ལ་ཐ་སྙད་བྱེད་པའི་ཡུལ་ལ་ཆོས་འགལ་བ་གནས་པའི་མཚན་ཉིད་བསྟན་པའི་ཕྱིར་རོ། །གནས་སྐབས་ཁོ་ན་མྱུ་གུ་ལ་སོགས་པའི་སྐྱེད་པའི་རང་བཞིན་དུ་བརྗོད་པར་ནུས་པ་མ་ཡིན་པས་གནས་སྐབས་མེད་པའི་ཕྱིར་ནུས་
པ་ཐམས་ཅད་སྤངས་པའི་མཚན་ཉིད་ནི་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཡོད་པ་གཅིག་ཏུ་ངོ་ཤེས་པ་རྣམས་ལ་དངོས་པོ་རྣམས་ཀྱི་སྔ་མ་དང་ཕྱི་མའི་དུས་དག་སྐྱེད་པའི་བྱེད་པ་དང་སྐྱེད་པར་མི་བྱེད་པའི་རང་བཞིན་ཐ་དད་པར་རྣམ་པར་འཇོག་པའི་མངོན་སུམ་གྱིས་ཉམས་སུ་མྱོང་བའི་རྒྱུ་མཚན་གྱིས་

གནོད་པར་ཇི་ལྟར་ཚད་མར་འགྱུར། དེའི་སྣང་བ་ཐ་དད་པ་མེད་པའི་ངོ་བོ་ནི་བརྫུན་པ་ཉིད་དོ། །དབང་པོ་ལས་བྱུང་བའི་ཉམས་སུ་མྱོང་བ་འཇུག་པ་ཡོད་པ་འདི་ལ་རབ་ཏུ་སྦྱོར་བ་མེད་པའི་ཕྱིར་རབ་རིབ་ལ་སོགས་པས་བསྐྱེད་པ་བཞིན་དུ་མངོན་སུམ་དུ་ག་ལ་འགྱུར།
དོན་བྱེད་པའི་རྒྱུ་མཚན་ཅན་གྱི་ངོ་བོ་ཡང་ས་བོན་ལ་སོགས་པ་ལས་གཞན་མ་ཡིན་ཏེ་དོན་དམ་པ་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་ཡོད་པ་གང་ཁོང་དུ་ཆུད་པའི་ཕྱིར་ངོ་ཤེས་པ་ཚད་མར་འགྱུར་ན་དོན་བྱེད་པའི་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་དོན་དམ་པར་ཡོད་པའོ། །དེའི་ཕྱིར་འདྲ་བ་གཞན་
བྱུང་བའི་རྒྱུ་མཚན་འདི་ཡིན་ཏེ། སྐྲ་ཤད་དང་ཆུ་ཤིང་གི་སྡོང་པོ་ལ་སོགས་པ་བཞིན་དུ་རྣམ་པ་འདྲ་བ་ཙམ་གྱིས་སྙིང་འཕྲོགས་པ་རྣམས་འཁྲུལ་པ་ཉིད་དུ་དེ་ཁོ་ན་ཉིད་ངེས་པས་བསམ་པར་བྱའོ། །དེས་ན་ཡོད་ཀྱང་སྐད་ཅིག་མ་རེ་རེའི་ཐ་དད་པ་ཉེ་བར་མི་རྟོགས་པས་བྱིས་པ་རྣམས་གང་གི་
ཚེ་མི་མཐུན་པའི་རྐྱེན་དང་ཕྲད་པས་མི་འདྲ་བའི་དངོས་པོ་གཞན་སྐྱེད་པ་དེའི་ཚེ་འདིའི་དེ་ཁོ་ན་ངེས་པར་གྱུར་ན་ངོ་ཤེས་པའི་དམིགས་པ་མི་འབྱུང་ངོ་། །དེ་རྣམས་པ་གཅིག་ཏུ་ངེས་པའི་ཤེས་པ་སྐྱེད་པར་བྱེད་པ་ལ་གཞན་ཞིག་འདྲ་བ་ཐ་དད་པ་ཡང་མེད་དེ་རང་གི་རྒྱུའི་སྟོབས་ལས་འོངས་པའི་རང་བཞིན་
གྱི་དབང་གིས་ཁ་ཅིག་ཏུ་རྣམ་པ་གཅིག་ཏུ་ངེས་པའི་ཤེས་པའི་མཚན་ཉིད་དམ། དོན་ཤེས་པ་ལ་སོགས་པའི་མཚན་ཉིད་དོན་གྱི་བྱ་བ་བྱེད་པ་ལས་གཞན་ནི་མེད་དོ་ཞེས་མཁས་པ་བསྟན་བཅོས་མཛད་པས་རྣམ་འགྲེལ་དུ་བཤད་པས་འདིར་མི་སྨྲའོ། །གདོན་མི་ཟ་བར་ས་བོན་ལ་སོགས་པ་སྐྱེད་པར་བྱེད་
པ་དང་སྐྱེད་པར་མི་བྱེད་པའི་གནས་སྐབས་ནི་དངོས་པོ་ཐ་དད་པས་ཇི་སྐད་བཤད་པ་བཞིན་དུ་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པའི་ཕྱིར་ཐ་མི་དད་པ་ལ་རྗེས་སུ་དཔག་པས་གནོད་པ་ནི་དངོས་པོ་རྣམས་ཞེས་བྱ་བ་སྨོས་ཏེ། ས་བོན་ལ་སོགས་པ་རྣམས་རང་གི་འབྲས་བུ་སྐྱེད་པར་བྱེད་པས་སོ། །རང་གི་ངོ་
བོ་དེ་དང་དེ་རྣམས་ལ་ཡོད་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་རེས་འགའ་བའི་སྐྱེད་པར་བྱེད་པ་ནི་མི་སྲིད་པའི་ཕྱིར་རོ། །དེའི་ངོ་བོ་མྱུ་གུ་ལ་སོགས་པ་སྐྱེད་པའི་རང་གི་ངོ་བོ་ཕྱིས་བཞིན་དུ་ནི་འབྲས་ལ་སོགས་པའི་རྒྱུ་ཉེ་བ་བཞིན་དུའོ། །སྔ་མ་སྦྱང་ལ་སོགས་པ་ན་གནས་པའི་དུས་སུ་ཡང་རང་གི་

