Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 1 / 22 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ན་ཡ་བིནྡུ་ཊཱི་ཀ །བོད་སྐད་དུ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
གང་ཞིག་རིགས་ལམ་རྣམ་པར་དག་པ་དང་། །རིགས་མཐུས་བསྒྲུབ་བྱ་དག་པ་མཆོག་གསུང་བ། །ཐུབ་པ་སྨྲ་མཆོག་དེ་ལ་ཕྱག་འཚལ་ཏེ། །རིགས་ཐིགས་ཚིག་རེ་ནས་ནི་རྣམ་པར་དབྱེ། །ཡང་དག་
པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་ཅན་ཡིན་པས་ན། དེ་བསྟན་ཏོ་ཞེས་བྱ་བའི་ཚིག་དང་པོ་འདིས་ནི་རབ་ཏུ་བྱེད་པ་འདིའི་འགྲེལ་པ་དང་། དགོས་པ་དང་། བརྗོད་པར་
བྱ་བ་དང་དགོས་པའི་ཡང་དགོས་པ་བསྟན་ཏོ། །འདི་ལྟར་འབྲེལ་པ་མེད་པ་དང་། དགོས་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པའི་བསྟན་བཅོས་སམ་རབ་ཏུ་བྱེད་པ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཁས་
མི་ལེན་ཏེ། འདི་ལྟར་འདིར་བཤད་པར་བྱ་བ་ནི་ཅི་ཞིག་ཡིན་སྙམ་པའི་རྨོངས་པ་དེ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་དུ་དོགས་པ་བསལ་བའི་ཕྱིར་དགོས་པ་བརྗོད་དོ། །ཐབས་

མ་ཡིན་དུ་དོགས་པ་བསལ་བའི་ཕྱིར་འབྲེལ་པ་བསྙད་དོ། །དེའི་ཕྱིར་ཉན་པ་པོ་སྤྲོ་བ་སྐྱེད་པའི་དོན་དུ་འབྲེལ་པ་ལ་སོགས་པ་བརྗོད་དོ། །དེ་ལ་དེ་བསྟན་ཏོ་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་དང་། དགོས་པ་སྔོན་དུ་
བསྟན་ཏོ། །འབྲེལ་པ་ནི་ཤུགས་ཀྱིས་བསྟན་ཏོ། །དེ་ལ་ཤུགས་ནི་འདི་ཡིན་ཏེ། འདི་ལྟར་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར། རབ་ཏུ་བྱེད་པ་རྩོམ་པས། དོན་གྱིས་ན་རབ་ཏུ་བྱེད་པ་ནི་ཐབས་ཉིད་དུ་སྟོན་ཏོ། །དེ་ལྟར་མ་ཡིན་
ན་ཐབས་མ་ཡིན་པ་ལ་ཇི་ལྟར་འཇུག་པར་འགྱུར་ཏེ། དེ་བས་ན་འབྲེལ་པ་ནི་དོན་གྱིས་བསྟན་ཏོ། །འདིར་ཡང་དག་པའི་ཤེས་པ་བསྟན་ཏོ་ཞེས་བྱ་བ་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །ཡང་དག་པའི་ཤེས་པ་བསྟན་པ་ནི་དགོས་པ་ཡིན་ནོ། །
ཡང་དག་པའི་ཤེས་པ་བསྟན་པ་དེ་ནི་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ཡིན་ལ། རབ་ཏུ་བྱེད་པ་འདིས་བྱེད་པས་ན་རབ་ཏུ་བྱེད་པ་འདི་ནི་དགོས་པ་དེའི་ཐབས་ཡིན་ནོ། །དེ་ལྟ་བས་ན་རབ་ཏུ་བྱེད་པ་དང་། དགོས་པར་ཐབས་དང་ཐབས་ཀྱིས་བསྒྲུབ་
པར་བྱ་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་འདི་ཐོས་པ་ལས་ཡང་དག་པའི་ཤེས་པའི་རང་གི་ངོ་བོ་མ་ནོར་བར་ཤེས་པར་འགྱུར་བས། དེའི་ཕྱིར་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། ཡང་དག་པའི་ཤེས་པའི་ཡོངས་སུ་

ཤེས་པ་ནི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པར་གནས་སོ། །དེ་ཉིད་བསྒྲུབ་པར་བྱ་བ་དང་། བསྒྲུབ་པའི་མཚན་ཉིད་དང་བྱ་བ་དང་བྱེད་པའི་ངོ་བོའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། འདི་ལྟར་བསྒྲུབ་པ་ནི་རབ་ཏུ་བྱེད་པའོ། །བསྒྲུབ་པར་བྱ་བ་ནི་འབྲས་བུའོ། །བྱེད་པ་ནི་རབ་ཏུ་བྱེད་པའོ། །
བྱ་བ་ནི་འབྲས་བུ་ཡིན་པས་དེའི་ཕྱིར་ཡང་དག་པའི་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་ཙམ་མོ་ཞེས་བྱ་བར་གནས་སོ། །དེ་ལྟར་གནས་སུ་ཟིན་ཀྱང་ཅི་སྟེ་ལ་ལ་ཞིག་ཡང་དག་པའི་ཤེས་པ་ཡོངས་སུ་ཤེས་པས་ཅི་ཞིག་བྱ་སྟེ་དེ་ནི་གང་དུ་ཡང་མཁོ་བ་མེད་དོ། །དེའི་
ཕྱིར་དེ་ནི་བྱ་རོག་གི་སོ་བརྟག་པ་བཞིན་དུ་གནས་པ་མ་ཡིན་པར་ཁྱོད་ཡོངས་སུ་ངལ་བར་འགྱུར་རོ་ཞེས་འདྲི་བར་འགྱུར་བ་དེའི་ཕྱིར་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ནི་ཡང་དག་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཞེས་པ་འདི་སྨོས་ཏེ་དེས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། །དེ་བས་ན་
ཚིག་གི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་ཡང་དག་པའི་ཤེས་པ་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ལས་མཁོ་བར་གྱུར་པ་ལས་དེའི་ཕྱིར་བསྒྲིམས་ཏེ་དེ་ཡོངས་སུ་ཤེས་པར་བྱའོ། །དེ་ཡོངས་སུ་ཤེས་པ་ནི་རབ་ཏུ་བྱེད་པ་ལས་འབྱུང་ངོ་། །དེ་བས་ན་ཡང་དག་པའི་ཤེས་པ་མཁོ་བར་གྱུར་པ་
ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་པར་བྱའོ་ཞེས་བྱའོ། །དེ་ནི་རེ་ཞིག་བསྡུ་བའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་ཞེས་བྱ་བ་ལ་འདིར་མི་སླུ་བའི་ཤེས་པ་ནི་ཡང་དག་པར་ཤེས་པ་སྟེ། གང་དོན་བྱེད་པ་ལ་སླུ་བར་མི་
བྱེད་པ་ཡིན་གྱི་མ་ནོར་བ་གང་ཡིན་པ་དེ་ནི་ཡང་དག་པའི་ཤེས་པ་མ་ཡིན་ནོ། །དེ་ལྟ་ན་ནི་རབ་ཏུ་བྱེད་པ་རྣལ་འབྱོར་སྤྱོད་པའི་ལུགས་སེལ་བར་བྱེད་པར་འགྱུར་ཏེ། རབ་ཏུ་བྱེད་པ་ནི་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་རྗེས་སུ་སྙེགས་པར་འཇུག་པར་འདོད་དོ། །དེ་ལྟ་བས་ན་གཉི་གའི་
ལུགས་བསྡུ་བའི་ཕྱིར། །མི་སླུ་བའི་ཤེས་པ་ནི་ཡང་དག་པའི་ཤེས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གང་ལ་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཡིན་པ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ནོ། །སྔོན་གྱི་སྒྲས་ནི་འདི་རྒྱུ་ཡིན་པར་བརྗོད་དེ་གང་གི་ཕྱིར་འབྲས་བུ་བས་རྒྱུ་སྭ་བ་དེའི་

ཕྱིར་དེ་སྔོན་དུ་ཞེས་བརྗོད་དེ་ཡང་དག་པའི་ཤེས་པའི་རྒྱུ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བ་ནི་སྐྱེས་བུའི་དོན་ཡིན་པས་ན་སྐྱེས་བུའི་དོན་ཏོ། །དོན་ཞེས་བྱ་བའི་སྒྲས་ནི་དགོས་པ་ཡིན་པར་བརྗོད་དེ་སྐྱེས་བུའི་དགོས་པ་ཞེས་
བྱ་བའི་ཐ་ཚིག་གོ། །དེ་ནི་ཐམས་ཅད་ཀྱང་ཡིན་ལ་སྐྱེས་བུའི་དོན་ཡང་ཡིན་པས་སྐྱེས་བུའི་དོན་ཐམས་ཅད་དེ་ཐམས་ཅད་ཅེས་བྱ་བ་ནི་ཐག་ཉེ་བ་དང་། རྒྱང་རིང་བ་དང་། དེ་བཞིན་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། དེ་བཞིན་དུ་དོར་བར་བྱ་བ་དང་། བླང་བར་བྱ་བ་
དང་། བཏང་སྙོམས་སུ་བྱ་བའོ། །དེ་ལ་ཐག་ཉེ་བ་ནི་གང་ཡུལ་ཐག་ཉེ་བ་ན་ཡོད་པའོ། །རྒྱང་རིང་བ་ནི་གང་ཐག་རིང་པོ་ན་ཡོད་པའོ། །འཇིག་རྟེན་པ་ནི་གང་འཁོར་བའི་ཁོངས་སུ་གཏོགས་པའོ། །འཇིག་རྟེན་ལས་འདས་པ་ནི་མྱ་ངན་འདས་པ་ཞེས་བྱ་བའོ། །དོར་བར་བྱ་བ་ནི་མི་འདོད་པ་སྟེ་
སྦྲུལ་དང་། ཚེར་མ་དང་། དུག་དང་། མཚོན་ཆ་ལ་སོགས་པའི་མཚན་ཉིད་དོ། །བླང་བར་བྱ་བ་ནི་འདོད་པ་སྟེ། མེ་ཏོག་ཕྲེང་དང་། ཙན་དན་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། སྟན་གྱི་མཚན་ཉིད་དོ། །འདོད་པ་དང་མི་འདོད་པ་གཉི་ག་ལས་བཟློག་པ་གང་
ཡིན་པ་དེ་ནི་བཏང་སྙོམས་སུ་བྱ་བའོ། །སྐྱེས་བུའི་དོན་དེ་ཐམས་ཅད་ཀྱི་རྒྱུ་ནི་ཡང་དག་པའི་ཤེས་པ་ཡིན་ཏེ། འདི་ལྟར་མངོན་སུམ་ལ་སོགས་པའི་ཤེས་པས་དམིགས་ནས་མཚོན་ཆ་དང་། དུག་དང་། ཚེར་མ་ལ་སོགས་པ་ནི་ཡོངས་སུ་སྤོང་ངོ་། །མེ་ཏོག་ཕྲེང་ལ་སོགས་པ་ནི་ལེན་ཏོ། །དེ་མ་
ཡིན་པ་གཞན་དག་ལ་ནི་བཏང་སྙོམས་སུ་བྱེད་དོ། །སྐྱེས་བུའི་དོན་ཐམས་ཅད་གྲུབ་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པར་བྱེད་པའོ། །འགྲུབ་པ་ཞེས་བྱ་བའི་སྒྲ་ནི་འདིར་གྲུབ་པར་བྱེད་པ་ཞེས་བྱ་བར་བརྗོད་དོ། །དེས་ནི་འདི་སྐད་དུ་སྐྱེས་བུའི་དོན་གྲུབ་པར་ངེས་པ་དང་ལྡན་པ་གང་ཅི་སྙེད་
པ་དེ་ཐམས་ཅད་ཀྱི་རྒྱུ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡིན་པས་ན་ཞེས་བྱ་བའི་སྒྲ་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཡིན་ལ་གང་དེ་ནི་རྟག་ཏུ་འབྲེལ་ཏེ། དེས་ན་འདི་སྐད་དུ་གང་གི་ཕྱིར་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་སྔོན་དུ་བཏང་བ་ཅན་

ཡིན་པ་དེའི་ཕྱིར་དེ་བསྟན་ཏོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །དེ་བསྟན་ཏོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་དང་སྦྱར་བར་བྱ་སྟེ། མ་ནིང་གི་རྟགས་ཀྱིས་བསྟན་པ་དང་གཙོ་བོ་ཡིན་པའི་ཕྱིར་རོ། །འདས་མ་ཐག་པ་ཡིན་ཡང་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པ་ནི་མ་ཡིན་
ཏེ། དངོས་སུ་ན་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཤེས་པ་དེ་ནི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པར་བྱེད་དོ། །ལོག་པར་རྟོག་པ་རྣམ་པ་བཞི་ནི་གྲངས་ལ་ལོག་པར་རྟོག་པ་དང་། རང་གི་ངོ་བོ་ལ་ལོག་པར་རྟོག་པ་དང་། སྤྱོད་ཡུལ་ལ་ལོག་པར་
རྟོག་པ་དང་། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་གྲངས་ལ་ལོག་པར་རྟོག་པ་ནི་ཁ་ཅིག་གི་ནི་གཅིག་སྟེ། འདི་ལྟ་སྟེ། ཕུར་བུ་པ་རྣམས་ཀྱི་ལྟ་བུའོ། །ཁ་ཅིག་གི་ནི་གསུམ་སྟེ། འདི་ལྟ་སྟེ། གྲངས་ཅན་པ་རྣམས་ཀྱི་ལྟ་བུའོ། །རིགས་པ་ཅན་རྣམས་ཀྱི་ནི་བཞིའོ། །སྤྱོད་
པ་ཅན་རྣམས་ཀྱི་ནི་དྲུག་གོ། །རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པ། ཁ་ཅིག་ནི་རྣམ་པར་རྟོག་པ་མེད་པ་ལྟ་བུའོ། །ཡུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་གིས་ནི་མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་ཁོ་ནའོ། །
རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཁོ་ནའོ་ཞེས་བརྗོད་ལ། གཞན་དག་གིས་གཞན་དུ་བརྗོད་པ་ལྟ་བུའོ། །འབྲས་བུ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་ཚད་མ་ལས་འབྲས་བུ་ཐ་དད་པར་ཁས་ལེན་ལ། ཁ་ཅིག་ནི་ཐ་དད་པ་མ་ཡིན་པར་ཁས་ལེན་པ་ལྟ་བུའོ། །དེ་ལྟ་
བས་ན་དེ་ལྟ་བུའི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་རྣམ་པ་ཐམས་ཅད་དུ་མ་ནོར་བར་ཡང་དག་པའི་ཤེས་པའི་རང་གི་ངོ་བོ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་གྲངས་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །
འདི་ལ་རྣམ་པ་གཉིས་ཡོད་པས་ན་འདི་ནི་རྣམ་པ་གཉིས་སོ། །གྲངས་ཀྱི་ཚིག་སྨོས་པ་ཉིད་ཀྱིས་ནི་རྣམ་པ་གཉིས་ཁོ་ནའོ་ཞེས་རྣམ་པར་མངོན་ཏེ། དེས་ན་རྣམ་པ་གཅིག་དང་། རྣམ་པ་གསུམ་ལ་སོགས་པ་བསལ་བ་ཡིན་ནོ། །གྲངས་ཙམ་གྱིས་རྣམ་པ་གཉིས་སུ་བསྟན་གྱི། རྣམ་པ་གཉིས་

