Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 2 / 22 (50.000 ký tự/trang)
་བས་མེ་བསྒྲུབས་ནས་གྲང་བ་མེད་པར་ཁོང་དུ་ཆུད་པར་བྱེད་དོ། །དེར་ཡང་དམིགས་པའི་རིག་བྱར་གྱུར་པ་གྲང་བ་མི་
དམིགས་པས་ན། རང་བཞིན་མི་དམིགས་པའི་ནང་དུ་འདུ་བ་ཉིད་དོ། །འགལ་བ་ཁྱབ་པ་མི་དམིགས་པ་ལ་ཡང་རྒྱུ་གཞན་ལ་ལྟོས་པ་ཉིད་ཀྱིས་ངེས་པར་འགྱུར་བ་མེད་པ་ཉིད་བསྒྲུབས་ནས། ངེས་པར་འགྱུར་བ་ཉིད་སེལ་བར་བྱེད་དེ། དེ་ཡང་དེར་དམིགས་པའི་རིག་བྱར་གྱུར་པ་ཁོ་ན་མི་དམིགས་པ་ཞེས་

སྔ་མ་བཞིན་དུ་འདུ་བར་འགྱུར་རོ། །དེ་ནི་དཔེའི་སྒོ་ནས་རིག་པར་བྱ་སྟེ། འདི་ལྟར་གོས་ཀྱི་ཚོན་ཐམས་ཅད་དུ་སྣང་དུ་རུང་བའི་རང་བཞིན་ཡིན་ཡང་མི་དམིགས་པ་བཞིན་ནོ། །དེ་བཞིན་དུ་རྒྱུ་འགལ་བའི་འབྲས་བུ་དམིགས་པའི་བར་ལ་ཡང་དུ་བས་མེ་བསྒྲུབས་ཏེ། གྲང་བ་ཟློག་པར་བྱེད་ལ། དེ་ལོག་ན་
གང་ན་ཡང་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མེ་མེད་པར་སྒྲུབ་པར་བྱེད་དེ། དེ་ཡང་དེར་དམིགས་པའི་རིག་བྱར་གྱུར་པའི་མེ་དེ་ལྟ་བུ་ཁོ་ནས་མི་དམིགས་པས་རང་བཞིན་མི་དམིགས་པའི་ནང་དུ་འདུ་བ་ཉིད་དོ། །གང་དག་འབྲས་བུ་དང་རྒྱུ་གཉིས་བྱ་བ་དང་ཐ་མི་དད་པ་དག་གིས་བྱེ་བྲག་མེད་པར་ཉེ་བར་
བཏགས་ནས། རང་བཞིན་མི་དམིགས་པའི་ནང་དུ་འདུའོ་ཞེས་བརྗོད་པ་དེ་དག་གི་དེ་ནི་བཏགས་པས་འདུ་བ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དམ་བཅའ་བའི་ཕྱོགས་གཅིག་ཀྱང་གཏན་ཚིགས་ལྟར་སྣང་བར་འགྱུར་ལ། བརྒྱུད་པའི་དོན་ཡང་མི་འཐད་དོ། །རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་དག་
ལ་ཡང་མི་མཐུན་པ་ཅན་གྱི་ཚད་མས་བཟློག་པར་བརྗོད་པས་འདུའོ་ཞེས་བྱ་བ་ནི། གང་ཞིག་གང་དང་མཐུན་པར་འགྱུར། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ནི་སྦྱོར་བ་མི་སྲིད་པ་ཡིན་ནམ། དེར་མི་དམིགས་པར་སྦྱོར་བའི་བྱེ་བྲག་ལས་རྣམ་པ་བཅུ་གཅིག་གོ་ཞེས་བྱ་བ་ག་ལས་ཤེ་ན་ཡང་དེའི་ཕྱིར་སྦྱོར་བ་
མཐོང་བ་གོམས་པ་ལས་བདག་ཉིད་ཀྱང་དེ་བཞིན་དུ་རྣམ་པར་བཅད་པ་རྟོགས་པར་འགྱུར་བས། བདག་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་བྱེ་བྲག་བསྟན་ཏོ་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་རྣམས་མཐོང་བ་ནི་རྟོགས་པའོ། །དེ་ཡང་ཐ་དད་དུ་མངོན་དུ་བྱེད་པ་ནི་གོམས་པའོ། །དེ་ལྟ་བས་ན་སྦྱོར་བ་རྣམས་ལ་
ཤིན་ཏུ་གོམས་པའི་ཕྱིར། བདག་ཉིད་ཀྱང་གང་གི་ཚེ་འགའ་ཞིག་རྣམ་པར་དཔྱད་པ་རྟོག་པར་བྱེད་པ་དེའི་ཚེ། སྦྱོར་བའི་ཚུལ་ཁོ་ནས་རྟོགས་པར་འགྱུར་ཏེ། དེ་བས་ན་བདག་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་མི་དམིགས་པའི་སྦྱོར་བའི་བྱེ་བྲག་བསྟན་ཏོ། །རྣམ་པར་དཔྱད་པ་རྟོག་པ་ནི་དགག་པ་ཡིད་
ཆེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྣམ་པར་དཔྱད་པར་རྟོགས་པ་སྟེ་བྱེ་བྲག་ཏུ་རྟོགས་ཞེས་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་མི་དམིགས་པ་ལ་བྱེ་བྲག་སྨོས་ཀྱི། འབྲས་བུ་མི་དམིགས་པ་ལ་ནི་དེ་མེད་པས་དེའི་ཕྱིར། ཇི་ལྟར་ན་དེ་དག་མི་འཁྲུལ་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་མེད་པའི་ཐ་

སྙད་སྒྲུབ་པའི་མི་དམིགས་པའི་དེ་ཐམས་ཅད་ལ་རང་བཞིན་འགལ་བ་ལ་སོགས་པ་དམིགས་པ་དང་། རྒྱུ་ལ་སོགས་པའི་མི་དམིགས་པའི་དགག་པ་བཤད་པ་གང་ཡིན་པ་གང་བ་དེ་དག་ནི་དམིགས་པའི་རིག་བྱར་གྱུར་བ་ཁོ་ན་དག་ལས་དམིགས་པ་དང་། མི་དམིགས་པར་རིག་པར་བྱའོ་
ཞེས་བྱ་བ་སྨོས་ཏེ། བྱེ་བྲག་དེ་ནི་མེད་པའི་ཐ་སྙད་སྒྲུབ་པ་མི་དམིགས་པ་རྣམ་པ་མང་པོ་བཤད་པ་གང་ཡིན་པ་དེ་ཐམས་ཅད་དུ་བལྟ་བར་བྱ་སྟེ། གལ་ཏེ་རྒྱུ་ལ་སོགས་པ་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་ཞིག་ཡིན་ན་ནི། དེའི་ཚེ་འབྲས་བུ་ལ་སོགས་པ་དགག་པ་སྒྲུབ་ནུས་ཀྱི་གཞན་དུ་ན་