འབྲས་བུ་སྐྱེད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་འབྲས་བུ་ལ་སོགས་པ་ཉེ་བ་ཡང་ས་བོན་ལ་སོགས་པའི་རང་གི་ངོ་བོ་ཁོ་ནས་འབྲས་བུ་སྐྱེད་ཀྱི་གཞན་གྱི་ངོ་བོས་ནི་མ་ཡིན་ནོ། །གང་ཡང་འདི་དེའི་ཚེ་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ཕྱིས་ཡོད་པ་གང་ཡིན་པ་དེ་ཉིད་ཡིན་ནོ་ཞེས་ངོ་ཤེས་པས་མདུན་ན་གནས་
པའི་སྐྱེད་པར་བྱེད་པའི་རང་བཞིན་སྔ་མའི་ངོ་བོ་ལ་ཐ་མི་དད་པར་ངེས་པ་ཡིན་པ་དེས་ན་སྔར་ཡང་ཅིས་ན་དེའི་འབྲས་བུ་བྱེད་པ་མ་ཡིན། སྦྱོར་བ་ནི་གང་དང་གང་གི་ཚེ་སྐྱེད་པའི་རང་བཞིན་དེ་དང་དེ་ནི་དེའི་ཚེ་སྐྱེད་པར་བྱེད་པ་ཉིད་དེ། སྐྱེད་པར་མི་བྱེད་པ་དང་སྐྱེད་པར་བྱེད་པ་འགལ་བའི་ཕྱིར་གཞན་ཡང་དེའི་
རང་བཞིན་ཐོབ་པར་འགྱུར་རོ། །དཔེར་ན་དེ་ཉིད་ཀྱིས་ས་བོན་ལ་སོགས་པ་ཉེ་བའི་དུས་བཞིན་ནོ། །སྦྱང་ལ་སོགས་པ་ན་ས་བོན་ལ་སོགས་པ་འདི་ཡང་རང་གི་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ཉིད་དུ་ངོ་ཤེས་པས་རྣམ་པར་འཇོག་པའི་ཕྱིར་ཞེས་བྱ་བ་ནི་ཐལ་བར་རང་བཞིན་གྱི་གཏན་ཚིགས་སོ། །དེ་
སྐྱེད་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེ་སྐྱེད་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི་སྦྱོར་བའོ། །གང་དང་གང་གི་ཚེ་སྐྱེད་པའི་རང་བཞིན་ལ་ལོག་པའི་འབྲས་བུ་མི་སྐྱེད་པ་དེ་དང་དེ་ནི་དེའི་ཚེ་སྐྱེད་པའི་རང་བཞིན་མ་ཡིན་ཏེ། དཔེར་ན་འབྲས་ཀྱི་མྱུ་གུ་སྐྱེ་བའི་རང་བཞིན་ལས་ལོག་པའི་འབྲས་བུ་མི་སྐྱེད་
པའི་ཀོ་ཏྲ་བའི་ས་བོན་བཞིན་ནོ། །འབྲས་ལ་སོགས་པའི་རྒྱུ་ཉེ་བ་ལས་སྔར་འབྲས་བུ་སྐྱེད་པའི་རང་བཞིན་ལས་ལྡོག་པ་ཅན་གྱི་འབྲས་བུའི་ས་བོན་ལ་སོགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེའི་ཕྱིར་རྗེས་སུ་དཔག་པས་ཀྱང་གནོད་པར་ཉམས་སུ་མྱོང་
བས་ངོ་ཤེས་པ་ཇི་ལྟར་ཚད་མར་འགྱུར། འདིས་གནོད་པར་བྱེད་པས་ཚད་མ་མ་ཡིན་པའི་ཕྱིར་ཇི་ལྟར་གནོད་པར་བྱེད་པར་འགྱུར། ཚད་མས་མ་ངེས་པར་གྱུར་ན་གང་གིས་ན་གནོད་པ་གཅིག་ལ་གཅིག་བརྟེན་པར་འགྱུར། ངོ་ཤེས་པ་ཚད་མ་མ་ཡིན་པས་འདི་རྗེས་སུ་དཔག་ཚད་མ་གནོད་པ་མེད་
དེ་འོན་ཀྱང་རང་གི་བསྒྲུབ་བྱ་ལ་འབྲེལ་པའི་ཕྱིར་རོ། །དེ་ཡང་བཟློག་པ་ལ་གནོད་པར་བྱེད་པ་ནི་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར་རོ། །མ་ཡིན་ཏེ་མངོན་སུམ་ནི་གཞན་པས་ཚད་མའི་གཙོ་བོ་ཡིན་ནོ་ཞེ་ན། ངོ་ཤེས་པ་མངོན་སུམ་དུ་གྲུབ་པ་མེད་དོ་ཞེ་ན་རྗེས་སུ་དཔག་པས་མངོན་སུམ་གྱི་

བདག་ཉིད་དུ་ཡོད་པ་ལ་གནོད་པ་ཡིན་ནོ་ཞེས་ནི་མི་སྨྲའི། མངོན་སུམ་སྟོབས་དང་ལྡན་པས་ཅི་ཞིག་བྱེད། དེ་ནི་དོན་མེད་ན་མེད་པའི་ཕྱིར་ཚད་མར་བརྗོད་དོ། །རྗེས་སུ་དཔག་པ་དེ་ཡང་དོན་དང་འབྲེལ་པའི་རྟགས་ལས་སྐྱེད་པས་མཚུངས་པའི་ཕྱིར་ཁྱད་པར་ཅི་ཡང་མེད་དོ། །གལ་
ཏེ་རྗེས་སུ་དཔག་པ་དང་འགལ་བར་བརྗོད་ཀྱང་ངོ་ཤེས་པའི་ཚད་མ་དེ་དང་རྣམ་པ་མཚུངས་པས་གཅིག་ཏུ་སྟོན་ན་ནི་སྔོན་པོ་དང་ཅིག་ཤོས་ཀྱི་མེ་ཏོག་ལ་སོགས་པ་ཁ་ཕྱེ་བའི་དངོས་པོར་གཅིག་ནས་ཚད་མ་མ་ཡིན་ནོ། །མེ་ཏོག་གི་འབྲས་བུ་ལ་སོགས་པའི་འབྲས་བུ་མཐོང་བས་དཔག་པ་ནས་ཐ་དད་པ་ནི་མ་