པོ་གང་གིས་ཡིན་པ་ནི་མི་ཤེས་པས་དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པའོ་ཞེས་བྱེ་བྲག་གིས་བསྟན་ཏོ། །དབང་པོ་ལ་བརྟན་པ་ནི་མངོན་སུམ་སྟེ། ངེས་པའི་ཚིག་འདི་ནི་ཡུལ་ལས་ཤེས་པས་མངོན་སུམ་དུ་བྱེད་པ་ཉིད་མཚོན་པར་བྱེད་པ་སྟེ། དཔེར་ན་འགྲོ་བས་ན་བ་
ལང་ངོ་ཞེས་བྱ་བ་དེ་ལ་འགྲོ་བས་ནི་བ་ལང་ཉིད་ཉེ་བར་མཚོན་པར་བྱེད་དེ། དེ་བས་ན་བ་ལང་ཉིད་དང་ལྡན་པའི་རིལ་པོ་ལ་བ་ལང་གི་སྒྲར་རྗོད་པར་བྱེད་པ་ཡིན་པར་སྟོན་པར་བྱེད་པ་དེ་བཞིན་དུ་འདིར་ཡང་དབང་པོ་ལ་བརྟེན་པ་ཉིད་ཀྱིས་ན་ཡུལ་ལ་ཤེས་པས་མངོན་སུམ་དུ་བྱེད་པ་ཉིད་མཚོན་ནས་རྣམ་པ་བཞི་ཆར་ཡང་
མངོན་སུམ་དུ་བརྗོད་པར་སྟོན་ཏོ། །འདིས་དཔོག་པས་ན་དཔག་པ་སྟེ། ཡོངས་སུ་གཅོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་ཞེས་བྱ་བའི་སྒྲ་ནི་ཕྱིས་ཤེས་པར་བྱ་བའི་དོན་ཏེ། ཕྱིས་དཔོག་པ་ནི་རྗེས་སུ་དཔག་པ་སྟེ། ཕྱོགས་ཀྱི་ཆོས་འཛིན་པ་དང་། འབྲེལ་པ་དྲན་པ་སྔོན་དུ་བཏང་པ་ཅན་ཞེས་བྱ་
བའི་ཐ་ཚིག་གོ། །མངོན་སུམ་དང་རྗེས་སུ་དཔག་པའོ་ཞེས་རྣམ་པར་དབྱེ་བ་ཐ་དད་པར་བསྟན་པ་ནི། དོན་གྱིས་ན་ཡུལ་ཐ་དད་པར་སྟོན་ཏེ། ཇི་ལྟར་དེ་གཉིས་ཀྱི་རྣམ་པར་དབྱེ་བ་ཐ་དད་པ་དེ་བཞིན་དུ་ཡུལ་ཡང་ཐ་དད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏེ། རྗེས་སུ་དཔག་པ་དང་
མངོན་སུམ་སྟོབས་མཚུངས་པ་ཉིད་དུ་སྡུད་དོ། །ཇི་ལྟར་མངོན་སུམ་དོན་གྱིས་སྐྱེད་པར་བྱེད་པ་ཡིན་པས་མི་སླུ་བ་སྟེ། དེའི་ཕྱིར་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་དེའི་བདག་ཉིད་དང་། དེ་ལས་བྱུང་བ་གཉིས་ཀྱིས་དོན་དང་འབྲེལ་པས་མི་སླུ་བ་སྟེ། དེའི་ཕྱིར་ཚད་མ་ཡིན་ནོ། །དེ་ལྟར་ཡིན་ན་གང་
ལ་ལ་དག་ཚད་མ་ཐམས་ཅད་ཀྱི་གཙོ་བོ་ནི་མངོན་སུམ་ཡིན་ནོ་ཞེས་བརྗོད་པ་དེ་བསལ་བ་ཡིན་ཏེ། གཉིས་ཀ་ཡང་མི་སླུ་བ་ཁོ་ནར་ནི་འདྲ་ན། མངོན་སུམ་གཙོ་བོ་ཉིད་ཡིན་ནོ་ཞེས་སུ་ཉིད་ཀྱིས་བྱས། རང་གི་ངོ་བོ་ལ་ལོག་པར་རྟོག་པ་བསལ་བར་བྱ་བའི་ཕྱིར། དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་
པའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དགར་བའི་དོན་ཏེ། ཡང་དག་པའི་ཤེས་པ་གཉིས་ལས་འོག་ནས་འབྱུང་བའི་མཚན་ཉིད་ཀྱིས་མངོན་སུམ་དཔག་པར་བྱེད་དོ། །མངོན་སུམ་ཞེས་བྱ་བས་ནི་མཚན་ཉིད་ཀྱི་གཞི་བསྟན་ཏོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའོ་ཞེས་བྱ་བས་ནི་མཚན་

ཉིད་བསྟན་ཏེ། དེས་ན་འདི་སྐད་དུ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེ་ནི་རེ་ཞིག་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི་རྟོག་པ་རྣམས་དང་བྲལ་བ་ནི་རྟོག་པ་དང་བྲལ་བ་སྟེ། རྟོག་པ་དང་བྱེ་ཞེས་བྱ་བའི་ཐ་ཚིག་
གོ། །ཡང་ན་རྟོག་པས་འབྲལ་བ་ནི་རྟོག་པ་དང་བྲལ་བ་སྟེ། རྟོག་པས་སྦང་ཞེས་བྱ་བའི་ཐ་ཚིག་གོ། །འཁྲུལ་པ་མེད་པ་ནི་མ་འཁྲུལ་པ་སྟེ། ཐོབ་པར་བྱེད་པའི་ཡུལ་ལ་ཕྱིན་ཅི་མ་ལོག་ཅེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་བྱེ་བྲག་གཉིས་སྨྲས་ཤེ་ན། སྨྲས་པ་མ་འཁྲུལ་བ་སྨོས་པ་ནི་རེ་
ཞིག་རབ་རིབ་ཅན་གྱི་ཤེས་པ་འཁྲུལ་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །རྟོག་པ་དང་བྲལ་བ་སྨོས་པ་ནི་རྗེས་སུ་དཔག་པ་བསལ་བར་བྱ་བའི་ཕྱིར་རོ། །འདི་ལྟར་མ་འཁྲུལ་བ་ཉིད་ནི་ཐོབ་པར་བྱེད་པའི་ཡུལ་ལ་ཁས་བླང་བར་བྱའི། དམིགས་པའི་ཡུལ་ནི་མ་ཡིན་ནོ། །གལ་ཏེ་དམིགས་པའི་ཡུལ་
ལ་མ་འཁྲུལ་བ་ཉིད་ཁས་ལེན་ན། དེས་ནི་འདིར་རྣལ་འབྱོར་སྤྱོད་པའི་ལུགས་གསལ་བར་བྱས་པར་འགྱུར་ཏེ། འདི་ལྟར་རྣལ་འབྱོར་སྤྱོད་པའི་ནི་དམིགས་པའི་ཤེས་པ་ཐམས་ཅད་ནི་འཁྲུལ་པ་ཡིན་པར་འདོད་དེ། དེ་བས་ན་དེའི་ལུགས་སེལ་བར་རབ་ཏུ་བྱེད་པ་ནི་རྩོམ་པར་འགྱུར་ཏེ། རབ་ཏུ་
བྱེད་པ་ནི་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པའི་རྗེས་སུ་སྙེགས་པར་རྩོམ་པར་འདོད་ལ། གཉི་ག་ཡང་ཐོབ་པར་བྱེད་པའི་ཡུལ་ལ་མི་སླུ་བའི་མཚན་ཉིད་ལ་ནི་མ་འཁྲུལ་བ་ཡིན་པར་ཁས་ལན་ཏོ། །དེ་ལྟ་ཡིན་ན་གོ་རྗེས་སུ་དཔག་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་
ཡང་མི་སླུ་བ་ཉིད་དུ་མ་འཁྲུལ་བར་འདོད་དོ། །དེའི་ཕྱིར་རྗེས་སུ་དཔག་པ་བསལ་བར་བྱ་བའི་ཕྱིར་རྟོག་པ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། དེ་བས་ན་བྱེ་བྲག་གཉི་ག་སྨོས་དགོས་སོ། །གྲུབ་པའི་མཐའ་ལ་གྲགས་པའི་རྟོག་པ་བསལ་ཞིང་། འཇིག་རྟེན་པའི་རྟོག་པ་བསྟན་པའི་ཕྱིར་རྟོག་པ་ནི་
ཤེས་པ་ལ་བརྗོད་པ་དང་། འདྲེར་རུང་བ་སྣང་བ་སྟེ་ཞེས་བྱ་བ་སྨོས་སོ། །འདིས་རྗོད་པར་བྱེད་པས་ན་བརྗོད་པ་སྟེ་སྨྲ་བར་བྱེད་པས་ནི་སྒྲའི་སྤྱིའི་ངོ་བོ་ཡིན་ནོ། །བརྗོད་པ་དང་འདྲེ་བ་ནི་བརྗོད་པ་དང་འདྲེ་བ་སྟེ་འདྲེ་བ་ནི་འབྲེལ་པ་ལ་བྱའོ། །བརྗོད་པ་དང་འདྲེར་རུང་བ་ནི་བརྗོད་པ་དང་འདྲེར་རུང་པ་

སྟེ་དོན་གྱི་ཕྱི་ཡིན་ནོ། །དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པ་ཡིན་པའི་ཕྱིར་བརྗོད་པར་ནུས་ཀྱི། དོན་གྱི་བྱེ་བྲག་རང་གི་ངོ་བོའི་མཚན་ཉིད་ཀྱི་ངོ་བོ་ནི་བརྗོད་པར་མི་ནུས་ཏེ་དེ་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཤེས་པ་གང་ལ་བརྗོད་པ་དང་འདྲེར་རུང་བ་
དང་སྣང་བ་དེ་ནི་བརྗོད་པ་དང་འདྲེར་རུང་བ་སྣང་བ་ཡིན་ཏེ། དོན་གྱི་སྤྱིའི་དོན་གྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་དེ་ནི་བརྗོད་པར་བྱ་བ་ཡིན་པས་རྗོད་པ་སྟེ། བསྙད་པར་བྱ་བ་དོན་གྱི་སྤྱི་གང་ཡིན་པའོ། །བརྗོད་པ་དང་འདྲེ་བ་ནི་བརྗོད་པ་དང་འདྲེ་བའོ། །བརྗོད་པ་དང་འདྲེར་རུང་བ་ནི་བརྗོད་
པ་དང་འདྲེར་རུང་བ་སྟེ་སྒྲའི་སྤྱིའི་ཡིན་ནོ། །དེས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་འཐད་པ་ཉིད་ཀྱི་དོན་བརྗོད་པར་ནུས་ཀྱི། སྒྲའི་བྱེ་བྲག་གིས་ནི་མི་ནུས་ཏེ་དེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཤེས་པ་གང་ལ་བརྗོད་པ་དང་འདྲེར་རུང་བ་སྣང་བ་དེ་ནི་བརྗོད་པ་དང་འདྲེར་རུང་བ་སྣང་བ་ཡིན་ཏེ། སྒྲའི་སྤྱིའི་རྣམ་པ་
ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་པར་འགྱུར་རོ། །རྣམ་པར་རྟོག་པ་རྣམ་པ་དེ་གཉི་ག་ཡང་བརྗོད་པ་དང་འདྲེར་རུང་བ་སྣང་བ་ཞེས་བྱ་བའི་ཚིག་ཟུར་གཉིས་སུ་བཤད་པ་འདིས་བསྟན་པར་ཡང་རིག་པར་བྱའོ། །ཤེས་པ་ཞེས་བྱ་བ་ནི་རིག་པ་སྟེ་བློ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་བྲལ་བའོ་ཞེས་པ་ནི་རྟོག་པ་
དང་བྲལ་བ་སྟེ། རྟོག་པའི་འདམ་རྫབ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་འདི་སྐད་དུ་སྒྲ་དང་དོན་གྱི་སྤྱིའི་རྣམ་པ་མ་ཡིན་པའི་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུལ་པ་ལ་
སོགས་པས་འཁྲུལ་པ་མ་བསྐྱེད་པ་ཞེས་བྱ་བ་ལ་རབ་རིབ་ཅེས་བྱ་བ་ནི་མིག་གི་གནོད་པའོ། །མྱུར་དུ་བསྐོར་བ་ཞེས་བྱ་བ་ནི་མགལ་མེ་བསྐོར་བ་ལ་སོགས་པའོ། །གྲུར་ཞུགས་པ་ཞེས་བྱ་བ་ནི་གྲུས་འགྲོ་བའོ། །འཁྲུལ་པ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་འཁྲུགས་པས་ཁམས་མ་སྙོམས་པའོ། །
རབ་རིབ་དང་མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུལ་པ་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་འཁྲུལ་པའོ། །དེ་བཤད་ལ་སོགས་པ་གང་ཡིན་པ་དེ་དག་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུལ་པ་ལ་སོགས་པ་སྟེ། སོགས་