མ་ཡིན་ནོ། །རང་བཞིན་འགལ་བ་ལ་སོགས་པ་ཡང་གལ་ཏེ་དམིགས་པའི་རིག་བྱར་གྱུར་པ་ཞིག་ཡིན་ན། དེ་ཚེ་མི་མཐུན་པ་ཅན་དགག་པར་ནུས་པ་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། གཞན་དག་ལ་ནི་འགལ་བ་དང་། རྒྱུ་དང་། འབྲས་བུ་ཡོད་པ་དང་། མེད་པ་མི་འགྲུབ་པའི་
ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འགལ་བ་དང་། རྒྱུ་དང་འབྲས་བུ་ཡོད་པ་དང་། མེད་པ་ནི་འགལ་བ་དང་། རྒྱུ་དང་འབྲས་བུ་ཡོད་པ་དང་མེད་པ་དག་སྟེ། དེ་དག་མི་འགྲུབ་པ་ལ་ནི་དེ་སྐད་ཅེས་བརྗོད་དོ། །དེ་ནི་འདི་སྐད་དུ་གང་དག་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་པ་དེ་དག་ལ་ནི་འགལ་བ་ཡང་
མི་འགྲུབ་ལ། འགལ་བ་མེད་པ་ཡང་མི་འགྲུབ་པོ། །རྒྱུ་དང་འབྲས་བུ་ཡོད་པར་ཡང་མི་འགྲུབ་ལ། རྒྱུ་དང་འབྲས་བུ་ཉིད་མེད་པར་ཡང་མི་འགྲུབ་བོ་ཞེས་བསྟན་པར་འགྱུར་ཏེ། འདི་ལྟར་དམིགས་པའི་རིག་བྱར་གྱུར་པ་རྒྱུན་ཆགས་སུ་འཇུག་པ་གང་དག་མཐོང་བ་རྣམས་ལ་ནི་འགའ་ཞིག་ཉེ་བས་མི་
སྣང་ན་ནི་དེ་དང་འགལ་བར་ཡིད་ཆེས་པར་ཡང་ནུས་ལ། གང་དག་འགའ་ཞིག་ཉེ་ན་ཡང་དེ་ཁོ་ན་བཞིན་དུ་འདུག་སྟེ། དམིགས་པ་དེ་ལ་ནི་འགལ་བ་མེད་དོ་ཞེས་ངེས་པར་བྱེད་དོ། །དེ་བཞིན་དུ་དམིགས་པའི་རིག་བྱར་གྱུར་པ་གང་ཡོད་ན། དམིགས་པའི་རིག་བྱར་གྱུར་པ་སྔོན་མ་མཐོང་བ་གང་ཞིག་
དམིགས་པ་ལ། དེ་ནི་དེ་མེད་པར་ནི་མི་དམིགས་ན། དེ་ནི་དེ་ལས་བྱུང་ངོ་ཞེས་དེ་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པར་བྱེད་ལ། གང་མེད་ཀྱང་གང་ཞིག་དམིགས་པ་དེ་གཉིས་ནི་རྒྱུ་དང་འབྲས་བུ་ཉིད་དུ་མེད་པར་རྟོག་པར་བྱེད་དོ། །དེ་ལྟར་རེ་ཞིག་མེད་པའི་ཐ་སྙད་སྒྲུབ་པ་དམིགས་པའི་རིག་བྱར་

གྱུར་པ་ལས་མི་དམིགས་པ་རྣམ་པར་གཞག་པ་བཤད་ཟིན་ཏོ། །འོ་ན་དེ་ལས་གཞན་པས་ཅི་ཞིག་བསྒྲུབ་ཅེ་ན། བསྐལ་པའི་ཡུལ་མི་དམིགས་པ་མངོན་སུམ་དང་། རྗེས་སུ་དཔག་པ་ལོག་པའི་མཚན་ཉིད་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ་བསྐལ་པའི་ཡུལ་མངོན་སུམ་དང་། རྗེས་སུ་དཔག་པ་
ལོག་པའི་རང་བཞིན་གང་ཡིན་པ་དེ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་གྱི། དངོས་པོ་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མ་ལོག་ཀྱང་དོན་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚད་མ་ལོག་པའི་མཚན་ཉིད་ནི་བསྐལ་པའི་ཡུལ་མི་དམིགས་པ་སྟེ། ཚད་མ་ལོག་ཀྱང་དོན་
མེད་པར་གྲུབ་བོ། །ཚད་མ་ནི་དོན་གྱི་འབྲས་བུ་ཡིན་པས་ཚད་མ་ལོག་པས་རྒྱུ་ཙམ་ལྡོག་པར་མི་འགྲུབ་བོ། །རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ལས་ལེའུ་གཉིས་པའོ།། །།ཡང་དག་པའི་ཤེས་པ་བསྟན་པའི་ཞར་ལ་རང་གི་དོན་དང་། གཞན་གྱི་བྱེ་བྲག་གིས་རྗེས་སུ་
དཔག་པ་རྣམ་པ་གཉིས་སུ་ཁས་བླངས་པ་དེ་ལས་རང་གི་དོན་ནི་སྤྲོས་པ་དང་བཅས་པ་བཤད་ཟིན་ཏོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པར་བཞེད་ནས། འདི་སྐད་དུ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྟེ་ཞེས་སྨོས་སོ། འདིས་རྗོད་པར་བྱེད་པས་ན་བརྗོད་པ་སྟེ་
ཚིག་ཅེས་བྱའོ། །འདི་ཚུལ་གསུམ་པ་ཅན་ཡིན་པས་ན་འདི་ནི་ཚུལ་གསུམ་པའོ། །འདི་ནི་ཚུལ་གསུམ་པ་ཡང་ཡིན་ལ་རྟགས་ཀྱང་ཡིན་པས་ཚུལ་གསུམ་པའི་རྟགས་ཏེ། བརྗོད་པ་ལ་ནི་དེ་སྐད་ཅེས་བྱའོ། །རྗེས་སུ་དཔག་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་བཤད་ན། ཇི་ལྟར་ན་རྗེས་སུ་དཔག་པའི་ཚིག་ཡིན་