ཡིན་ཏེ། མངོན་སུམ་གྱིས་དེ་ལྟར་མེད་པར་མྱོང་བ་དང་ངོ་ཤེས་པའི་ཚད་མ་འགེགས་པའི་སྐད་ཅིག་མའི་འཇིག་པའི་གྲུབ་པར་རྒྱས་པར་བྱས་པས་ཆོག་གོ། །གང་གི་ཕྱིར་དེ་ལྟར་གནས་པའི་རྣམ་པས་སྐྱེད་པར་བྱེད་པ་དང་སྐྱེད་པ་མེད་པའི་གནས་སྐབས་ཀྱི་ས་བོན་གྱི་དངོས་པོ་ཐ་དད་པ་དེའི་ཕྱིར་མཐའ་མའི་
གནས་དང་ཁྱད་པར་མེད་པ་དེ་མ་ཐག་ཏུ་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེད་པ་གང་ཡིན་པ་དེ་ཁོ་ན་མྱུ་གུ་སྐྱེད་པའི་རང་བཞིན་ནོ། །འབྲས་བུ་མཐོང་བས་དཔག་པའི་ངོ་བོ་ཉིད་དེ་སྐྱེད་པའི་རང་བཞིན་ཡིན་པས་སོ། །གལ་ཏེ་དེ་ལྟ་ན་དེ་ཁོ་ན་མྱུ་གུ་སྐྱེད་པའི་རང་བཞིན་ཡིན་ལ་སྔར་བྱུང་བའི་གནས་སྐབས་ནི་དེ་སྐྱེད་
པའི་རང་བཞིན་མ་ཡིན་པའི་ཕྱིར་ཇི་ལྟར་དེ་རྣམས་ལ་དེའི་རྒྱུར་བཤད། མྱུ་གུ་དོན་དུ་གཉེར་བ་རྣམས་ཀྱིས་དེ་ཉེ་བར་ལེན་ཏོ་ཞེ་ན། སྔོན་གྱི་གནས་སྐབས་ཞེས་བྱ་བ་སྨོས་ཏེ། སྦྱང་ལ་སོགས་པ་ན་གནས་པའི་དུས་སུ་ཡོད་པའི་གནས་སྐབས་དང་ཁྱད་པར་མེད་པའི་མྱུ་གུ་ལ་སོགས་པའི་རྒྱུ་ཐ་མའི་
གནས་སྐབས་དང་ཁྱད་པར་མེད་པའི་རྒྱུ་ནི་རྐྱེན་གཞན་ལ་རག་ལས་པའི་ཁྱད་པར་གྱིས་ཡིན་ནོ། །བརྒྱུད་པས་སྐྱེ་བ་དེའི་ཕྱིར་དེ་རྣམས་ནི་བཏགས་པའི་ཕྱིར་རོ། །མྱུ་གུ་དོན་དུ་གཉེར་བ་རྣམས་ཀྱིས་རྒྱུར་བརྗོད་པ་ཉེ་བར་ལེན་ཏོ། །གང་གི་ཕྱིར་ས་བོན་ལ་སོགས་པ་དེའི་ངོ་བོ་རྒྱུ་གཞན་ལ་ལྟོས་པ་ནི་སྐྱེད་
པར་བྱེད་པ་དེ་ལ་ལྟོས་པའི་ཕྱིར་དེའི་དེ་སྐྱེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་ས་བོན་ལ་སོགས་པ་དང་ལྡན་པས་མ་ངེས་པ་མ་ཡིན་ཏེ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་གཏན་ཚིགས་ཀྱི་མཇུག་བསྡུ་བ་ཡིན་ནོ། །དེ་ལྟ་ན་དེ་ནི་གང་གི་ཚེ་རེ་ཞིག་ངོ་ཤེས་པ་མངོན་སུམ་གྱི་ཚད་མ་རྟག་པ་གྲུབ་པར་

གཞན་དག་བརྗོད་པས་ས་བོན་ལ་སོགས་པ་དང་ལྡན་པས་མ་ངེས་པར་བསྟན་པ་དེའི་ཚེ་སྔར་བཤད་པའི་རྣམ་པས་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གནོད་པའི་ཕྱིར་དེའི་བདག་ཉིད་མེད་པ་ཡིན་ན་གང་གིས་ན་དེ་ལས་གཅིག་པ་ཉིད་དུ་ཡོད་པ་ཡིན། གང་གི་ཕྱིར་མ་ངེས་པར་འགྱུར་ཞེས་
བསྟན་ཟིན་ཏོ། །གང་གི་ཚེ་ངོ་ཤེས་པ་ཡིན་པའི་ཕྱིར་ས་བོན་ལ་སོགས་པ་སྔ་མ་དང་ཕྱི་མའི་དུས་དག་རང་བཞིན་གཅིག་པ་ཡིན་ནོ་ཞེས་གཏན་ཚིགས་སུ་གཞན་དག་བརྗོད་ན། དེ་ནི་འདིར་གཏན་ཚིགས་མ་གྲུབ་པ་ཡིན་ཏེ་ལ་ལར་དངོས་སུ་ཡོད་པ་ནི་མ་ཡིན་ཏེ། འདིར་སྐད་ཅིག་མའི་དངོས་
པོ་རྣམས་ལ་གཅིག་པ་ཉིད་མེད་པའི་ཕྱིར་རོ་ཤེས་ཁོ་བོ་ཅག་འདོད་དོ་ཞེས་བྱ་བར་སྦྱར་རོ། །འོན་ཏེ་གང་ཡང་སྐད་ཅིག་མའི་དངོས་པོ་དེ་ཡང་ས་བོན་ལ་སོགས་པའི་སྐད་ཅིག་མ་རེ་རེའི་གཅིག་པའི་ངོ་བོ་བྱེ་བྲག་ཀྱང་མི་རྟོགས་པའི་ཕྱིར་སྐད་ཅིག་མ་ཐ་མ་བཞིན་དུ་ཐམས་ཅད་ཀྱང་སྐྱེད་པར་བྱེད་པའི་རང་