པའི་སྒྲས་ནི་མིག་སྔོན་པོར་གྱུར་པ་དང་། སེར་པོར་མཐོང་བ་ལ་སོགས་པ་བསྡུའོ། །གང་ལ་འཁྲུལ་བ་སྐྱེད་པ་ཡོད་པ་དེ་ནི་འཁྲུལ་པ་སྐྱེད་པའོ། །འཁྲུལ་བ་སྐྱེད་པ་མེད་པ་དེ་ནི་འཁྲུལ་པ་མི་སྐྱེ་བ་སྟེ། རབ་རིབ་དང་མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུལ་པ་དག་གིས་འཁྲུལ་པ་
མི་སྐྱེད་པ་ནི་རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུལ་པ་དག་འཁྲུག་པ་དག་གིས་མི་སྐྱེད་པའོ། །འདི་ལྟར་རབ་རིབ་ཀྱི་གནོད་པ་ནི་ཟླ་བ་ལ་གཉིས་སུ་མཐོང་བར་འགྱུར་རོ། །མྱུར་དུ་བསྐོར་བ་ནི་མགལ་མེ་ལ་འཁོར་ལོའི་བློ་འབྱུང་ངོ་། །གྲུར་ཞུགས་སྟེ་འགྲོ་བས་ནི་
ཆུ་ངོགས་ཀྱི་ཤིང་འགྲོ་བར་མཐོང་ངོ་། །རླུང་དང་མཁྲིས་པ་ལ་སོགས་པ་འཁྲུགས་པས་ནི་དངོས་པོ་འབར་བ་ལ་སོགས་པར་མཐོང་ངོ་། །ཤེས་པ་ནི་མངོན་སུམ་མོ་ཞེས་བྱ་བ་ལ་མདོ་ལས་ཤེས་པ་མ་སྨོས་པར་ཇི་ལྟར་རྙེད་ཅེ་ན། རྟོག་པ་ནི་ཤེས་པ་ཁོ་ན་དང་འབྲེལ་ལ་འཁྲུལ་པ་ཡང་ཤེས་པའི་ཆོས་
ཡིན་པས་མ་མཐོང་ཏེ། དེ་ལྟ་བས་ན་རྟོག་པ་དང་འབྲེལ་བ་དང་མ་འཁྲུལ་བ་ནི་ཤེས་པ་ཁོ་ན་ལ་བྱའོ། །དཔེར་ན་བེའུ་མེད་པའི་དྲུས་མ་ཁྲིད་དེ་ཤོག་ཅིག་ཅེས་བྱས་ན། རྟ་རྒོད་མ་ཁྲིད་དེ་མི་འོང་གི་བ་དྲུས་མ་ཁྲིད་དེ་འོང་བས་འདི་ལྟར་དེ་ཉིད་བེའུ་དང་འབྲེལ་བར་མཐོང་བ་དེ་བཞིན་དུ། འདིར་ཡང་རྟོག་པ་
དང་འཁྲུལ་པ་ནི་ཤེས་པ་ཁོ་ན་དང་འབྲེལ་པར་མཐོང་གི་གཞན་དག་ནི་མ་ཡིན་པས་ཤེས་པ་ཁོ་ན་མངོན་སུམ་དུ་འདོད་དོ། །དེ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་མངོན་སུམ་ཞེས་བསྙད་པ་གང་ཡིན་པ་སྟེ། དེ་ནི་དབང་པོ་ལས་བྱུང་བ་དང་། ཡིད་དང་། རང་རིག་པ་དང་། རྣལ་འབྱོར་པའི་ཤེས་པ་དང་རྣམ་པ་
བཞིར་རིག་པར་བྱའོ། །ལོག་པར་རྟོག་པ་བསལ་བའི་ཕྱིར་རབ་ཏུ་དབྱེ་བ་འདི་བསྟན་ཏེ། ཁ་ཅིག་ནི་དབང་པོ་ཉིད་མཐོང་བ་པོ་ཡིན་པར་འདོད་པས་དེ་བསལ་བའི་ཕྱིར་ནི་དང་པོ་སྟེ། དབང་པོ་ལས་བྱུང་བའི་ཤེས་པ་མངོན་སུམ་ཡིན་གྱི་དབང་པོ་ནི་མ་ཡིན་ནོ། །ཁ་ཅིག་ནི་ཡིད་ཀྱིས་མངོན་སུམ་ལ་སྐྱོན་འདོགས་
ཏེ། དེའི་ཕྱིར་སྐྱོན་དེ་ཡོངས་སུ་སྤང་བའི་ཆེད་དུ་གཉིས་པའོ། །ཁ་ཅིག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རང་རིག་པ་ཁས་མི་ལེན་ཏེ། དེ་བསལ་བའི་ཕྱིར་གསུམ་པའོ། །ཁ་ཅིག་ནི་རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་ཁས་མི་ལེན་ཏེ། དེ་བསལ་བའི་ཕྱིར་མངོན་སུམ་བཞི་པ་སྨོས་སོ། །དབང་

པོའི་ཤེས་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ལ་དབང་པོར་འདོད་ཀྱི་ཡིད་ཀྱི་དབང་པོ་ནི་མ་ཡིན་ནོ། །ཡིད་ཀྱི་མངོན་སུམ་ནི་ལོགས་ཤིག་ཏུ་བསྟན་པའི་ཕྱིར་རོ། །དེ་བས་ན་མིག་ལ་སོགས་པའི་དབང་པོ་ལ་བརྟེན་པའི་ཤེས་པ་ནི་དབང་པོ་ལས་བྱུང་བའི་མངོན་སུམ་ཡིན་ནོ། །
རང་གི་ཡུལ་གྱིས་དེ་མ་ཐག་ཏུ་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པ་སྟེ། རྐྱེན་གྱིས་བསྐྱེད་པ་ཡིན་གྱི། རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་དེར་རང་གི་ཡང་ཡིན་ལ་ཡུལ་ཡང་ཡིན་པས་རང་གི་ཡུལ་ཏེ། བདག་གི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རང་ཡུལ་གྱི་དེ་མ་ཐག་
པ་ནི་རང་གི་ཡུལ་གྱི་དེ་མ་ཐག་པ་སྟེ། སྐད་ཅིག་མ་གཉིས་པ་ལས་བྱུང་བ་ཉིད་དང་འདྲ་བ་ལ་ནི་དེ་མ་ཐག་པའི་སྒྲར་བརྗོད་དོ། །དེ་ནི་རང་གི་ཡུལ་གྱི་དེ་མ་ཐག་པ་ཡང་ཡིན་ལ་ཡུལ་ཡང་ཡིན་པས་རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལོ། །དབང་པོའི་ཤེས་པ་གང་ལ་དེ་ལྷན་ཅིག་བྱེད་པ་ཡོད་པ་དེ་ནི་རང་གི་ཡུལ་
གྱི་དེ་མ་ཐག་པ་ཡུལ་གྱི་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་སྟེ། དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་དེས་སྐྱེད་པ་གང་ཡིན་པ་དེ་ནི་ཡིད་ཙམ་ལ་བརྟེན་པའི་ཕྱིར་ཡིད་ཀྱི་མངོན་སུམ་ཞེས་བྱའོ། །འདིར་རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ཞེས་བྱ་བའི་སྒྲས་ནི་གཟུང་བ་དང་འཛིན་པའི་
ཕྱིར་རྟོག་པར་བྱེད་པ་མ་ཡིན་པའི་སྐྱོན་དང་། རིགས་མི་མཐུན་པའི་ཡུལ་ལ་འཛིན་པའི་སྐྱོན་ཡང་ཡོངས་སུ་སྤངས་པར་རིག་པར་བྱ་སྟེ། འདི་ལྟར་ཡིད་ཀྱི་མངོན་སུམ་དེ་ནི་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་དེ་མ་ཐག་པ་སྐད་ཅིག་མ་གཉིས་པ་ལ་སྐྱེ་བ་གང་ཡིན་པ་དེའི་ཡུལ་དེ་ཡིན་པར་འདོད་དོ། །དེ་བས་ན་
གཟུང་བ་དང་འཛིན་པ་མེད་པར་ཐལ་བའི་ཉེས་པ་ཡང་ཡོངས་སུ་ལྟ་ག་ལ་འགྱུར་རོ། །གང་གི་ཚེ་དེ་མ་ཐག་པའི་སྒྲ་རིགས་མཐུན་པ་ལ་ཡང་བྱ་བ་དེའི་ཆ་རིགས་མི་མཐུན་པའི་ཡུལ་ལ་འཛིན་པར་ཡང་ཐལ་བར་ག་ལ་འགྱུར། དབང་པོའི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཞེས་བྱ་
བའི་ཐ་ཚིག་དེས་ནི་ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བའི་ཉེས་པ་ཡང་ཡོངས་སུ་སྤངས་པ་ཡིན་ཏེ། ལོང་བ་དང་འོན་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་མཚུངས་བ་དེ་མ་ཐག་པའི་རྐྱེན་དབང་པོའི་རྣམ་པར་ཤེས་པ་མེད་དོ། །དེ་བས་ན་གང་ལ་ལ་དག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པས་ཕྱི་

རོལ་གྱི་ཡུལ་མངོན་སུམ་དུ་བྱེད་པར་ཁས་ལེན་ན། འདི་ལྟར་ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ་ཞེས་སྨྲས་པ་དེ་ཡོངས་སུ་སྤངས་པར་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བའི་ཐམས་ཅད་རང་རིག་པ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱང་ཡིན་ལ་སེམས་དང་སེམས་ལས་བྱུང་བ་
ཡང་ཡིན་པས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །ཐམས་ཅད་ཅེས་སྨོས་པ་ནི་ནོར་བའི་ཤེས་པ་རྣམས་ཀྱང་ཡོངས་སུ་བསྡུས་ཏེ། དེ་དག་གིས་རང་གི་ངོ་བོ་རབ་ཏུ་གསལ་བ་གང་ཡིན་པ་དེ་ནི་རང་གི་རིག་པ་ཡིན་ནོ། །འདི་ལྟར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་རྟོགས་པར་བྱ་བའི་རང་
བཞིན་ཅན་ཡིན་པའི་ཕྱིར་རང་གི་ངོ་བོ་རིག་པར་བྱེད་བཞིན་དུ་སྐྱེ་སྟེ། དཔེར་ན་མར་མེ་ནི་རབ་ཏུ་གསལ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་བདག་ཉིད་རབ་ཏུ་གསལ་བར་བྱེད་པ་བཞིན་དུ་སྐྱེའི། རང་གི་ངོ་བོ་རབ་ཏུ་གསལ་བར་བྱ་བ་ལ་མར་མེ་གཞན་ལ་མི་ལྟོས་སོ། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་
རང་གི་ངོ་བོ་རྟོགས་པར་བྱ་བ་ལ་ཤེས་པ་གཞན་ལ་མི་ལྟོས་པ་ཡིན་ཏེ། དེའི་ཕྱིར་རང་གྲུབ་པའི་ངོ་བོ་རྣམས་ནི་བདག་ཉིད་ལ་མངོན་སུམ་གྱི་ཚད་མ་ཡིན་ནོ། །ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བ་རྣལ་འབྱོར་བའི་ཤེས་པའོ་ཞེས་བྱ་བ་ལ་ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏེ། འཕགས་པའི་
བདེན་པ་བཞི་པོ་དག་གོ། །དེ་བསྒོམ་པ་ནི་ཡང་དག་པའི་དོན་བསྒོམ་པ་སྟེ། བསྒོམ་པ་ཞེས་བྱ་བ་ནི་གོམས་པའོ། །དེའི་རབ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བའི་རྣལ་འབྱོར་བའི་ཞེས་བྱ་བ་ལ་ཡང་དག་པ་སྟེ། དྲན་པ་ཉེ་བར་གཞག་པ་དང་། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་
པའི་གནས་སྐབས་སོ། །དེའི་མཐའ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་སྟེ། མཐའ་ནི་ཆོས་ཀྱི་མཆོག་ཆོས་སོ། །དེ་ལས་སྐྱེས་པ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ལ་བྱའོ། །དེ་གང་དག་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་པ་རྣམས་སོ། །
དེ་དག་གི་ཤེས་པ་ནི་རྣལ་འབྱོར་པའི་ཤེས་པ་སྟེ། འདི་ལྟར་དེ་བསྒོམས་པའི་སྟོབས་ཀྱིས་འབྱུང་བ་ནི་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བའི་དངོས་པོ་རྣམས་གསལ་བར་སྣང་བ་དང་། མ་ནོར་བའི་རྣམ་པ་དང་ལྡན་པར་འབྱུང་སྟེ། དཔེར་ན་ལྷ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་ཤེས་པ་བྱུང་

བ་དང་། འབྱུང་བར་འགྱུར་བའི་དངོས་པོའི་རྣམ་པ་ཅན་མ་ནོར་བར་འབྱུང་བ་དེ་བཞིན་དུ། རྣལ་འབྱོར་གྱི་མཐུས་བསམ་གཏན་པ་རྣམས་ཀྱི་ཤེས་པས་འདས་པ་དང་། མ་འོངས་པ་དང་། ཐག་རིང་བ་དང་། བར་དུ་ཆོད་པ་དང་། ཕྲ་མོའི་དངོས་པོ་ཡུལ་གསལ་བར་སྣང་
ཞིང་མ་ནོར་བའི་རྣམ་པ་དང་ལྡན་པ་འབྱུང་སྟེ། དེ་ལྟ་བས་ན་མངོན་སུམ་གྱི་ཚད་མར་འདོད་དོ། །འདིར་སྦྱོར་བ་ནི་སེམས་རྩེ་གཅིག་པ་ལྷག་པ་མེད་པ་ཐོབ་པ་རྣལ་འབྱོར་པའི་དབང་ཕྱུག་རྣམས་ཀྱི་ཤེས་པས་དངོས་པོ་བྱུང་བ་དང་། འབྱུང་བར་འགྱུར་བའི་ཡུལ་དང་ལྡན་པ་ནི་བྱུང་བ་དང་འབྱུང་བར་འགྱུར་
བའི་དངོས་པོ་དཔག་ཏུ་མེད་པ་དག་མ་ནོར་བར་སྟོན་པའི་རྒྱུ་ཡིན་པའི་ཕྱིར་ཚད་མ་ཡིན་ཏེ་འབྱུང་པོ་དང་གདོན་ཁྱད་པར་ཅན་བབས་པའི་ཤེས་པ་བཞིན་ནོ། །གང་དག་ཚད་མར་མི་རུང་བ་བཞིན་བྱུང་བ་དང་། འབྱུང་བར་འགྱུར་བའི་དངོས་པོ་དཔག་ཏུ་མེད་པ་དག་མ་ནོར་བར་སྟོན་པའི་རྒྱུར་ཡང་མི་འགྱུར་ཏེ།
དཔེར་ན་སྨྱོན་པའི་ཤེས་པ་བཞིན་ནོ། །ཐོབ་པར་བྱེད་པ་མེད་ན་བྱུང་བ་དང་འབྱུང་བར་འགྱུར་བའི་དངོས་པོ་དཔག་ཏུ་མེད་པ་དག་མ་ནོར་བར་སྟོན་པའི་རྒྱུ་ཉིད་དུ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མའི་དོན་ཡིན་ནོ། །འདོད་རྒྱལ་གྱིས་ནི་བདག་ཏུ་མེད་པ་མ་ནོར་བར་སྟོན་མི་སྲིད་དོ། །དེའི་ཕྱིར་རྣམ་པར་བཤད་པ་ནི།
དཔེར་ན་འབྱུང་པོ་དང་། གདོན་ཁྱད་པར་ཅན་བབས་ན་བྱུང་བ་དང་། འབྱུང་བར་འགྱུར་བའི་དངོས་པོ་རྣམས་ལུང་སྟོན་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ལ་ཡང་བྱུང་བ་དང་། འབྱུང་བར་འགྱུར་བའི་དངོས་པོ་མ་ནོར་བར་ལུང་སྟོན་པར་དམིགས་སོ། །དཔེར་ན་ཨ་རུ་ར་ལ་སོགས་པ་མ་འོངས་པའི་
ནད་བཟློག་པ་ལ་ནུས་པ་དང་། སྨིན་པ་ལ་སོགས་པར་དྲང་སྲོང་རྣམས་ཀྱིས་མ་ནོར་བར་ལུང་བསྟན་པ་དམིགས་པ་བཞིན་ནོ། །ཡང་དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་འོངས་པའི་ལྟས་བཅུ་ལུང་བསྟན་པ་བདེན་པར་དམིགས་པ་དང་། མ་ལ་སོགས་ལུང་བསྟན་པ་དང་། དུས་འགྲིབ་པར་
ལུང་བསྟན་པ་དང་། རྒྱལ་པོ་མྱ་ངན་མེད་ལ་སོགས་པ་ལུང་བསྟན་པ་དང་། རེ་བའི་ཚལ་དང་། ཁ་ཆེ་ལ་སོགས་པའི་ཡུལ་ཕྱིན་ཅི་མ་ལོག་པར་ལུང་བསྟན་པ་དམ་བཅས་པ་དམིགས་པ་ལྟ་བུའོ། །ཡུལ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། དེའི་ཡུལ་ནི་རང་གི་མཚན་ཉིད་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མངོན་