ཞེ་ན། དེའི་ཕྱིར། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྒྱུ་ནི་ཚིག་ཡིན་ལ། འབྲས་བུ་ནི་རྗེས་སུ་དཔག་པ་དེར་སྒྲོ་བཏགས་པས། ཚིག་དེ་ཉིད་ལ་རྗེས་སུ་དཔག་པ་ཞེས་བྱ་བ་བཤད་དེ། རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དང་སྦྱར་རོ། །ཚུལ་གསུམ་པའི་རྟགས་བརྗོད་པ་ཡིན་ན། ཇི་ལྟར་རྣམ་པ་གཉིས་ཞེས་བྱ་ཞེ་ན། སྦྱོར་བའི་བྱེ་བྲག་གིས་ཞེས་བྱ་བ་སྨོས་སོ། །སྦྱོར་བ་ནི་ཚིག་ཏུ་འགོད་པ་སྟེ། དེའི་ཕྱིར་བྱེ་བྲག་གིས་རྣམ་པ་གཉིས་ཉིད་དོ། །

རྣམ་པ་གཉིས་པོ་གང་ཡིན་ཞེ་ན། ཆོས་མཐུན་པ་ཉིད་ཅན་དང་། ཆོས་མི་མཐུན་པ་ཉིད་ཅན་ནོ་ཞེས་བྱ་བ་སྨོས་སོ། །འདི་ནི་ཆོས་མཐུན་པ་ཡིན་པས་འདི་ནི་ཆོས་མཐུན་པའོ། །ཆོས་དེའི་དངོས་པོ་ཆོས་མཐུན་པ་ཉིད་དོ། །དེ་གང་ལ་ཡོད་པ་དེ་ནི་ཆོས་མཐུན་པ་ཉིད་ཅན་ཞེས་
བྱ་བའོ། །འདི་ཆོས་མི་མཐུན་པ་ཡིན་པས་ཆོས་མི་མཐུན་པའོ། །ཆོས་མི་མཐུན་པའི་དངོས་པོ་ནི་ཆོས་མི་མཐུན་པ་ཉིད་དོ། །དེ་གང་ལ་ཡོད་པ་དེ་ནི་ཆོས་མི་མཐུན་པ་ཉིད་ཅན་ཏེ། རྗེས་སུ་འགྲོ་བ་དང་ལྡན་པ་དང་། ལྡོག་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡན་པ་
ནི་ཆོས་མཐུན་པ་ཉིད་ཀྱི་སྦྱོར་བ་ཡིན་ལ། ལྡོག་པ་དང་ལྡན་པ་ནི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ཡིན་ན། དོན་དུ་ཡང་བྱེ་བྲག་ཡོད་ན། དེ་ཅིའི་ཕྱིར་སྦྱོར་བའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ་ཞེས་བརྗོད་ཅེ་ན། དེའི་ཕྱིར་འདི་གཉིས་དོན་དུ་ནི་བྱེ་བྲག་ཅི་ཡང་མེད་དོ་ཞེས་བྱ་བ་སྨོས་ཏེ། ཆོས་མཐུན་པ་ཉིད་
ཅན་ཡང་ཚུལ་གསུམ་ལ་ལྟོས་པར་བྱ་བ་ཡིན་ལ། ཆོས་མི་མཐུན་པ་ཉིད་ཅན་ཡང་ཚུལ་གསུམ་ལ་ལྟོས་པར་བྱ་བ་ཡིན་ཏེ། དེ་བས་ན་ཐམས་ཅད་ལ་ཚུལ་གསུམ་ཡོད་པའི་ཕྱིར་རོ། །དོན་ལ་ནི་བྱེ་བྲག་ཕྲ་མོ་ཡང་མེད་དོ། །སྦྱོར་བའི་བྱེ་བྲག་མ་གཏོགས་པར་ཞེས་བྱ་བ་ནི་འདིར་སྦྱོར་བའི་བྱེ་བ་ཁོ་ནར་
ཟད་ཀྱི། དོན་མ་ཡིན་ཏེ། འདི་ལྟར་གཅིག་ལ་ནི་རྗེས་སུ་འགྲོ་བ་དངོས་པོ་རྗོད་པར་བྱེད་ལ། ལྡོག་པ་ནི་ཤུགས་ཀྱིས་གོ་བར་བྱེད་དོ། །གཉིས་པ་ལ་ཡང་ལྡོག་པ་ནི་དངོས་སུ་རྗོད་པར་བྱེད་ལ། རྗེས་སུ་འགྲོ་བ་ནི་དོན་གྱིས་ཤེས་པར་བྱེད་དོ། །དེ་ལ་ཆོས་མཐུན་པ་ཉིད་ཅན་ཞེས་བྱ་བ་ནི་རེ་ཞིག་དང་དངོས་པོར་
ཉེ་བར་འགོད་པའོ། །དམིགས་པའི་རིག་བྱར་གྱུར་པ་གང་མི་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྲུབ་སྟེ་ཞེས་བྱ་བ་འདི་ནི་མི་དམིགས་པའི་རྗེས་སུ་འགྲོ་བ་བསྙད་པ་ཡིན་ནོ། །དཔེར་ན་རི་བོང་གི་རྭ་ལ་སོགས་པ་གཞན་འགའ་ཞིག་མཐོང་བ་བཞིན་དུ་ཞེས་བྱ་བ་ལ། མེད་པའི་ཐ་སྙད་ཀྱི་ཡུལ་དུ་མཐོང་
བ་འདི་ནི་དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུའོ། །མཐོང་བ་ཞེས་བྱ་བ་ནི་གྲུབ་པ་སྟེ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་དཔེ་བསྟན་ཏོ། །ཕྱོགས་ཀྱི་བྱེ་བྲག་གང་ན་དམིགས་པའི་རིག་བྱར་འགྱུར་བ་བུམ་པ་མི་དམིགས་ཞེས་བྱ་བ་འདིས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །རང་བཞིན་གྱི་གཏན་ཚིགས་

ཀྱི་སྦྱོར་བ་ནི་གཏན་ཚིགས་གཉིས་པའི་སྦྱོར་བ་ཆོས་མཐུན་པ་ཉིད་ཅན་སྟོན་པའོ། །གང་ཡོད་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ལ། གང་ཞེས་བྱ་ནི་དངོས་པོ་ཅི་ཡང་རུང་བ་ཡོད་པ་དེ་ཐམས་ཅད་ནི་རིལ་གྱིས་མི་རྟག་པ་སྟེ། དེས་ནི་རྗེས་སུ་འགྲོ་བ་ཙམ་
བསྟན་ཏོ། །རང་བཞིན་དག་པའི་སྦྱོར་བའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་བྱེ་བྲག་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་སྐྱེ་བ་དང་ལྡན་པ་དེ་ནི་མི་རྟག་པའོ་ཞེས་བྱ་བའི་ཚིག་འདི་ནི་རང་བཞིན་གྱི་གཏན་ཚིགས་གཉིས་པའི་རྗེས་སུ་འགྲོ་བ་ཡིན་ནོ། །རང་བཞིན་དུ་གྱུར་པའི་
ཆོས་ཀྱི་བྱེ་བྲག་གིས་རང་བཞིན་གྱི་སྦྱོར་བའོ་ཞེས་བྱེ་བྲག་བདག་ཉིད་དུ་གྱུར་པའི་ཆོས་ཁོ་ནས་བྱེ་བྲག་ཏུ་བྱས་ནས། རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བར་བྱས་པ་སྟེ། འདི་ལྟར་སྐྱེ་བ་ནི་དངོས་སུ་སྐྱེ་བ་དང་ལྡན་པ་དང་ཐ་མི་དད་མོད་ཀྱི། འོན་ཀྱང་གང་ལ་སྐྱེ་བ་ཡོད་པ་དེ་སྐྱེ་བ་དང་ལྡན་པའོ་ཞེས་བྱེ་བྲག་