བཞིན་ཡིན་ཏེ། དེའི་ངོ་བོ་ནི་ཆུ་ལ་སོགས་པ་ལ་ལྟོས་པའི་ཕྱིར་དེའི་གནས་སྐབས་ཀྱི་མ་ངེས་པ་ཡིན་ནོ་ཞེས་དོགས་པ་ལ། གཞན་དང་གཞན་སྐྱེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་ལ་མ་ངེས་པ་མེད་དོ། །རྐྱེན་གཞན་དང་གཞན་ལས་སྐད་ཅིག་མ་སོ་སོར་སྐྱེ་བས་སྐད་ཅིག་མ་རྣམས་ཐ་
དད་པས་ནུས་པའི་ཕྱིར་སྐད་ཅིག་མ་ཐ་མ་བཞིན་དུ་སྐྱེད་པར་བྱེད་པའི་རང་བཞིན་སྤངས་ནས་དེ་ཡང་གང་གིས་ན་མ་ངེས་པ་ཡིན། རྒྱུ་ཐ་དད་པ་ལ་རག་ལས་པའི་སྐྱེ་བ་རྣམས་ནི་བྱེ་བྲག་ཉེ་བར་རྟོགས་སུ་ཟིན་ཀྱང་ཐ་མི་དད་པར་མི་རིགས་སོ། །རྒྱུ་ཐ་དད་པའི་རྗེས་སུ་མི་བྱེད་ན་རྒྱུ་མེད་པར་ཐལ་བར་འགྱུར་རོ། །
དེ་སྐད་དུ་ཡང་འདུ་བྱེད་པའི་རྒྱུན་ལས་གཞན་དང་གཞན་པའི་རྐྱེན་དང་ལྡན་པས་སྐད་ཅིག་མ་རེ་རེ་ལ་ནུས་པ་ཐ་དད་པ་ཅན་དག་འགའ་ཞིག་མཚུངས་པས་ངོ་བོ་འདྲ་བར་ཤེས་མོད་ཀྱི་དེ་ལྟ་ན་དེ་དག་གི་ངོ་བོ་ཐ་དད་པ་ཁོ་ན་ཡིན་ཏེ། དེས་ན་འགའ་ཞིག་གི་རྒྱུ་ཡིན་ཞེས་གསུངས་སོ། །ཇི་སྐད་དུ་དེའི་ངོ་བོ་ཉིད་བསྐྱེད་
པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གཞན་དག་མ་ངེས་པ་བརྗོད་པ་ནི་དེ་ཞེས་བྱ་བ་སྨོས་ཏེ། ས་བོན་དང་ཞིང་ལ་སོགས་པའོ། །མཐའ་མ་ནི་ཐ་མའི་དངོས་པོ་སོ་སོར་མྱུ་གུ་སྐྱེད་པར་ནུས་པ་རྒྱུ་རྣམས་ཀྱིས་ནས་འབྲས་བུ་སྐྱེད་པ་མེད་པར་ཁྱེད་རྣམས་འདོད་པ་ཡིན་ཡང་ཅིའི་ཕྱིར་རེ་རེ་སྐྱེད་པར་མི་བྱེད། དེས་ན་འདི་

རྣམས་ཀྱི་རེ་རེ་ཉིད་འགའ་ཞིག་ལས་མྱུ་གུ་སྐྱེ་བར་འགྱུར་གྱི་དེ་དག་གཞན་དེའི་ངོ་བོ་ཡིན་དུ་ཟིན་ཀྱང་མི་སྐྱེད་པ་ཡིན་ན་ནི་དེའི་ངོ་བོ་སྐྱེད་པ་ཡིན་ནོ་ཞེས་བྱ་བ་མ་ངེས་པ་ཡིན་པས་དེ་བཞིན་དུ་སྦྱང་ལ་ལ་སོགས་པ་ན་གནས་པ་ས་བོན་ལ་སོགས་པ་ཡང་མྱུ་གུ་ལ་སོགས་པ་སྐྱེད་པའི་རང་བཞིན་
ཡིན་དུ་ཟིན་ཀྱང་མི་སྐྱེད་པར་འདོད་པའི་ཕྱིར་རོ། །དེ་མ་ངེས་པ་ཡིན་པས་དེའི་གནས་སྐབས་ཁོ་ན་ཡིན་ནོ་ཞེས་གཞན་དག་སེམས་པ་ན། འདིར་མི་བྱེད་ཅེ་ན་ཞེས་བྱ་བ་སྨོས་ཏེ། དེ་ལྟར་གལ་ཏེ་གཞན་གྱིས་བསམ་པས་སྤྱིའི་སྒོ་ནས་བརྗོད་པ་སྤྱི་ཡིས་ལན་བཏབ་པ་ནི་སྐྱེད་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་སྨོས་པ་
སྟེ་འདིར་རང་གི་འབྲས་བུ་སྐྱེད་པའོ། །དེ་ལྟ་མ་ཡིན་ན་དངོས་པོ་སྐྱེད་པར་བྱེད་པ་མ་ཡིན་པར་དོགས་སོ། །གང་ལས་ཤེ་ན། ངོ་བོ་ཉིད་ལྡོག་པ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེད་པར་བྱེད་པའི་རང་བཞིན་མ་ཡིན་ན་སྐྱེད་པར་བྱེད་པར་མི་འགྱུར་ཏེ་དེའི་རང་བཞིན་དུ་འདོད་ན་ནི་གདོན་མི་ཟ་བ་སྐྱེད་པ་ཡིན་ནོ། །
དེ་ལྟ་ན་ཡང་གང་ལས་མ་ངེས་པའི་དངོས་པོར་འགྱུར། མཐའ་མའི་སྐྱེད་པར་བྱེད་པ་གཅིག་ཡོད་པས་འབྲས་བུ་གཅིག་པ་ཉིད་སྐྱེད་པ་ཡིན་གྱི་གཞན་དག་ནི་ཉེ་བར་སྦྱོར་བའི་ཡུལ་མེད་པའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་ནོ་སྙམ་དུ་གཞན་དག་སེམས་པས་གལ་ཏེ་དེ་ལྟ་ན་ལྷན་ཅིག་བྱེད་པ་ཞེས་བྱ་བ་སྨོས་ཏེ། ལྷན་