སུམ་གྱི་ཚད་མ་བསྟན་པ་གང་ཡིན་པ་དེའི་ཡུལ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་པར་བལྟ་བར་བྱ་བའི་སྤྱིའི་མཚན་ཉིད་ཅེས་བྱ་བ་སྨོས་ན་མ་ཡིན་ཏེ། སྤྱིའི་ནི་དངོས་པོ་མེད་པ་ཡིན་པ་དང་། མངོན་སུམ་ནི་དངོས་པོའི་རང་གི་ངོ་བོ་ལ་དམིགས་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱང་ཇི་ལྟ་བུ་ཞིག་ཡིན་པར་ཁོང་དུ་ཆུད་པར་
བྱ་ཞེ་ན། དེའི་ཕྱིར་སྤྱི་དོན་གང་ཉེ་བ་དང་། མི་ཉེ་བ་དག་ལས་ཤེས་པ་ལ་སྣང་བ་ཐ་དད་པ་དེ་ནི་རང་གི་མཚན་ཉིད་དོ་ཞེས་བྱ་བ་སྨོས་སོ། །ཉེ་བ་ནི་ཡུལ་རུང་བ་ན་འདུག་པའོ། །མི་ཉེ་བ་ནི་ཡུལ་རུང་བ་མ་ཡིན་པ་ན་འདུག་པ་དང་། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའོ། །ཉེ་བ་དང་ཉེ་བ་མ་ཡིན་པ་ནི་ཉེ་བ་དང་མི་ཉེ་བའོ། །
དེ་གཉིས་ཀྱིས་ནི་ཤེས་པ་ལ་རྣམ་པར་གསལ་བ་དང་། མི་གསལ་བར་བྱེ་བྲག་ཏུ་བྱེད་དེ་ཉེ་ན་ནི་གསལ་བར་སྣང་བའི་ཤེས་པ་འབྱུང་ངོ་། །ཉེ་བ་མ་ཡིན་ན་ནི་གསལ་བ་མ་ཡིན་པའི་ཤེས་པ་འབྱུང་ངོ་། །དོན་གང་ཤེས་པ་ལ་སྣང་བ་བྱེ་བྲག་ཏུ་བྱེད་པ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དངོས་པོ་དོན་དམ་པར་ཡོད་པ་
མངོན་སུམ་གྱི་ཡུལ་མ་ཡིན་ནམ་ཇི་ལྟར་ན་རང་གི་མཚན་ཉིད་ཡུལ་ཞེས་བྱ་ཞེ་ན། དེའི་ཕྱིར་དེ་ཉིད་དོན་དམ་པར་ཡོད་པ་སྟེ་ཞེས་བྱ་བ་སྨོས་ཏེ། དེ་ནི་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །དམ་པ་ཞེས་བྱ་བ་ནི་བཅོས་མ་མ་ཡིན་པ་སྟེ་བཏགས་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་
དམ་པར་ཡོད་པ་ནི་དོན་དམ་པར་ཡོད་པ་སྟེ། རང་གི་མཚན་ཉིད་དོན་དམ་པར་ཡོད་པ་ཞེས་བྱའོ། །དེ་བས་ཇི་སྐད་བརྗོད་པའི་སྐྱོན་དུ་མི་འགྱུར་རོ། །ཅིའི་ཕྱིར་རང་གི་མཚན་ཉིད་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་བྱ་ཞེ་ན། དེའི་ཕྱིར་དངོས་པོ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར་རོ་
ཞེས་བྱ་བ་སྨོས་སོ། །དོན་ཞེས་བྱ་བ་ནི་དགོས་པའོ། །བྱེད་པ་ནི་བྱ་བའོ། །དོན་བྱེད་པ་ནི་དོན་བྱེད་པ་སྟེ། དགོས་པ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེར་ནུས་པ་ནི་དོན་བྱེད་ནུས་པ་སྟེ། དངོས་པོ་གང་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་རང་བཞིན་ཡིན་པ་དེ་ནི་དོན་བྱེད་ནུས་པའི་མཚན་ཉིད་དོ། །དེའི་ངོ་བོ་
ནི་དོན་བྱེད་ནུས་པའི་མཚན་ཉིད་ཁོ་ནའོ། །དེ་ལྟ་བས་ན་དོན་བྱེད་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར། འདི་སྐད་དུ་གང་དོན་བྱེད་ནུས་པ་དེ་ནི་དངོས་པོ་ཞེས་བྱ་ལ། རང་གི་མཚན་ཉིད་ཀྱང་དོན་བྱེད་དོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་རང་གི་མཚན་ཉིད་དོན་དམ་པར་ཡོད་པའོ། །གཞན་ནི་སྤྱིའི་མཚན་

ཉིད་དེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་རང་བཞིན་བཤད་པ་ལས་གཞན་པའི་གཞལ་བྱ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་དེ། དོན་གང་ཉེ་བར་ཡང་རུང་མི་ཉེ་བར་ཡང་རུང་ཤེས་པ་རྣམ་པ་གཅིག་ཁོ་ནར་འགྱུར་བའོ། །དེ་ནི་རྗེས་སུ་དཔོག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་རྗེས་སུ་
དཔག་པའི་ཡུལ་ཁོ་ནའོ། །རྗེས་སུ་འགྲོ་བ་དང་ལྡན་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །འདི་ནི་སྐབས་མ་ཡིན་ཡང་ཚིག་མང་པོར་འགྱུར་དུ་དོགས་པས་མ་བཤད་དོ། །འདི་ལྟར་འདིར་ནི་རང་གི་མཚན་ཉིད་བརྗོད་པའི་སྐབས་སུ་བབ་པས་མཚན་ཉིད་དེ་ལས་བཟློག་ན་རྟོག་པར་སླ་བས་སྤྱིའི་མཚན་ཉིད་སྨོས་ཏེ། །
འདི་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་ཚིག་ཉུང་ངུར་བྱ་བའི་ཕྱིར་བཀོད་དོ། །གཞན་དུ་ན་ནི་རྗེས་སུ་དཔག་པའི་ཡུལ་སྟོན་པར་ཚིག་འདི་དག་ཐམས་ཅད་ཡང་བཟླས་དགོས་པར་འགྱུར་རོ། །འབྲས་བུ་ལ་ལོག་པར་རྟོག་པ་གསལ་བའི་ཕྱིར། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ་ཞེས་བྱ་བ་
སྨོས་སོ། །དེའི་འབྲེལ་པ་ནི་འདི་ཡིན་ཏེ། གལ་ཏེ་མངོན་སུམ་ཚད་མར་འདོད་ན། དེའི་ཚེ་གཞལ་བྱ་གཟུགས་ལ་སོགས་པ་ལ་ཡོངས་སུ་དཔྱོད་པའི་མཚན་ཉིད་ཚད་མའི་འབྲས་བུ་ཡིན་པར་འགྱུར་ཏེ། དཔེར་ན་སྟ་རེས་ཤིང་ལ་སོགས་པ་གཅད་པར་བྱ་བ་ལ་དུམ་བུ་གཉིས་སུ་འགྱུར་བ་འབྲས་བུ་མཐོང་བ་
བཞིན་ནོ། །དེའི་ཕྱིར་མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་ཡིན་གྱི་མངོན་སུམ་ལས་གུད་ན་འབྲས་བུ་མེད་དོ། །མངོན་སུམ་གྱི་འབྲས་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་སྙམ་པ་ལ། དེའི་ཕྱིར་དོན་རྟོག་པའི་
ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྟོགས་པ་ནི་གཏན་ལ་ཕེབས་པའོ། །དངོས་བཞིན་དེ་དང་ལྡན་པའི་མངོན་སུམ་གང་ཡིན་པ་དེ་ནི་དོན་རྟོགས་པའི་ཕྱིར་ངོ་བོའོ། །དེའི་དངོས་པོ་ནི་དོན་རྟོགས་པའི་ངོ་བོ་ཁོ་ན་སྟེ་དེའི་ཕྱིར་དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་འདི་སྐད་དུ་ཚད་མ་
དང་གཞལ་བྱར་ཐ་སྙད་བཏགས་པ་ལ་དོན་གཏན་ལ་འབེབས་པའི་མཚན་ཉིད་ནི་འབྲས་བུ་ཡིན་པར་འགྱུར་ཏེ། ཤེས་པ་ནི་དོན་གཏན་ལ་འབེབས་པའི་རང་བཞིན་ཡིན་ལ། མངོན་སུམ་ཡང་ཤེས་པའི་རང་བཞིན་ཡིན་པར་འདོད་དོ། །དེ་ལྟ་བས་ན་མངོན་སུམ་ནི་དོན་གཏན་ལ་འབེབས་པའི་རང་བཞིན་ཡིན་

པའི་ཕྱིར་མངོན་སུམ་ཉིད་འབྲས་བུའི་རང་བཞིན་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་ལུང་བསྟན་པར་འགྱུར་རོ། །གལ་ཏེ་མངོན་སུམ་ཉིད་འབྲས་བུའི་རང་བཞིན་ཡིན་ན་འོ་ན་ཚད་མ་གང་ཞིག་ཡིན་པར་རིག་པར་བྱ་སྙམ་པ་ལ། དེའི་ཕྱིར་དོན་དང་འདྲ་བ་འདིའི་ཚད་མ་སྟེ་ཞེས་བྱ་བ་སྨོས་ཏེ། འདྲ་བ་ནི་མཐུན་
པ་ལ་བྱའོ། །འདིའི་ཞེས་བྱ་བ་ནི་མངོན་སུམ་གྱི་སྟེ་དོན་གྱི་རྣམ་པ་ཅན་གྱི་མངོན་སུམ་གང་ཡིན་པ་དེ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དང་འདྲ་བ་ཚད་མ་ཡིན་པར་ཅི་མངོན་སྙམ་པ་ལ། དེའི་ཕྱིར་དེའི་དབང་གིས་དོན་རྟོགས་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དང་འདྲ་
བའི་དབང་གིས་གཏན་ལ་འབེབས་པ་དེའི་ཕྱིར་འདྲ་བ་དེ་ཉིད་ཚད་མ་མ་ཡིན་ཏེ། འདི་ལྟར་འདི་ནི་སྔོན་པོར་རྟོགས་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པ་དེའི་རྒྱུ་གང་ཡིན་པ་དེ་ཚད་མ་ཡིན་པར་འདོད་དོ། །དབང་པོ་ནི་རྣམ་པར་གཞག་པ་འདི་བྱེད་པ་མི་ནུས་ཏེ། འདི་ལྟར་དབང་པོ་དེ་ནི་ཤེས་པ་
ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་ཡིན་པས། དེའི་ཕྱིར་སོ་སོར་ངེས་པའི་ས་རྣམ་པར་གཞག་པ་བྱེད་པ་ནུས་པ་ཡིན་ན་ཇི་ལྟར་འགྱུར་གལ་ཏེ་དབང་པོ་དེ་སྔོན་པོར་ཤེས་པ་ཁོ་ནར་སྐྱེད་པར་བྱེད་ལ། སེར་པོ་ལ་སོགས་པར་ཤེས་པ་ནི་མ་སྐྱེས་ན་ནི། དེའི་ཚེ་རྣམ་པར་གཞག་པ་བྱེད་པ་ནུས་པར་འགྱུར་རོ། །ཉེ་བ་ཡང་ཐུན་
མོང་ཡིན་པའི་ཕྱིར་དབང་པོ་བཞིན་ཏེ། རྣམ་པར་གཞག་པའི་རྒྱུ་མ་ཡིན་ནོ། །འབྲས་བུ་ནི་ཐུན་མོང་མ་ཡིན་པའི་ཕྱིར་སོ་སོར་ངེས་པའི་རྣམ་པར་གཞག་པའི་རྒྱུར་འགྱུར་ཏེ། འདི་ལྟར་སྔོན་པོའི་རྣམ་པར་ཤེས་པ་ལ་སྔོན་པོའི་རྣམ་པར་ཤེས་པ་གང་ཡིན་པ་དེ་སེར་པོ་ལ་སོགས་པར་ཤེས་པ་ལ་མེད་པར་རྣམ་པར་
གཞག་པ་བྱེད་པར་འགྱུར་རོ། །གང་གི་ཚེ་སྔོན་པོའི་རྣམ་པ་ཡིན་པའི་ཕྱིར། འདི་ནི་སྔོན་པོར་རྟོགས་པ་ཡིན་གྱི། སེར་པོ་ནི་མ་ཡིན་ནོ་སྙམ་པ་དེའི་ཕྱིར་དོན་དང་འདྲ་བ་ཉིད་ཚད་མ་ཡིན་ནོ། །རིགས་པའི་ཐིག་པའི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ལས་ལེའུ་དང་པོའོ།། །།མངོན་སུམ་དང་
རྗེས་སུ་དཔག་པའི་བྱེ་བྲག་གིས་ཡང་དག་པའི་ཤེས་པ་རྣམ་པ་གཉིས་སུ་བསྟན་པ་དེ་ལ་མངོན་སུམ་ནི་སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ། །རྗེས་སུ་དཔག་པ་བཤད་པར་བཞེད་ནས། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་སུ་རྟོགས་པར་བྱའོ། །ཤེས་