ཏུ་བསྟན་ཏོ། །གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་བྱ་བས་ནི་རང་བཞིན་གྱི་གཏན་ཚིགས་གསུམ་པའི་རྗེས་སུ་འགྲོ་བ་བསྟན་ཏོ། །ཁྱད་པར་གྱི་བྱེ་བྲག་གིས་ཏེ་ཞེས་བྱ་བ་ལ་ཁྱད་པར་ནི་བྱེ་བྲག་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་བྱེ་བྲག་མི་མངོན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་
བྱེ་བྲག་མི་མངོན་ཞེ་ན། རང་གི་ངོ་བོ་གྲུབ་པར་བྱ་བའི་ཕྱིར་རོ། །གཞན་གྱི་བྱེད་པ་ལ་ལྟོས་པའི་ངོ་བོ་ནི་བྱས་པ་ཞེས་བྱ་བའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་ཕ་རོལ་གྱི་བྱེད་པ་ལ་བརྟེན་ནས་ལྟོས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། དངོས་པོ་གང་ཞིག་གིས་རང་གི་ངོ་བོ་སྒྲུབ་པའི་ཕྱིར་རྒྱུ་རྣམས་ཀྱི་བྱེད་
པ་ལ་ལྟོས་པ་སྟེ། གང་གི་ཕྱིར་བྱས་པ་ཞེས་བརྗོད་པ་དེའི་ཕྱིར་བྱེ་བྲག་མི་མངོན་པ་སྟེ། རང་བཞིན་གྱི་གཏན་ཚིགས་གཞན་ཡིན་ནོ། །བཙས་མ་ཐག་ཏུ་འབྱུང་བ་དང་། རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དེ་དག་
ཀྱང་ཁྱད་པར་གྱི་བྱེ་བྲག་ལ་ལྟོས་པ་ཁོ་ནས་ཡིན་པར་བལྟ་བར་བྱ་སྟེ། འདི་ལྟར་བརྩལ་ཞེས་བྱ་བ་རྒྱུའི་བྱེད་པ་ལ་ལྟོས་ཏེ་གྲུབ་པ་གང་ཡིན་པ་དེ་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཞེས་བྱ་བ་སྟེ། དེའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་མི་རྟག་པའོ་ཞེས་བྱ་བ་འདི་ཡང་རང་བཞིན་གྱི་གཏན་ཚིགས་བྱེ་བྲག་མི་མངོན་པ་

ཡིན་ནོ། །རྐྱེན་གྱི་བྱེ་བྲག་ནི་རྐྱེན་གྱི་བྱེ་བྲག་གོ། །འདི་རྐྱེན་གྱི་བྱེ་བྲག་ལས་ཐ་དད་པའི་ངང་ཚུལ་ཅན་ཡིན་པས་འདི་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ནོ། །དེའི་དངོས་པོ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་དེ། རྒྱུའི་བྱེ་བྲག་གིས་རྗེས་སུ་མཐུན་པ་ཅན་ཉིད་ཅེས་བྱ་བའི་ཐ་
ཚིག་གོ། །འདི་ལྟར་འཇིམ་པའི་གོང་བུ་ཆུང་ངུ་ལས་ནི་བུམ་པ་ཆུང་ངུར་འགྱུར་ལ། ཆེན་པོ་ལས་ནི་ཆེན་པོར་འགྱུར་བ་དང་། རྫ་མཁན་མཁས་པས་བྱེད་ན་ནི་སྡུ་གུར་འགྱུར་ལ། མི་མཁས་པས་བྱེད་ན་ནི་མི་སྡུག་པར་འགྱུར་ཏེ། དེའི་ཕྱིར་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཡིན་པའི་ཕྱིར་མི་རྟག་པའོ་
ཞེས་བྱ་བ་འདི་ཡང་རང་བཞིན་གྱི་གཏན་ཚིགས་བྱེ་བྲག་མི་མངོན་པ་ཁོ་ན་ཡིན་ནོ། །ཡོད་པའམ་སྐྱེ་བ་དང་ལྡན་པའམ། བྱས་པ་ཞེས་བྱ་བའི་སྒྲ་ནི་ཕྱོགས་ཀྱི་ཆོས་ཉེ་བར་སྟོན་པའོ་ཞེས་བྱ་བ་ལ་སྔར་ནི་རང་བཞིན་གྱི་གཏན་ཚིགས་གསུམ་ཆར་གྱི་རྗེས་སུ་འགྲོ་བ་ཙམ་བསྟན་ཏོ། །ད་ནི་གོ་རིམས་བཞིན་དུ་
ཕྱོགས་ཀྱི་ཆོས་རྣམས་བསྟན་པ་སྟེ། འམ་ཞེས་བྱ་བ་ནི་ཡོད་པའི་སྒྲ་དང་སྐྱེ་བ་དང་ལྡན་པའི་སྒྲ་དང་། བྱས་པའི་སྒྲ་སྦྱོར་བ་ཐ་དད་པར་བསྟན་པའི་ཕྱིར་རོ། །དེ་ཙམ་དང་རྗེས་སུ་འབྲེལ་བ་ཅན་གྱི་བསྒྲུབ་པར་བྱ་བའི་ཆོས་ལ་རང་བཞིན་གྱི་གཏན་ཚིགས་སོ་ཞེས་སྔར་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་
ཉིད་བཤད་པ་གང་ཡིན་པ་དེ་དང་སྦྱར་བའི་ཕྱིར། བསྒྲུབ་པའི་ཆོས་དེ་དག་ཐམས་ཅད་ནི་ཞེས་བྱ་བ་སྨོས་སོ། །སྔར་རང་བཞིན་གྱི་གཏན་ཚིགས་རྣམ་པ་གསུམ་ཆར་གྱི་ཕྱོགས་ཀྱི་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ནི། རང་གི་བསྒྲུབ་པ་ཇི་ལྟ་བུ་དག་གིས་ཞེས་བྱ་བ་སྟེ། གང་གི་བདག་གི་
ཚད་མ་གང་ཡིན་པས་རང་གི་ཚད་མ་དེ་དག་གིས་སྒྲུབ་པའི་ཆོས་ཙམ་དང་། བསྒྲུབ་པར་བྱ་བའི་ཆོས་སུ་འབྲེལ་པར་གྲུབ་པ་ཁོ་ན་ཁོང་དུ་ཆུད་པར་བྱ་སྟེ། སྒྲུབ་པའི་ཆོས་ཀྱི་རང་གི་ངོ་བོ་ནི་སྒྲུབ་པའི་ཆོས་ཙམ་མོ། །སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་ནི་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་