ཅིག་པ་ནི་ཅིག་ཅར་བའི་རྒྱུར་རུང་བ་རྣམས་སོ། །དེའི་འབྲས་བུ་བྱེད་པའི་རུང་བས་ཁས་བླངས་པའི་ཡོད་པའི་འབྲས་བུ་ལ་གཅིག་ཁོ་ནས་བསྐྱེད་པའི་ཕྱིར་གཞན་གྱི་ཉེ་བར་སྦྱོར་བར་ཅི་ཞིག་དགོས་ཏེ་ཅི་ཡང་མ་ཡིན་ནོ། །དེ་སྐྱེད་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་ཅི་ཞིག་བརྗོད་ཅེ་ན། འདིའི་ལན་ནི་དངོས་པོ་རྣམས་
ཞེས་བྱའོ། །དངོས་པོ་རྣམས་ནི་ས་བོན་ལ་སོགས་པའོ། །རྟོག་པ་སྔོན་དུ་གཏོང་པར་བྱེད་ཅིང་བློ་སྔོན་དུ་གཏོང་པར་བྱེད་པ་ནི་འགའ་ཡང་མེད་དོ། །གང་གི་ཕྱིར་རྟོག་པ་སྔོན་དུ་གཏོང་པར་བྱེད་པས་འདི་ཁོ་བོ་ཅག་གང་ཡང་རུང་བ་གཅིག་པུས་ཀྱང་འབྲས་བུ་སྐྱེད་པར་ནུས་ན་བདག་ཅག་གིས་ཅི་ཞིག་བྱ་ཞེས་བརྟགས་
ནས་གཞན་དག་ལྡོག་པར་འགྱུར་ཞིང་བཏང་སྙོམས་སུ་འདུག་པ་ལ་བརྟེན་པ་ན་དེའི་འབྲས་བུ་སྐྱེད་པར་བྱེད་པ་ནའོ། །གང་གི་ཕྱིར་ས་བོན་ལ་སོགས་པའི་དངོས་པོ་དེ་ནི་སེམས་པ་མེད་པའི་བྱེད་པ་ཅན་ནོ། །དཔྱད་ན་སྟོང་པའི་བྱེད་པ་ནི་གཅིག་གིས་སྐྱེད་པ་ན་གཅིག་གི་འབྲས་བུ་ལ་ཐམས་ཅད་བྱེད་པ་ཁོ་ན་ཡིན་ནོ། །

དངོས་པོ་ཆོས་ཅན་གྱི་འབྲས་བུ་དེ་དག་སྔར་ཡོད་པའི་བྱེད་པ་ལས་དེ་བཞིན་ན་མི་རིགས་སོ། །གང་གི་ཚེ་བྱེད་པ་ཅན་དེ་ལས་གཞན་པའི་བྱེད་པ་ཡིན་པ་དེའི་ཚེ་དེ་ཉིད་ལས་འབྲས་བུ་སྐྱེད་པའི་བྱེད་པ་དང་ལྡན་པས་བྱེད་པ་པོ་ཉིད་དོར་བར་བྱའོ། །གལ་ཏེ་དེ་འདི་བྱེད་པ་ནི་བྱེད་པ་པོ་དེ་ལས་དེ་ཡིན་ནོ་ཞེ་ན། འོ་ན་ནི་
དེ་ལྟར་བྱེད་པ་པོ་ནི་ཉེ་བར་མཁོ་བ་ཡིན་གྱི། འབྲས་བུ་ལ་ཉེ་བར་མི་མཁོ་བ་ནི་དེ་ལ་བཏགས་པ་ཡིན་པས་དོན་དམ་པར་ན་བྱེད་པ་པོ་དོར་བར་བྱའོ། །བྱེད་པ་འདི་དང་སུ་ཞིག་འབྲེལ་པ་ཡིན་འདུ་བ་ཡིན་ན་ནི་སྔར་བསལ་ཟིན་པའི་ཕྱིར་རོ། །འདུ་བ་ཡང་བྱེད་པ་དང་ལྡན་པ་ཡིན་ན། གཞན་ཡང་དེའི་འབྲས་
བུ་ལ་ཉེ་བར་མི་མཁོ་བ་དེ་ཡོད་པར་ཐལ་བར་འགྱུར་རོ། །འདུ་བ་འདིའི་བློའི་རྒྱུ་ཡིན་ནོ་སྙམ་ན་གཅིག་པ་ཉིད་ཀྱིས་ཐམས་ཅད་མཚུངས་པའི་ཕྱིར་རོ། །གལ་ཏེ་མངོན་པར་འདོད་པ་ཉིད་བྱེད་པ་ཡིན་པས་དེའི་བྱེད་པ་བསྐྱེད་པ་ཡིན་པས་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། འོ་ན་ནི་དེས་ན་དེ་ལས་སྐྱེ་བར་དེ་ཉིད་ལ་འདུ་
བར་བརྗོད་དེ་དེ་ཡང་ཐམས་ཅད་ལ་མཚུངས་ཏེ། གང་གིས་བྱེད་པའི་འབད་པས་སྐྱེ་བ་ཡིན་ན། དེས་འབྲས་བུ་ཉིད་ཅིས་ན་མི་སྐྱེད། གང་གིས་བར་དུ་ཆོད་པ་ལ་བརྟེན་པ་དེ་ལྟ་ན་རང་དང་ཉེ་བ་ཙམ་གྱི་བྱེད་པ་འདིས་བསྐྱེད་པ་ཡིན་ནོ། །བྱེད་པ་གཞན་གྱིས་ནི་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །
དེ་ལྟ་ན་དེ་ཉིད་ཀྱི་ཕྱིར་རང་དང་ཉེ་བ་ཙམ་གྱི་བྱེད་པས་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་ཕྱིས་འབྱུང་བའི་འབྲས་བུ་ནི་སྔར་ཡོད་པ་རྒྱུའི་བྱེད་པས་ཡིན་ནོ། །དེ་ཡང་ཐམས་ཅད་ལ་ཡོད་པ་ཡིན་ནོ་ཞེས་ཐམས་ཅད་ཀྱི་འབྲས་བུ་སྐྱེད་པའི་བྱེད་པར་བསྟན་ཏེ། འབྲས་བུ་ཐམས་ཅད་སྐྱེད་པར་བྱེད་པ་དེ་ཡོད་པའི་ཕྱིར་
རོ། །འབྲས་བུའི་རྒྱུར་མངོན་པར་འདོད་པ་ནི་ཡོད་ན་ཡོད་པ་མ་ཡིན་པ་གཞན་ལས་སྐྱེ་བ་མེད་དོ། །དེ་ལྟར་ཡོད་པ་ནི་དེ་ཉིད་ལ་རྒྱུའི་བྱེད་པས་འབྲས་བུ་བྱེད་པ་འདི་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཡོད་དུ་ཟིན་ཀྱང་རྒྱུ་རྣམས་ལ་ཇི་ལྟར་ཉེ་བར་དམིགས་པར་མི་འགྱུར། གལ་ཏེ་དེ་དང་འབྲེལ་པ་ལས་སྐྱེ་བའི་
རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མེད་པ་དེས་འབྲེལ་པར་མི་རིགས་པའི་ཕྱིར་རོ། །བདག་ཉིད་ཡོད་པ་ཁོ་ནས་སྐྱེད་པའི་དོན་ནི་མི་འཐད་པའི་ཕྱིར་སྐྱེ་བའི་དུས་ན་ཉེ་བར་དམིགས་པའི་བདག་ཉིད་ཡིན་ན་སྔར་ཡང་འབྱུང་བ་བཞིན་དུ་དམིགས་པར་ཐལ་བར་འགྱུར་རོ། །ངོ་བོ་གཞན་གྱིས་ཡོད་པ་ཡིན་ན་

ནི་དངོས་པོར་མི་འགྱུར་རོ། །དངོས་པོ་ནི་མཚན་ཉིད་ཐ་དད་པའི་ཕྱིར་དངོས་པོ་ཐ་དད་དོ། །དེའི་ཕྱིར་ཉེ་བར་དམིགས་པའི་བྱ་བའི་བདག་ཉིད་ཀྱི་སྐྱེ་བ་ལས་སྔར་ཡོད་པའི་མི་དམིགས་པ་དེའི་ཕྱིར་སྐྱེ་བ་ཡང་འབྲེལ་པ་ག་ལ་ཡིན། དེའི་ཕྱིར་འབྲས་བུ་མ་བྱུང་བ་ཉིད་རྒྱུ་ཡོད་པ་
ལས་བྱུང་བ་དེས་ན་སྐྱེ་བ་ཡིན་ནོ་ཞེས་ཐམས་ཅད་ཀྱིས་དེ་ལྟར་བསྐྱེད་དོ། །འོན་ཏེ་གཅིག་གིས་ཀྱང་དེ་སྐྱེད་པར་ནུས་ན་གཞན་དག་དེ་ལ་དེ་ཉེ་བའི་མཚན་ཉིད་ཀྱི་བྱེད་པ་དོན་མེད་དོ་སྙམ་ནས་དེ་ལ་གཞན་དག་ཡོད་པ་དང་འབྲེལ་པ་མ་ཡིན་ནོ་ཞེ་ན། རང་གི་རྒྱུ་ཞེས་བྱ་བ་སྨོས་ཏེ། ཞིང་དང་ཆུ་དང་ས་བོན་གྱི་
ཚོགས་པའི་མཚན་ཉིད་ཡོངས་སུ་གྱུར་བས་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཡོན་ཏན་གྱི་བྱེ་བྲག་དང་ལྡན་པ་ནི་སྐད་ཅིག་མ་རེ་རེ་ཉེ་བར་བསགས་པ་ཕུལ་དུ་བྱུང་བ་ལས་སྐད་ཅིག་མ་གཞན་སྐྱེའོ། །དེས་ན་ཉེ་བ་ནི་འབྲས་བུ་དང་ཡུལ་ཉེ་བ་རྣམས་གང་ཡིན་པ་དེ་ལྟར་གྱུར་པ་ལ་འབྲས་བུ་དང་ཀླན་ཀ་བཙལ་
བར་འོས་པ་མ་ཡིན་ནོ། །རྒྱུ་གཅིག་གིས་ཀྱང་དེའི་འབྲས་བུ་ནུས་པའི་ཕྱིར་འདིར་ཁྱེད་ཉེ་བས་ཅི་ཞིག་བྱ་ཞེས་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ། །དེ་ལ་གཞན་པ་དང་ཉེ་བ་མེད་ན་གཅིག་གིས་ཀྱང་ཡོད་པར་མི་སྐྱེད་དོ། །གང་ལས་དེའི་རང་བཞིན་ཡིན་ཞེ་ན། དེའི་རང་བཞིན་ལས་ཞེས་བྱ་བ་ནི་
དངོས་པོ་གཙོ་བོར་བསྟན་ཏེ་ཞིང་དང་ཆུ་དང་ས་བོན་ལ་སོགས་པའི་ཚོགས་པ་ཡོངས་སུ་གྱུར་པ་སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་རེ་རེ་ལ་ནུས་པ་དེ་མེད་དོ་ཞེ་ན། ཚོགས་པའི་སྒྲས་བརྗོད་པ་ཐ་དད་པའི་ནུས་པས་རང་རང་གི་མཚན་ཉིད་གཞན་པ་སྐྱེད་པའི་ཕྱིར་དང་དེ་ཡང་སྐད་ཅིག་མ་རེ་རེ་བསགས་པ་ཕུལ་
དུ་བྱུང་བ་སྐྱེད་པའི་ཕྱིར་འབའ་ཞིག་པ་རྣམས་ལ་ནི་དེ་སྐྱེད་པའི་རང་བཞིན་མ་ཚང་བ་དེ་ལས་གཞན་རྐྱེན་ནི་སྐྱེད་པར་རུང་བའི་རང་བཞིན་ཡིན་པའི་ཕྱིར་སྐྱེད་པའི་བྱེད་པར་ནུས་རྒྱུ་ལས་སོ། །འདི་ཡང་ཇི་ལྟར་སྐབས་སུ་བབ་པ་དེ་དང་དེར་བསལ་བར་བྱའོ། །དེའི་ཕྱིར་ཚོགས་པ་སྐྱེ་བའི་རང་བཞིན་དག་ཡོད་པ་གང་
ཡིན་པ་དེ་དང་དེ་ལ་གཅིག་མེད་དམ་རྒྱུ་མ་ཚང་བ་ལས་མི་སྲིད་པའི་ཕྱིར་རོ། །ཚོགས་པ་གཅིག་པ་ལས་སྐྱེ་བ་ནི་ལྷན་ཅིག་འབྱུང་བར་ངེས་ཏེ་དེ་དག་ཡོད་ན་ཡོད་པ་ལས་འབྲས་བུ་ཐམས་ཅད་སྐྱེད་པའི་ཕྱིར་རོ། །དེའི་ངོ་བོ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདིར་མ་ངེས་པ་མེད་དོ་ཞེས་གང་གིས་བསམས་