པ་དང་བརྗོད་པའི་ངོ་བོ་ཁོ་ནས་རང་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་གཉིས་ཤིན་ཏུ་ཐ་དད་པའི་ཕྱིར་ཐ་མི་དད་པའི་མཚན་ཉིད་ནི་ཅུང་ཟད་ཀྱང་མེད་ན། གང་གིས་ནི་སྔར་མཚན་ཉིད་བརྗོད་པར་བྱ། རབ་ཏུ་དབྱེ་བ་བྱས་ན་སོ་སོར་ངེས་པའི་མཚན་ཉིད་བདེ་བླག་ཏུ་བརྗོད་པར་ནུས་པས་དེའི་ཕྱིར་
སྔར་རབ་ཏུ་དབྱེ་བ་བསྟན་ཏོ། །རང་གི་དོན་དང་། གཞན་གྱི་དོན་ཏོ་ཞེས་བྱ་བ་ནི་བྱེ་བྲག་གིས་རྣམ་པ་གཉིས་ཁོ་ནར་སྟོན་པར་བྱེད་དོ། །འདིའི་དོན་ཅེས་པ་ནི་དགོས་པ་བྱ་བ་སྟེ། རང་གི་དགོས་པ་དང་། གཞན་གྱི་དོན་དགོས་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་བདག་ཉིད་ཀྱིས་རྟོགས་པར་འགྱུར་བ་དེ་ནི་རང་
གི་དོན་ཡིན་ལ་གང་གིས་གཞན་ལ་གོ་བར་བྱེད་པ་དེ་ནི་གཞན་གྱི་དོན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རང་གི་དོན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནི་འདི་ཚུལ་གསུམ་པ་ཅན་ཡིན་པས་ན་འདི་ནི་ཚུལ་གསུམ་པའོ། །འདིས་དོན་མཚོན་པར་བྱེད་པས་
ན་རྟགས་སོ། །དེ་ནི་རྗེས་སུ་དཔག་པར་བྱ་བ་ཡིན་པས་རྗེས་སུ་དཔག་པར་བྱའོ། །རྗེས་སུ་དཔག་པར་བྱ་བ་ལ་མཚན་ཉིད་གསུམ་པའི་རྒྱུ་ལས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་རང་གི་དོན་རྗེས་སུ་དཔག་པ་ཞེས་བྱ་བའོ། །རྟག་པ་ལྟར་སྣང་བ་ལས་ཤེས་པ་བསྐྱེད་པ་གང་ཡིན་པ་དེ་རྗེས་སུ་དཔག་པ་ཉིད་ཡིན་
པ་བསལ་བའི་ཕྱིར་ཚུལ་གསུམ་པ་ཞེས་བྱ་བ་སྨོས་སོ། །རྟགས་ཤེས་པ་དངོས་པོ་རྗེས་སུ་དཔག་པ་གཉིས་ཡིན་པ་བསལ་བའི་ཕྱིར་རྗེས་སུ་དཔག་པར་བྱ་བ་སྨོས་སོ། །ཤེས་པ་སྨོས་པ་ནི་རྟགས་རྗེས་སུ་དཔག་པ་དངོས་སུ་འགྱུར་བ་བསལ་བའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པར་བྱ་བའི་ཡུལ་ཤེས་པ་ཚད་
མ་ཡིན་པར་འདོད་ན་འོ་ན་འབྲས་བུ་གང་ཞིག་ཡིན་སྙམ་པ་ལ་དེའི་ཕྱིར། འདིར་ཡང་ཚད་མའི་འབྲས་བུ་རྣམ་པར་གཞག་པ་ནི་མངོན་སུམ་དང་འདྲའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མངོན་སུམ་ལ་ཤེས་པ་དེ་ཉིད་མཚན་མའི་འབྲས་བུར་བཤད་པ་དེ་བཞིན་དུ་འདིར་ཡང་རྗེས་སུ་དཔག་པའི་ཤེས་པ་ཉིད་ཚད་མའི་
འབྲས་བུ་ཡིན་ཏེ། དོན་གཏན་ལ་འབེབས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་མངོན་སུམ་གྱི་དོན་དང་འདྲ་བ་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པའི་དོན་དང་འདྲ་བ་ཉིད་ཚད་མ་ཡིན་ཏེ། དེའི་དབང་གིས་དོན་གཏན་ལ་འབེབས་པ་འགྲུབ་པའི་ཕྱིར་རོ། །ཚུལ་གསུམ་པའི་རྟགས་ལས་ཞེས་

བཤད་པ། ཚུལ་གསུམ་པོ་དེ་གང་ཡིན་སྙམ་པ་ལ་དེའི་ཕྱིར། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་ཞེས་བྱ་བ་སྨོས་ཏེ། ཚུལ་གསུམ་པའི་དངོས་པོ་ནི་ཚུལ་གསུམ་པ་ཉིད་དོ། །རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ལ་ཡོད་པ་ཉིད་ནི་
ཚུལ་གཅིག་ཡིན་ཏེ། དེ་ལ་ཡོད་པ་ཞེས་སྨོས་པས་ནི་མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་དག་གོ། །བསྟན་པ་སྨོས་པས་ནི། ཕྱོགས་ལ་གཅིག་མ་གྲུབ་པ་ལ་སོགས་པ་བསལ་ཏེ། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བྱ་བ་ནི་རིགས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཚུལ་
གཉིས་པ་ཡིན་ཏེ། འདིར་ཡོད་པ་ཞེས་སྨོས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་བསལ་ཏོ། །བསྟན་པ་སྨོས་པས་ནི་ཐུན་མོང་ལ་ངེས་པ་བསལ་ཏོ། །གཉི་ག་སྨོས་པས་ནི་འགལ་བ་བསལ་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ཅེས་བྱ་བ་ནི། རིགས་མི་མཐུན་པ་ལ་གཅིག་ཏུ་མེད་པ་ཉིད་ནི་ཚུལ་
གསུམ་པ་ཡིན་ཏེ། འདིར་མེད་པ་ཞེས་སྨོས་པས་ནི་ཐུན་མོང་ལ་མ་ངེས་པ་དང་འགལ་བ་བསལ་ཏོ། །བསྟན་པ་སྨོས་པས་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཡོངས་སུ་སྤངས་སོ། །ངེས་པའོ་ཞེས་བྱ་བ་ནི་ཐ་མར་སྨོས་པའི་ཕྱིར་རོ། །གསུམ་ཆར་ལ་སྤངས་པ་ཉིད་ཀྱིས་གསུམ་ཆར་ལ་
ཡང་དེས་རིག་པར་བྱའོ། །ཚུལ་གསུམ་པོ་དེ་དག་ནི་བདག་ཉིད་ནི་ཚད་མ་ཇི་ལྟ་བུ་དག་གིས་ངེས་པ་ཡིན་པར་གཟུང་བར་བྱའོ། །གཞན་དུ་ན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡིད་ཆེས་པར་བྱ་བར་མི་ནུས་པ་ཉིད་དོ། །རྗེས་སུ་དཔག་པར་བྱ་བ་ཡང་གང་ཡིན་སྙམ་པ་ལ་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་ཞེས་བྱ་བ་ནི་འདིར་
ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཕྱིར་ཆོས་ཅན་ཞེས་བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་ལའོ། །ཤེས་པར་འདོད་པ་ནི་རྟོགས་པར་འདོད་པའོ། །བྱེ་བྲག་ཅེས་བྱ་བ་ནི་ཁྱད་པར་ལ་བྱའོ། །གང་ལ་ཤེས་པར་འདོད་པའི་བྱེ་བྲག་ཡོད་པའི་དེ་ནི་ཤེས་པར་འདོད་པའི་བྱེ་བྲག་
དང་ལྡན་པའོ། །ཆོས་རྣམས་གང་ལ་ཡོད་པ་དེ་ནི་ཆོས་ཅན་ཏེ། དེས་ནི་འདི་སྐད་དུ་ཆོས་ཅན་གང་གི་བྱེ་བྲག་འགའ་ཞིག་རྟོགས་པར་འདོད་པའི་ཆོས་ཅན་དེ་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ལ། དེ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །

གཞན་དུ་ནི་ཆོས་ཀྱིས་ཁྱད་པར་བྱས་པའི་ཆོས་ཅན་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འོ་ན་མཐུན་པའི་ཕྱོགས་པ་གང་ཡིན་སྙམ་པ་ལ། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་སྤྱི་དང་དོན་མཐུན་པའོ་ཞེས་བྱ་བ་སྨོས་ཏེ། མཐུན་པར་དཔག་པ་ནི་མཐུན་པའོ། །ཤེས་
པ་འདྲ་བས་ཡོངས་སུ་གཅད་པར་བྱ་བ་ཡིན་ཏེ། འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དོན་འདྲ་བ་གང་ཡིན་པ་དེ་ནི་མཐུན་པའི་ཕྱོགས་ཡིན་ནོ། །རྣམ་པ་གང་གིས་མཐུན་ཞེ་ན། དེའི་ཕྱིར་འདི་སྐད་དུ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་ཏེ། དེ་ནི་བསྒྲུབ་པར་བྱ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་
བསྒྲུབ་པར་བྱ་བའི་ཆོས་ཏེ། དེའི་སྤྱི་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིའོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་བྱེ་བྲག་ནི་དོན་སོ་སོར་ངེས་པའི་ཕྱིར། དེ་དང་ནི་མི་འགལ་ཡང་མཐུན་པ་མ་ཡིན་པས། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་ཞེས་བྱ་བ་སྨོས་སོ། །མི་མཐུན་པའི་ཕྱོགས་ཀྱང་གང་ཡིན་སྙམ་པ་ལ། མི་མཐུན་
པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ་ཞེས་བྱ་བ་སྨོས་ཏེ། གང་མཐུན་པའི་ཕྱོགས་མ་ཡིན་པ་དེ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལས་གཞན་པ་གང་ཡིན་པ་སྟེ། དཔེར་ན་ཚ་བའི་རེག་པ་བསྒྲུབ་པར་བྱ་བ་ལ་ཚ་བ་ཡང་མ་ཡིན་གྲང་བ་ཡང་མ་
ཡིན་པའི་དངོས་པོ་ལྟ་བུའོ། །དེ་དང་འགལ་བ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་དེ་དང་འགལ་བ་སྟེ། དཔེར་ན་ཚ་བའི་རེག་པ་ཁོ་ན་བསྒྲུབ་པར་བྱ་བ་ལས་གྲང་བའི་དངོས་པོ་ལྟ་བུའོ། །དེ་མེད་པའོ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་མེད་པ་སྟེ། དཔེར་ན་མདོ་སྡེ་པའི་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་ལ་མི་རྟག་པ་ཉིད་མེད་
པ་ཙམ་ཞིག་མི་མཐུན་པའི་ཕྱོགས་ཡིན་པ་ལྟ་བུ་སྟེ། ནམ་མཁའ་ལ་སོགས་པ་ལ་རྟག་པར་དེ་གང་ཡིན་ཁས་མི་ལེན་པའི་ཕྱིར་རོ། །དོན་རྣམ་པ་གསུམ་པར་མཐུན་པའི་ཕྱོགས་མ་ཡིན་པས་མི་མཐུན་པའི་ཕྱོགས་ཞེས་བྱ་སྟེ། མེད་པ་ནི་དངོས་སུ་མཐུན་པའི་ཕྱོགས་མ་ཡིན་ནོ། །གཞན་པ་དང་འགལ་བ་
གཉིས་ནི་བརྒྱུད་པས་མཐུན་པའི་ཕྱོགས་མེད་པ་ཉིད་དོ། །ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་ནི་དུ་ཞིག་སྙམ་པ་ལ་དེའི་ཕྱིར་རོ། །ཚུལ་གསུམ་པོ་དག་ནི་ལྷག་མ་གསུམ་ཁོ་ན་དང་ལྡན་པ་ཞེས་བྱ་བ་སྨོས་ཏེ། ཇི་སྐད་བསྟན་པའི་ཚུལ་གསུམ་ནི་གསུམ་ཁོ་ན་ལ་

སྲིད་དེ་ལྷག་པ་ནི་མེད་དོ། །ནི་ཞེས་བྱ་བ་ནི་རྣམ་པའི་དོན་ཏེ། རྟགས་གསུམ་ཆར་ལ་ཡང་ཚུལ་གསུམ་པོ་དག་བལྟ་བར་བྱའི། ཚུལ་རེ་རེའམ། ཚུལ་གཉིས་གཉིས་པར་ནི་མ་ཡིན་ནོ། །རྟགས་གསུམ་ཡང་གང་དག་ཡིན་སྙམ་པ་ལ། མ་དམིགས་པ་དང་། རང་བཞིན་དང་འབྲས་བུའོ་ཞེས་བྱ་
བ་སྨོས་ཏེ། རང་རང་གི་མིང་གིས་རྟགས་གསུམ་སྟོན་པར་བྱེད་དོ། །དེ་ལ་མི་དམིགས་པ་ནི་ཞེས་བྱ་བ་ནི་རེ་ཞིག་མི་དམིགས་པའི་རང་གི་ངོ་བོ་སྟོན་པར་བྱེད་དོ། །དཔེར་ན་ཞེས་བྱ་བ་ནི་ཉེ་བར་མཚོན་པའི་ཚིག་གོ། །ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ནི་ཕྱོགས་ཉེ་བར་གཞག་
པའི་ཚིག་ཡིན་ནོ། །དེ་ལ་འགྲེལ་པ་ནི་འདི་ལྟར་བྱ་སྟེ། ཕྱོགས་ཀྱི་བྱེ་བྲག་པ་འགའ་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ལ། འགའ་ཞིག་ན་ཞེས་བྱ་བ་དེས་ནི་ཆོས་ཅན་བསྟན་ཏོ། །ཕྱོགས་ཀྱི་བྱེ་བྲག་ཅེས་བྱ་བས་ནི་དེ་ཉིད་བྱེ་བྲག་ཏུ་བྱས་པ་སྟེ་རྒོལ་བ་འདོད་པའི་ཕྱོགས་ན་བུམ་པ་མེད་དོ་ཞེས་བསྟན་པར་
འགྱུར་གྱི། ཕྱོགས་ཐམས་ཅད་ན་བུམ་པ་མེད་པར་སྒྲུབ་པ་ཡང་མ་ཡིན་ལ། གང་ཡང་རུང་བ་ཞིག་ན་ཡང་མ་ཡིན་ནོ། །དམིགས་པའི་རིག་བྱར་གྱུར་པ་ལས་ཞེས་བྱ་བ་དེས་ནི་གཏན་ཚིགས་ཀྱི་བྱེ་བྲག་བསྟན་ཏོ། །དམིགས་པ་ཞེས་བྱ་བས་ནི་ཤེས་པ་ཡིན་པར་སྟོན་ཏོ། །དེ་ནི་རིག་པར་བྱ་བ་ཡིན་པས་
རིག་བྱ་སྟེ་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པའི་རིག་བྱ་ནི་དམིགས་པའི་རིག་བྱའོ། །དེར་གྱུར་པ་ནི་དམིགས་པའི་རིག་བྱར་གྱུར་པ་སྟེ། དམིགས་པའི་ཡུལ་ཉིད་དུ་རུང་ཞེས་བྱ་བའི་ཐ་ཚིག་གོ། །སྡོད་པའི་ས་གཞི་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་མི་སྣང་བའི་ཕྱིར་རོ་ཞེས་
བྱ་བའི་དོན་ཏོ། །འདི་སྐད་དུ་ཕྱོགས་ལ་སོགས་པ་ནི་སྣང་བ་མཚུངས་པར་རུང་བའི་ངོ་བོ་བུམ་པ་ལ་སོགས་པ་ནི་མི་སྣང་བའི་ཕྱིར་ཏེ། བུམ་པས་སྟོང་པས་ས་གཞི་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་དམིགས་པའི་རིག་བྱར་གྱུར་པ་དེ་ཡང་གང་ཡིན་སྙམ་པ་ལ་དེའི་ཕྱིར། དམིགས་པའི་རིག་བྱར་
གྱུར་པ་ནི་དམིགས་པའི་རྐྱེན་གཞན་ཚང་བ་ཉིད་དང་། རང་བཞིན་ཁྱད་པར་ཅན་ཞེས་བྱ་བ་སྨོས་ཏེ། དམིགས་པ་ཞེས་བྱ་བ་ནི་ཤེས་པའོ། །རྐྱེན་གཞན་ནི་དམིགས་པའི་རྐྱེན་གཞན་དག་གོ། །དམིགས་པའི་རྐྱེན་ནི་དེར་བུམ་པ་ཉིད་དོ། །དེ་ལས་གཞན་པ་དག་ནི་དེ་མ་ཐག་པའི་རྐྱེན་ལ་སོགས་པ་དག་གོ། །