པའོ། །རྗེས་སུ་འབྲེལ་པ་ནི་མཐུན་པར་འབྲེལ་པ་སྟེ། རྗེས་སུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །བསྒྲུབ་པར་བྱ་བའི་ཆོས་གང་ལ་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པར་གྲུབ་པ་ཡོད་པ་དེ་ལ། བདག་ཉིད་ཀྱི་སྒྲུབ་པ་ཇི་ལྟ་བུ་དག་གིས་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པའི་བསྒྲུབ་པར་

བྱ་བའི་ཆོས་ཁོ་ན་ལ་ཕྱོགས་ཀྱི་ཆོས་དེ་དག་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དེ་སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་ཅེ་ན། དེའི་ཕྱིར་དངོས་སུ་ན་དེ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དོན་དམ་པར་ནི་མི་རྟག་པའི་རང་
བཞིན་ཉིད་བྱས་པ་ཡིན་གྱི། བྱས་པ་ཡང་གཞན་ལ་མི་རྟག་པ་ཡང་གཞན་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། རྒྱུ་དང་རྐྱེན་རྣམས་ཀྱིས་བྱས་པ་གང་ཡིན་པ་དེ་ཉིད་འཇིག་པའི་ངང་ཚུལ་ཅན་གྱི་རང་བཞིན་ཡིན་ནོ། །རང་བཞིན་ཡང་གཏན་ཚིགས་ཡིན་པའི་ཕྱིར་ཞེས་བྱ་བ་ནི། འདིར་
བསྒྲུབ་པར་བྱ་བའི་རང་བཞིན་ཉིད་གཏན་ཚིགས་ཁོ་ནར་བསྟན་པ་ཡིན་ནོ། །ཇི་ལྟར་ན་བསྒྲུབ་པར་བྱ་བ་དང་རྗེས་སུ་མ་འབྲེལ་པར་འགྱུར་ཏེ། འདི་ལྟར་དེ་ཙམ་དང་རྗེས་སུ་འབྲེལ་པ་ལ་རང་བཞིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་གྲུབ་ལ་དེ་མ་གྲུབ་ན། དེའི་རང་བཞིན་ཉིད་མེད་པའི་ཕྱིར་
ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྒྲུབ་པའི་ཆོས་བྱས་པ་ཅན་ཉིད་ལ་སོགས་པ་ནི་གྲུབ་ལ། བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་ནི་མ་གྲུབ་ན་སྒྲུབ་པ་དེའི་ཚེ་བྱས་པ་ཉིད་དང་། མི་རྟག་པ་ཉིད་གཉིས་དོན་དམ་པར་ན་རང་བཞིན་གཅིག་པ་ཉིད་མ་ཡིན་ནོ། །འཁྲུལ་པ་ཡང་སྲིད་པའི་ཕྱིར་རོ་ཞེས་
བྱ་བ་ནི། གལ་ཏེ་བྱས་པ་ཉིད་གྲུབ་ཟིན་པ་ལ་ཕྱིས་དབྱིབས་ལ་སོགས་པ་རྒྱུ་གཞན་གྱིས་མི་རྟག་པ་ཉིད་དུ་བྱེད་ན། དེའི་ཚེ་འཁྲུལ་པ་སྲིད་ན། དབྱིབས་ལ་སོགས་པ་ཡང་རང་གི་རྐྱེན་ལ་རག་ལས་པས་འབྱུང་བའི་ཕྱིར་དེ་ལ་གདོན་མི་ཟ་བར་འབྱུང་བ་མ་ཡིན་པས་འགའ་ཞིག་མི་འཇིག་ཀྱང་
སྲིད་དོ། །འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བ་ནི་ཞེས་བྱ་བས་ནི་ཆོས་མཐུན་པ་ཉིད་ཅན་གྱིས་རྗེས་སུ་དཔག་པ་ཁོ་ནའི་གཏན་ཚིགས་ཀྱི་སྦྱོར་བ་སྟོན་པར་བྱེད་དོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ་ཞེས་བྱ་བ་ལ་གང་ཞེས་བྱ་བ་ནི་ཕྱོགས་གང་ན་དུ་བ་ཡོད་པ་དེ་ཐམས་ཅད་ན་མེ་ཡོད་དོ་ཞེས་
བྱ་བ་ནི་རྗེས་སུ་འགྲོ་བ་ཞེས་བྱའོ། །དཔེར་ན་ཚང་བང་ལ་སོགས་པ་བཞིན་ཏེ་ཞེས་བྱ་བ་ནི་དཔེ་སྟོན་པ་ཡིན་ནོ། །འདི་ན་ཡང་དུ་བ་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཡུལ་དུ་དུ་བ་སྟོན་པར་བྱེད་པ་ན་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་དོ། །འདིར་ཡང་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཁོ་ན་ལ་རྒྱུ་བསྒྲུབ་

པར་བྱ་བར་འབྲས་བུ་གཏན་ཚིགས་སུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། འབྲས་བུའི་གཏན་ཚིགས་ལ་ཡང་སྔར་རྒྱུ་དང་འབྲས་བུའི་ངོ་བོ་བསྒྲུབ་པར་བྱའོ། །ཕྱིས་ནི་རྒྱུ་གྲུབ་པར་བྱ་བའི་ཕྱིར་འབྲས་བུ་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །འདི་ལྟར་རང་གི་ངོ་བོའི་རྟགས་
སུ་ངེས་ན་གོ་བར་བྱེད་པ་ཡིན་གྱི་མ་ངེས་པ་ནི་མ་ཡིན་ནོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་ཞེས་བྱ་བ་ནི། ཆོས་མི་མཐུན་པ་ཉིད་ཅན་གྱི་རྗེས་སུ་དཔག་པ་གང་ཡིན་པ་དེ་དག་བཤད་པར་བྱ་སྟེ། གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི་དམིགས་པ་ཁོ་ནར་གྱུར་ཏེ་ཞེས་བྱ་བ་ནི་གང་