ནས་མཐའ་མའི་ནུས་པས་ཅིས་ན་སྐྱེད་པར་མི་བྱེད་ཅེས་སྔར་དེ་བསལ་བར་བཤད་དོ། །གལ་ཏེ་ནུས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་པའི་མཐའ་སྨྲ་བས་ཀྱང་མཐའ་མ་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་དགོངས་པ་གང་ཡིན་པ་དེ་ནི་བཤད་ཟིན་པ་སྟོན་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་དག་ཉིད་བཤད་པ་ནི་གཅིག་པུ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་དགོངས་པ་འདི་ནུས་པ་དག་མངོན་སུམ་དང་མི་དམིགས་པའི་གྲུབ་པར་བྱེད་པ་དག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཐ་དད་བྱེད་པ་ལས་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །དེ་ཡང་རྗེས་སུ་
འགྲོ་བ་དང་ལྡོག་པ་དག་གཅིག་ལ་མཐོང་བ་ནི་གཞན་དག་གཞན་ལ་མ་ཡིན་ལ། གཅིག་པུ་དེ་ཉིད་བསྐྱེད་པར་བྱ་བར་ནུས་པར་རྟོགས་པར་བྱའོ། །གཞན་དང་གཞན་ནི་བསྐྱེད་པར་བྱ་བ་མ་ཡིན་ནོ། །དེ་ཡང་གང་གི་གནས་སྐབས་སུ་སྐྱེད་པར་མཐོང་བ་དེ་ཅིས་སྐྱེད་པའི་རང་བཞིན་ཡིན། དེ་ཉིད་ཡིན་
ནམ་ཡང་ན་སྔར་ཡང་ཡིན་ཞེས་འདིར་བརྩོད་དེ། དེ་ལ་སྔར་ཡང་དེའི་རང་བཞིན་ཡིན་ན་ཕྱི་མ་བཞིན་དུ་ནི་སྔ་མ་ཡང་སྐྱེད་པར་ཐལ་བར་འགྱུར་རོ། །སྐད་ཅིག་མ་རེ་རེ་ཐ་དད་པར་བརྗོད་ན་ནི་སླར་གཞན་གཅེར་བུ་པ་དང་། རྒྱལ་དཔོག་པ་དག་མ་ངེས་པ་བརྗོད་ཅིང་སྨྲ་སྟེ། ཐ་དད་པ་ཕན་ཚུན་ལྡོག་པ་མིག་ལ་
སོགས་པ་གང་ཡིན་པ་དེ་དག་གི་ལྷན་ཅིག་བྱེད་པ་དག་གིས་ཅིག་ཅར་དུ་བྱེད་པ་རྣམས་ཀྱིས་རྣམ་པར་ཤེས་པའི་མཚན་ཉིད་འབྲས་བུ་གཅིག་པ་སྐྱེད་པ་བདེན་ཏེ་ཕལ་ཆེར་ཐ་དད་པའི་རང་བཞིན་གྱི་རྒྱུ་རྣམས་འབྲས་བུ་གཅིག་ཏུ་ཐ་དད་པའི་རང་བཞིན་ཡིན་ན་ནི་རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་མེད་པར་
འགྱུར་རོ། །དེས་ན་མིག་ལ་སོགས་པ་ཐ་དད་པའི་བདག་ཉིད་ཀྱི་འབྲས་བུ་གཅིག་སྐྱེད་པར་འདོད་པར་མི་བྱ་སྟེ། འོན་ཀྱང་ཐ་མི་དད་པའི་འབྲས་བུ་གཅིག་པ་འདི་སྐྱེད་པར་བྱེད་པ་ནི་སྤྱིར་གྱུར་པའི་ངོ་བོ་ཁས་བླངས་པ་གང་གིས་ཐ་མི་དད་པའི་འབྲས་བུ་སྐྱེད་དོ། །དེ་ཡང་ཚོགས་པའི་གནས་སྐབས་ཉིད་
ལ་འབྲས་བུ་སྐྱེའི། །མ་ཚོགས་པའི་གནས་སྐབས་ནི་མ་ཡིན་ནོ། །རེ་རེ་ཡོད་པ་ལ་དེའི་བདག་ཉིད་མེད་པ་ནི་མ་ཡིན་ཏེ། རེས་འགའ་མེད་པ་འགལ་བའི་ཕྱིར་རོ། །དེ་འདི་སྐྱེད་པར་བྱེད་པའི་རང་བཞིན་ནི་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པ་ལྡན་པ་ནི་མ་ཡིན་ཏེ། ཚོགས་པ་དང་ཅིག་ཤོས་ཀྱི་གནས་སྐབས་ཐ་

དད་པ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་སྤྱིའི་རང་བཞིན་ཉམས་པ་ཡིན་པ་དེའི་ཕྱིར་མིག་ལ་སོགས་པ་ཚོགས་པ་རྣམས་སྐྱེད་པར་བྱེད་པའི་ངོ་བོ་གང་ཡིན་པ་དེ་ནི་རེ་རེ་ཡོད་དུ་ཟིན་ཀྱང་སྐྱེད་པར་བྱེད་པ་མ་ཡིན་གྱི་དེ་ནི་ངོ་བོ་སྐྱེད་པའི་ཕྱིར་ཞེས་བྱ་བ་མ་ངེས་པ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་མ་