དེ་དག་ཚང་བ་ནི་དམིགས་པའི་རྐྱེན་གཞན་ཚང་བ་ཉིད་དོ། །ཚོགས་པ་ནི་ཚང་བའི་སྒྲར་བརྗོད་དོ། །ཁྱད་པར་ཅན་གྱི་རང་བཞིན་ནི་རང་བཞིན་ཁྱད་པར་ཅན་ཏེ། དེ་གཉིས་ནི་དམིགས་པའི་རིག་བྱར་གྱུར་པའི་སྒྲར་བརྗོད་དོ། །འོ་ན་རང་བཞིན་ཁྱད་པར་ཅན་གང་ཡིན་སྙམ་པ་ལ། རང་
བཞིན་གང་ཡོད་ལ་དམིགས་པའི་རྐྱེན་གཞན་དག་ཀྱང་ཡོད་ན་མངོན་སུམ་ཁོ་ནར་འགྱུར་བའོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་གང་ཞིག་ཡོད་ཅིང་མིག་ལ་སོགས་པ་ཉེ་བར་གྱུར་ལ་བསྐལ་པ་རྣམ་པ་གསུམ་གྱིས་མ་བསྐལ་ནི་མཐོང་བར་ནུས་པ་འདི་ནི་འདིར་རང་བཞིན་ཁྱད་པར་ཅན་དུ་བཞེད་དེ། དེས་ན་འདི་སྐད་དུ་
མིག་ལ་སོགས་པའི་ཚོགས་ཀྱང་ལྟར་རུང་བ་བུམ་པ་མི་དམིགས་པའི་ཕྱིར། འདིར་ནི་བུམ་པ་མེད་དོ་ཞེས་བྱ་བར་བསྟན་པར་འགྱུར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར་རོ། །རང་བཞིན་ནི་རང་ཡོད་པ་ཙམ་དུ་གྱུར་པ་བསྒྲུབ་པར་བྱ་བའི་ཆོས་ཀྱི་གཏན་ཚིགས་ཏེ་ཞེས་བྱ་བ་
སྨོས་ཏེ། ཡོད་པ་ཙམ་ཞེས་བྱ་བ་ནི་བསྒྲུབ་པ་ཡོད་པ་ཙམ་ལ་བྱའོ། །ཡོད་པ་ཙམ་དུ་གྱུར་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་ཡོད་པ་ཙམ་དུ་གྱུར་པའོ། །ཡོད་པ་ཙམ་དུ་གྱུར་པ་བསྒྲུབ་པར་བྱ་བའི་ཆོས་དེ་ལ་རང་བཞིན་གྱི་གཏན་ཚིགས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དཔེར་ན་ཤིང་ཤ་པ་ཡིན་པའི་ཕྱིར།
འདི་ནི་ཤིང་ངོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ་ནི་ཤིང་ཤ་པ་ཙམ་དང་འབྲེལ་པ་ཡིན་ཏེ། དེ་ལྟ་བས་ན་དེས་སྒྲུབ་པར་བྱེད་དོ། །འབྲས་བུ་ནི་དཔེར་ན་དུ་བ་ཡོད་པའི་ཕྱིར། དེ་ན་མེ་ཡོད་པ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སྟོན་པར་བྱེད་དེ། མེ་ལ་རག་ལུས་ཏེ་སྐྱེ་བའི་དུ་བ་གང་ན་ཡོད་པ་དེ་ན་
མེ་ཡོད་པར་ཁོང་དུ་ཆུད་པར་བྱེད་དོ། །འོ་ན་ཅིའི་ཕྱིར་རྟགས་གསུམ་དུ་རྣམ་པར་གཞག་སྙམ་པ་དེའི་ཕྱིར་འདི་གཉིས་ནི་དངོས་པོ་སྒྲུབ་པའོ། །གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དངོས་པོ་དང་། དངོས་པོ་མེད་པའི་ངོ་བོས་རྗེས་སུ་དཔག་པར་བྱ་བ་རྣམ་པ་གཉིས་ཡིན་པའི་ཕྱིར།
དངོས་པོ་བསྒྲུབ་པ་དང་། དངོས་པོ་མེད་པ་སྒྲུབ་པའི་གཏན་ཚིགས་ཀྱང་གཉིས་སོ། །རྗེས་སུ་དཔག་པར་བྱ་བ་ལ་དངོས་པོའི་ངོ་བོ་ཡང་རྣམ་པ་གཉིས་ཏེ། དངོས་པོ་དང་ཐ་དད་པ་དང་། ཐ་མི་དད་པའོ། །རྗེས་སུ་དཔག་པར་བྱ་བའི་དངོས་པོའི་ངོ་བོ་རྣམ་པ་གཉིས་ཡོད་པས་དངོས་པོ་བསྒྲུབ་པ་ཡང་རྣམ་པ་

གཉིས་སུ་འགྱུར་ཏེ། འདི་ལྟར་བསྒྲུབ་པར་བྱ་བའི་གཏན་ཚིགས་དངོས་པོ་དང་ཐ་དད་པས་ཀྱང་བསྒྲུབ་པར་བྱ་བ་ཐ་མི་དད་པ་བསྒྲུབ་པར་མི་ནུས་ལ། བསྒྲུབ་པར་བྱ་བའི་གཏན་ཚིགས་ཐ་དད་པས་ཀྱང་བསྒྲུབ་པར་མི་ནུས་ཏེ། དེ་ལ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཐ་མི་དད་པ་ནི་རང་བཞིན་གྱི་གཏན་
ཚིགས་ཡིན་ནོ། །བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཐ་དད་པ་ནི་འབྲས་བུའི་གཏན་ཚིགས་ཡིན་ནོ། །མི་དམིགས་པ་ནི་དངོས་པོ་མེད་པའི་གཏན་ཚིགས་ཡིན་ནོ། །དེས་བས་ན་གང་གི་ཕྱིར་གཉིས་པ་དངོས་པོ་སྒྲུབ་པར་བྱེད་ལ། གཅིག་ནི་དགག་པ་སྒྲུབ་པར་བྱེད་པའི་ཕྱིར་རྟགས་གསུམ་སྟེ།
གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་ཁོ་ན་ཡིན་པར་བལྟ་བར་བྱའོ། །འོ་ན་ཅིའི་ཕྱིར། དངོས་པོ་སྒྲུབ་པར་བྱེད་པ་གཉིས་ཁོ་ན་ཡིན་སྙམ་པ་ལ། དེའི་ཕྱིར་རང་བཞིན་འབྲེལ་པ་ཡོད་ན། དོན་གྱིས་དོན་གོ་བར་བྱེད་དེ་ཞེས་བྱ་བ་སྨོས་ཏེ། རང་བཞིན་དང་འབྲེལ་
པ་དང་། །རང་བཞིན་གྱི་ངོ་བོས་འབྲེལ་པ་ནི་རང་བཞིན་གྱིས་འབྲེལ་པ་སྟེ། དེ་ཡོད་ན་རྟགས་ཀྱི་མཚན་ཉིད་ཀྱི་དོན་གྱི་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་དོན་ཡིད་ཆེས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་རང་བཞིན་འབྲེལ་པ་ཁོ་ན་ཡོད་ན་དོན་གྱིས་དོན་གོ་བར་བྱེད་ཅེ་ན། དེའི་ཕྱིར་དེ་དང་མ་འབྲེལ་ན་
དེར་མི་འཁྲུལ་པར་ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གང་ཞིག་གང་དང་མ་འབྲེལ་པ་དེ་ནི་དེར་མི་འཁྲུལ་པར་གདོན་མི་ཟ་བ་མ་ཡིན་པ་དེའི་ཕྱིར། འབྲེལ་པར་ཡོད་ན་གོ་བར་བྱེད་པ་དང་། གོ་བར་བྱ་བ་ཡིན་པར་རིག་པར་བྱའི། གཞན་དུ་ནི་མ་ཡིན་ནོ། །ད་ནི་གང་ཞིག་གང་དང་འབྲེལ་པ་དང་།
ངོ་བོས་འབྲེལ་པ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར། བསྒྲུབ་པར་བྱ་བའི་དོན་ལ་རྟོག་པར་འབྲེལ་པ་དེ་ཡང་དངོས་སུ་ན་འགྲུབ་པར་བྱེད་པའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་དོན་དམ་པར་ན། རྟགས་འགའ་ཞིག་བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་ཡིན་པ་དེའི་ཕྱིར་དེ་ནི་
དེ་དང་འབྲེལ་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་དོན་ལས་བྱུང་བའི་ཕྱིར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་རྟགས་འགའ་ཞིག་བསྒྲུབ་པར་བྱ་བའི་དོན་ལས་བྱུང་བ་ཡིན་པའི་ཕྱིར། དེ་ནི་དེ་དང་འབྲེལ་པ་མེད་པ། ཅིའི་ཕྱིར་ན། བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་དང་། བསྒྲུབ་པར་བྱ་བའི་ཕྱིར་དོན་ལས་བྱུང་བའི་ཁོ་ན་

རྟགས་ཀྱི་འབྲེལ་པ་ཉིད་དུ་བརྗོད་ཅེ་ན། དེའི་ཕྱིར། དེའི་རང་བཞིན་མ་ཡིན་པ་དང་། དེ་ལས་བྱུང་བ་མ་ཡིན་པ་དེ་ནི་དེ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་རང་བཞིན་གཅིག་པ་མ་ཡིན་པ་དང་། གང་
ཡང་བསྒྲུབ་པར་བྱ་བའི་དོན་ལས་བྱུང་བ་མ་ཡིན་པ་དེ་ནི་དེ་དང་རྣམ་པ་གང་གིས་འབྲེལ་པར་བརྗོད་པ། མ་འབྲེལ་པ་ནི་རྟགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དེའི་བདག་ཉིད་དང་། དེ་ལས་བྱུང་བ་གཉིས་ཁོ་ནས་འབྲེལ་པ་ཉིད་དུ་བརྗོད་པར་བྱའི། གཞན་དུ་ནི་མ་
ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་དུ་ཟིན་ཀྱང་དེ་ལས་ཅི་ཞིག་ཏུ་འགྱུར་ཞེ་ན། དེའི་བདག་ཉིད་དང་། དེ་ལས་བྱུང་བ་དེ་གཉིས་ཀ་རང་བཞིན་དང་འབྲས་བུ་ཁོ་ན་ཡིན་ཞེས་བྱ་བ་སྨོས་ཏེ། དེའི་བདག་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་འབྲེལ་པ་ཡིན་ནོ། །དེ་ལས་བྱུང་བ་ནི་འབྲས་བུའི་གཏན་ཚིགས་ཀྱི་འབྲེལ་
པ་ཡིན་ཏེ། དེའི་ཕྱིར། དེ་གཉིས་ཁོ་ནས་དངོས་པོ་འགྲུབ་པོ་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་དེའི་བདག་ཉིད་དང་། དེ་ལས་བྱུང་བ་གཉིས་རང་བཞིན་དང་འབྲས་བུ་ཁོ་ན་ཡིན་པ་དེའི་ཕྱིར། དེ་གཉིས་ཁོ་ནས་དངོས་པོ་སྒྲུབ་པར་ནུས་ཀྱི། འབྲེལ་པ་མེད་པ་གཞན་གྱིས་ནི་མ་ཡིན་ཏེ། དེ་ལྟ་བས་ན་
དངོས་པོ་སྒྲུབ་པ་ནི་གཉིས་ཁོ་ནའོ་ཞེས་བྱ་བར་གནས་སོ། །གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བཤད་པ་ཡིན་པ་དེ་གང་ཞེ་ན། དེའི་ཕྱིར། དགག་པ་སྒྲུབ་པ་ཡང་མི་དམིགས་པ་ཇི་སྐད་སྨོས་པ་ཁོ་ནས་འགྱུར་ཞེས་བྱ་བ་སྨོས་ཏེ། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་
ཞེས་བཤད་པ་གང་ཡིན་པ་གཅིག་པོ་དེ་ཉིད་དགག་པའི་གཏན་ཚིགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེའི་ཕྱིར། དངོས་པོ་ཡོད་ན་ནི་དེ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དངོས་པོ་ཡོད་པའི་འགྱུར་བ་ནི་མི་སྲིད་པ་ཉིད་དོ། །མི་དམིགས་པ་ཇི་སྐད་དུ་བཤད་པ་ཉིད་དངོས་པོ་མེད་པའི་ཐ་སྙད་
སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཤེ་ན། གཞན་དུ་ན་ནི་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དོན་དམིགས་པའི་རེག་བྱར་མ་གྱུར་པ་རྣམས་ལ་རང་གི་མངོན་སུམ་ལོག་ཀྱང་དངོས་པོ་མེད་པ་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཇི་ལྟར་སྨོས་པའི་ཁྱབ་པར་མི་བརྟེན་པ། དེའི་ཚེ་