ཞིག་ཡོད་པ་ལ་གལ་ཏེ་དེ། དམིགས་པའི་རིག་བྱར་དམིགས་པ་ཡིན་ན་དེའི་ཚེ་གདོན་མི་ཟ་བར་དམིགས་པར་འགྱུར་ཏེ། དེས་ན་ལྡོག་པ་བསྟན་ཏོ། །དཔེར་ན་སྔོན་པོ་ལ་སོགས་པའི་བྱེ་བྲག་ལྟ་བུ་ཡིན་ཞེས་བྱ་བ་ནི་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཡིན་ནོ། །འདི་ན་ནི་དམིགས་པའི་རིག་བྱར་གྱུར་པ་
བུམ་པ་དེ་ལྟར་མི་དམིགས་སོ་ཞེས་བྱ་བ་ནི། ཇི་ལྟར་དམིགས་པའི་རིག་བྱར་གྱུར་པ་སྔོན་པོ་ལ་སོགས་པའི་བྱེ་བྲག་དམིགས་པ་ལྟར་འདི་ན་བུམ་པ་ནི་དེ་ལྟ་མ་ཡིན་ནོ། །འདི་ཞེས་བྱ་བས་ནི་འདོད་པའི་ཕྱོགས་བསྟན་ཏོ། །མི་དམིགས་པའི་སྦྱོར་བའོ་ཞེས་བྱ་བ་ནི་འདི་མི་དམིགས་པའི་ཆོས་མི་
མཐུན་པ་ཉིད་ཅན་གྱི་སྦྱོར་བ་ཡིན་ནོ། །རྟག་པ་ཉིད་མེད་ན་ཡོད་པའམ་སྐྱེད་པ་དང་ལྡན་པའམ། བྱས་པ་ཉིད་མེད་པ་ཡིན་ན་ཞེས་བྱ་བས་ནི་རང་བཞིན་གྱི་གཏན་ཚིགས་གསུམ་ཆར་གྱི་ཡང་ལྡོག་པ་སྟོན་པར་བྱེད་དོ། །སྒྲ་ནི་ཡོད་པའམ་སྐྱེ་བ་དང་ལྡན་པའམ་བྱས་པ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་
རྣམས་བསྟན་ཏོ། །རང་བཞིན་གྱི་སྦྱོར་བའོ་ཞེས་བྱ་བ་དེ་དག་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ཆོས་མི་མཐུན་པ་ཉིད་ཅན་དག་ཡིན་ནོ། །མེ་མེད་ན་དུ་བ་མི་འབྱུང་བ་ཉིད་ཅེས་བྱ་བས་ནི་ལྡོག་པ་བསྟན་ཏོ། །འདི་ན་ནི་ཡོད་ཅེས་པས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །འབྲས་བུའི་གཏན་ཚིགས་
ཀྱི་སྦྱོར་བའོ་ཞེས་བྱ་བས་ནི་འབྲས་བུའི་གཏན་ཚིགས་ཀྱི་སྦྱོར་བ་ཆོས་མི་མཐུན་པ་ཉིད་ཅན་སྟོན་པར་བྱེད་དོ། །ཆོས་མཐུན་པ་ཅན་གྱི་རྗེས་སུ་དཔག་པ་ལས་ཡང་རྗེས་སུ་འགྲོ་བ་དང་ཕྱོགས་ཀྱི་ཆོས་དང་ལྡན་པ་དང་། ཚུལ་གཉིས་སུ་མངོན་པ་མ་ཡིན་ནམ། ཇི་ལྟར་ན་གཞན་དོན་རྗེས་སུ་དཔག་པ་

ཚུལ་གསུམ་པའི་རྟགས་བརྗོད་པ་ཡིན་ཞེ་ན། དེའི་ཕྱིར་དོན་གྱིས་ན་ཆོས་མཐུན་པས་ཀྱང་སྦྱོར་བ་ལ་ཆོས་མི་མཐུན་པ་ཉིད་རྟོགས་པ་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་ནུས་པའི་སྒོ་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཆོས་མི་མཐུན་པ་ཉིད་དུ་རྟོགས་པར་འགྱུར་བ་དེའི་ཕྱིར། ཇི་སྐད་དུ་སྨྲས་པའི་སྐྱོན་
དུ་ཐལ་བར་འགྱུར་བ་མེད་དོ། །ནུས་པ་ཡང་ཅི་ཞིག་ཅེ་ན། དེ་མེད་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ལྡོག་པ་མེད་ན་དེའི་ཕྱིར་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མི་འགྱུར་བ་ཉིད་དོ། །དེ་བཞིན་དུ་ཆོས་མི་མཐུན་
པས་རྗེས་སུ་འགྲོ་བ་རྟོགས་ཏེ་ཞེས་བྱ་བས་ནི། ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ནུས་པས་རྗེས་སུ་འགྲོ་བས་རྟོགས་པར་འགྱུར་རོ། །འོ་ན་ནུས་པ་དེ་ཡང་ཅི་ཞིག་ཅེ་ན། དེ་མེད་ན་ནི་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་
བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནོ། །དེའི་ཚེ་བསྒྲུབ་པར་བྱ་བ་མེད་པར་ཡང་ཅིའི་ཕྱིར་ཡོད་པར་མི་འགྱུར། རྗེས་སུ་འགྲོ་བ་མེད་ན་ལྡོག་པ་མི་འགྲུབ་པོ་ཞེས་བྱ་བ་འདི་ག་ལས་ཤེ་ན། རང་བཞིན་འབྲེལ་པ་མེད་ན་གཅིག་ལོག་པས་གཞན་ངེས་པར་ལྡོག་པ་མ་ཡིན་ནོ་ཞེས་སྨོས་
ཏེ། གལ་ཏེ་རང་བཞིན་དང་འབྲེལ་པ་དང་། རང་བཞིན་གྱི་ངོ་བོས་འབྲེལ་པ་མ་ཡིན་ནོ། །དེའི་ཚེ་གཅིག་ལོག་ཀྱང་གཞན་ལྡོག་པར་ངེས་པ་མེད་དེ། འགའ་ཞིག་ལ་རྟ་མེད་ཅེས་ཏེ་བ་ལང་དག་ཀྱང་མེད་པ་མ་ཡིན་པ་བཞིན་ནོ། །དེ་ཡང་ཐམས་ཅད་ཀྱི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་དངོས་པོ་ཐམས་