ཡིན་ཏེ། བདག་ཉིད་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་དགོངས་པ་ཡིན་ཏེ། ཅི་བྱེད་ཀྱང་མངོན་པར་འདོད་པའི་རྒྱུ་འདི་མིག་ལ་སོགས་པ་རེ་རེ་ལས་གལ་ཏེ་ཡིན་ན་དེ་མི་རིགས་ལ། །ཚོགས་པའི་རང་བཞིན་ལས་སྐྱེ་བའི་ཕྱིར་འབྲས་བུ་རྒྱུ་ནི་དེ་ཁོ་ན་ཡིན་པའི་ཕྱིར་རོ། །འོ་ན་ནི་དེའི་གནས་སྐབས་
ན་རེ་རེ་ལ་སོགས་པའི་སྒྲས་བརྗོད་པ་སྐྱེད་པའི་རང་བཞིན་དུ་ཁས་བླངས་པས་མིག་ལ་སོགས་པ་རེ་རེ་རྒྱུ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ངེས་པ་འདི་ལ་ཅི་ཞིག་ཡོད། གང་ཁྱེད་དུ་མ་ལས་ཡིན་གྱི་གཅིག་ལས་མ་ཡིན་ནོ་ཞེས་བྱ་བ་ལ་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །གཅིག་དེའི་འབྲས་བུ་
བྱ་དགོས་སོ་ཞེས་བྱ་བ་ངེས་པ་ནི་མ་མཐོང་སྟེ། གཅིག་དེའི་འབྲས་བུ་བྱེད་དོ་ཞེས་བྱ་བ་གང་ལས་ངེས་པ་ཡིན། དེ་ཡོད་པ་ལས་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་འདིར་དུ་མ་ལས་འདི་མཚུངས་སོ། །དེ་སྐད་ཅིག་དེ་ཉིད་སྐྱེད་པར་ནུས་ཀྱི་གཞན་ལ་ནི་མ་ཡིན་པས་གཞན་དང་གཞན་བསྐྱེད་པ་མ་ཡིན་ནོ་ཞེས་བཤད་
དོ། །དུ་མ་ཡིན་པ་ལས་དུ་མ་ཐོབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཅག་གིས་ཁྱེད་བཞིན་དུ་རྒྱུ་ཁོ་ནས་འབྲས་བུའི་བདག་ཉིད་དུ་ཁས་མ་བླངས་ཏེ། གང་དུ་མ་ཡོངས་སུ་གྱུར་པ་ལས་དུ་མའི་རང་བཞིན་ཡིན་པའི་ཕྱིར་འབྲས་བུ་དུ་མར་འགྱུར་བ་ཞིག་ན། འོན་ཀྱང་སྔ་མ་ཉིད་འགའ་ཞིག་ཡོད་པར་གྱུར་པ་དེ་ཡང་
དུ་མ་ཡོད་པ་ཉིད་ལས་ཡོད་པའི་ཕྱིར་དེའི་འབྲས་བུར་བརྗོད་ན་དེ་གང་ལས་དུ་མར་ཐལ་བར་འགྱུར་བ་ཡིན། གང་ཡང་ཐ་མི་དད་པར་སྐྱེད་པར་བརྗོད་པའི་ཕྱིར། དེ་གཅིག་ཏུ་གནས་ཀྱང་ཁྱེད་ཀྱི་དེའི་འབྲས་བུ་སྐྱེད་པའི་རང་བཞིན་ཉིད་ཡིན་པ་དེའི་ཕྱིར་འབྲས་བུ་སྐྱེད་པར་ཐལ་བར་འགྱུར་རོ། །དེ་གཞན་ཉེ་བ་དང་དེ་ལ་བྱེ་
བྲག་མེད་པའི་ཕྱིར་རམ་དེ་ཡང་མི་སྐྱེད་པར་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཡོད་པ་དང་མེད་པ་དང་ལྡན་པ་ལས་རང་གི་འབྲས་བུ་ཡོད་པ་དང་མེད་པ་དང་ལྡན་པ་མཐོང་སྟེ་དེ་ཉིད་བྱེ་བྲག་ཏུ་སྐྱེད་པ་ཡིན་པའི་ཕྱིར་མ་ངེས་པ་ག་ལ་ཡིན། འོན་ཏེ་ཚོགས་པའི་རྒྱུ་ལ་བརྟེན་པར་བརྗོད་ན་ནི་རྒྱུ་ཐ་དད་པས་འབྲས་བུ་ཐ་དད་པར་མི་

འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་ཇི་ལྟར་བདག་ཉིད་གང་དང་གང་གི་ཚོགས་པའི་བདག་ཉིད་ཀྱིས་རང་བཞིན་དེ་ཐ་དད་པས་དེ་ཁྱད་པར་ལ་ཉེ་བར་སྦྱར་ན་དེའི་རྣམ་པར་ཤེས་པ་འབྲས་བུའི་མཚན་ཉིད་གང་གི་ཁྱད་པར་ནི་ཚོགས་པའི་ངོ་བོའི་བྱེ་བྲག་གིས་དེ་རྣམས་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེའི་ཉེ་བར་
སྦྱོར་བས་ཚོགས་པ་ཐ་དད་པའི་བྱེད་པས་བྱ་བའི་རང་བཞིན་གྱི་ཁྱད་པར་ནི་བྱ་བ་དང་ཁྱད་པར་ཅན་གྱི་རང་བཞིན་དེ་དག་ཚོལ་བ་མེད་པའི་ཕྱིར་རོ། །ཕན་ཚུན་ཐ་དད་པའི་ངོ་བོ་ཡིན་པའི་ཕྱིར་ཚོགས་པ་ཐ་དད་པ་ཐ་མི་དད་པའི་ངོ་བོའི་འབྲས་བུ་ཡིན་ན་ཇི་ལྟར་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་མི་དད་པར་འགྱུར།
དེ་