དམིགས་པའི་རིག་བྱར་གྱུར་པ་མ་ཡིན་པ་ཡུལ་དང་། དུས་དང་། རང་བཞིན་གྱིས་བསྐལ་པ་དག་གིས་བསྐལ་པའི་དོན་གང་དག་ཡིན་པ་དེ་དག་ལ་སྒྲུབ་པ་པོའི་མངོན་སུམ་ལོག་པ་གང་ཡིན་པ་དེས་དངོས་པོ་མེད་པར་ངེས་པར་བྱེད་མི་ནུས་སོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་
ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡུལ་དང་དུས་དང་རང་བཞིན་རྣམས་ནི་ཡུལ་དང་དུས་དང་རང་བཞིན་དག་སྟེ། དེ་དག་གིས་བསྐལ་པ་ལ་ནི་དེ་སྐད་ཅེས་བརྗོད་དོ། །དེ་ལ་ཡུལ་དཔག་ཏུ་མེད་པས་བར་དུ་ཆོད་པ་ནི་ཡུལ་གྱིས་བསྐལ་པ་རྣམས་སོ། །བསྐལ་པ་མི་ཉུང་བ་ཞིག་གིས་བར་དུ་ཆོད་པར་དག་ནི་དུས་
ཀྱིས་བསྐལ་པ་རྣམས་སོ། །དབང་པོས་མི་སོས་པའི་དངོས་པོ་རྣམས་ནི་རང་བཞིན་གྱིས་བསྐལ་པ་དག་ནི་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་འདི་དམིགས་པའི་རིག་བྱར་མ་གྱུར་པ་ཞེས་བྱ་བ་དེས་ནི་དམིགས་པའི་རྐྱེན་ཚང་བ་མེད་པར་སྟོན་ཏོ། །ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་ཞེས་བྱ་བ་དེས་
ནི་རང་བཞིན་ཁྱད་པར་ཅན་གྱི་དངོས་པོ་མེད་པར་སྟོན་པར་བྱེད་དེ། དེ་ལྟ་བས་ནི་མི་དམིགས་པ་ཇི་སྐད་བཤད་པ་ཉིད་དགག་པ་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལྟར་རེ་ཞིག་དུས་ཀྱི་བྱེ་བྲག་ཁས་མི་བླང་བར་ཇི་སྐད་སྨོས་པའི་མི་དམིགས་པ་ནི་དགག་པ་སྒྲུབ་པ་ཉིད་ཡིན་པར་བརྗོད་དོ། །ད་ནི་
དུས་ཀྱི་བྱེ་བྲག་ཡོངས་སུ་སྨོས་པས་དེ་བསྒྲུབ་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། མི་རྨོངས་པར་དྲན་པའི་འདུ་བྱེད་ཅེས་བྱ་བ་སྨོས་ཏེ། དྲན་པ་སྐྱེད་པར་བྱེད་པའི་འདུ་བྱེད་ཡིན་ཏེ། དྲན་པའི་ས་བོན་ཞེས་བྱ་བའི་ཐ་ཚིག་གོ། །མི་རྨོངས་པ་དྲན་པའི་འདུ་བྱེད་བུམ་པ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་
སྐད་ཅེས་བརྗོད་དོ། །སྒྲུབ་པ་པོའི་མངོན་སུམ་འདས་པ་དང་ད་ལྟར་གྱི་ལོག་ཅེས་བྱ་བ་ནི་འདས་པ་དང་། ད་ལྟར་གྱི་དུས་ནི་སྟོང་པའི་ངོ་བོའི་ཕྱོགས་ལ་སོགས་པ་དམིགས་པ་གང་ཡིན་པའི་ཕྱོགས་ལ་སོགས་པ་དེ་དང་མཐུན་པར་རུང་བའི་ངོ་བོ་བུམ་པ་ལ་སོགས་པ་གང་ཡིན་པ་དེ་ནི་འདས་པ་དང་།
ད་ལྟར་གྱི་ཕྱོགས་དང་མཐུན་པར་རུང་བའི་ངོ་བོ་ཡིན་པའི་ཕྱིར་འདས་པ་དང་ད་ལྟར་དུ་བསྟན་ཏོ། །གཞན་དུ་ན་ནི་ཕྱོགས་ལ་སོགས་པ་ན་བུམ་པ་ལ་སོགས་པ་མེད་ན། འདས་པ་ཉིད་དུའམ། ད་ལྟར་ཉིད་དུ་ལྟ་ག་ལ་འགྱུར། སྒྲུབ་པ་པོ་ནི་ལྷ་སྦྱིན་ལ་སོགས་པའོ། །དེའི་མངོན་སུམ་གྱི་ཡོངས་

སུ་གཅད་པར་བྱ་བ་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་ནི་མངོན་སུམ་ཡིན་ནོ། །འདིར་ཡང་མངོན་སུམ་གྱི་ཡོངས་སུ་གཅད་པར་བྱ་བ་ཕྱོགས་ལ་སོགས་པ་དང་མཐུན་པར་རུང་བའི་ངོ་བོ་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་མངོན་སུམ་ཉིད་དུ་བསྟན་ཏོ། །དོན་དམ་
པར་ན་དེ་ན་བུམ་པ་ལ་སོགས་པ་མེད་ན་ཇི་ལྟར་མངོན་སུམ་དུ་འགྱུར། དེ་སྐད་དུ་བཤད་པའི་ཚུལ་གྱིས་ནི་སྒྲུབ་པ་པོའི་མངོན་སུམ་འདས་པ་དང་། ད་ལྟར་གྱི་ལོག་པ་ནི་མ་ཡིན་པ་ལ་བརྟེན་པའི་ཕྱིར། གཞན་གྱི་དངོས་པོའི་མཚན་ཉིད་ཡིན་ཏེ། བུམ་པ་ལ་སོགས་པས་སྟོང་པའི་ས་གཞིའི་རང་བཞིན་ནོ་ཞེས་བྱ་
བའི་ཐ་ཚིག་གོ། །དངོས་པོ་མེད་པའི་ཐ་སྙད་འཇུག་སྟེ་ཞེས་བྱ་བ་ལ་དངོས་པོ་མེད་པའི་ཐ་སྙད་ནི་འདི་ན་བུམ་པ་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པར་ཤེས་པ་དང་། ངོ་བོ་དེ་བརྗོད་པ་དང་དོགས་པ་མེད་པས་ཕྱོགས་ལ་སོགས་པ་དེར་འགྲོ་བའི་མཚན་ཉིད་འཇུག་པའོ། །ཤེས་པ་དང་བརྗོད་པ་དང་། འཇུག་པའི་
མཚན་ཉིད་དངོས་པོ་མེད་པའི་ཐ་སྙད་དེ་ནི་དེས་འཇུག་པར་བྱེད་པས་ན། དངོས་པོ་མེད་པའི་ཐ་སྙད་འཇུག་གོ། །དེ་ནི་འདི་སྐད་དུ་འདས་པ་དང་། ད་ལྟར་བྱུང་བའི་ཡུལ་མི་དམིགས་པ་ཁོ་ནའོ། །དངོས་པོ་མེད་པའི་ཐ་སྙད་སྒྲུབ་པ་ཡིན་གྱི་མ་འོངས་པའི་ཡུལ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་
མ་འོངས་པའི་དུས་ཀྱི་ཕྱོགས་ལ་ཆོས་ཅན་ནི་མངོན་སུམ་མ་ཡིན་ཏེ། སྟོང་པའི་ཕྱོགས་ཀྱི་ངོ་བོ་དམིགས་པའི་མཚན་ཉིད་ཀྱང་དམིགས་པར་མི་འགྲུབ་པོ། །འདས་པའི་དུས་ལ་ནི་ཆོས་ཅན་ཡང་མངོན་སུམ་དུ་གྱུར་ལ། བུམ་པས་སྟོང་པའི་ངོ་བོའི་ཕྱོགས་ཀྱང་དྲན་པས། དེ་ཉིད་ཀྱི་ཕྱིར་མི་རྨོངས་པར་དྲན་
པའི་འདུ་བྱེད་ཅེས་བྱ་བ་སྨོས་སོ། །དེ་བས་ན་ཁར་ཙང་ལ་སོགས་པའི་ཉི་མ་དག་ལ་བུམ་པ་ལ་སོགས་པས་སྟོང་པའི་ངོ་བོའི་ཕྱོགས་ལ་སོགས་པ་དྲན་པ་ལ་དངོས་པོ་མེད་པའི་ཐ་སྙད་འཇུག་པར་འགྱུར་རོ། །ད་ལྟར་གྱི་དུས་ལ་ནི་ཆོས་ཅན་བུམ་པ་ལ་སོགས་པས་དབེན་པའི་ཕྱོགས་ཀྱང་མངོན་སུམ་དུ་འགྲུབ་
སྟེ། དེ་ལྟ་བས་ན་དེར་ནི་དངོས་པོ་མེད་པའི་ཐ་དད་གདགས་པར་ཡང་བླའོ། །མི་རྨོངས་པར་དྲན་པའི་འདུ་བྱེད་ཅེས་བྱ་བ་སྨོས་པས་ནི། གཏན་ཚིགས་མ་གྲུབ་པ་ཡོངས་སུ་བསལ་བ་ཡིན་ཏེ། གཞན་དུ་ན་ནི་སྟོང་པའི་ངོ་བོའི་ཕྱོགས་ལ་སོགས་པ་མི་དྲན་ན། མི་དམིགས་པ་ཉིད་འགྲུབ་པར་མི་འགྱུར་རོ། །

འདས་པ་དང་། ད་ལྟར་ཞེས་བྱ་བས་ནི་དུས་ཀྱི་བྱེ་བྲག་ཡོངས་སུ་སྨོས་པར་བསྟན་ཏོ། །སྒྲུབ་པ་པོའི་མངོན་སུམ་ཞེས་སྨོས་པས་ཀྱང་སྒྲུབ་པ་པོ་མ་ལུས་པའི་མངོན་སུམ་གསལ་བ་ཡིན་ནོ། །སྒྲུབ་པ་པོ་མ་ལུས་པའི་མངོན་སུམ་སྨོས་པས་ནི་གཏན་ཚིགས་འགྲུབ་པར་མི་འགྱུར་བ་ཉིད་དེ། སྒྲུབ་པ་པོ་
ཐམས་ཅད་ཀྱི་མངོན་སུམ་ལོག་པ་ནི་ཕྱིར་རྒོལ་བ་ལ་མི་འགྲུབ་བོ། །བཤད་མ་ཐག་པའི་མི་དམིགས་པ་ཉིད་དངོས་པོ་མེད་པའི་ཐ་སྙད་འཇུག་པ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཤེ་ན། དེ་ཉིད་ཀྱི་དངོས་པོ་མེད་པར་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དྲན་པ་མ་ཉམས་པའི་ས་བོན་སྒྲུབ་པ་པོའི་མངོན་སུམ་
འདས་པ་དང་། ད་ལྟར་བྱུང་བའི་ཡུལ་གྱི་དངོས་པོ་ལོག་པ་གང་ཡིན་པ་དེ་ཉིད་ཀྱིས་དངོས་པོ་མེད་པ་ངེས་པར་བྱེད་ནུས་ཀྱི། གཞན་མ་འོངས་པའི་ཡུལ་གྱིས་ནི་མ་ཡིན་ནོ། །དེ་ལྟར་རེ་ཞིག་སྔར་བཤད་པའི་གཏན་ཚིགས་ཀྱི་མི་དམིགས་པའི་ངོ་བོ་དང་། དུས་ཀྱི་བྱེ་བྲག་བཤད་ཟིན་ཏོ། །ད་ནི་སྦྱོར་
བའི་བྱེ་བྲག་བསྟན་པའི་ཕྱིར། དེ་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཅུ་གཅིག་སྟེ་ཞེས་བྱ་བ་སྨོས་སོ། །སྦྱོར་བ་ཞེས་བྱ་བ་ནི། མཚན་ཉིད་གསུམ་སྒྲུབ་པར་བྱེད་པའི་ཚིག་བརྗོད་པ་ཡིན་ནོ། །དེ་ནི་བྱེ་བྲག་གིས་མི་དམིགས་པ་རྣམ་པ་བཅུ་གཅིག་ཏུ་འགྱུར་རོ། །རྣམ་པའི་བྱེ་བྲག་བསྟན་པའི་ཕྱིར་རང་བཞིན་མི་དམིགས་
པ་ནི་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱི་དངོས་པོ་རང་གི་ངོ་བོ་མི་དམིགས་པའོ། །དཔེ་བསྟན་པའི་ཕྱིར། དཔེར་ན་འདི་ན་དུ་བ་མེད་དེ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཞེས་བྱ་བ་ནི་དཔེའི་ཚིག་ཡིན་ཏེ་འདི་ཐམས་ཅད་དུ་བལྟ་བར་བྱའོ། །འདི་ནི་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །དུ་བ་མེད་དེ་ཞེས་བྱ་བས་
ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་དམིགས་པའི་རྐྱེན་གཞན་དག་ནི་ཡོད་ན་བལྟར་རུང་བའི་རང་བཞིན་དུ་བ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་མི་དམིགས་པ་ནི་ཞེས་བྱ་བ་ནི་
འབྲས་བུ་མི་དམིགས་སོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེ་ནི་དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ་ཞེས་བྱ་བ་སྨོས་ཏེ། ནུས་པ་ཐོགས་པ་མེད་པ་མེ་དང་བུད་ཤིང་ལ་སོགས་པ་དུ་བའི་རྒྱུ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་ནི་ཞེས་བྱ་བས་ནི་ཆོས་ཅན་

བསྟན་ཏེ། དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་ཅེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་ནི་དུ་བ་མེད་པ་ཁོ་ན་ཡིན་པ་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། གལ་ཏེ་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་
མེད་པ་དག་ཡོད་ན་ནི་དུ་བ་འབྱུང་བ་ཁོ་ནར་འགྱུར་རོ།། །།བམ་པོ་གཉིས་པ། ཁྱབ་པར་བྱེད་པ་མི་དམིགས་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པས་ན་ཁྱབ་པར་བྱེད་པ་སྟེ། དེ་མི་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་འདི་ན་ཤིང་མེད་པའི་ཕྱིར་ཤིང་ཤ་པ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་
བྱ་བས་ནི་དཔེ་སྟོན་ཏོ། །ཤིང་ནི་ཤིང་ཤ་པ་ལ་ཁྱབ་པར་བྱེད་པ་ཡིན་ཏེ། དེ་ལྡོག་པ་ན་དེ་ཡང་ལྡོག་པར་བྱེད་དོ། །འདི་ནི་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །ཤིང་མེད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྟན་ཏོ། །ཤིང་ཤ་པ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་སྟོན་ཏོ། །རང་བཞིན་
འགལ་བ་དམིགས་པ་ཞེས་བྱ་བ་ནི་རང་བཞིན་གྱི་འགལ་བ་ནི་རང་བཞིན་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་པའོ། །འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །མེ་ཡོད་པའི་
ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྙད་དོ། །གྲང་བའི་རེག་པ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏེ། འདི་ལྟར་མེ་ནི་གྲང་བའི་རེག་པ་དང་ལྷན་ཅིག་པར་འགལ་བས་དེ་ཡོད་ན་གྲང་བའི་རེག་པ་ཟློག་པར་བྱེད་དོ། །འགལ་བའི་འབྲས་བུ་དམིགས་པ་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་ནི་
འགལ་བའི་འབྲས་བུ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེར་ན་འདི་ན་དུ་བ་ཡོད་པའི་ཕྱིར་གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བས་ནི་དཔེ་སྟོན་ཏོ། །འདི་ན་ཞེས་བྱ་བ་ནི་ཆོས་ཅན་ཡིན་ནོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་འགལ་བའི་གཏན་ཚིགས་ཡིན་ནོ། །གྲང་བའི་རེག་པ་
མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །གྲང་བའི་རེག་པ་དང་འགལ་བ་ནི་མེ་ཡིན་ལ། དེའི་འབྲས་བུ་ནི་དུ་བ་ཡིན་ཏེ། དེ་བས་ན་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་པ་ཡིན་ལ། གང་ལ་མེ་ཡོད་པ་དེ་ན་གྲང་བའི་རེག་པ་ག་ལ་ཡོད། འགལ་བ་ཁྱབ་པ་དམིགས་པ་ཞེས་བྱ་བ་ནི་འགལ་བས་ཁྱབ་

