Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 189
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
ང་ཞིག་འདོད་ཆགས་དང་བྲལ་བ་དེ་ནི་བསྒྲུབ་པར་བྱ་བ་མེད་པར་རྗེས་སུ་བརྗོད་ནས། དེ་ནི་ཡོངས་སུ་འཛིན་པ་དང་ཀུན་དུ་ འཛིན་པ་མེད་དེ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་མེད་པར་སྒྲུབ་པའོ། །དཔེར་ན་ཁྱུ་མཆོག་ལ་སོགས་པ་ལྟ་བུ་སྟེ་ཞེས་བྱ་བ་ནི་དཔེའོ། །བསྒྲུབ་པར་བྱ་བ་སྟེ། འདོད་ཆགས་དང་བྲལ་བ་མ་ཡིན་པ་ཉིད་དང་། སྒྲུབ་པར་བྱེད་པ་སྟེ། ཡོངས་སུ་འཛིན་པ་དང་། ཀུན་དུ་འཛིན་པ་དང་། ཁྱུ་མཆོག་ ལ་སོགས་པའི་དཔེ་དེ་དག་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། ཁྱུ་མཆོག་ལ་སོགས་པ་ནི་ཡོངས་སུ་འཛིན་ཅིང་ཀུན་དུ་འཛིན་པ་དང་མི་ལྡན་པར་ཡང་ཐེ་ཚོམ་ཟ་བ་ཡིན་ལ། འདོད་ཆགས་དང་བྲལ་བ་ཡང་ཐེ་ཚོམ་ཟ་བ་ཡིན་ཏེ། ཁྱེད་ཀྱི་གཞུང་གིས་འདོད་ཆགས་དང་བྲལ་བ་དང་། ཡོངས་སུ་འཛིན་པ་མེད་པར་འབྱུང་མོད་ཀྱི། འོན་ཀྱང་ཐེ་ཚོམ་ཟ་བ་ཁོ་ན་ཡིན་ནོ། །གཞན་ཡང་དཔེ་གསུམ་པ་བསྟན་པའི་ཕྱིར། གང་ལ་ལྡོག་པ་མེད་པ་དེ་ནི་ལྡོག་པ་མེད་པའོ། །འདོད་ཆགས་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་ནི་བསྒྲུབ་པར་བྱ་བའོ། ། སྨྲ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །འདིར་ལྡོག་པ་བསྟན་པ་ནི་གང་ལ་འདོད་ཆགས་དང་མ་བྲལ་བ་ཉིད་མེད་པ་ཞེས་བྱ་བས་བསྒྲུབ་པར་བྱ་བ་མེད་པར་རྗེས་སུ་བརྗོད་ན་དེ་ནི་སྨྲ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་པ་སྒྲུབ་སྟེ། དེ་བས་ན་སྒྲུབ་པར་བྱེད་པ་མེད་པས་ནི་བསྒྲུབ་པར་ བྱ་བ་མེད་པ་ལ་ཁྱབ་པ་བསྟན་ཏོ། །རྡོའི་དུམ་བུ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །འདི་ཇི་ལྟར་ལྡོག་པ་མེད་པ་ཡིན་ཞེ་ན། རྡོའི་དུམ་བུ་ལས་ཇི་ཙམ་གཉི་ག་ལྡོག་པ་དེའི་ཕྱིར་རོ། །ཅི་གལ་ཏེ་རྡོའི་དུམ་བུ་ལས་འདོད་ཆགས་དང་བཅས་པ་ཉིད་དང་སྨྲ་བ་ཉིད་གཉི་ག་ལོག་པ་ཡིན་མོད་ཀྱི། འོན་ཀྱང་ཁྱབ་པ་ལྡོག་པ་གང་ཡིན་པ་དེ་མ་གྲུབ་པའི་ཕྱིར་འདི་ནི་ལྡོག་པ་མེད་པ་ཡིན་ནོ། །ཁྱབ་པ་ཡང་ཅི་འདྲ་བ་ཞིག་ཅེ་ན། འདོད་ཆགས་དང་བྲལ་བ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བ་མེད་པར་བརྗོད་ནས་སྨྲ་བ་མ་ཡིན་ནོ་ཞེས་བྱ་བས་སྒྲུབ་པར་བྱེད་པ་མེད་པར་སྟོན་པ་ཡིན་ནོ། ། དེ་བས་ན་བསྒྲུབ་པར་བྱ་བ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ལས་ངེས་པར་བསྟན་པ་ཡིན་ཏེ། འདི་འདྲ་བ་ནི་ཁྱབ་པ་ཡིན་ནོ། །དེས་ན་ལྡོག་པ་དེ་མ་གྲུབ་པའི་དོན་འདི་གྲུབ་པར་བྱ་བའི་ཕྱིར་དཔེ་ཡིན་ན། དེ་ནི་རང་གི་བྱ་བ་མི་བྱེད་པའི་ཕྱིར་དཔེའི་ཉེས་པ་ཡིན་ནོ། །གང་དུ་ལྡོག་པ་རབ་ཏུ་མ་བསྟན་ པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲ་མི་རྟག་སྟེ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ནི་བསྒྲུབ་པར་བྱ་བའོ། །བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་ཆོས་དང་མི་མཐུན་པའི་དཔེ་ཡིན་ནོ། །འདིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ཚེ་གཞན་ལ་དོན་དེ་ཁོང་དུ་ཆུད་ པར་བྱ་བ་ཡིན་ལ། དེ་རང་དག་ཏུ་ཟིན་ཀྱང་ཅི་སྟེ་ཕ་རོལ་པོས་མ་དག་པར་བརྗོད་པ་སྟེ། དེ་ནི་ཇི་ལྟར་བརྗོད་པ་དེ་ལྟར་ནི་རིགས་པ་མ་ཡིན་ལ། ཇི་ལྟར་རིགས་པ་དེ་ལྟར་ནི་མ་བརྗོད་ཀྱི་གཏན་ཚིགས་ནི་བརྗོད་དེ། དེ་བས་ན་གཞན་གྱི་རྗེས་སུ་དཔག་པ་ལ་སྨྲས་པས་ཉེས་པའི་ཕྱིར་གཏན་ཚིགས་ སམ་དཔེའི་ཉེས་པ་ཡང་ཡིན་ནོ། །འདྲ་བ་དང་མི་འདྲ་བ་ལས་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པ་མ་ཡིན་མོད་ཀྱི། འོན་ཀྱང་བསྒྲུབ་པར་བྱ་བ་ངེས་པའི་གཏན་ཚིགས་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་ངེས་པའི་གཏན་ཚིགས་ནི་རྗེས་སུ་འགྲོ་བ་ལྡོག་པའི་ཚིག་གིས་བརྗོད་པར་བྱའོ། །དེ་ ལྟར་མ་ཡིན་ན་ཁོང་དུ་ཆུད་པར་བྱེད་པའི་སྨྲས་པ་མ་ཡིན་ནོ། །དེ་དེ་བཞིན་དུ་བསྟན་པ་ནི་དཔེའི་སྒོ་ནས་བསྟན་པར་བྱའོ། །དེ་བས་ན་དཔེ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ཚིག་གི་དོན་བསྟན་པ་ཡིན་ནོ། །འདིར་ནི་ལྡོག་པའི་ཚིག་མ་སྦྱར་བས་དེ་བས་ན་ཆོས་དང་མི་མཐུན་པའི་དཔེ་སྨྲས་པ། མི་འདྲ་བ་ཙམ་གྱི་སྒོ་ནས་གྲུབ་པར་བྱེད་པ་བསྟན་པ་དེ་ལྟ་བུ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ལྡོག་པ་ཡུལ་གྱི་སྒོ་ནས་ནི་སྒྲུབ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ནི་མ་བསྟན་ཏོ། །དེ་བས་ན་ལྡོག་པ་བསྟན་པ་ཡིན་ཏེ། སྨྲ་བ་པོའི་སྐྱོན་གྱིས་ཉེས་པ་ཡིན་ནོ། །གང་གི་ཚེ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་ བསྒྲུབ་པར་བྱ་བ་མེད་པ་སྒྲུབ་པར་བྱེད་པ་མེད་པ་ལ་ངེས་པ་ནི་ལྡོག་པའི་ཚིག་ལས་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་ན་ནི་གཏན་ཚིགས་ལས་བསྒྲུབ་པར་བྱ་བའི་ངེས་པ་བསྟན་པ་ཡིན་ནོ། །ཅི་སྟེ་བསྒྲུབ་པར་བྱ་བ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ལ་ངེས་པ་ཡིན་པར་མ་བསྟན་ན་ནི་སྒྲུབ་པར་བྱེད་པ་ཡོད་ དུ་ཟིན་ཀྱང་བསྒྲུབ་པར་བྱ་བ་མེད་པ་ཡིན་པར་སྲིད་པར་འགྱུར་རོ། །དེ་ལྟ་ན་ནི་སྒྲུབ་པར་བྱེད་པ་ལ་བསྒྲུབ་པར་བྱ་བ་ངེས་པ་ཡིན་པར་གྲགས་པར་མི་འགྱུར་རོ། །དེ་བས་ན་བསྒྲུབ་པར་བྱ་བ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ལ་ངེས་པ་ཡིན་པར་བརྗོད་པར་བྱ་དགོས་སོ། །ལྡོག་པ་ ཕྱིན་ཅི་ལོག་ནི་སྒྲུབ་པར་བྱེད་པ་མེད་པ་ལ་ངེས་པར་བསྟན་གྱི། བསྒྲུབ་པར་བྱ་བ་མེད་པ་ནི་སྒྲུབ་པར་བྱེད་པ་མེད་པ་ངེས་པ་ཡིན་པར་མ་བསྟན་ནོ། །འདི་ལྟར་གང་མ་བྱས་པ་ཞེས་བྱ་བས་སྒྲུབ་པར་བྱེད་པ་མེད་པ་རྗེས་སུ་བརྗོད་ནས། དེ་ནི་རྟག་པ་སྟེ་ཞེས་བྱ་བས་བསྒྲུབ་པར་བྱ་བ་མེད་པ་བསྟན་ཏོ། ། དེ་བས་ན་དོན་འདི་ཡིན་ཏེ། མ་བྱས་པ་ནི་རྟག་པ་ཁོ་ན་ཡིན་ལ། དེ་ལྟ་ཡིན་གྱི་མ་བྱས་པ་ཉིད་ནི་རྟག་པ་ཉིད་བསྒྲུབ་པར་བྱ་བ་མེད་པ་ལ་ངེས་པ་ཡིན་པ་བསྟན་གྱི། རྟག་པ་ཉིད་སྒྲུབ་པར་བྱེད་པ་མེད་པ་ལ་མ་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་ངེས་པའི་གཏན་ཚིགས་ལྡོག་པའི་ཚིག་སྨྲས་པ་ཡིན་ ནོ། །དེ་ལྟ་བུ་ལྡོག་པའི་ཕྱིན་ཅི་ལོག་ཀྱང་སྨྲ་བ་པོས་ཉེས་པའི་ཕྱིར་ཉེས་པ་ཡིན་ནོ། །དཔེའི་སྐྱོན་གྱི་དཔེ་བསྟན་ནས། ཉེས་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར། དཔེ་ལྟར་སྣང་བ་དག་གིས་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བ་ངེས་པའི་གཏན་ཚིགས་བསྟན་པར་བྱ་བའི་ཕྱིར་དཔེ་བརྗོད་པར་བྱ་བ་ཡིན་ ན། དེ་དག་གིས་ནི་གཏན་ཚིགས་སྤྱིའི་མཚན་ཉིད་གང་ཡིན་པ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པ་དེ་ངེས་པར་བསྟན་མི་ནུས་སོ། །སྤྱིའི་མཚན་ཉིད་ནི་བྱེ་བྲག་རྟོགས་པ་ཉིད་ཀྱིས་ཁོང་དུ་ཆུད་པར་བྱ་བ་ཡིན། རང་གི་ནི་མ་ཡིན་ནམ་ཞེ་ན། བྱེ་བྲག་གི་ མཚན་ཉིད་ཅེས་བྱ་བ་སྨོས་ཏེ། ཅི་སྟེ་བྱེ་བྲག་གི་མཚན་ཉིད་ཁོང་དུ་ཆུད་པར་ནུས་པ་ནི་ཅིའི་མཚན་ཉིད་ཀྱང་རྟོགས་པར་འགྱུར་ན། བྱེ་བྲག་གི་མཚན་ཉིད་ཀྱང་དེ་དག་གིས་རྟོགས་པར་མི་ནུས་སོ། །དེ་བས་ན་དོན་གྱི་དབང་གི་ཤུགས་ཀྱིས་དེ་དག་གསལ་བར་རིག་པར་བྱ་སྟེ། བསྒྲུབ་པར་ བྱ་བ་ངེས་པའི་སྒྲུབ་པར་བྱེད་པ་གྲགས་པ་བླང་བར་བྱ་བ་ཡིན་ན། དེ་མི་ནུས་པའི་ཕྱིར་ཉེས་པ་ཡིན་ཏེ། རང་གི་བྱ་བ་མི་བྱེད་པའི་ཕྱིར་རོ། །ནུས་པ་འདི་ཙམ་གྱིས་སྒྲུབ་པར་བྱེད་པ་མེད་པར་སྨྲས་ཟིན་ཏོ། །སུན་འབྱིན་པ་བསྟན་པའི་ཕྱིར། སུན་འབྱིན་པ་ལྟ་བ་ནི་མ་ཚང་བ་ཉིད་ལ་སོགས་ པའི་སྨྲས་པ་ཞེས་བྱ་བ་སྨོས་ཏེ། སྨྲས་པ་འདིས་བརྗོད་པར་བྱ་བའི་ཕྱིར་ཚིག་ལ་སྨྲས་པ་ཞེས་བྱའོ། །མ་ཚང་བ་ཉིད་ལ་སོགས་པའི་ཚིག་སུན་འབྱིན་པ་ཡིན་པར་བཤད་པའི་ཕྱིར། གང་སྔར་ཞེས་བྱ་བ་སྨོས་ཏེ། མ་ཚང་བ་དང་། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་བསྟན་པ་ དེ་དག་བརྗོད་པའི་ཚིག་གང་ཡིན་པ་དེ་དག་ནི་སུན་འབྱིན་པ་ཡིན་ནོ། །མ་ཚང་བ་ཉིད་ལ་སོགས་པའི་ཕྱིན་ཅི་ལོག་ཏུ་སྒྲུབ་པར་མི་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་སུན་འབྱིན་པ་ཡིན་ཞེ་ན། སྨྲས་པ་མ་ཚང་བ་ཉིད་ལ་སོགས་པའི་ཕ་རོལ་པོའི་འདོད་པ་ཡང་ཡིན་ལ། དོན་ཀྱང་ཡིན་པ་དེས་ངེས་པར་ གྲུབ་པ་ལ་གེགས་བྱེད་པའི་ཕྱིར་རོ། །འགལ་བ་བཞིན་དུ་གདོན་མི་ཟ་བར་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ཁོ་ནའི་ཕྱིར་སུན་འབྱིན་པ་ཡང་མ་ཡིན་གྱི། འོན་ཀྱང་ཕ་རོལ་པོའི་འདོད་པ་ངེས་པ་ལ་གེགས་བྱེད་པའི་ཕྱིར་རམ། ངེས་པ་མེད་པར་བྱེད་པ་ཡང་ཡིན་ཏེ། ངེས་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་ཉིད་ ཀྱང་ཡོད་དོ། །སུན་འབྱིན་པ་སྨྲས་ཟིན་ཏོ། །སུན་འབྱིན་པ་ལྟར་སྣང་བ་ནི་སུན་འབྱིན་པ་བཞིན་དུ་སྣང་བས་ན་སུན་འབྱིན་པ་ལྟར་སྣང་བའོ། །དེ་དག་ཀྱང་གང་ཞེ་ན། ལྟག་ཆོད་དོ་ཞེས་བྱ་བའོ། །ལྟག་ཆོད་ཀྱི་སྒྲ་ནི་ལན་དང་འདྲ་བ་ལ་ལྟག་ཆོད་ཅེས་བྱ་བ་སྟེ། ལན་གྱི་གནས་སུ་རབ་ཏུ་སྦྱར་ བའི་ཕྱིར་ལན་དང་འདྲ་བ་ནི་ལྟག་ཆོད་ཡིན་ནོ། །ལན་དང་འདྲ་བ་དེ་ཉིད་ལན་གྱི་གནས་སུ་རབ་ཏུ་སྦྱར་བ་ཉིད་དུ་བསྟན་པའི་ཕྱིར། ཡང་དག་པ་མ་ཡིན་པ་མི་བདེན་པའི་སྐྱོན་བརྗོད་པ་ཞེས་བྱ་བ་སྨོས་ཏེ། ཚིག་འདིས་བརྗོད་པས་ན་བརྗོད་པའོ། །དེ་ནི་ལན་ཡིན་ཏེ། ལན་དང་འདྲ་བའི་ལྟག་ཆོད་ནི་ལྟག་ ཆོད་རྣམས་ཡིན་ནོ། །རིགས་པའི་ཐིགས་པའི་ཚིག་གི་དངོས་པོ་ཅུང་ཟད་བཤད་པ་ཡིས། །ཟླ་ཉི་ལྟ་བུའི་དགེ་བ་དྲི་མེད་བདག་གིས་གང་ཐོབ་པ། །ཡེ་ཤེས་ཆོས་མཆོག་གང་ཡིན་རྒ་མེད་གོ་འཕང་འཐོབ་གྱུར་ནས། །དེ་ཕྱིར་བདག་ནི་འགྲོ་ལ་ཕན་པ་འབའ་ཞིག་བྱེད་པར་ཤོག། །མཁས་པ་རྣམས་ཀྱིས་ཡོངས་ རྩིས་ན། །ཚིག་བཅད་རྣམས་ནི་ཚིག་སྟོང་དང་། །དེ་བཞིན་བརྒྱ་ཕྲག་བཞི་དག་དང་། །བདུན་ཅུ་རྩ་བདུན་རབ་ཏུ་ལྡན། །རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ གརྦྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྷརྨ་ཨཱ་ལོ་ཀས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སླད་ཀྱི་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་ལེགས་པར་བསྒྱུར་ཅིང་ཞུས་ ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ན་ཡ་བིནྡུ་པཱུརྦ་པཀྵེ་སཾ་ཀྵིཔྟ། བོད་སྐད་དུ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལོག་པར་རྟོགས་པ་ནི་རྣམ་པ་བཞི་སྟེ། གྲངས་ལ་ལོག་པར་རྟོགས་ པ་དང་། རང་གི་ངོ་བོ་ལ་ལོག་པར་རྟོགས་པ་དང་། སྤྱོད་ཡུལ་ལ་ལོག་པར་རྟོགས་པ་དང་། འབྲས་བུ་ལ་ལོག་པར་རྟོགས་པའོ། །དེ་ལ་གྲངས་ལ་ལོག་པར་རྟོགས་པ་ནི། འདི་ལྟ་སྟེ། ཕུར་བུ་བ་རྣམས་ནི་མངོན་སུམ་གཅིག་ཏུ་ཁོ་ན་ཚད་མ་ཡིན་གཞན་ནི་མ་ཡིན་ནོ་ཞེས་ཟེར་རོ། །གྲངས་ ཅན་པ་རྣམས་ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། སྒྲ་ལས་བྱུང་བ་དང་ཚད་མ་གསུམ་ཁོ་ནའོ་ཞེས་ཟེར་རོ། །རིགས་པ་ཅན་རྣམས་ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། དཔེ་དང་། སྒྲ་ལས་བྱུང་བ་དང་། ཚད་མ་བཞི་ཁོ་ནའོ་ཞེས་ཟེར་རོ། །རྒྱལ་དཔོག་པ་རྣམས་ ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། དཔེ་དང་། སྒྲ་ལས་བྱུང་བ་དང་། དོན་གྱིས་གོ་བ་དང་། དངོས་པོ་མེད་པ་ཞེས་བྱ་བ་དང་། ཚད་མ་དྲུག་ཁོ་ནའོ་ཞེས་ཟེར་རོ། །ཙ་ར་ཀ་ལ་སོགས་པ་ནི། རིགས་པ་དང་། མི་དམིགས་པ་དང་། སྲིད་པ་དང་ཞེས་གྲགས་པ་དང་ སྙམ་དུ་སེམས་པ་ཞེས་བྱ་བ་ཚད་མ་གཞན་དག་ཀྱང་ཡོད་དོ་ཞེས་ཟེར་རོ། །དེ་ལ་རང་གི་ངོ་བོ་ལ་ལོག་པར་རྟོགས་པ་ནི། འདི་ལྟ་སྟེ། རིགས་པ་ཅན་རྣམས་ནི་མངོན་སུམ་དུ་ཐམས་ཅད་ངེས་པའི་བདག་ཉིད་ཡིན་པའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པ་ཁོ་ནའོ་ཞེས་ཟེར་རོ། །རྒྱལ་དཔོག་པ་ རྣམས་ནི་གཏོད་པར་བྱེད་པའི་ཤེས་པ་སྐད་ཅིག་མ་དང་པོ་ཁོ་ན་རྣམ་པར་རྟོག་པ་མེད་པར་སྐྱེ་ལ། དེའི་འོག་རོལ་གྱི་མངོན་སུམ་ཐམས་ཅད་ནི་རྟོག་པ་དང་བཅས་པ་ཉིད་དོ་ཞེས་ཟེར་རོ། །དེ་བཞིན་དུ་གཞན་དག་ནི་དུང་ལ་སེར་པོར་ཤེས་པ་ལ་སོགས་པར་འཁྲུལ་པ་ཡང་ཚད་མ་ཉིད་ཡིན་པར་ འདོད་དོ། །དེ་བཞིན་དུ་བྱེ་བྲག་པ་ལ་སོགས་པ་ནི་རྣམ་པར་ཤེས་པའི་ངོ་བོ་མ་ཡིན་པ་ཉིད་དེ། དབང་པོ་དང་། དོན་འབྲེལ་པ་ཡིན་པར་བརྗོད་དོ། །ཁ་ཅིག་ནི་བདག་དང་ཡིད་འབྲེལ་པའི་ངོ་བོ་ཡིན་པར་བརྗོད་དོ། །གཞན་དག་ནི་མངོན་སུམ་རྣ་བ་ལ་སོགས་པའི་དབང་པོ་འཇུག་པའི་ངོ་བོ་ཡིན་པར་བརྗོད་ དོ། །དེ་བཞིན་དུ་རྣ་མ་ཕུག་ལ་སོགས་པ་ནི་ཡིད་ཀྱི་ཞེས་བྱ་བའི་མངོན་སུམ་ཚད་མར་རིགས་པ་མ་ཡིན་ཏེ། སྔར་མངོན་སུམ་གྱིས་གཟུང་བ་ལས་ཡུལ་གཞན་མ་ཡིན་ན་དེ་བཟུང་ཟིན་པ་འཛིན་པའི་ཕྱིར་ཚད་མ་མ་ཡིན་པ་ཁོ་ནའོ། །ཡུལ་དོན་གཞན་ཉིད་ཡིན་ན་ནི། འདི་རང་དབང་དུ་ འཇུག་པའི་ཕྱིར་དང་། དོན་ཐམས་ཅད་ཡུལ་ཡིན་པའི་ཕྱིར། འགའ་ཡང་ལོང་བ་ལ་སོགས་པའི་དངོས་པོར་མི་འགྱུར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ནི་རང་རིག་པའི་མངོན་སུམ་ཡང་རིགས་པ་མ་ཡིན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ་ཞེས་ཟེར་རོ། །རྒྱལ་ དཔོག་པ་རྣམས་ན་རེ་སྐྱེས་བུ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་དང་མ་རིག་པས་འཁྲུལ་པ་ཡིན་ཏེ། འགྲོ་བ་འདི་ལྟ་བུ་མ་ཡིན་པ་ནི་འགའ་ཡང་མེད་དོ། །ཐམས་ཅད་ལ་དབང་པོས་མི་སོད་པའི་དོན་མཐོང་བའི་ཐབས་མེད་པའི་ཕྱིར་ལ་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་པའི་ རྣལ་འབྱོར་པ་དག་ཀྱང་མེད་དེ། དེའི་ཕྱིར་དབང་པོས་མི་སོད་པའི་དོན་མཐོང་བ་མི་སྲིད་པས་རྣལ་འབྱོར་པའི་ཤེས་པ་མེད་པ་ཁོ་ནའོ་ཞེས་ཟེར་རོ། །དེ་ལ་ཡུལ་ལ་ལོག་པར་རྟོགས་པས་ནི་འདི་ལྟ་སྟེ། རིགས་པ་ཅན་ལ་སོགས་པ་ན་རེ་སྤྱིའི་དངོས་པོར་གྱུར་པ་ཡང་ཡོད་པའི་ཕྱིར་ལ། དེ་ཡང་ མངོན་སུམ་གྱིས་ཡོངས་སུ་གཅད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་མངོན་སུམ་ནི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཡང་ཡིན་ནོ། །དེ་བཞིན་དུ་བདག་ལ་སོགས་པར་རང་གི་མཚན་ཉིད་ཀྱི་ངོ་བོ་ཡང་རྗེས་སུ་དཔག་པའི་ཚད་མས་ཡོངས་སུ་གཅད་པར་བྱ་བ་ཉིད་ཡིན་པའི་ཕྱིར། རྗེས་སུ་དཔག་ པ་ཡང་དེའི་ཡུལ་ཅན་གྱི་ཚད་མས་ཡིན་པར་རིགས་སོ་ཞེས་ཟེར་རོ། །དེ་ལ་འབྲས་བུ་ལ་ལོག་པར་རྟོགས་པ་ནི་འདི་ལྟ་སྟེ། རྒྱལ་དཔོག་པ་ལ་སོགས་པ་ན་རེ། འཇིག་རྟེན་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ནི་ཕན་ཚུན་ཐ་དད་པའི་བདག་ཉིད་དུ་གྲགས་པའི་ཕྱིར། འབྲས་བུ་ནི་ཚད་མ་ལས་དོན་ གཞན་དུ་གྱུར་པ་ཁོ་ན་ཡིན་པར་རིགས་ཏེ། དགྲ་སྟ་ཉིད་ཆད་པ་མ་ཡིན་ནོ། །དེ་ལྟ་བས་ན་དེ་ཁོ་ན་ཉིད་འདི་ནི་རྣམ་པ་བཞིར་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ། འཇལ་བར་བྱེད་པ་དང་གཞལ་བྱ་དང་ཚད་མ་དང་རྟོགས་པའོ། །འདི་ལ་འཇལ་བར་བྱེད་པ་ནི་སྐྱེས་བུ་ཡིན་ ནོ། །གཞལ་བྱ་ནི་གཟུགས་ལ་སོགས་པའི་ཡུལ་ཡིན་ནོ། །ཚད་མ་ནི་དབང་པོ་ལ་སོགས་པ་ཡིན་ནོ། །རྟོགས་པ་ནི་དོན་ཡོངས་སུ་ཆོད་པ་ཡིན་ནོ། །གང་གི་ཚེ་ཤེས་པ་ཁོ་ན་ཚད་མ་ཡིན་པ་དེའི་ཚེ་ཡང་། ཤེས་པ་ཕྱི་མ་ཕྱི་མ་ནི་འབྲས་བུ་ཡིན་ལ། སྔ་མ་ནི་ཚད་མ་ཡིན་ཏེ། སྤྱི་ལ་སོགས་པའི་ ཁྱད་པར་གྱི་ཤེས་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ། །རྫས་ལ་སོགས་པའི་ཁྱད་པར་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་འབྲས་བུ་ཡིན་ནོ་ཞེས་ཟེར་ཏེ། གཞན་དག་དེ་ལྟར་མངོན་སུམ་ལ་ལོག་པར་རྟོགས་པ་རྣམ་པ་མང་པོ་ཞིག་ཡོད་པ་དེ་དག་དགག་པར་ཚད་མའི་མཚན་ཉིད་ཇི་ལྟ་བ་བཞིན་འདི་ བྱས་སོ། །འདི་ནི་བཅོམ་ལྡན་འདས་ཀྱང་བཞེད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བས་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟ་བུའོ། །འདིས་ ནི་མངོན་སུམ་དང་རྗེས་སུ་དཔག་པའི་མཚན་ཉིད་རྣམ་པ་གཉིས་ཁོ་ན་ཞལ་གྱིས་བཞེས་པ་ཡིན་ཏེ། དཔེ་ལ་སོགས་པས་ཡོངས་སུ་བརྟགས་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །མངོན་སུམ་གྱི་དཔེ་ནི་བསྲེགས་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་བདར་བ་ དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །ཕན་ཚུན་དུ་མི་འགལ་བ་ནི་བཅད་པ་དང་ཆོས་མཐུན་པར་ཡོངས་སུ་བརྟགས་པར་གསུངས་ཏེ། དེ་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ། །འདི་ལྟར་དོན་ནི་རྣམ་པ་གསུམ་སྟེ། མངོན་སུམ་དང་། ལྐོག་ཏུ་གྱུར་པ་དང་། ཤིན་ཏུ་ལྐོག་ ཏུ་གྱུར་པའོ། །དེ་ལ་བཀའི་དོན་མངོན་སུམ་ལ་ནི་བསྲེགས་པས་གསེར་བཞིན་དུ་མངོན་སུམ་གྱིས་བརྟགས་པ་ཡིན་ནོ། །དོན་ལྐོག་ཏུ་གྱུར་པ་ལ་ནི་བདར་བ་བཞིན་དུ་རྗེས་སུ་དཔག་པས་བརྟགས་པ་ཡིན་ནོ། །དེ་ཉིད་ཀྱི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ནི་བཅད་པས་གསེར་བཞིན་དུ་ཕན་ཚུན་མི་ འགལ་བའི་སྒོ་ནས་བརྟགས་པ་ཡིན་ཏེ། དེ་ལྟར་ཡོངས་སུ་དག་པའི་ལུས་ལ་ནི་ཡུལ་ལྐོག་ཏུ་གྱུར་ཀྱང་། རྟོག་པ་དང་ལྡན་པ་ཚད་མ་ཡིན་པར་ཡིད་ཆེས་པ་རྣམས་འཇུག་པའི་ཕྱིར་རོ། །ཆོས་མངོན་པ་ལས་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་ མ་ཡིན་ནོ་ཞེས་བྱ་བ་དང་། དོན་ལ་དོན་དུ་ཤེས་ཀྱི་དོན་ལ་ཆོས་སུ་འདུ་ཤེས་པ་མ་ཡིན་ནོ་ཞེས་གསུངས་ཏེ། སྔོན་པོ་ཤེས་པ་དང་དོན་དུ་འདུ་ཤེས་ཀྱི་ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཡུལ་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར། མ་འཁྲུལ་པ་ཉིད་བཤད་པ་ཡིན་ནོ། །སྔོན་པོའོ་སྙམ་དུ་ནི་མ་ ཡིན་ནོ་ཞེས་བྱ་བ་དང་། ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་མིང་དང་འབྲེལ་པའི་དོན་འཛིན་པ་སྤངས་པའི་ཕྱིར་རྟོག་པ་དང་བྲལ་བ་ཉིད་བཤད་པ་ཡིན་ཏེ། དེ་ཉིད་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་ རྟོག་པས། རྣམ་པར་མི་རྟོག་པ་ཉིད་དུ་ཡང་བརྗོད་པར་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པར་ཡང་བསྟན་ཏོ། །མདོ་ལས་ཀྱང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། ། འདི་དག་འབྱུང་བ་དེ་ཉིད་ནི། །བྱ་བ་དེ་ཉིད་བྱེད་པོར་བརྗོད། །ཅེས་གསུངས་ཏེ། འདིས་ནི་བྱེད་པ་པོ་དང་ལས་ལ་སོགས་པའི་དངོས་པོ་ཡང་དག་པར་བཀག་པས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱི་ཁོངས་སུ་འདུས་པ་སྤངས་པའི་ཕྱིར། བྱ་བའི་མཚན་ཉིད་ཀྱི་འབྲས་བུ་དོན་གཞན་དུ་ གྱུར་པ་བཀག་པ་ཡིན་ནོ། །རྗེས་སུ་དཔག་པ་ལ་ཡང་ལོག་པར་རྟོགས་པ་སྣང་སྟེ། འདི་ལྟ་སྟེ། བརྡ་སྤྲོད་པ་རྣམས་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་ཏེ། འཁྲུལ་པ་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །སྣོད་ཀྱི་རྗེས་ན་རེ་ནི་གཞན་དུ་མི་འཐད་པའི་ངོ་བོ་གཅིག་པུ་ཁོ་ན་གཏན་ཚིགས་ཀྱིས་རྟོགས་ པར་བྱེད་པ་ཉིད་ཀྱི་ཡན་ལག་ཡིན་གྱི། ཕྱོགས་ཀྱི་ཆོས་ལ་སོགས་པའི་མཚན་ཉིད་ཀྱི་ཚུལ་གསུམ་པ་ནི་མ་ཡིན་ནོ། །འདི་ལྟར་སྔོ་བསངས་ཡིན་ཏེ་དེའི་བུ་ཡིན་པའི་ཕྱིར། དེའི་བུ་སྣང་བ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ལ་ཚུལ་གསུམ་པ་ཡོད་ཀྱང་གཞན་དུ་མི་འཐད་པ་ཉིད་ཀྱི་ཡན་ ལག་མེད་པའི་ཕྱིར་རྟོགས་པར་བྱེད་པ་ཉིད་མ་ཡིན་ནོ། །ཚུལ་གསུམ་པ་མེད་ཀྱང་གཞན་དུ་མི་འཐད་པ་དང་ལྡན་པ་ཙམ་ཁོ་ནས་གཏན་ཚིགས་རྟོགས་པར་བྱེད་པ་ཡིན་པ་ཡང་མཐོང་སྟེ། འདི་ལྟ་སྟེ། དངོས་པོ་དང་དངོས་པོ་མེད་པ་ནི་ཇི་ལྟར་ཡང་ཡོད་པའི་བདག་ཉིད་ དག་ཡིན། ཇི་ལྟར་ཡང་དམིགས་པའི་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པའི་དཔེ་དག་མེད་དེ། དངོས་པོ་ཐམས་ཅད་ཀྱི་ཚོགས་དངོས་པོ་དང་། དངོས་པོ་མེད་པ་ཕྱོགས་སུ་བྱས་པའི་ཕྱིར་རོ། །དེ་དག་ལ་མ་གཏོགས་པ་གཞན་མེད་པའི་ཕྱིར་ གང་ཞིག་དཔེ་ཉིད་ཡིན་པར་འགྱུར། ཕྱོགས་ཀྱི་ཆོས་ཀྱང་གཞན་དུ་མི་འཐད་པ་ཉིད་ཁོ་ནའི་ཁོངས་སུ་འདུས་པའི་ཕྱིར་རོ། །དེ་ལྟར་ན་རྟགས་ནི་ཚུལ་གཅིག་པ་ཁོ་ན་ཡིན་པར་རིགས་ཀྱི་ཚུལ་གསུམ་པ་ཉིད་ནི་མ་ཡིན་པའི་རིགས་སོ་ཞེས་ཟེར་རོ། །གཞན་དག་ནི་ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་ པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དང་། གནོད་པ་མེད་པའི་ཡུལ་ཅན་ཉིད་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་དང་། ཤེས་པ་ཉིད་ཅེས་བྱ་བ་མཚན་ཉིད་དྲུག་པ་ཁོ་ནའོ་ཞེས་ཟེར་རོ། །གྲངས་ཅན་པ་རྣམས་ན་རེ་རྗེས་སུ་དཔག་པ་ནི་འབྲེལ་ པ་གཅིག་ལས་ལྷག་མ་གྲུབ་པ་ཡིན་ནོ། །ལྷག་མ་གྲུབ་པ་ནི་འདིར་ཉེ་བར་བཏགས་པའི་སྒོ་ནས་རྟགས་ཤེས་པ་ཁོ་ན་ཡིན་ཏེ། རྗེས་སུ་དཔག་པར་འདོད་ཀྱི། རྗེས་སུ་དཔག་པར་བྱ་བ་ཤེས་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་དབྱིག་གཉེན་ཡང་མེད་ན་མི་འབྱུང་བའི་དོན་མཐོང་བའི་དེར་རིག་ པའི་རྗེས་སུ་དཔག་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ཡང་རྗེས་སུ་དཔག་པ་ནི་རྟགས་ཤེས་པ་ཁོ་ན་ཡིན་ལ། རྗེས་སུ་དཔག་པར་བྱ་བ་ཤེས་པ་ནི་འབྲས་བུ་ཡིན་པར་འདོད་དེ། ཕྱིར་རྒོལ་བ་འདི་ཐམས་ཅད་ནི་འབྲས་བུ་ཚད་མ་ལས་དོན་གཞན་ཁོ་ན་ཡིན་པར་ཡང་འདོད་པ་ཉིད་དོ། །བྱེ་བྲག་པ་ལ་སོགས་ པ་ནི་ཡང་དག་པར་མ་གྲུབ་པ་ཡང་གཏན་ཚིགས་སུ་ཉེ་བར་རྟོགས་པར་བྱེད་དེ། འདི་ལྟ་སྟེ། བདག་ནི་ཐམས་ཅད་ནི་ཡོད་པ་ཡིན་ཏེ། ཐམས་ཅད་ན་ཡོན་ཏན་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རྒྱལ་དཔོག་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡང་གཏན་ཚིགས་སུ་ཉེ་བར་ བརྟེན་ཏེ། འདི་ལྟ་སྟེ། སྒྲ་ནི་རྟག་པ་སྟེ། གཞལ་བྱ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་བརྗོད་པར་འདོད་པའི་སྐྱེས་བུ་འགའ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། གཞལ་བྱ་དང་། ཤེས་བྱ་དང་། དངོས་པོ་དང་། ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་རྣམ་པར་གཅད་ པའི་ཕྱིར་ངེས་པར་གཟུང་བ་ཡིན་ནོ། །གྲངས་ཅན་པ་ལ་སོགས་པ་ནི་གཏན་ཚིགས་འགལ་བར་མཐོང་བཞིན་དུ་ཡང་ཤིན་ཏུ་ངོ་མཚར་ཆེ་བའི་མ་རིག་པས་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པས་མི་འགལ་བ་བཞིན་དུ་རྟོགས་པར་བྱེད་དེ། འདི་ལྟ་སྟེ། མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། བསགས་པ་ ཡིན་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་རྣམ་པར་གཅད་པའི་ཕྱིར། མི་མཐུན་པའི་ཕྱོགས་ལ་མེད་པ་སྨོས་སོ། །གང་དག་རང་གི་ཕྱོགས་གྲུབ་པར་བྱ་བའི་ཕྱིར། མི་མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་ལ་ཡང་གཏན་ཚིགས་སུ་ རྟོགས་པར་བྱེད་དེ། འདི་ལྟ་སྟེ། སྒྲ་ནི་རྟག་པ་སྟེ། བརྩལ་མ་ཐག་ཏུ་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་དེ་རྣམ་པར་གཅད་པའི་ཕྱིར་ངེས་པའི་གཟུང་བ་ཡིན་ནོ། །གཉི་གར་ཡང་ཁྱད་པར་ཅན་གྱི་གནས་སུ་ངེས་པར་གཟུང་བ་ནི་བརྩལ་མ་ཐག་ཏུ་འབྱུང་བ་ལ་སོགས་པ་མཐུན་པའི་ ཕྱོགས་གཅིག་ལ་ཡོད་པ་ཡང་མི་རྟག་པ་ཉིད་ལ་སོགས་པ་སྒྲུབ་པ་ཉིད་དུ་འགལ་བ་མེད་དོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར་རོ། །ཚུལ་གསུམ་པའི་དངོས་ཀྱི་ཚུལ་དུ་ཡོད་ཀྱང་ཇི་སྲིད་དུ་རྟོགས་པར་མ་གྲུབ་པ་དེ་སྲིད་དུ་དེ་ལ་བསྒྲུབ་པར་བྱ་བ་རྟོགས་པར་མི་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར། ངེས་པའི་ཞེས་བྱ་བ་སྨོས་པ་ཡིན་ཏེ། དེ་བཞིན་དུ་དཔེར་བརྗོད་པ་ཡང་འདི་ཉིད་ལས་སྟོན་པར་འགྱུར་རོ། །རྗེས་སུ་དཔག་པར་བྱ་བ་ཆོས་དང་ཆོས་ཅན་གྱི་སྤྱི་ཡིན་པའི་ཕྱིར། དེ་མ་གྲུབ་པ་དེ་ལ་རྟག་པ་ཡོད་པ་རྟག་ཏུ་མ་གྲུབ་པ་ཁོ་ནའོ། །འོན་ཏེ་སྒྲུབ་ན་ནི་བསྒྲུབ་པར་བྱ་བ་སྔ་ཉིད་ནས་གྲུབ་པའི་ཕྱིར། རྟགས་ ཀྱི་རྗེས་སུ་འབྲང་བ་དོན་མེད་དོ་ཞེས་བྱ་བའི་ཀླན་ཀ་ཡོངས་སུ་སྤང་བའི་ཕྱིར། འདི་ལས་རྗེས་སུ་དཔག་པར་བྱ་བ་ནི། འདིར་ཞེས་བྱ་བ་ལ་སོགས་པ་བཤད་དོ། །གྲངས་ཅན་པ་ལ་སོགས་པ་གང་དག་བསྒྲུབ་པར་བྱ་བའི་ཆོས་དང་མི་འདྲ་བའི་ཡང་ཕྱོགས་དང་མཐུན་པ་ཉིད་དུ་རྟོགས་པར་བྱེད་དེ། འདི་ལྟ་སྟེ། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། དེའི་ཕྱིར་མཐུན་པའི་ཕྱོགས་བྱེ་བྲག་ཏུ་བཤད་དོ། །རིགས་པ་ཅན་ལ་སོགས་པ་གང་དག་མེད་པའི་ངོ་བོ་མི་མཐུན་པའི་ཕྱོགས་ཡིན་པར་མི་འདོད་དོ། །མེད་པའི་ངོ་ བོ་ལས་འགའ་ཡང་ལྡོག་པར་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་འདུས་མ་བྱས་མེད་པར་སྨྲ་བ་བྱས་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་སྒྲུབ་པར་བྱེད་པ་རྣམས་ཀྱི་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་མི་མཐུན་པའི་ཕྱོགས་བྱེ་བྲག་བཤད་དོ། །ཁ་ཅིག་རྗེས་སུ་དཔག་པའི་རབ་ཏུ་དབྱེ་བ་ དང་། རང་གི་ངོ་བོ་གཞན་དུ་བརྗོད་དེ། འདི་ལྟ་སྟེ། རིགས་པ་ཅན་རྣམས་ན་རེ། དེ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པ་ནི་རྣམ་པ་གསུམ་སྟེ། སྔ་མ་དང་ལྡན་པ་དང་། ལྷག་མ་དང་ལྡན་པ་དང་། སྤྱིར་མཐོང་བའི་རྗེས་སུ་དཔག་པའོ་ཞེས་ཟེར་རོ། །བྱེ་བྲག་རྣམས་ནི་རྟགས་ལས་བྱུང་བ་ནི་འདིའི་འདི་ ཞེས་བྱ་བ་སྟེ། འབྲས་བུ་དང་། རྒྱུ་དང་། འབྲེལ་པ་དང་། དོན་གཅིག་དང་ལྡན་པ་དང་། འགལ་བའོ་ཞེས་ཟེར་རོ། །སེར་སྐྱ་པ་ལ་སོགས་པ་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ། སྤྱིར་མཐོང་བ་དང་། ཁྱད་པར་དུ་མཐོང་བའོ་ཞེས་ཟེར་རོ། །དེའི་ཕྱིར་འདི་དག་གི་ལོག་པར་རྟོགས་པ་བསལ་ བའི་ཕྱིར་རྟགས་ཀྱི་རབ་ཏུ་ཕྱེ་བ་བརྗོད་དོ། །རྒྱལ་དཔོག་པ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་ལ་སོགས་པ་དམིགས་པའི་རིག་བྱར་མ་གྱུར་པ་ཡང་རང་གི་དམིགས་པ་ལ་ལོག་པ་ཙམ་གྱི་སྒོ་ནས་འགོག་པར་བྱེད་དེ། དེའི་ཕྱིར་མི་དམིགས་པ་བྱེ་བྲག་ཏུ་བཤད་དོ། །གནས་མའི་བུའི་སྡེ་པ་ལ་ སོགས་པ་ནི་མི་རྟག་པ་ལ་སོགས་པ་ཕྱིས་འབྱུང་བ་ཡང་བྱས་པ་ལ་སོགས་པའི་རང་བཞིན་ཡིན་པར་བརྗོད་དོ། །དེ་བསལ་བའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཀྱི་ཡུལ་བསྙད་དོ། །བརྡ་སྤྲོད་པ་ལ་སོགས་པ་མེ་མ་ཡིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་ལས་ཀྱང་དུ་བ་འབྱུང་བ་མཐོང་བས། མེ་ལ་སོགས་པ་འགྲུབ་པར་བྱ་བ་ལ་སོགས་པ་འབྲས་བུའི་རྟགས་འཁྲུལ་པ་སྨྲ་སྟེ། དེའི་ཕྱིར་འབྲས་བུའི་གཏན་ཚིགས་བརྗོད་དོ། །གྲངས་ཅན་པ་རྣམས་ནི་དངོས་པོ་རྣམས་ཀྱི་འབྲེལ་པ་རྣམ་པ་བདུན་བརྗོད་དོ། །འདི་ལྟ་སྟེ། བདག་དང་བདག་གིར་འབྲེལ་པ་ནི་ལྷ་སྦྱིན་དང་མཆོད་སྦྱིན་ལྟ་བུའོ། ། རང་བཞིན་དང་འབྲེལ་པ་ནི་འཇིམ་པ་དང་བུམ་པ་ལྟ་བུའོ། །རྒྱུ་དང་རྒྱུ་ཅན་དུ་འབྲེལ་པ་ནི་རྫ་མཁན་དང་བུམ་པ་ལྟ་བུའོ། །རྒྱུ་དང་འབྲས་བུར་འབྲེལ་པ་ནི་ས་བོན་དང་མྱུ་གུ་ལྟ་བུའོ། །ཕ་དང་མ་ལྟ་བུར་འབྲེལ་པ་ནི་ཡལ་ག་དང་ཤིང་ལྗོན་པ་ལྟ་བུའོ། །ལྷན་ཅིག་སྤྱོད་པའི་འབྲེལ་པ་ནི་ངུར་པ་དང་ཁྱོ་ ཤུག་ལྟ་བུའོ། །དགྲ་ཟླའི་འབྲེལ་པ་ནི་བྱ་རོག་དང་འུག་པ་ལྟ་བུའོ་ཞེས་ཟེར་རོ། །རིགས་པ་ཅན་ལ་སོགས་པ་ནི་རྣམ་པ་ལྔར་བརྗོད་དེ། འབྱོར་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་དུ་བ་དང་མེ་ལྟ་བུའོ། །ལྡན་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་དེ་ཉིད་དང་གཟུགས་ལྟ་བུའོ། །འཕྲོད་པའི་འདུ་ བའི་མཚན་ཉིད་ཀྱི་འབྲེལ་པ་ནི་དེ་ཉིད་དང་གཟུགས་དང་ལྡན་པ་ཉིད་ལྟ་བུའོ། །འདུ་བའི་ལྡན་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་དཔེར་ན་དེ་ཉིད་དང་དུ་བ་ལ་ཡོད་པའི་གཟུགས་ལ་སོགས་པ་ལྟ་བུའོ། །ལྡན་པའི་འཕྲོ་བའི་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ནི། དཔེར་ན་མེ་དེ་ཉིད་དང་དུ་བ་ ལ་ཡོད་པའི་གཟུགས་ལ་སོགས་པ་དང་ལྡན་པ་ཉིད་ལྟ་བུའོ། །དེ་དག་གི་གཞུང་ལུགས་ཀྱི་འབྲེལ་པ་དེ་དག་ཁོ་ནར་འབྲེལ་པའི་གཏན་ཚིགས་ནི་རྟོགས་པར་བྱེད་པ་ཡིན་ཏེ། དེ་བསལ་བའི་ཕྱིར་འབྲེལ་པ་གཉིས་པ་བརྗོད་དོ། །སྤྱོད་པ་པ་རྣམས་ནི་ད་ལྟར་ཐམས་ཅད་མཁྱེན་པ་ ལ་སོགས་པ་མི་དམིགས་པའི་ཕྱིར། མ་འོངས་པའི་དུས་ན་ཡང་དེའི་སྒོ་ནས་དེ་མེད་པར་ཤེས་ཏེ། དེ་བསལ་བའི་ཕྱིར་མི་དམིགས་པ་བརྗོད་དོ། །རྒྱལ་དཔོག་པ་ལ་སོགས་པ་གང་དག་རང་གི་དམིགས་པ་ལ་སོགས་པ་རྒྱུ་མ་ཡིན་པ་དང་། ཁྱད་པར་བྱེད་པ་མ་ཡིན་པ་དང་། འབྲས་ བུ་མ་ཡིན་པའི་བཀག་པ་དང་། ཚིག་ལ་སོགས་པ་དངོས་པོ་དང་བསྒྲུབ་པས་ཀྱང་མི་འགལ་བ་བསྒྲུབ་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ལ་སོགས་པ་འགོག་པར་སྨྲ་སྟེ། དེ་དག་གི་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་དང་། འཇིག་པ་རྒྱུ་དང་བཅས་པར་སྨྲ་བ་འགག་པའི་ཕྱིར། མི་དམིགས་པའི་རབ་ཏུ་དབྱེ་བ་བརྗོད་དོ། །དགག་པའི་གཏན་ཚིགས་ཀྱི་སྦྱོར་བའི་དབྱེ་བ་རྣམ་པ་མང་པོ་ཞིག་ཡོད་ཀྱང་། མེ་ལ་སོགས་པ་མེ་ཉིད་ལ་སོགས་པ་གཞན་ལས་དགག་པ་འགྲུབ་པ་མ་ཡིན་གྱི། འོན་ཀྱང་རང་བཞིན་མི་དམིགས་པ་ཁོ་ནས་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། ཁོངས་ སུ་འདུ་བ་འཐད་པ་དང་བཅས་པ་བརྗོད་དེ། འཐད་པ་ནི་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བསྐལ་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་ནི། ཕ་རོལ་པོས་རབ་ཏུ་སྦྱར་བའི་མི་དམིགས་པ་ལ་ནུས་པ་མེད་པར་བསྟན་པ་ཡིན་ནོ། །རྗེས་སུ་དཔག་ པ་འདིའི་མཚན་ཉིད་ནི། བཅོམ་ལྡན་འདས་རྗེས་སུ་དཔག་པའི་རྟེན་གྱི་རྟགས་སྟོན་པར་མཛད་པ་ཉིད་ཀྱིས་གསུངས་ཏེ། འདི་ལ་རྟགས་ནི་བསྒྲུབ་པར་བྱ་བ་མེད་ན་ནི་འབྱུང་བར་ངེས་པ་ཡིན་ན། རྗེས་སུ་དཔག་པའི་ཤེས་པའི་རྒྱུ་ཡིན་ཏེ། དེ་ཡང་དགེ་སློང་དག་ཀུན་དུ་འབྱུང་བའི་ཆོས་ཅན་ གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་དེ་སྐད་དུ་བསྒྲུབ་པར་བྱ་བས། གཏན་ཚིགས་ལ་ཁྱབ་པར་སྟོན་པར་མཛད་པས། བསལ་བ་ཁོ་ནར་རབ་ཏུ་བསྟན་པ་ཡིན་ནོ། །རྟགས་དེ་ཡང་རང་བཞིན་དང་། འབྲས་བུ་དང་། མི་དམིགས་པའི་བདག་ཉིད་རྣམ་པ་ གསུམ་དུ་ཡང་བསྟན་པ་ཁོ་ན་སྟེ། དེ་ལ་དགེ་སློང་དག་ཀུན་འབྱུང་བའི་ཆོས་ཅན་གང་ཅི་ཡང་རུང་ཞེས་བྱ་བ་འདིས་ནི་རང་བཞིན་ཞེས་བྱ་བའི་གཏན་ཚིགས་བཤད་དོ། །འབྲས་བུ་ཞེས་བྱ་བ་ཡང་། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། ། རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་བྱ་བ་འདིས་བསྟན་པ་ཁོ་ན་ཡིན་ནོ། །མི་དམིགས་པ་ཙམ་ཚད་མ་ཉིད་ཡིན་པ་སྤང་བར་མཛད་པས། མི་དམིགས་པའི་ཁྱད་པར་ཞེས་བྱ་བ་ཡང་བསྟན་པ་ཁོ་ན་སྟེ། ཇི་སྐད་དུ། དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་འཛིན་ཅིག ། གང་ཟག་ལ་ཚད་ཀྱང་མ་འཛིན་ཅིག །དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་འཛིན་པ་ནི་ཉམས་པར་འགྱུར་ཏེ། གང་ཟག་གི་ཚོད་ནི་ང་འམ་ང་དང་འདྲ་བ་ཡོད་པ་གང་ཡིན་པས་གཟུང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །འདིས་ནི་ངོ་བོ་ཉིད་ཀྱིས་བསྐལ་པའི་དོན་དག་ལ་མི་དམིགས་ པ་ཙམ་ཚད་མ་ཉིད་ཡིན་པ་སྤོང་བར་མཛད་པས། མི་དམིགས་པ་ཁོ་ན་ཚད་མ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རིགས་པ་ཅན་ལ་སོགས་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཚིག་ཡན་ལག་ལྔ་པ་ཡིན་ཏེ། ཡན་ལག་ལྔ་ནི། དམ་བཅས་པ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་རྣམས་སོ་ཞེས་ཟེར་རོ། །རང་གི་སྡེ་པ་ཁ་ཅིག་ཀྱང་། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི། ཚིག་ཡན་ལག་གསུམ་པ་ཡིན་ཏེ། ཡན་ལག་གསུམ་ནི་དམ་བཅའ་བ་དང་། གཏན་ཚིགས་དང་། དཔེ་རྣམས་ སོ་ཞེས་བྱ་བར་བསྟན་ཏོ། །གཞན་དག་ནི་སྔར་བཤད་པའི་ཡན་ལག་ལྔ་པོ་དེ་ཁོ་ན་ལྟར་འདོད་དེ། དེ་དག་དགག་པར་འདིའི་རང་གི་ངོ་བོ་བསྟན་ཏོ། །རྟོག་གེ་པ་གཞན་ཐམས་ཅད་ནི། འདི་རེ་ཞིག་ཆོས་མཐུན་པ་དང་། ཆོས་མི་མཐུན་པ་དང་ལྡན་པའི་ཚིག་སྦྱོར་བ་གང་ཡིན་པ་འདི་ཙམ་ ཞིག་ཆུལ་ཡིན་ནོ། དེ་ལྟ་མ་ཡིན་ན་ཆོས་མཐུན་པ་ཙམ་ཞིག་སྦྱར་བས་ཀྱང་། ཇི་ལྟར་ཆོས་མི་མཐུན་པར་རྟོགས་པར་འགྱུར། ཆོས་མི་མཐུན་པ་ཙམ་ཞིག་སྦྱར་ན་ཡང་ཆོས་མཐུན་པ་རྟོགས་པར་ག་ལ་འགྱུར། དེ་ལྟ་བས་ན་གཉི་ག་རྟོགས་པར་བྱ་བའི་ཕྱིར་གཉི་ག་བརྗོད་པར་བྱ་ དགོས་སོ་ཞེས་བྱ་བར་རྟོགས་སོ། །དེ་བསལ་བའི་ཕྱིར་དེ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་དབྱེ་བ་བརྗོད་དོ། །དེ་ལ་སྦྱོར་བ་གཅིག་གི་ཡང་ནུས་པ་ཉེ་བར་བསྟན་པའི་ཕྱིར། དཔེར་བརྗོད་པ་བསྙད་དོ། །བྱེ་བྲག་པ་ལ་སོགས་པ་ནི་སྐྱེ་བ་དང་ལྡན་པ་ཐམས་ཅད་ལ་འབྲེལ་པ་ ལ་སོགས་པ་ཁྱད་པར་སྒྲ་རྣམས་འཇུག་པའི་རྒྱུ་མཚན་ཐ་དད་པ་ཁོ་ན་ཡོད་པར་ཉེ་བར་རྟོག་ཅིང་། སྒྲ་ཙམ་ཐ་དད་པའི་སྒོ་ནས་དོན་ཐ་དད་པར་རྟོགས་ཏེ། དེ་དག་གི་གཞུང་ལུགས་དགག་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་ཀྱིས་རབ་ཏུ་དབྱེ་བ་རྣམ་པ་གསུམ་བསྟན་ཏོ། །རང་བཞིན་ གྱི་གཏན་ཚིགས་རྣམ་པ་འདི་གསུམ་ཆར་གྱི་ཡང་ལོག་པར་རྟོགས་པར་བསལ་བའི་ཕྱིར། སྔར་བཤད་པ་ཁོ་ནའི་ཡུལ་ཉེ་བར་བསྟན་པར་བསྒྲུབ་པའི་ཆོས་དེ་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྦྱོར་བ་གཅིག་ལ་ཡང་ཚུལ་གསུམ་པའི་རྟགས་བསྒྲུབ་པའི་ནུས་པ་ ཡོད་པ་ཁོ་ནའོ་ཞེས་བྱ་བར་བསྟན་པའི་ཕྱིར། ཆོས་མཐུན་པས་ཀྱང་ཞེས་བྱ་བ་ལ་སོགས་པ་ཆོས་ཉེ་བར་བརྗོད་དོ། །རང་གི་སྡེ་པ་གང་དག་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་དག་ནི་ལྡོག་པ་ཡིན་པའི་ཕྱིར་མ་བསྟན་པ་ལ་ཡང་རག་ན་ཕྱོགས་གོ་ཅི་སྟེ་སྟོན་པར་མི་བྱེད་སྙམ་སྟེ་སེམས་པ་དེ་ དག་ལ་སྦྱོར་བ་འདི་གཉི་ག་ལ་ཡང་ཕྱོགས་བསྟན་པར་ངེས་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་བསྒྲུབ་པར་བྱ་བ་མ་ཡིན་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་བཟུང་ནས། དེའི་སྒོ་ནས་གཏན་ཚིགས་ཀྱི་སྐྱོན་རྗོད་པར་བྱེད་དེ། དེ་དག་བསལ་བའི་ཕྱོགས་ ཀྱི་མཚན་ཉིད་བཤད་དོ། །རིགས་པ་ཅན་ལ་སོགས་པ་ནི་དམ་བཅའ་ནི་བསྒྲུབ་པར་བྱ་བ་བསྟན་པ་ཡིན་ནོ་ཞེས་ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་དང་བཅས་པར་ཉེ་བར་སྟོན་ཏོ། །དེ་བཞིན་དུ་རང་གི་སྡེ་པ་ཁ་ཅིག་གིས་ཀྱང་མཚན་ཉིད་ཡོངས་སུ་མ་དག་པར་ཉེ་བར་བསྟན་ཏེ། དེ་སྐད་དུ་སློབ་དཔོན་ དབྱིག་གཉེན་གྱིས་རྣམ་པར་དཔྱད་པར་འདོད་པའི་དོན་ཕྱོགས་ཡིན་ནོ་ཞེས་བཤད་དོ། །ནམ་མཁའི་གོས་ཅན་རྣམས་ནི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པར་ཡང་གཏན་ཚིགས་ཡིན་པར་རྟོགས་ཏེ། དཔེར་ན་ཤིང་རྣམས་ནི་སེམས་ཅན་ཡིན་ཏེ། ནུབ་མོ་ཉལ་བའི་ཕྱིར་རོ་ཞེས་ཟེར་བ་ལྟ་ བུའོ། །དེ་དག་གིས་ཉལ་བ་འདབ་མ་འཁུམས་པ་ལ་སོགས་པ་ཙམ་གྱི་མཚན་ཉིད་ཡིན་པར་བརྗོད་པར་འདོད་མོད་ཀྱི། འོན་ཀྱང་འདི་ནི་ཕྱོགས་སུ་བྱས་པའི་ཤིང་ཐམས་ཅད་ལ་མ་གྲུབ་སྟེ། དེ་ཤིང་ཏི་ན་ཏི་ཀ་ལ་སོགས་པ་ཁོ་ན་ལ་མཐོང་བའི་ཕྱིར་རོ། །དེ་རྣམ་པར་གཅད་པར་གོ་རིམས་བཞིན་ དུ་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། ངེས་པར་གཟུང་བ་སྨོས་ཏེ། ཡུལ་ཁྱད་པར་ཅན་དུ་ངེས་པར་གཟུང་བ་ནི་འདོད་པའི་དོན་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བཤད་མ་ཐག་པའི་དོན་རྟོགས་པར་མི་འགྱུར་རོ། །བྱེ་བྲག་ལ་སོགས་པ་ནི་རྗེས་སུ་དཔག་པར་བྱ་བ་ཁོ་ན་ ལ་ཡོད་པ་ཐུན་མོང་མ་ཡིན་པ་མ་ངེས་པ་ཡང་དངོས་སུ་གཏན་ཚིགས་ཡིན་པར་ཁས་ལེན་ཏེ། དཔེར་ན་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ། །དེ་བཟློག་པའི་ཕྱིར་མཐུན་པའི་ཕྱོགས་ལ་ཡོད་པ་བརྗོད་དོ། ། ཕྱོགས་ཀྱི་མཚན་ཉིད་འདི་རྣམ་པ་གཉི་ག་ཡང་ཧ་ཅང་ཁྱབ་ཆེ་བའི་ཉེས་པ་ཡོད་ལ། དེ་དག་ལ་གཏན་ཚིགས་དང་དཔེ་མ་གྲུབ་པ་སྨྲ་བ་ཡང་ཡོད་པའི་ཕྱིར་ཏེ། དེའི་ཕྱིར་ཡང་ཕྱོགས་ཀྱི་མཚན་ཉིད་བསྟན་པ། གྲངས་ཅན་པ་རྣམས་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་མ་གྲུབ་པ་ཡང་བསྒྲུབ་པར་ བྱ་བ་ཉིད་དུ་སྟོན་ཏེ། དཔེར་ན་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །གཞན་གྱི་དོན་ནི་སྤྱི་ཡིན་པས་དེའི་ཕྱིར་རང་གི་ངོ་བོ་ཞེས་བྱ་བ་སྨོས་སོ། །ཁོ་ན་ཞེས་བྱ་བ་ནི་ཧ་ཅང་ཡང་ཁྱབ་ཆེས་པའི་ཉེས་པ་བསལ་བའི་ཕྱིར་རོ། །གྲངས་ཅན་པ་ལ་སོགས་པ་ནི་རྒོལ་བ་མི་ འདོད་ཀྱང་བླ་སྟེ། བསྟན་བཅོས་བྱེད་པར་འདོད་པ་ཐམས་ཅད་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །དེའི་སྒོ་ནས་བྱས་པ་ཉིད་ལ་སོགས་པ་ཡང་དག་པའི་སྒྲུབ་པ་ལ་ཡང་འགལ་བ་རྗོད་པར་བྱེད་དེ། དེ་དང་འདྲ་བར་ཆོས་ཅན་སྒྲ་ལ་ནམ་མཁའི་ཡོན་ཏན་ཡང་མེད་པར་ བསྒྲུབ་པའི་ཕྱིར། བྱེ་བྲག་པ་ལ་སོགས་པའི་གཏན་ཚིགས་ནི་འགལ་བ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་སྟེ། དེའི་ཕྱིར་བདག་ཅེས་བྱ་བ་སྨོས་སོ། །གྲངས་ཅན་པ་ལ་སོགས་པ་ན་རེ་ཚིག་ཏུ་སྨྲས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་མ་སྨྲས་པ་ནི་མ་ཡིན་ནོ་ཞེས་ཟེར་ཞེས་གྲགས་ཏེ། དེའི་ཕྱིར་ འདོད་པ་ཞེས་བྱ་བ་སྨོས་སོ། །རྒྱལ་དཔོག་པ་རྣམས་ནི་རང་རིག་པའི་མངོན་སུམ་དུ་རབ་ཏུ་གྲུབ་པ་བློ་དང་བདེ་བ་ལ་སོགས་པ་ཡང་མངོན་སུམ་མ་ཡིན་པ་དེ་ཉིད་དུ་རབ་ཏུ་ཤེས་ཏེ། དེ་དག་གིས་དམ་བཅའ་བ་ནི་སྒྲ་མཉན་པར་བྱ་བ་མ་ཡིན་པ་ཉིད་དུ་དམ་བཅའ་བ་དེ་བཞིན་དུ། མངོན་སུམ་ གྱི་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགལ་བ་དང་པོ་བརྗོད་དོ། །དེ་དག་ཉིད་སྒྲ་རྟག་པ་ཉིད་སྒྲ་ཤེས་ལ། གྲངས་ཅན་པ་ལ་སོགས་པ་གསལ་བར་སྨྲ་བ་རྣམས་ཀྱང་རྟག་པ་ཉིད་དུ་གསལ་བ་ཁོ་ནར་ཁས་ལེན་པས། དེའི་ཕྱིར་རྗེས་སུ་དཔག་པས་གནོད་པ་བསལ་ཏོ། །བརྡ་སྤྲོད་པ་ ཁ་ཅིག་སྒྲ་བཟང་པོ་ཁོ་ན་རྗོད་པར་བྱེད་པ་ཡིན་གྱི་མི་བཟང་བ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། དངོས་པོ་ཐམས་ཅད་སྒྲ་བརྗོད་པར་བྱ་བ་ཉིད་དུ་རུང་བར་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་སྐྱེ་བོ་གནག་རྫི་མོ་ཡན་ཆད་ལ་གྲགས་པ་འདོད་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་གྲགས་པས་གསལ་བ་བསལ་ ཏོ། །འཇིག་རྟེན་རྒྱང་པན་པ་རྣམས་ནི་གཞན་དག་ལ་རང་གི་བརྗོད་པར་འདོད་པའི་དོན་ལྐོག་ཏུ་གྱུར་པ་ཚིག་རྟགས་དེ་མེད་ན་མི་འབྱུང་བའི་སྒོ་ནས་རྗེས་སུ་དཔོག་པར་བྱེད་ཀྱང་། རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེའི་ཕྱིར་རང་གི་ཚིག་དང་འགལ་བ་ བརྗོད་དོ། །རིགས་པ་ཅན་རྣམས་ནི་གཏན་ཚིགས་ལྟར་སྣང་བ་རྣམས་ཀྱི་མཚན་ཉིད་ནི། འཁྲུལ་པ་དང་བཅས་པ་དང་། འགལ་བ་དང་། སྐབས་དང་། མཚུངས་པ་དང་། བསྒྲུབ་པར་བྱ་བ་དང་། མཚུངས་པ་དང་། དུས་ལས་འདས་པ་ནི་གཏན་ཚིགས་ལྟར་ སྣང་བ་དག་ཡིན་ནོ་ཞེས་གཞན་དུ་འཆད་པར་བྱེད་དེ། དེ་ལ་འཁྲུལ་པ་དང་བཅས་པ་མ་ངེས་པ་ཡིན་ཏེ། དཔེར་ན་སྒྲ་ནི་རྟག་པ་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གྲུབ་པའི་མཐའ་ཁས་བླངས་པས་དེ་དང་འགལ་བར་བྱེད་པ་ནི་འགལ་བ་སྟེ། དཔེར་ན་བྱེ་བྲག་ནི་རྡུལ་ ཕྲ་རབ་དག་ནི་ལུས་ཅན་མ་ཡིན་པའི་ཕྱིར་རྩོམ་པར་བྱེད་པ་མ་ཡིན་ཞེས་ཟེར་བ་ལྟ་བུའོ། །གང་གི་ཕྱིར་སྐབས་བསམ་པ་དེ་གཏན་ལ་དབབ་པའི་ཕྱིར། བསྟན་པ་ནི་སྐབས་དང་མཚུངས་པ་སྟེ། དཔེར་ན་བདག་ནི་རྟག་པ་སྟེ་ལུས་ལས་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །བསྒྲུབ་པར་བྱ་ བ་དང་ཁྱད་པར་མེད་པ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་མཚུངས་ཏེ། དཔེར་ན་སྒྲ་ནི་རྟག་པ་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་བློ་ལྟ་བུ་ཞེས་བྱ་བ་ལྟ་བུ་དང་། གཞན་དག་ན་རེ་རྫས་ཡིན་ཏེ། ལུས་ལས་འོང་བ་དང་ལྡན་པའི་ཕྱིར་རོ་ཞེས་དཔེར་རྗོད་པར་བྱེད་པ་ལྟ་བུའོ། །དུས་ འདས་ནས་བསྟན་པ་ནི་དུས་ལས་འདས་པ་སྟེ། དཔེར་ན་སྒྲ་ནི་མི་རྟག་པ་སྟེ་བུམ་པ་བཞིན་ནོ་ཞེས་སྨྲས་ནས་དྲིས་པ་དང་བྱས་པའི་ཕྱིར་རོ་ཞེས་གཏན་ཚིགས་སྨྲས་པ་ལྟ་བུའོ་ཞེས་ཟེར་རོ། །བྱེ་བྲག་པ་རྣམས་ན་རེ་སྟོན་པ་མ་ཡིན་པ་ནི་རབ་ཏུ་མ་གྲུབ་པ་དང་། མེད་པ་དང་། ཐེ་ཚོམ་ཟ་ བའོ་ཞེས་ཟེར་ཏེ། གང་ལ་རྟགས་དང་རྟགས་ཅན་དག་འབྲེལ་པར་མ་གྲུབ་པ་དེ་ལ་མ་གྲུབ་པ་ཡིན་ནོ། །འབྲེལ་པ་མེད་པ་ནི་མེད་པ་སྟེ། དཔེར་ན་རྭ་ཅན་ཡིན་པའི་ཕྱིར་རྟའོ་ཞེས་བྱ་བ་ལྟ་བུའོ། །རྭ་ཅན་ཡིན་པའི་ཕྱིར་བ་ལང་ངོ་ཞེས་བྱ་བ་ལྟ་བུ་ནི་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ དག་དགག་པའི་ཕྱིར་དང་གཞན་གྱིས་རབ་ཏུ་སྦྱར་བའི་གཏན་ཚིགས་རྣམས་ཀྱི་མ་གྲུབ་པ་ཉིད་ལ་སོགས་པའི་སྐྱོན་བརྗོད་པའི་ཕྱིར་གཏན་ཚིགས་ལྟར་སྣང་བ་དག་བསྟན་ཏོ། །ཤིང་དག་ལ་སེམས་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའི་གོས་ཅན་རྣམས་ཀྱིས་དམ་འཆའ་བ་ཡིན་ནོ། །བདེ་ བ་ལ་སོགས་པ་ལ་སེམས་མེད་དོ་ཞེས་བྱ་བ་ནི་གྲངས་ཅན་པ་རྣམས་ཀྱི་ཡིན་ནོ། །བདག་ནི་ཐམས་ཅད་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཅན་རྣམས་ཀྱི་ཡིན་ནོ། །སྒྲ་ནི་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་དཔྱོད་པ་པ་རྣམས་ཀྱི་ཡིན་ནོ། །སྐྱེས་བུ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ པར་དམ་འཆའ་བ་ནི་རྒྱལ་དཔོག་པ་རྣམས་ཀྱི་ཡིན་ནོ། །རང་གི་སྡེ་པ་ཁ་ཅིག་ཀྱང་འདོད་པ་ལ་གནོད་པ་བྱེད་པ་ཞེས་བྱ་བ་འགལ་བ་གཞན་ཡང་ཡོད་དོ་ཞེས་རྗོད་པར་བྱེད་དོ། །དེ་དགག་པའི་ཕྱིར་འདོད་པ་ལ་གནོད་པ་བྱེད་པ་འགལ་བ་གསུམ་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ སྨོས་སོ། །རིགས་པ་ཅན་རྣམས་ན་རེ། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ། །རང་གི་སྡེ་པ་ཁ་ཅིག་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་ཡང་འགལ་བ་མི་འཁྲུལ་པ་ཅན་ཞེས་བྱ་བ་མ་ ངེས་པའི་གཏན་ཚིགས་ཡོད་དོ་ཞེས་བརྗོད་དེ། དེ་ལ་དཔེར་བརྗོད་པ་ནི་དཔེར་ན་སྒྲ་མི་རྟག་པ་སྟེ་བྱས་པའི་ཕྱིར་བུམ་པ་ལྟ་བུའོ་ཞེས་བྱ་བ་ལ་ཡང་གང་གི་ཚེ་གཞན་ཞིག་གིས་བརྒལ་ཏེ། སྒྲ་ནི་རྟག་པ་སྟེ་མཉན་པར་བྱ་བ་ཡིན་པའི་ཕྱིར་སྒྲ་ཉིད་ལྟ་བུའོ་ཞེས་སྨྲས་པ་དེའི་ཚེ་སྦྱོར་བ་སྔ་མ་མ་ངེས་ པ་ཡིན་ནོ་ཞེས་ཟེར་རོ་ཞེས་གྲགས་ཏེ། དེ་དགག་པའི་ཕྱིར་འགལ་བ་མི་འཁྲུལ་བ་ཅན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །པེའི་ལུ་ཀ་ན་རེ་སྤྱི་ནི་ཐམས་ཅད་ན་ཡོད་པ་ཡིན་ཏེ། གསལ་བ་དག་དང་དེ་དག་གི་སྟོང་བ་ཐམས་ཅད་ན་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །པེའི་ཐ་ར་ན་རེ་དེ་ནི་ གསལ་བ་ཐམས་ཅད་ན་ཡོད་པ་ཡིན་གྱི། བར་གྱི་ཡུལ་ལ་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །རིགས་པ་ཅན་ལ་སོགས་པ་ནི་མཚན་ཉིད་གསུམ་པའི་གཏན་ཚིགས་ལས་མ་གཏོགས་པ་དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་ཡོད་དོ་ཞེས་ཟེར་ཏེ། དེ་བསལ་བའི་ཕྱིར། མཚན་ཉིད་གསུམ་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱིས་རབ་ཏུ་སྦྱར་བའི་དཔེ་ཁ་ཅིག་ཀྱང་སྐྱོན་ཅན་ཉིད་དུ་བརྗོད་པའི་ཕྱིར། དཔེ་ལྟར་སྣང་བ་ཉེ་བར་བཀོད་དེ། བྱེ་བྲག་པ་ལ་སོགས་པའི་ལྟར་ན་རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡང་ཡིན་ལ་ལུས་ཅན་ཡང་ཡིན་ཏེ། ལུས་ཅན་ནི་རྫས་ཐམས་ཅད་ ན་ཡོད་པ་མ་ཡིན་པའི་མཚན་ཉིད་ཡིན་ནོ། །ལས་ནི་ལུས་ཅན་ཡང་མ་ཡིན་ལ་མི་རྟག་པ་ཡང་ཡིན་ནོ། །བུམ་པ་ནི་མི་རྟག་པ་ཡིན་ལ་ལུས་ཅན་ཡང་ཡིན་ནོ། །སེར་སྐྱ་ལ་སོགས་པ་ནི་འདོད་ཆགས་དང་ལྡན་པ་ཡིན་ཏེ་སྨྲ་བའི་ཕྱིར་ལམ་པོའི་ཆེའི་མི་བཞིན་ནོ་ཞེས་ བྱ་བ་ནི་རྒྱལ་དཔོག་པ་རྣམས་ཀྱི་སྦྱོར་བ་ཡིན་ནོ། །བྱེ་བྲག་པ་ལ་སོགས་པ་ན་རེ། སྒྲ་མི་རྟག་པ་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་ཟེར་རོ། །དེ་དག་ཉིད་རྗེས་སུ་འགྲོ་བ་རབ་ཏུ་བསྟན་པའི་གཏན་ཚིགས་ཀྱང་རབ་ཏུ་སྦྱོར་བར་བྱེད་དོ། །སེར་སྐྱ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའི་གོས་ཅན་རྣམས་ཀྱི་སྦྱོར་བ་ཡིན་ནོ། །གསུམ་རིག་པའི་བྲམ་ཟེས་ནི་མི་འགའ་ཞིག་གིས་བརྗོད་པར་འདོད་པའི་ཚིག་གཟུང་བར་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྲམ་ཟེ་རྣམས་ཀྱི་སྦྱོར་བ་ཡིན་ནོ། །སེར་སྐྱ་ལ་སོགས་པ་ནི་འདོད་ཆགས་དང་བྲལ་བ་ མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའི་གོས་ཅན་རྣམས་ཀྱི་ཡིན་ནོ། །སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་དཔྱོད་པ་པ་རྣམས་ཀྱི་ཡིན་ནོ། །སྒྲ་ནི་མི་རྟག་པ་ཉིད་དེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་རིགས་པ་ཅན་གྱི་ཡིན་ནོ། །དེ་ལ་ ལྟག་ཆོད་རྣམས་ཀྱི་དཔེར་བརྗོད་པ་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། དཔེར་ན་མི་རྟག་པ་ཉིད་ལ་སོགས་པ་ནི་བསྒྲུབ་པར་བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་ལ་སོགས་པ་ཡང་དག་པར་སྦྱར་ཀྱང་ལྟག་ཆོད་སྨྲ་བས་རྒོལ་བ་ཁྱོད་ཀྱི་གཏན་ཚིགས་འདི་ཅི་བསྒྲུབ་པར་བྱ་བ་དང་ཕྲད་ནས་སྒྲུབ་ པར་བྱེད་དམ་འོན་ཏེ་མ་ཕྲད་ནས། གལ་ཏེ་ཕྲད་ནས་ཡིན་ན་ནི། དེའི་ཚེ་བསྒྲུབ་པར་བྱ་བ་དང་ཁྱད་པར་མེད་པར་འགྱུར་ཏེ། ཀླུང་གི་ཆུ་རྒྱ་མཚོ་དང་ཕྲད་པ་བཞིན་ནོ། །གཞན་ཡང་འདི་བསྒྲུབ་པར་བྱ་བ་གྲུབ་ཟིན་པ་དང་ལྷན་ཅིག་ཕྲད་པར་འགྱུར་རམ། མ་གྲུབ་པ་དང་ཕྲད། རེ་ཞིག་མ་གྲུབ་པ་དང་ ནི་མ་ཡིན་ཏེ། རི་བོང་གི་རྭ་བཞིན་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་གྲུབ་ཟིན་ན་ཡང་འདི་གང་གི་གཏན་ཚིགས་ཡིན་པར་འགྱུར། དེའི་ཕྱིར་ཕྲད་པའི་ཕྱོགས་ནི་རིགས་པ་མ་ཡིན་ནོ། །ཡང་མ་ཕྲད་ཅེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། གཏན་ཚིགས་མ་ཕྲད་པ་རྣམས་དང་ཁྱད་པར་མེད་ པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །འདི་ནི་ཕྲད་པ་དང་མ་ཕྲད་པ་མཚུངས་པ་ཞེས་བྱ་བའི་ལྟག་ཆོད་ཡིན་ཏེ། རིགས་པ་མེད་པས་གཏན་ཚིགས་སུན་འབྱིན་པའི་ཕྱིར་རོ། །གང་ལ་ཕྲད་པ་དང་མ་ཕྲད་པར་ཡོད་པར་ཆོས་མཐུན་པ་ཙམ་གྱིས་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པ་ཡང་གཏན་ཚིགས་ མ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད། ཆུ་དང་འབྱུང་བ་ཉིད་ལ་སོགས་པར་ཆོས་མཐུན་པའི་ཕྱིར་མེས་མི་བསྲེག་པ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཡང་རི་བོང་གི་རྭ་བཞིན་དུ་ཤིན་ཏུ་མ་གྲུབ་པ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ངེས་པ་མ་སྐྱེས་པའི་ཕྱིར་རོ། །ཁྱོད་ཀྱིས་ སུན་འབྱིན་པ་ལ་ཡང་ཀླན་ཀ་འདི་ཐམས་ཅད་མཚུངས་པས་སུན་འབྱིན་པ་མ་ཡིན་པ་ཉིད་དོ། །དེ་ལྟ་བས་ན་འདྲི་བ་ལོག་པ་དེ་ལྟ་བུ་དག་ལ་མཐའ་མེད་པས། དེ་དག་གི་མཚན་ཉིད་ལོགས་ཤིག་ཏུ་བརྗོད་པར་མི་བྱ་སྟེ། ཚད་མའི་མཚན་ཉིད་ཇི་སྐད་བཤད་པ་ངེས་པར་གཟུང་བ་ཁོ་ནས་དེ་ དག་བསལ་བ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤུདྡྷ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་ བསྒྱུར་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་ཡ་བིནྡུ་པིཎྜཱ་རྠཱ། བོད་སྐད་དུ། རིགས་པའི་ཐིགས་པའི་དོན་བསྡུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་རིགས་པ་བཞི་མཁྱེན་དང་། །རྒྱལ་བ་མཛད་དང་མདོར་མཛད་ དང་། །ཕན་བྱེད་དེ་ལ་ཕྱག་འཚལ་ཏེ། །མདོ་རུ་བསྡུས་པ་བརྩམ་པར་བྱ། །མངོན་སུམ་དག་གི་མཚན་ཉིད་དང་། །རང་དང་གཞན་གྱི་དོན་གྱི་དཔག །རྗེས་སུ་དཔག་སྣང་གཉེན་པོའོ། །དེ་ལ་མངོན་སུམ་མཚན་ཉིད་ནི། །གྲངས་དང་སྤྱོད་ཡུལ་རྒྱུ་འབྲས་དང་། །རང་གི་ངོ་བོ་རྣམ་པ་བཞི། ། ལོག་རྟོག་རྣམ་བཞིའི་གཉེན་པོ་ཡིན། །རྗེས་སུ་དཔག་པའི་མཚན་ཉིད་ནི། །གྲངས་དང་ཡུལ་དང་རྒྱུ་འབྲས་དང་། །ཚུལ་དགུ་རྟགས་གསུམ་སྦྱོར་བ་དང་། །མི་དམིགས་པ་ལ་བཅུ་གསུམ་སྟེ། །སྤྱི་དང་དུས་དང་སྦྱོར་བའོ། །མདོར་ན་ཉི་ཤུ་དགུ་རུ་འདོད། །རྗེས་དཔག་མཚན་ཉིད་དྲུག་ཏུ་འདོད། ། དེ་ཡི་གཉེན་པོར་རབ་ཏུ་བསྟན། །གཞན་གྱི་དོན་གྱི་རྗེས་དཔག་ལ། །རྣམ་པ་གཉིས་སུ་བསྟན་པ་སྟེ། །ཆོས་མཐུན་པ་དང་ཆོས་མི་མཐུན། །རེ་རེ་ལ་ཡང་བཅོ་ལྔའོ། །མཐུན་པའི་ཕྱོགས་ལ་བགྲང་བ་ནི། །མི་དམིགས་པ་དང་རང་བཞིན་དང་། །འབྲས་བུའི་རང་ བཞིན་རྣམ་པ་གསུམ། །རང་བཞིན་དག་དང་ཁྱབ་པར་གྱུར། །ཁྱད་པར་བྱེ་བྲག་སྦྱོར་བའོ། །ད་ནི་རེ་རེ་དག་ལ་ཡང་། །རྗེས་སུ་འགྲོ་དང་ཕྱོགས་ཀྱི་ཆོས། །ལྡོག་པ་དག་ནི་ཤུགས་ཀྱིས་བསྟན། །སྤྱི་རུ་བཅོ་ལྔ་མངོན་པར་བརྗོད། །མི་མཐུན་ཕྱོགས་ལ་སྤྱད་ན་ནི། །དེ་དང་འདྲའོ་ གཞན་དུ་ནི། །ལྡོག་དང་ཕྱོགས་ཆོས་དངོས་སུ་བསྟན། །འགྲོ་བ་ཤུགས་ཀྱིས་རྟོགས་པར་བྱ། །ཡང་དག་མ་ནོར་ཕྱོགས་བཞི་ནི། །དངོས་པོ་ཉིད་དང་བདག་ཉིད་འདོད། །མ་བསལ་བའོ་ཕྱོགས་ལྟར་བཞི། །མངོན་སུམ་དག་དང་རྗེས་སུ་དཔག །གྲངས་དང་ཚིག་མ་བསལ་བའོ། །མདོར་ བསྡུས་སུམ་ཅུ་བརྒྱད་དུ་བཞེད། །དེ་རྣམས་དག་གིས་འཇོམས་པར་བྱེད། །རྗེས་སུ་དཔག་པ་ལྟར་སྣང་བ། །རྣམ་པ་གཉིས་སུ་ཤེས་པར་བྱ། །གཏན་ཚིགས་ལྟར་སྣང་ཉི་ཤུ་བཞི། །དཔེ་ཡི་སྐྱོན་རྣམས་ཉི་ཤུའོ། །གཏན་ཚིགས་ལྟ་བུ་བགྲང་བ་ནི། །མ་ཚང་མ་གྲུབ་མ་ངེས་པ། ། འགལ་དང་འགལ་བ་མི་འཁྲུལ་ཅན། །མ་ཚང་བ་ནི་རྣམ་པ་གཉིས། །མ་གྲུབ་པ་ནི་རྣམ་པ་དྲུག །མ་ངེས་པ་ལ་བརྒྱད་དུ་འདོད། །འགལ་བ་དག་ལ་རྣམ་པ་བཞི། །འགལ་བ་མི་འཁྲུལ་གཉིས་ལ་བཞི། །མདོར་ན་ཉི་ཤུ་རྩ་བཞིའོ། །སྤང་བར་བྱའོ་དཔེ་ཡི་སྐྱོན། །མཐུན་པའི་དཔེ་དང་ མི་མཐུན་དཔེ། །རྣམ་པ་གཉིས་སོ་གཞན་ལ་ནི། །མཐུན་པའི་ཕྱོགས་ལ་རྣམ་པ་དགུ། །བསྒྲུབ་བྱར་སྒྲུབ་དང་གཉི་ག་ཡི། །ལས་དང་རྡུལ་དང་བུམ་པའོ། །ཐེ་ཚོམ་ཟ་བ་དེ་ལ་གསུམ། །རྗེས་སུ་འགྲོ་མེད་དང་བསྟན་པ། །ཕྱིན་ཅི་ལོག་ཏུ་བསྟན་པའོ། །མི་མཐུན་ཕྱོགས་ལ་རྣམ་པ་ དགུ། །དེ་དང་འདྲའོ་རྣམ་པ་དྲུག །ལྡོག་པ་མེད་དང་མ་བསྟན་པ། །ལྡོག་པ་ཕྱིན་ཅི་ལོག་དང་གསུམ། །དྲུག་ནི་གོང་པོ་རབ་ཏུ་བརྟགས། །གཉེན་པོ་དག་ལ་སུན་འབྱིན་ནི། །ཡང་དག་པ་དང་ལྟག་ཆོད་དོ། །མདོར་ན་ཉི་ཤུ་དག་དང་གཉིས། །སྤྱིར་ན་བརྒྱ་དང་ཉི་ཤུ་གཅིག ། སྤང་བར་བྱ་བ་བཞི་བཅུ་དྲུག །བསྒྲུབ་པར་བྱ་བ་བདུན་ཅུ་ལྔ། །དེ་ནི་ཚིག་ཀྱང་བདུན་ཅུ་གསུམ། །ཤློ་ཀ་བཅོ་བརྒྱད་རྐང་པ་གཅིག །ཡོངས་སུ་བསྡོམས་ཏེ་མངོན་པར་བརྗོད། །རིགས་ཐིགས་དོན་བསྡུས་འདི་དག་ལ། །འཁྲུལ་ཅིང་ནོར་པ་མཆིས་པ་རྣམས། །འཕགས་དང་མཁས་པ་ རྣམས་ལ་ཡང་། །བཟོད་པར་གསོལ་ལོ་མཁས་པ་རྣམས། །མ་ཧ་པཎྜི་བཟོད་པ་མཛོད། །འཁྲུལ་ནོར་གཞུང་རྣམས་བསྲང་དུ་གསོལ། །རིགས་པའི་ཐིགས་པའི་དོན་བསྡུས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་ དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཧེ་ཏུ་བིནྡུ་ཊཱི་ཀ །བོད་སྐད་དུ། གཏན་ཚིགས་ཀྱི་ཐིགས་པ་རྒྱ་ཆེར་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་ཡོན་ཏན་མཆོག་རབ་ཚོགས་ ཅན་རིགས་པའི་རྒྱལ་པོའི་སྐྱེ་བའི་གཏན་ཚིགས་ལ། །རྟགས་འབད་ཤེས་བྱ་ཀུན་ལ་མུན་པ་ཆེན་པོ་འཐབ་ཚོགས་རྩ་ནས་མེད་པར་བྱས་པ་ཡང་། །སྟོང་པ་སྲིད་གསུམ་འཇིགས་སྤངས་སྐྱེ་བོའི་ཆུ་བོ་ཕ་རོལ་རྒལ་བ་དེ་ལ་ཕྱག་འཚལ་ཏེ། །བློ་དང་ལྡན་པ་རྣམས་ཀྱིས་བསྔགས་བྱ་གཏན་ ཚིགས་ཐིགས་པ་རབ་གསལ་ལུགས་རྒྱས་རྣམ་པར་དབྱེ། །དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་རྗེས་སུ་དཔག་པ་ཉིད་ཡིན་པས་ཞེས་བྱ་བའི་ཚིག་འདིས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་སྟོན་པར་བྱེད་ དོ། །གང་གི་ཕྱིར་འབྲེལ་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་། དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཁས་མི་ལེན་ཏེ། འདི་ལྟར་ཇི་སྲིད་དུ། འདི་ལ་བརྗོད་པར་བྱ་བ་ནི་ཅི་ཞིག་ཡིན་ཞེས་བྱ་བ་མ་གཏོགས་པ་དང་། དེ་བཞིན་དུ་ཇི་སྲིད་དུ་ འདིའི་དགོས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བའམ། འདིའི་འབྲེལ་པ་ནི་གང་ཞིག་ཡིན་ཞེས་བྱ་བ་ཡང་དག་པར་མ་རིག་པ་དེ་སྲིད་དུ་རབ་ཏུ་བྱེད་པ་ལ་དགའ་བ་ཡང་སྐྱེད་པར་མི་བྱེད་ན་མཉན་པ་དང་སེམས་པ་ལ་སོགས་པ་ལ་འཇུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་ ཉན་པའི་སྐྱེ་བོ་སྤྲོ་བར་བྱ་བའི་ཕྱིར་འགྲེལ་པ་ལ་སོགས་པ་གསུམ་བརྗོད་པར་བྱ་སྟེ། བརྗོད་པར་བྱ་བ་བསྙད་པས་ནི་འདི་ལ་བརྗོད་པར་བྱ་བ་ནི་ཅི་ཞིག་ཡིན་སྙམ་དུ་བརྗོད་པར་བྱ་བ་ལ་བརྟེན་པའི་རྨོངས་པ་དེ་ལྟ་བུ་ཟློག་པར་བྱེད་དོ། །དགོས་པ་བརྗོད་པ་ནི་འབྲས་བུ་ མེད་པར་དོགས་པ་ཟློག་པར་བྱེད་དོ། །འབྲེལ་པ་བསྙད་པས་ནི་ཐབས་མ་ཡིན་པར་དོགས་པ་སེལ་བར་བྱེད་དོ། །དེ་འདིར་དེ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་དང་དགོས་པ་དངོས་སུ་བསྟན་ཏོ། །འདི་བརྩམ་མོ་ཞེས་བྱ་བ་འདིས་ནི་ཤུགས་ཀྱིས་ན་ རབ་ཏུ་བྱེད་པ་ཐབས་ཉིད་ཡིན་པར་བསྟན་ཏོ། །དེ་ལ་ཤུགས་ནི་འདི་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་རྩོམ་ན་རབ་ཏུ་བྱེད་པ་ནི་དོན་གྱིས་ན་ཐབས་ཉིད་ཡིན་པར་སྟོན་པར་བྱེད་དེ། འདི་ལྟར་ཐབས་མ་ཡིན་པ་ལ་ནི་རྟོག་ པ་སྔོན་དུ་གཏོང་བ་རྣམས་མི་འཇུག་གོ། །དེའི་ཕྱིར་འབྲེལ་པ་དོན་གྱིས་བསྟན་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཞེས་བྱ་བ་འདི་ནི་བརྗོད་པར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པ་ནི་དགོས་པ་ཡིན་ནོ། །རྗེས་སུ་དཔག་པ་བྱེ་བྲག་ཏུ་ རྟོགས་པ་ཡིད་ཆེས་པའི་རང་བཞིན་དེ་ནི་རབ་ཏུ་བྱེད་པ་འདིས་བྱེད་པས་རབ་ཏུ་བྱེད་པ་འདི་ནི་དགོས་པ་འདིའི་ཐབས་ཡིན་ནོ། །དེ་ལྟ་བས་ན་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ནི་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་ནི་ཐོས་པ་ ལས་རྗེས་སུ་དཔག་པའི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་བས་དེའི་ཕྱིར་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། རྗེས་སུ་དཔག་པ་ནི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པར་གྲུབ་བོ། །བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དང་། བྱ་བ་དང་། བྱེད་པའི་མཚན་ཉིད་དང་། འབྲེལ་ པ་ཡང་འདི་ཁོ་ན་ཡིན་ཏེ། འདི་ལྟར་སྒྲུབ་པ་ནི་རབ་ཏུ་བྱེད་པ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་འབྲས་བུ་ཡིན་ནོ། །བྱེད་པ་ནི་རབ་ཏུ་བྱེད་པ་ཡིན་ནོ། །བྱ་བ་ནི་འབྲས་བུ་ཡིན་ནོ། །བྱ་བའི་མཇུག་ཐོགས་དང་། བླ་མ་བརྒྱུད་པའི་རིམ་པའི་འབྲེལ་པ་ལ་སོགས་པ་ནི་རབ་ཏུ་བྱེད་པ་ལ་འཇུག་པ་ ལ་ཡན་ལག་ཏུ་གྱུར་པ་དག་པ་ཡིན་པས་འབྲེལ་པ་མ་ཡིན་པ་ཁོ་ན་སྟེ། འདི་ལྟར་གང་ཞིག་དོན་དུ་གཉེར་བ་དེ་ནི་དེའི་ཐབས་ལ་འཇུག་གི། འདི་ནི་བླ་མ་བརྒྱུད་དེ་འོངས་པ་ཡིན་ནོ་ཞེས་བྱ་བ་དང་། རྒྱས་པར་བྱ་བའི་མཇུག་ཐོགས་སུ་བསྟན་པ་ཡིན་ཞེས་བྱ་བ་དེ་ཙམ་གྱིས་ནི་དོན་དུ་གཉེར་བ་ རྣམས་ཐབས་མ་ཡིན་པ་ལ་འཇུག་པར་མི་འགྱུར་རོ། །དེ་ལྟ་བས་ན་རྗེས་སུ་དཔག་པར་བྱ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བྱ་བར་གནས་སོ། །དེ་ལྟར་གནས་པ་ལ་བརྒྱ་ལ་འགའ་ཞིག་རྗེས་སུ་དཔག་པ་ཡོངས་སུ་ཤེས་པས་ཅི་ཞིག་བྱ། དེ་ནི་གང་དུའང་དགོས་པ་མེད་ པས་བྱ་རོག་གི་སོ་བརྟག་པ་བཞིན་ནོ། །འདི་ནི་གནས་མ་ཡིན་པ་ལ་ཡོངས་སུ་ངལ་བ་ཡིན་ནོ་ཞེས་སྨྲ་བར་འགྱུར་བས་དེའི་ཕྱིར། དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་རྗེས་སུ་དཔག་པ་ཉིད་ཡིན་པས་ཞེས་བྱ་བ་འདི་སྨོས་སོ། །འདིས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། །དེས་ན་འདི་སྐད་དུ་གང་གི་ ཕྱིར་དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་རྗེས་སུ་དཔག་པ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པ་འབད་དེ་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་པ་དེ་ཡང་རབ་ཏུ་བྱེད་པ་འདི་ལས་འགྱུར་བས་དེའི་ཕྱིར་རྗེས་སུ་དཔག་པ་དགོས་པར་གྱུར་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་ བརྩམ་པར་བྱའོ་ཞེས་བསྟན་པར་འགྱུར་ཏེ། རེ་ཞིག་འདི་ནི་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི། དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་ལས། དབང་པོ་རྣམས་ལས་ལོག་པ་ནི་ལྐོག་ཏུ་གྱུར་པ་སྟེ། དབང་པོའི་ཡུལ་ལས་འདས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དོན་ཡང་ ཡིན་ལ་ལྐོག་ཏུ་གྱུར་པའང་ཡིན་པས་དོན་ལྐོག་ཏུ་གྱུར་པ་སྟེ། དོན་ཞེས་བྱ་བ་ནི་གཞལ་བྱའོ། །དེ་ཡང་བླང་བར་བྱ་བ་དང་། དོར་བར་བྱ་བ་དང་། བཏང་སྙོམས་སུ་བྱ་བ་ཡིན་པས་རྣམ་པ་གསུམ་དུ་འདོད་དོ། །དེ་ལ་འདིར་དོན་ཞེས་སྨོས་པས་ནི་གཞལ་བྱ་སྤྱིར་བསྟན་ཏོ། །ལྐོག་ཏུ་གྱུར་པ་ཞེས་སྨོས་པས་ ནི་དེ་ཉིད་ཁྱད་པར་དུ་བྱས་སོ། །གང་དག་བླང་བ་དང་དོར་བ་དང་བཏང་སྙོམས་ཀྱི་ཡུལ་ཉིད་ཀྱིས་དོན་དུ་གཉེར་བར་བྱ་བ་དང་། དོན་དུ་གཉེར་བར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡིན་ལ། དོན་གྱི་སྒྲས་ནི་དོན་དུ་གཉེར་བར་བྱ་བ་མ་ཡིན་པ་རྣམ་པར་གཅོད་པར་བྱེད་པ་དེ་དག་གི་ལྟར་ན་ནི་དོར་བར་བྱ་བ་དང་། བཏང་ སྙོམས་སུ་བྱ་བ་རྗེས་སུ་དཔག་པར་མི་འགྱུར་རོ། །དོན་ལྐོག་ཏུ་གྱུར་པ་ལ་སྒྲུབ་པ་སྟེ། སྒྲུབ་པར་ཞེས་བྱ་བའི་སྒྲ་ནི་ལེན་པ་དང་འདོར་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱི་བསྒྲུབ་པ་ལ་བྱའོ། །གང་གི་རྟེན་རྗེས་སུ་དཔག་པ་ཡིན་པ་དེ་ནི་རྟེན་རྗེས་སུ་དཔག་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། རྟེན་ རྗེས་སུ་དཔག་པ་ཉིད་ཡིན་པ་དེའི་ཕྱིར་རོ། །འདིར་རྗེས་སུ་དཔག་པའི་སྒྲ་ནི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་པ་ལ་བྱའོ། །རྟེན་གྱི་སྒྲ་ནི་རྒྱུ་ལ་བྱའོ། །དེས་ན་འདི་སྐད་དུ་འདི་ལྟར་དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྒྱུ་ནི་རྗེས་སུ་དཔག་པ་ཡིན་པས་ཞེས་བཤད་པར་འགྱུར་རོ། །མདོར་བསྡུས་ནས་ཞེས་ བྱ་བ་ནི་འདིར་བསྡུས་པ་ལ་འགལ་བའི་སྲོག་ཆགས་རྣམས་མགུ་བར་བྱ་བའི་ཕྱིར་དངོས་པོ་མངོན་པར་བསྡུས་པར་བརྗོད་པར་བཞེད་པ་ཡིན་གྱི། གཞུང་བསྡུས་པ་ནི་མ་ཡིན་ཏེ། འདི་ལྟར་འདི་ལ་གཞུང་ནི་མང་ལ། དངོས་པོ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཙམ་དཔྱོད་པར་ཟད་དེ། མངོན་སུམ་ཡང་མི་ དཔྱོད། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡང་མི་དཔྱོད་ལ། དེ་བཞིན་དུ་གཏན་ཚིགས་ལྟར་སྣང་བ་དང་དཔེ་ཡང་མི་དཔྱོད་དོ། །དེ་ལྟ་བས་ན་འདི་མདོར་བསྡུས་པའི་སྒྲ་ནི་དངོས་པོ་བསྡུས་པ་བརྗོད་པར་བཞེད་པ་ཡིན་ནོ། །དེ་ལ་བྱེ་བྲག་ཏུ་རྟོགས་པ་ནི་དེ་བྱེ་བྲག་ཏུ་རྟོགས་པ་སྟེ། འདིར་དེ་ཞེས་བྱ་བའི་སྒྲ་ ནི་རྗེས་སུ་དཔག་པ་དང་སྦྱར་རོ། །དེ་བྱེ་བྲག་ཏུ་རྟོགས་པ་ནི་སོ་སོར་ངེས་པའི་རང་གི་ངོ་བོ་ཡིད་ཆེས་པ་སྟེ། དེ་བྱེ་བྲག་ཏུ་རྟོགས་པར་བྱ་བ་དེའི་ཕྱིར་རོ། །འདི་བརྩམ་མོ་ཞེས་བྱ་བ་ནི་བློ་ལ་རྣམ་པར་གནས་པ་སྟེ། འདི་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་མཐའ་དག་ལ་སྙེགས་སོ། །བརྩམ་ཞེས་བྱ་བ་ནི་རབ་ཏུ་ བྱེད་པའི་གཞུང་གི་བདག་ཉིད་དུ་བརྩམ་པར་བྱ་བ་བསྟན་ཏོ། །དེ་ལྟ་བས་ན་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་དོན་ལྐོག་ཏུ་གྱུར་པ་སྒྲུབ་པ་ལེན་པ་དང་འདོར་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱི་རྒྱུ་ནི་རྗེས་སུ་དཔག་པ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པར་ བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ། །ཡང་ན་དོན་ལྐོག་ཏུ་གྱུར་པ་སྒྲུབ་པ་ནི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་པ་ཡིན་ལ། རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ཡིན་ཏེ། འདིས་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེས་ན་འདི་སྐད་དུ། གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བ་བསྒྲུབ་པ་ནི་ཚུལ་གསུམ་པའི་རྟགས་ལ་རག་ལུས་པ་དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱི་མཚན་ཉིད་རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བཤད་པར་འགྱུར་རོ། །དེ་ལ་གང་གི་ཚེ་རྗེས་སུ་དཔག་པ་རྗེས་སུ་དཔག་པར་བྱ་བའི་ ཡུལ་ཅན་གྱི་ཤེས་པ་ཡིན་པར་གཟུང་བ་དེའི་ཚེ་དེ་བྱེ་བྲག་ཏུ་རྟོགས་པ་ནི་ཚུལ་གསུམ་པའི་རྟགས་ལ་རག་ལུས་པ་ཡིན་པས་ཚུལ་གསུམ་པའི་རྟགས་ཉིད་བསྒྲུབ་པར་བྱ་བའི་ཕྱིར། ཕྱོགས་ཆོས་དེའི་ཆས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་ཚུལ་གསུམ་པའི་རྟགས་རྗེས་སུ་དཔག་པའི་ སྒྲར་བརྗོད་པ་དེའི་ཚེ་ཡང་དངོས་སུ་རྟགས་ཉིད་བྱེ་བྲག་ཏུ་རྟོགས་པར་བྱ་བར་རིགས་པར་གྱུར་པས་དེ་ཉིད་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཕྱོགས་ཆོས་དེའི་ཆས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིགས་སུ་བཅད་པ་འདིས་རབ་ཏུ་བྱེད་པའི་ལུས་མཐའ་དག་བསྡུས་ནས་སྟོན་པར་བྱེད་དོ། །ཡན་ལག་གི་ དོན་ནི་འབྲེལ་པ་ལས་བདག་ཉིད་ཀྱིས་སྟོན་པར་བྱེད་དོ། །བསྡུས་པའི་དོན་ནི་བརྗོད་པར་བྱ་སྟེ། གང་ཞིག་ཕྱོགས་ཀྱི་ཆོས་ཡིན་ལ། དེའི་ཆས་ཁྱབ་པ་དེ་ནི་གཏན་ཚིགས་ཡིན་ནོ། །དེ་ཡང་མེད་ན་མི་འབྱུང་བ་མ་གཏོགས་པ་མེད་པའི་ཕྱིར། རང་བཞིན་དང་། འབྲས་བུ་དང་། མི་དམིགས་པའི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ན་ཡིན་ ནོ། །གཏན་ཚིགས་གསུམ་པོ་ལ་མ་གཏོགས་པ་གཞན་ནི་གཏན་ཚིགས་ལྟར་སྣང་བ་དག་ཡིན་ནོ། །མདོ་ལས་ཕྱོགས་ཀྱི་ཆོས་ནི་གཏན་ཚིགས་སོ་ཞེས་བཤད་པ་དེ་ལ། གལ་ཏེ་སྤྱི་ཕྱོགས་ཡིན་པར་གཟུང་ན་ནི་དེའི་ཚེ་གཏན་ཚིགས་མ་གྲུབ་པར་འགྱུར་བའམ། གྲུབ་ན་ཡང་རྗེས་སུ་དཔག་པ་དོན་མེད་པར་ འགྱུར་རོ་སྙམ་དུ་སེམས་པ་ལ། ཕྱོགས་ནི་ཆོས་ཅན་ཏེ་ཞེས་བྱ་བ་སྨོས་ཏེ། འདིར་ཆོས་ཅན་ཕྱོགས་ཀྱི་སྒྲར་བཤད་ཀྱི་སྤྱི་ནི་མ་ཡིན་ནོ་སྙམ་དུ་དགོངས་སོ། །དེའི་ཕྱིར་ཆོས་ཅན་གྱི་ཆོས་གཏན་ཚིགས་ཡིན་པར་བཤད་པར་འགྱུར་རོ། །ཅིའི་ཕྱིར་ཆོས་ཅན་འགའ་ཞིག་ལ་ཕྱོགས་ཞེས་བྱ་སྙམ་པ་ལ་དེའི་ཕྱིར། ཡན་ལག་ལ་སྤྱིའི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་ཞེས་བྱ་བ་སྤྱི་ལ་ཡན་ལག་གཉིས་ཡོད་དེ། ཆོས་དང་ཆོས་ཅན་ནོ། །དེ་བས་ན་འདིར་ཆོས་ཅན་ཙམ་འབའ་ཞིག་ལ་སྤྱི་ཉེ་བར་བཏགས་ནས་ཆོས་ཅན་ལ་ཕྱོགས་ཀྱི་སྒྲར་བཤད་དོ། །ཀླན་ཀའི་བསམ་པས་དགོས་པ་ མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་སུ་བསྟན་དུ་རུང་བ་ལ་ནི་དགོས་པ་མེད་པར་ཉེ་བར་གདགས་སུ་མི་རུང་སྟེ། དེ་བས་ན་ཆོས་ཅན་འབའ་ཞིག་ལ་ཕྱོགས་ཞེས་བརྗོད་པར་མི་བྱའོ་ཞེ་ན། ཉེ་བར་གདགས་པར་བྱ་བའི་དགོས་པ་བསྟན་པའི་ཕྱིར་མ་ཡིན་ཏེ། ཉེ་བར་ གདགས་པ་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་གྱི་ཆོས་གཏན་ཚིགས་སུ་བརྗོད་པ་ན་ཆོས་ཅན་གང་ཡང་རུང་བ་ཐམས་ཅད་ཀྱི་ཆོས་ཀྱང་གཏན་ཚིགས་སུ་འགྱུར་ཏེ། དེའི་ཕྱིར་ཆོས་ཅན་མི་འདོད་པའི་ཕྱིར་ཆོས་གང་ཡིན་པ་དེ་གཏན་ཚིགས་ཉིད་དུ་འགྱུར་ དུ་འོངས་པས་ཉེ་བར་གདགས་པར་བྱའོ། །ཉེ་བར་བཏགས་པ་བྱས་ནས་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་གང་ཡིན་པ་དེའི་གཏན་ཚིགས་ཉིད་ཡིན་པར་འགྱུར་རོ། །ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡང་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་འདི་ལྟར་ཕྱོགས་གཅིག་ཡིན་པའི་ཕྱིར་ ཉེ་བར་གདགས་པ་བྱས་ན་ཐལ་བར་མི་འགྱུར་རོ། །དེའི་ཚེ་མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འགལ་བའི་གཞིས་མ་གྲུབ་པ་རྣམས་ཀྱང་རྒྱུ་ཉིད་དུ་བཀག་པ་ཡིན་ནོ། །སོགས་པ་སྨོས་པས་ནི་ཁྭའི་ནག་པོ་ཉིད་ལ་སོགས་པ་བསྡུའོ། །ཉེ་བར་གདགས་པ་གསལ་བར་བྱ་བའི་ བསམ་པས་གལ་ཏེ་ཆོས་ནི་གཞན་ལ་བརྟེན་པ་ཡིན་པས་ཆོས་བརྗོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆོས་ཅན་གྱི་ཆོས་ཡིན་པར་བརྗོད་ན་ཆོས་ཅན་ཐམས་ཅད་ཀྱི་ཆོས་གཏན་ཚིགས་ཉིད་དུ་འགྱུར་བས་དེའི་ཚེ་ཆོས་ཅན་ཁོ་ན་སྨོས་པར་མི་བྱའོ། །ཆོས་བརྗོད་པ་ཁོ་ནས་ནི་ཆོས་ཅན་དུ་ ཡང་འགྱུར་རོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ཆོས་ཅན་དུ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཆོས་སྨོས་པས་ཀྱང་འགྱུར་རོ་ཞེས་དེ་སྐད་དུ་སྟོན་པར་བྱེད་དེ། འདི་ལྟར་ཆོས་གཞན་ལ་བརྟེན་པ་གཞན་ལ་རག་ལུས་པའི་ཁྱད་པར་དུ་གྱུར་པ་དེ་ཡོད་ཕན་ཆད་གདོན་མི་ཟ་བར་ཆོས་ཅན་འཕེན་པར་བྱེད་པ་དེ་ལ་ ཆོས་ཅན་སྨོས་པས་ཅི་ཞིག་བྱ། བརྟེན་པར་བྱ་བ་ནི་རྟེན་ཏེ། ཆོས་ཅན་བརྟེན་པར་བྱ་བ་ནི་རྟེན་ཆོས་ཅན་ནོ། །དེ་འགྲུབ་པ་ནི་རྟེན་ཆོས་ཅན་འགྲུབ་པའོ། །ཡང་ན་རྟེན་དུ་གྱུར་པ་ཆོས་ཅན་འགྲུབ་པ་ནི་རྟེན་ཆོས་ཅན་འགྲུབ་པའོ། །དེ་ལྟར་ཆོས་ཅན་གྲུབ་པ་དང་ཆོས་ཅན་ཞེས་སྨོས་པར་བྱ་བ་གང་ཡིན་པ་དེས་ནི་ བསྒྲུབ་པའི་ཆོས་ཅན་ཡོངས་སུ་བསྡུས་པར་འགྱུར་རོ། །དེ་ལྟ་བས་ན་ཉེ་བར་གདགས་པ་ནི་དོན་མེད་པ་ཡིན་ནོ། །དེ་ལ་གལ་ཏེ་བཤད་པའི་ཚུལ་གྱིས་ན་ཆོས་ཅན་སྨོས་པའི་ཤུགས་ཀྱིས་ཆོས་ཅན་ཐམས་ཅད་སེལ་དུ་ཟིན་ཀྱང་ཆོས་ཅན་གང་ཡང་རུང་བ་འགའ་ཞིག་ཡོངས་སུ་བསྡུས་པར་འགྱུར་གྱི། བསྒྲུབ་ པར་བྱ་བའི་ཆོས་འགྲུབ་པར་འགྱུར་བ་ལ་འདི་གོ་ག་ལས་ཤེས་དེ་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར་ཉེ་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཉེ་བ་དང་ལྷན་ཅིག་པའི་ཆོས་ཅན་སྨོས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བསྡུས་པ་ཡིན་ནོ་སྙམ་དུ་བསམས་པའོ། །འདིར་ཉེ་བ་ནི་བློ་ལ་སྣང་ བའམ་ཡང་ན་བསྒྲུབ་པར་བྱ་དགོས་པའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ཉེ་བར་གདགས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་འགྲུབ་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཇི་ལྟ་བུ་ཞེ་ན། ཆོས་ཅན་སྨོས་པས་ཀྱང་འགྲུབ་པར་འགྱུར་རོ་ཞེས་དེ་སྐད་དུ་སྟོན་པར་བྱེད་པའམ། ཡང་ན་ཀྱང་ཞེས་བྱ་བའི་སྒྲའི་དོན་ནི་ཆོས་ཅན་སྨོས་པས་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཉེ་བ་དང་ལྷན་ཅིག་པའི་ཆོས་སྨོས་པས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཅན་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །དེ་ལ་རེ་ཞིག་འདིར་ཆོས་ཅན་སྨོས་པ་གཞན་དག་འཁྲུལ་པར་འགྱུར་བར་ བསྒྲུབ་པ་དང་། གྲུབ་པའི་མཐའ་སྨྲ་བས་ཀྱང་ཉེ་བར་འཁྲུལ་པར་བསྟན་པའི་ཕྱིར། དཔེའི་ཆོས་ཅན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་ཏེ། དེ་ཡང་བློ་ལ་བསྒྲུབ་པར་བྱ་བ་ཉིད་དུ་སྣང་ལ། བསྒྲུབ་པར་བྱ་བའི་སྐབས་ཀྱང་ཡིན་པས་དེའི་ཕྱིར་ཐེ་ཚོམ་དུ་ འགྱུར་བ་གཅིག་ཏུ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ལྟ་ག་ལ་ཞིག་འགྲུབ། ཡང་ཕ་རོལ་པོས་དེའི་ཆས་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདིར་དཔེའི་ཆོས་ཅན་ཡིན་པར་འདོད་པར་གྱུར་ན་ནི་དེའི་ཚེ་ཆོས་ཅན་གྱི་ཆོས་ཞེས་སྨོས་པའི་དོན་དཔེའི་ཆོས་ཅན་ལ་ཡོད་པ་ གང་ཡིན་པ་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདིར་འགྱུར་བ་ཞིག་ན་དཔེའི་ཆོས་ཅན་ལ་གཏན་ཚིགས་ཡོད་པ་དེ་ཡང་དེའི་ཆས་ཁྱབ་པ་ཞེས་སྨོས་པ་ཁོ་ནས་གྲུབ་བོ། །དེའི་ཕྱིར་ལྷག་མས་ནི་ཆོས་ཅན་གྱི་ཆོས་ཞེས་སྨོས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བསྡུ་བའི་དོན་ཡིན་ པར་འགྱུར་ཏེ། ཁྱབ་པ་ཡིད་ཆེས་པར་བྱ་བའི་ཕྱིར་དེའི་ཆས་ཁྱབ་པ་ཞེས་བྱ་བ་ཡང་གདོན་མི་ཟ་བར་བརྗོད་པར་བྱ་དགོས་སོ། །དེ་བརྗོད་མ་དེ་ཁོ་ནས་ཡོད་པར་འགྲུབ་སྟེ། དཔེ་ལ་གཏན་ཚིགས་བྱེད་ན་དེའི་ཆས་ཁྱབ་པ་མི་འཐད་དེ། གལ་ཏེ་ཆོས་ཅན་ཞེས་བྱ་བ་མ་སྨོས་ན། དེའི་ཚེ་དེའི་ ཆས་ཁྱབ་པ་ཞེས་བྱ་བ་འདི་ལ་དེ་ཞེས་བྱ་བའི་སྒྲ་གང་ལ་སྙེགས་ཤེ་ན། དེ་ནི་ཉེས་པ་མེད་དེ། སྔར་ཆོས་སྨོས་ཀྱང་ཆོས་ཅན་ཁོ་ནར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེ་ལྟ་བས་ན་དེ་ཞེས་བྱ་བའི་སྒྲ་ནི་ཆོས་སྨོས་པས་ཉེ་བར་གཞག་པའི་ཆོས་ལ་སྙེགས་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་ པའི་མཐའ་སྨྲ་བས་གྲུབ་ཀྱང་ངེས་པར་བྱ་བའི་ཕྱིར་ཡང་སྨོས་སུ་དོགས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་ཀྱང་ངེས་པར་བྱ་བའི་ཕྱིར་ཡང་སྨོས་པ་ཡང་མཐོང་བས་དེ་གཅིག་ཏུ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ལྟ་ག་ལ་ཞིག་འགྲུབ་ངེས་པ་ཡིན་པར་དོགས་པ་དེ་ཉིད་དཔེ་དང་བཅས་པར་ བསྟན་པའི་ཕྱིར། མཐུན་པ་ལ་ཡོད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མཐུན་པའི་ཕྱོགས་ལ་ཡོད་ཅེས་བྱ་བའི་ཚིག་འདི་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ལོག་པར་གྲུབ་པོ། །མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལོག་པར་གྲུབ་མོད་ཀྱི། བསྒྲུབ་པར་བྱ་བ་མེད་ པ་ལ་གཏན་ཚིགས་མེད་དོ་ཞེས་སྨོས་པ་གང་ཡིན་པ་དེ་ནི་འདི་ལྟར་གཏན་ཚིགས་ནི་མེད་པ་ཁོ་ན་ལས་ལོག་པ་ཡིན་གྱི། གཞན་པ་ལས་ཀྱང་མ་ཡིན་ལ། འགལ་བ་ལས་ཀྱང་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་རྣམ་པར་བཤད་པ་ཡིན་པར་དེ་བཞིན་དུ་འདིར་ཡང་དེའི་ཆས་ཁྱབ་པ་སྨོས་པས་དཔེའི་ཆོས་ ཅན་ལ་གཏན་ཚིགས་ཡོད་པར་གྲུབ་མོད་ཀྱི། ཆོས་ཅན་གྱི་ཆོས་ཞེས་སྨོས་པ་གང་ཡིན་པ་དེ་ནི་དཔེའི་ཆོས་ཅན་གྱི་ཆོས་གང་ཡིན་པ་དེ་ནི་གཏན་ཚིགས་ཁོ་ན་ཡིན་ནོ་ཞེས་ངེས་པར་བྱ་བའི་ཆེད་ཡིན་ནོ་སྙམ་དུ་དོགས་པར་འགྱུར་རོ། །དེ་བས་ན་དེ་ལྟར་ངེས་པར་བྱ་བ་ཡིན་པར་དོགས་པ་བཟློག་པའི་ཕྱིར་ ཉེ་བར་གདགས་པར་བྱའོ་ཞེས་བྱ་བར་གནས་སོ། །འདི་ཉིད་ལ་གཏན་ཚིགས་དེ་ལྟ་བས་ན་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བའི་མཚན་ཉིད་ཀྱིས་ཤུགས་བཤད་པ་གང་ཡིན་པའི་ཤུགས་དེས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་རྟོགས་པར་འགྱུར་མོད་ཀྱི། འོན་ ཀྱང་བསྒྲུབ་དཀའ་བར་འགྱུར་ལ། དེ་ཡང་ཉེ་བར་གདགས་པ་ཙམ་ཡི་གེ་མཉམ་པ་ཡོངས་སུ་སྤངས་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་འཐད་པ་གཞན་བསྡུ་བའི་དོན་ཏེ། ངེས་པར་བྱ་བ་ཡིན་པར་དོགས་པ་ཡོངས་སུ་སྤངས་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། བསྒྲུབ་དཀའ་བ་ཡང་ ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འདིར་གཙོ་བོ་ཡིན་པའི་ཕྱིར་དང་། སེམས་ལ་གཞག་པ་ཡིན་པའི་ཕྱིར་དང་། བསྒྲུབ་པར་བྱ་བ་དང་། ངེས་པར་བྱ་བ་གཉི་ག་སྲིད་པ་ལས་བསྒྲུབ་པར་བྱ་བ་སྟོབས་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ཡོངས་སུ་ བསྡུས་པར་འགྱུར་གྱི། དཔེའི་ཆོས་ཅན་ནི་ཡོངས་སུ་མི་སྡུད་པ་ཡིན་ནམ། དེ་ལྟ་བས་ན་ཉེ་བར་གདགས་པ་མི་བྱའོ་ཞེས་བྱ་བ་ཡིན་ལ་དོགས་པར་བྱ་སྟེ། དེའི་ཕྱིར། དེ་ལྟ་བས་ན་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙོ་བོ་ཡིན་པ་ལ་སོགས་པའི་ཤུགས་བཤད་པ་གང་ཡིན་ པའི་ཤུགས་དེས་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་མཚན་ཉིད་ཀྱི་དོན་ཡིན་པར་རྟོགས་པར་འགྱུར་མོད་ཀྱི། འོན་ཀྱང་ཤུགས་འདིས་སྒྲུབ་པ་བསྒྲུབ་དཀའ་བར་འགྱུར་ལ། དེའི་ཉེ་བར་གདགས་པ་ཙམ་ཡི་གེ་མཉམ་པས་ཡོངས་སུ་སྤངས་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲའི་དོན་ནི་སྒྲུབ་པར་ བྱེད་པའི་དཀའ་བ་ཡང་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་ཀྱི་ཆོས་དཔྱད་པ་འདིར་དབང་ཕྱུག་སྡེ་ཞེས་བྱ་བ་ཕྱོགས་སྔ་མ་སྨྲ་བས་དེས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཀླན་ཀ་བཅལ་བ་ལ་བསྟན་བཅོས་མཛད་པ་གཟུ་བོར་གྱུར་པ་འདིས་ལན་བཏབ་པོ་ཞེས་གྲག་གོ། །དེ་ལྟ་བས་ ན་ཕྱོགས་ཞེས་བྱ་བའི་སྒྲ་ནི་འདིར་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཕྱོགས་ཀྱི་ཆོས་ཞེས་བྱ་བ་འདི་ལ་བསྡུ་བ་དུ་མའི་དགོས་པ་ཡོད་པས་འདོད་པའི་བསྡུ་བ་བརྗོད་པར་འདོད་པ་ལ་ཀླན་ཀའི་བསམ་པས། གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཀྱི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་སོ་ཞེས་དྲུག་པའི་བསྡུ་བ་ཡིན་ནོ། །འདིར་ཕྱོགས་ཀྱི་སྒྲས་ནི་ཆོས་ཁྱད་པར་དུ་བྱེད་དོ། །དེ་ལྟ་བས་ན་ཕྱོགས་ཀྱི་ཁྱད་པར་ལ་ལྟོས་པའི་ཆོས་ལྟ་ཞིག་གཞན་དུ་འཇུག་པར་ག་ལ་འགྱུར། དེ་ཞེས་བྱ་བའི་སྒྲ་ནི་འདིར་ཕྱོགས་དང་སྦྱར་རོ། །ཕྱོགས་དེའི་ཁྱད་པར་ ལ་ལྟོས་པས་ན་དེའི་ཁྱད་པར་ལ་ལྟོས་པ་སྟེ། གང་ཞིག་ཕྱོགས་ཀྱི་ཁྱད་པར་དུ་བྱེད་པ་དེ་ནི་ཕྱོགས་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་མེད་དོ། །དེ་ལྟ་བས་ན་དེ་གཞན་དུ་འཇུག་པར་ལྟ་ག་ལ་འགྱུར། ཡང་འདི་ལ་ཕྱོགས་ཀྱི་ཆོས་ཡོད་པས་ཕྱོགས་ཀྱི་ཆོས་སོ་ཞེས་འབྲུ་མང་པོ་པ་དང་། དེ་ནི་ཕྱོགས་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ཕྱོགས་ཀྱི་ཆོས་སོ་ཞེས་ལས་ཀྱི་གཞི་དང་། ཕྱོགས་དང་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་སོ་ཞེས་ཟླས་དབྱེ་བ་དང་བསྡུ་བ་དུ་མ་ཞིག་འཐད་ན། འདིར་ཇི་ལྟར་ན་དྲུག་པའི་བསྡུ་བ་ཡིན་ཞེ་ན། སྨྲས་པ། ཕྱོགས་ཞེས་བྱ་བའི་སྒྲ་ནི་འདིར་ཆོས་ཅན་ཡིན་པར་བཞེད་ དོ། །དེ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་ཡོངས་སུ་མ་བོར་ན་གང་གི་ཆོས་སུ་ཡང་མི་འགྱུར་བས་འབྲུ་མང་པོ་པ་གསལ་བ་ཡིན་ནོ། །དེ་ཉིད་ཀྱི་ལས་ཀྱི་གཞི་ཡང་མེད་དེ། ཆོས་ཅན་གྱི་ངོ་བོ་ཡོངས་སུ་མ་བོར་ན་ཆོས་སུ་མི་འགྱུར་རོ། །ཟླས་དབྱེ་བ་ཡང་གལ་ཏེ་ཕན་ཚུན་ལྡན་པ་ཡིན་ན་ནི་དེའི་ཚེ་ གཉིས་ཀྱི་ཚིག་ཏུ་བྱ་དགོས་སོ། །འོན་ཏེ་གཅིག་ཏུ་བསྡུ་བ་ཡིན་ན་ནི་དེའི་ཚེ་ཕྱོགས་ཀྱི་ཆོས་ཞེས་བྱ་བ་མ་ནིང་གི་རྟགས་སུ་བྱ་དགོས་སོ། །དེ་དག་ལ་མ་གཏོགས་པ་ནི་དྲུག་པའི་བསྡུ་བ་ཡིན་ན། དེ་ལ་ཡང་ཀླན་ཀ་ཡོད་པས་ཕྱོགས་སྔ་མའི་དོགས