ཅད་ཀྱི་འབྲེལ་པ་ཅི་ཡང་རུང་ཅི་སྙེད་པ་དེ་ཐམས་ཅད་ནི་རྣམ་པ་གཉིས་ཀྱི་ནང་དུ་འདུས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་ཞེས་སྨོས་པ་ཡིན་ནོ་ཞེས་བྱ་བ་ལ་དེའི་བདག་ཉིད་ནི་དེའི་བདག་གོ། །དེའི་བདག་གི་དངོས་པོ་ནི་དེའི་བདག་ཉིད་དོ། །འདི་དེའི་བདག་ཉིད་ཀྱི་མཚན་ཉིད་ཡིན་པས་འདི་ནི་དེའི་
བདག་ཉིད་ཀྱི་མཚན་ཉིད་དོ། །དེ་ལས་སྐྱེས་པ་ནི་དེ་ལས་བྱུང་བའོ། །འདི་ནི་དེ་ལས་བྱུང་བའི་མཚན་ཉིད་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ་འདི་ནི་སྔར་བཤད་ཟིན་ཏོ། །དེས་ནི་ལྡོག་པ་བརྗོད་པས་འབྲེལ་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་འབྲེལ་པ་ཡོད་ན་གཅིག་ལོག་པས་གཞན་ལྡོག་

པར་འགྱུར་གྱི། མེད་ན་མ་ཡིན་པའི་གཏན་ཚིགས་དེས་གང་འགའ་ཞིག་ལྡོག་པས་གཞན་ལྡོག་པར་བརྗོད་དེ། དེས་ནི་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་དེ་གཉིས་འབྲེལ་པར་བརྗོད་དོ། །དེ་ལྟ་བས་ན་ལྡོག་པའི་ཚིག་གིས་ནི་འབྲེལ་པ་བསྡུས་པ་ཁོ་ན་ཡིན་ལ་ཞེས་བྱ་བ་ནི་
ལྡོག་པའི་ཚིག་ཁོ་ནས་འབྲེལ་པ་སྡུད་པར་བྱེད་དོ། །གལ་ཏེ་དེ་ལྟར་ཡིན་དུ་ཟིན་ཀྱང་དེས་ཅིར་འགྱུར་ཞེ་ན། འབྲེལ་པ་གང་ཡིན་པ་དེ་ཡང་རྗེས་སུ་འགྲོ་བ་ཞེས་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་བསྟན་པ་གང་ཡིན་པ་དེ་ཉིད་རྗེས་སུ་འགྲོ་བའི་ཞེས་བྱའོ། །དེ་ལྟ་བས་ན་རྗེས་སུ་འགྲོ་བའི་སྒོ་ཡང་
རུང་ལྡོག་པའི་སྒོ་ཡང་རུང་སྟེ། ཚིག་གཅིག་བརྗོད་པས་ཀྱང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་རྟགས་ཡོད་པ་དང་མེད་པ་བསྟན་པར་འགྱུར་བས་ཞེས་བྱ་བས་ནི་གལ་ཏེ་རྗེས་སུ་འགྲོ་བའི་སྒོ་ནས་སྦྱོར་བར་བྱེད་དམ། འོན་ཏེ་ལྡོག་པའི་སྒོ་ནས་སྦྱོར་བར་བྱེད་ཀྱང་རུང་སྟེ། འོན་ཀྱང་བཤད་
པའི་ཚུལ་གྱིས་ན་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ལ་ཡོད་པ་དང་མེད་པ་བཤད་པ་ནི་ཡོད་པ་དང་མེད་པ་རབ་ཏུ་བསྟན་པ་ཡིན་ནོ། །གཉིས་ཀས་ཀྱང་རྟགས་ནི་སོ་སོར་བྱེད་དོ། །དེ་ལྟར་ན་ཚིག་གཉིས་སྦྱོར་བ་ངེས་པ་མེད་དོ་ཞེས་བྱ་བ་ནི། དེའི་ཕྱིར་སྦྱོར་བ་གཅིག་ལ་ཆོས་མཐུན་
པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་གྱི་ཚིག་གཉིས་སྦྱོར་བ་ངེས་པ་མེད་དོ། །རེ་ཞིག་དེ་ལྟར་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་གཅིག་གིས་གཅིག་སྡུད་པ་ནི་བཤད་ཟིན་ཏོ། །གཏན་ཚིགས་གསུམ་པའི་ཕྱིར། མི་དམིགས་པ་ལ་ཡང་ཞེས་བྱ་བ་སྨོས་ཏེ།
འབྲས་བུ་རང་བཞིན་གྱི་གཏན་ཚིགས་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི་དམིགས་པ་ཁོ་ནར་འགྱུར་རོ་ཞེས་བསྟན་པར་མི་དམིགས་ན། དེ་ལྟ་བུ་མེད་དོ་ཞེས་བྱ་བར་རྟོགས་པའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་བོ་ཞེས་བྱ་བ་ནི་གང་གི་ཚེ་
དམིགས་པའི་རིག་བྱར་གྱུར་པ་ཡོད་ན་གདོན་མི་ཟ་བར་དམིགས་པར་འགྱུར་རོ་ཞེས་ལྡོག་པ་བརྗོད་པ་དེའི་ཚེ། དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པའི་ཤུགས་ཀྱིས་མེད་དོ་ཞེས་བྱ་བ་རྟོགས་པར་འགྱུར་ཏེ། དེའི་ཕྱིར་རྗེས་སུ་འགྲོ་བ་གྲུབ་པ་བསྡུས་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་སྡུད་

པ་ཡིན་ནོ། །མི་དམིགས་པ་ལ་ལྡོག་པ་སྡུད་པ་ནི་བདག་ཉིད་ཀྱིས་བརྟག་པར་བྱའོ། །ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཅན་གྱི་རྗེས་སུ་དཔག་པ་གཉིས་ལ་ཡང་ཕྱོགས་མ་བསྟན་པ་མ་ཡིན་ནམ། ཇི་ལྟར་ན་ཕྱོགས་བསྟན་པ་མེད་པར་དེ་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར་སྦྱོར་བ་འདི་གཉིས་
ཀ་ལ་ཡང་ཕྱོགས་བསྟན་པར་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། གདོན་མི་ཟ་བར་ཕྱོགས་བསྟན་པར་བྱ་བའི་ངེས་པ་གང་ཡིན་པའི་ངེས་པ་འདི་ནི་མེད་དོ། །འདི་ལྟར་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལས་ཡང་དམིགས་པའི་རིག་བྱར་གྱུར་པ་གང་མི་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཞེས་