པ་ནི་འགལ་ཁྱབ་སྟེ། དེ་དམིགས་པ་ལ་འདི་སྐད་ཅེས་བྱའོ། །དཔེ་ནི་དཔེར་ན་དངོས་པོ་འབྱུང་པོ་ལ་ཡང་འཇིག་པར་ངེས་པར་འགྱུར་བ་མེད་དོ་ཞེས་སྨོས་སོ། །ངེས་པར་འགྱུར་བ་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བའི་ཆོས་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་བྱུང་བ་ཞེས་བྱ་བ་ནི་དངོས་པོ་སྐྱེད་པ་ཞེས་བྱ་
བའི་ཐ་ཚིག་གོ། །དངོས་པོ་བྱུང་བ་འཇིག་པ་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །ངེས་པར་འགྱུར་བ་མེད་དེ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །དེས་ནི་འདི་སྐད་དུ་དངོས་པོ་སྐྱེས་པ་གང་གདོན་མི་ཟ་བར་འཇིག་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་གང་ལས་ཤེ་ན། རྒྱུ་གཞན་
ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཇིག་པ་རྒྱུ་གཞན་ལ་ལྟོས་པར་ཁས་ལེན་ཏོ། །རྒྱུ་གཞན་ལ་ལྟོས་པ་གང་དག་ཡིན་པ་དེ་དག་ནི་གདོན་མི་ཟ་བ་མ་ཡིན་ནོ། །དཔེར་ན་རས་ལ་ཚོན་ལྟ་བུའོ། །འདིར་ཡང་ངེས་པར་འགྱུར་བ་ཉིད་ནི་ངེས་པར་འགྱུར་བ་མ་ཡིན་པ་ཉིད་དུ་ལྷན་ཅིག་པར་འགལ་བ། དེས་
ནི་རྒྱུ་གཞན་ལྟོས་པ་ལ་ཁྱབ་པས། དེ་བས་ན་གང་ན་རྒྱུ་གཞན་ན་ལྟོས་པ་ཉིད་ཡོད་པ་དེ་ན་ངེས་པར་འགྱུར་བ་མ་ཡིན་པ་ཉིད་དོ། །གང་ན་ངེས་པར་འགྱུར་བ་མ་ཡིན་པ་ཉིད་ཡོད་པ་དེ་ན་ངེས་པ་འགྱུར་བ་ཉིད་ལྟ་ག་ལ་ཡོད། འབྲས་བུ་འགལ་བ་དམིགས་པ་ཞེས་བྱ་བ་ནི་འབྲས་བུ་དང་འགལ་བ་ནི་འབྲས་བུ་
དང་འགལ་བ་སྟེ། དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི་འདི་ན་མེ་ཡོད་པའི་ཕྱིར་གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་པའོ། །འདི་ན་ཞེས་བྱ་བ་ནི་ཆོས་ཅན་ཡིན་ནོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པའོ། །གྲང་བ་ནི་རྒྱུའི་ནུས་པ་
ཐོགས་པ་མེད་པ་དག་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་པའོ། །འདིར་ཡང་གྲང་བའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་བ་ཡིན་ལ། གྲང་བ་ནི་མེར་ལྷན་ཅིག་པར་འགལ་ཏེ། གང་ན་མེ་ཡོད་པ་དེ་ན་གྲང་བའི་རེག་པ་ག་ལ་ཡོད། གང་ན་གྲང་བའི་རེག་པ་མེད་པ་དེར་ནི་གྲང་བའི་རྒྱུའི་ནུས་པ་ཐོགས་པ་
མེད་པ་གང་དག་ཀྱང་ཡོད་རེ་སྐན། གལ་ཏེ་དེ་ལྟ་བུའི་རྣམ་པ་དག་ཡོད་ན་ནི་གདོན་མི་ཟ་བར་གྲང་བར་ཡང་འགྱུར་རོ། །ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དང་འགལ་བ་ནི་ཁྱབ་པར་བྱེད་པ་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །གང་དཔེར་ན་འདི་ན་མེ་ཡོད་པའི་ཕྱིར་

བ་མོའི་རེག་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་སྨོས་སོ། །འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྟན་ཏོ། །བ་མོའི་རེག་པ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཚིག་བསྟན་ཏོ། །བ་མོའི་རེག་པ་ནི་ཁ་བའི་རེག་པའོ། །དེ་ལ་ཁྱབ་པར་
བྱེད་པ་ནི་གྲང་བའི་རེག་པའོ། །དེ་དང་ལྷན་ཅིག་པར་འགལ་བ་ནི་མེ་སྟེ། དེ་བས་ན་གང་ལ་མེ་ཡོད་པ་དེ་ནི་གྲང་བའི་རེག་པ་ག་ལ་ཡོད། གང་ན་གྲང་བའི་རེག་པ་མེད་པ་དེར་ནི་བ་མོའི་རེག་པ་ཡང་ཡོད་རེ་སྐན། རྒྱུ་མི་དམིགས་པ་ཞེས་བྱ་བ་ནི་རྒྱུའི་མི་དམིགས་པ་ནི་རྒྱུའི་མི་དམིགས་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །
དཔེར་ན་འདི་ནི་མེ་མེད་པའི་ཕྱིར་དུ་བ་མེད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལ། འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །མེ་མེད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་ཡང་དག་པར་བསྒྲགས་སོ། །དུ་བ་མེད་དོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བརྗོད་དོ། །འདིར་ཡང་མེའི་འབྲས་བུ་ནི་དུ་བ་ཡིན་པས།
གང་ན་མེ་མེད་པ་དེ་ན་དུ་བ་ཡོད་རེ་སྐན། རྒྱུ་འགལ་བ་དམིགས་པ་ཞེས་བྱ་བ་ནི་རྒྱུ་འགལ་བ་ནི་རྒྱུ་འགལ་བ་སྟེ། དེ་དམིགས་པ་ལ་དེ་སྐད་ཅེས་བྱའོ། །དཔེ་ནི། དཔེར་ན་འདི་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་མེད་དེ་ཞེས་བྱ་བ་སྟེ། འདི་ནི་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །སྤུ་ལོང་ཞེས་བྱེད་པ་ལ་
སོགས་པ་མེད་དོ་ཞེས་བྱ་བ་ནི་རྒྱུ་དང་འགལ་བར་བྱ་བའི་ཆོས་བསྟན་པའོ། །སྤུ་ལོང་ཞེས་བྱེད་པ་ནི་སྤུ་གྱེན་དུ་ལངས་པའོ། །དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་སྟེ། སོགས་པ་སྨོས་པ་ནི། སོ་ཐམ་ཐམ་བྱེད་པ་དང་། ལུས་འདར་བ་ལ་སོགས་པ་ཡོངས་སུ་བསྡུ་བའོ། །
དེ་དག་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་ཡང་ཡོད་ལ་བྱེ་བྲག་ཀྱང་ཡིན་པས། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དག་སྟེ། སྐྲག་པ་དང་འགལ་བ་ལ་སོགས་པ་དག་ཀྱང་སྤུ་ལོང་ཞེས་བྱེད་པ་ལ་སོགས་པར་འགྱུར་བས། དེ་བསལ་བར་བྱ་བའི་ཕྱིར་བྱེ་བྲག་ཅེས་སྨོས་ཏེ། འདི་ལ་ནི་གང་དག་ལྷགས་པས་
ཉེན་པ་དེ་དག་ཡོད་པར་རྟོགས་པར་བྱའོ། །གདུང་བར་བྱེད་པའི་བྱེ་བྲག་ཉེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་གདུང་བར་བྱེད་པའི་བྱེ་བྲག་ནི་མེའི་བྱེ་བྲག་གོ། །ཉེ་བའི་ཞེས་བྱ་བ་ནི་ཐག་ཉེ་བ་སྟེ། དེ་ནི་གདུང་བར་བྱེད་པའི་བྱེ་བྲག་ཀྱང་ཡིན་ལ་ཉེ་བ་ཡང་ཡིན་པས་གདུང་བར་བྱེད་པའི་བྱེ་བྲག་ཉེ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །

དེ་བས་ན་གདུང་བར་བྱེད་པའི་བྱེ་བྲག་ཉེ་བའི་ཕྱིར་མེའི་རྣམ་པ་ཇི་ལྟ་བུས་གྲང་བ་ཟློག་པར་བྱེད་ནུས་པ་དེ་ལྟ་བུའི་རྣམ་པ་བསྒྲུབ་པར་བྱ་བའི་ཕྱིར་བྱེ་བྲག་ཅེས་སྨོས་སོ། །དེ་བས་ན་འདིར་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་གི་རྒྱུ་ནི་གྲང་བའི་རེག་པ་ཡིན་ནོ། །དེ་དང་འགལ་བ་ནི་མ་ཡིན་ལ། མེ་ཉེ་ན་གྲང་བའི་རེག་པ་
ཟློག་བར་བྱེད་དོ། །གྲང་བ་ལོག་ན་སྤུ་ལོང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་ལྟ་ཡོད་རེ་སྐན། རྒྱུ་འགལ་བའི་འབྲས་བུ་དམིགས་པ་ཞེས་བྱ་བ་ནི་རྒྱུ་དང་འགལ་བ་ཡིན་ལ། དེའི་འབྲས་བུ་ནི་རྒྱུ་འགལ་བའི་འབྲས་བུ་སྟེ། དེ་དམིགས་པ་ནི་རྒྱུ་འགལ་བའི་འབྲས་བུ་དམིགས་པའོ། །དཔེ་ནི་དཔེར་ན་ཕྱོགས་འདི་ན་དུ་
བ་ཡོད་པའི་ཕྱིར། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨོས་པའོ། །ཕྱོགས་འདི་ན་ཞེས་བྱ་བས་ནི་ཆོས་ཅན་བསྟན་ཏོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བས་ནི་གཏན་ཚིགས་བསྟན་ཏོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་
ལྡན་པའི་མི་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བའི་ཆོས་བསྟན་ཏོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་ནི། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་ཕྱིར་བྱེ་བྲག་དང་ལྡན་པ་སྟེ། འདི་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་ཡང་ཡིན་ལ་མི་ཡང་ཡིན་པས་སྤུ་ལོང་
ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་སྟེ། དེ་ཕྱོགས་གང་ན་ཡོད་པའི་དེ་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་དང་ལྡན་པ་ཞེས་བྱའོ། །འདིར་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་གི་རྒྱུ་ནི་གྲང་བའི་རེག་པ་ཡིན་ནོ། །དེ་དང་འགལ་བ་ནི་མེ་ཡིན་ལ།
མེའི་འབྲས་བུ་ནི་དུ་བ་ཡིན་ཏེ། དེ་བས་ན་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ། གང་ན་མེ་ཡོད་པ་དེ་ན་གྲང་བའི་རེག་པ་མེད་དོ། །གང་ན་གྲང་བའི་རེག་པ་མེད་པ་དེ་ན་གྲང་བའི་འབྲས་བུ་སྤུ་ལོང་ཞེས་བྱེད་པ་ལ་སོགས་པ་དག་ལྟ་ཡོད་པར་ག་ལ་འགྱུར། སྔར་ནི་མི་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་
གཅིག་པོ་དགག་པའི་གཏན་ཚིགས་སུ་བཤད་པ་མ་ཡིན་ནམ། འོ་ན་ཇི་ལྟར་འབྲས་བུ་མི་དམིགས་པ་ལ་སོགས་པ་དང་། རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་དག་གིས་དགག་པར་བྱེད་ཅེ་ན། དེའི་ཕྱིར་འབྲས་བུ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་བཅུ་པོ་དེ་དག་ཐམས་ཅད་

ནི་རང་བཞིན་མི་དམིགས་པའི་ནང་དུ་བསྡུ་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་བཤད་མ་ཐག་པ་རྣམས་སོ། །ཐམས་ཅད་ཅེས་བྱ་བ་ནི་གྲངས་བཅུར་ཡོངས་སུ་ཆུད་པ་རྣམས་མ་ལུས་པ་སྟེ། མི་དམིགས་པའི་སྦྱོར་བ་རྣམས་ནི་རང་བཞིན་མི་དམིགས་པའི་ནང་དུ་འདུ་
བར་འགྱུར་རོ། །རང་བཞིན་མི་དམིགས་པའི་སྦྱོར་བ་ཡང་གཞན་ལ། འབྲས་བུ་མི་དམིགས་པ་ལ་སོགས་པ་ཡང་གཞན་ཏེ། འདི་ལྟར་འབྲས་བུ་མི་དམིགས་པ་ལ་སོགས་པ་དག་ལ་ནི་དོན་གཞན་དགག་པ་ཡིན་ལ། རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་ལ་ནི་དོན་གཞན་ཡོད་པ་མ་ཡིན་ནམ། འོ་ན་ཇི་
ལྟར་ན་དེའི་ནང་དུ་འདུ་ཞེ་ན། དེའི་ཕྱིར་དོན་གཞན་ཡོད་པ་དང་། དགག་པ་དག་གི་སྦྱོར་བ་ཐ་དད་ཀྱང་བརྒྱུད་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དོན་གཞན་ཡོད་པ་དང་། དགག་པ་དག་གིས་སྦྱོར་བ་ཐ་དད་དུ་གྱུར་ཀྱང་། བརྒྱུད་པས་འདིའི་ནང་དུ་འདུ་བར་དགོངས་ཀྱི། དངོས་སུ་ནི་མ་ཡིན་ཏེ། འདི་ལྟར་རེ་
ཞིག་འབྲས་བུ་མི་དམིགས་པ་དག་ལ་ནི་དུ་བ་མེད་པས་ན། དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པར་རྟོགས་པར་འགྱུར་རོ། །གང་ན་དུ་བ་མེད་པ་དེ་ན་དེའི་རྒྱུ་དམིགས་པའི་རེག་བྱར་གྱུར་པ་ཁོ་ན་དག་མི་དམིགས་པས། རང་བཞིན་མི་དམིགས་པར་འདུས་སོ། །སྒྲུབ་པ་པོ་རྣམས་ཀྱི་བསམ་པ་ཐ་དད་པའི་ཕྱིར་རོ། །
ལ་ལ་ནི་འབྲས་བུ་མེད་པའི་སྒོ་ནས་རྒྱུ་མེད་པར་རྟོགས་པར་འགྱུར་རོ། །ལ་ལ་ནི་རང་བཞིན་མེད་པའི་སྒོ་ནས་ཏེ། དེ་བཞིན་དུ་ཁྱད་པར་བྱེད་པ་མེ་མི་དམིགས་པ་དང་། རྒྱུ་མི་དམིགས་པར་བརྒྱུད་པར་ཁོང་དུ་ཆུད་པར་བྱའོ། །རང་བཞིན་འགལ་བ་དམིགས་པ་ལ་ཡང་མེ་ཡོད་པར་གྲང་བ་མེད་པར་རྟོགས་པར་བྱེད་ལ།
གང་ན་མེ་ཡོད་པ་དེ་ན་དམིགས་པའི་རེག་བྱར་གྱུར་པ་གྲང་བའི་རེག་པ་མི་དམིགས་པས་རང་བཞིན་མི་དམིགས་པའི་ནང་དུ་འདུའོ། །དེ་བཞིན་དུ་འགལ་བའི་འབྲས་བུ་དམིགས་པ་ལ་ཡང་དུ