བྱ་བ་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ཀྱི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ་ཞེས་དངོས་པོ་མ་ལུས་པ་བསྡུས་པས་རྗེས་སུ་འགྲོ་བ་བྱས་ན་འདི་ན་ཡང་དམིགས་པའི་རིག་བྱར་གྱུར་པ་བུམ་པ་མི་དམིགས་སོ་ཞེས་ཕྱོགས་ཀྱི་ཆོས་བསྟན་པར་ཤུགས་ཀྱིས་འདི་
ན་བུམ་པ་མེད་དོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མ་ལུས་པ་བསྡུས་པས་རྗེས་སུ་འགྲོ་བ་གང་དང་གང་ན་ཕྱོགས་ཀྱི་ཆོས་བསྟན་པ་དེ་དང་དེ་ན་བསྒྲུབ་པར་བྱ་བ་སྟོབས་ཀྱིས་འགྲུབ་པར་འགྱུར་ན་ཕྱོགས་བསྟན་ཅི་དགོས་དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ཡོད་པའི་ཐ་སྙད་ཀྱི་
ཡལ་གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་དེ་ནི། དམིགས་པ་ཁོ་ནར་ང་གྱུར་ན་ཞེས་བྱ་བ་ནི་ཡོད་པའི་ཐ་སྙད་ཀྱི་ཡུལ་དངོས་པོ་གང་ཇི་སྙེད་པ་དེ་ཐམས་ཅད་དམིགས་པའི་རིག་བྱར་གྱུར་ན། གདོན་མི་ཟ་བར་དམིགས་པར་འགྱུར་རོ་ཞེས་ལྡོག་པ་བརྗོད་ན། འདི་ན་ནི་དེ་འདྲ་བའི་བུམ་པ་དེ་ལྟར་མི་དམིགས་
ཞེས་ཕྱོགས་ཀྱི་ཆོས་བསྟན་པ་ཤུགས་ཉིད་ཀྱིས་འདིར་ཡོད་པའི་ཐ་སྙད་ཀྱི་ཡུལ་མེད་དོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མ་ལུས་པ་བསྡུས་པས་ལྡོག་པ་བསྟན་པ་གང་ཡིན་པ་དེ་དང་། ཕྱོགས་ཀྱི་ཆོས་ཞེས་བྱ་བའི་དེ་གཉི་གའི་སྟོབས་ཀྱིས་དམ་བཅས་པ་རྟོགས་པས་དམ་བཅས་པ་མ་བསྟན་ཏེ།
གཞན་དུ་ན་གང་རྟོགས་པ་མེད་པ་དེ་བསྟན་ཏོ། །གལ་ཏེ་ཤུགས་ཀྱིས་དམ་བཅའ་བའི་དོན་རྟོགས་པར་འགྱུར་ན། དེའི་ཚེ་དམ་བཅས་པའི་ཚིག་ལ་ངོ་མི་ཆོད་པ་ཅི་ཡོད། འདི་ལྟར་སྐབས་ཀྱི་ཤུགས་ཀྱིས་ལོག་པར་རྟོག་པའི་ཡུལ་གྱི་དོན་ངེས་པར་ཤེས་པ་དང་། ཕྱོགས་ཀྱི་ཆོས་དང་ཁྱད་པར་བསྟན་

པའི་སྟོབས་ཀྱིས་དམ་བཅས་པའི་དོན་ཁོང་དུ་ཆུད་པ་དེ་ལ་ཕྱོགས་བསྟན་པས་ཅི་ཞིག་བྱ། དེ་ནི་རྣམ་པར་ངེས་པའི་ཚིག་བརྗོད་པ་ལ་བལྟ་བར་བྱའི། སྤྱོད་པ་བརྗོད་པར་ནི་ཕྱོགས་བསྟན་ཀྱང་ཉེས་པ་འགའ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་ངེས་པ་མེད་དེ་ཞེས་བྱ་བ་སྨྲོས་སོ། །
ཅི་སྟེ་རྣམ་པ་ཐམས་ཅད་དུ་ཕྱོགས་བསྟན་པ་དགག་པར་དོགས་པ་ཁོ་ན་ཞེས་འབའ་ཞིག་ཡིན་པར་གྱུར་ན་ནི། དེའི་ཚེ་འདི་སྐད་དུ་གདོན་མི་ཟ་བར་བསྟན་པར་མི་བྱའོ་ཞེས་བཤད་པར་འགྱུར་རོ། །གལ་ཏེ་རྣམ་པར་ངེས་པའི་ཚིག་བརྗོད་པར་ཕྱོགས་མི་བསྟན་པར་ཆུག་ན། སྤྱོད་པ་བརྗོད་པ་གང་དུ་བསྟན་
པ་དེར་ནི་ཕྱོགས་ཅི་ལྟ་བུ་ཞིག་ཅེས་བསྟན་པར་བྱ་ཞེས་བྱ་ལ། མཚན་ཉིད་ཅི་ལྟ་བུ་དང་ལྡན་པའི་ཕྱོགས་ཤིག་བསྟན་པར་བྱ་ཞེ་ན། རང་གི་ངོ་བོ་ཁོ་ན་དང་། བདག་ཉིད་དང་། འདོད་པ་དང་། མ་བརྩལ་བས་བསྟན་པར་བྱ་བ་ནི་ཕྱོགས་སོ་ཞེས་བསྟན་པར་བྱ་བ་ཡིན་ཞེས་བྱ་བ་སྨོས་ཏེ། དོན་གང་ཞིག་
རྒོལ་བའི་འདོད་པས་ཡུལ་དུ་བྱས་ནས་བསྒྲུབ་པར་བྱ་བའི་ངོ་བོ་ཁོ་ནར་སྟོན་ཅིང་། མངོན་སུམ་ལ་སོགས་པས་སེལ་བར་མི་བྱེད་པ་དེ་ལྟ་བུའི་དོན་ནི་ཕྱོགས་སོ་ཞེས་བསྟན་ཏེ། དེ་ནི་རེ་ཞིག་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི། རང་གི་ངོ་བོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་
པར་ཞེས་བྱ་བ་ནི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ངོ་བོ་མ་གཏོགས་པ་ངོ་བོ་གཞན་དུ་འོས་པ་མ་ཡིན་པས། དེའི་ཕྱིར་རང་གི་ངོ་བོས་ཞེས་བཤད་མོད་ཀྱི། བསྒྲུབ་པར་བྱ་བ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རང་གི་ངོ་བོ་ཁོ་ནས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་པ་ཡིན་གྱི། སྒྲུབ་པ་ཉིད་
ཡིན་ཡང་རུང་ན་མ་ཡིན་ཞེས་བྱ་བ་བསྣན་པས་ནི་བསྒྲུབ་པར་བྱ་བའི་ངོ་བོ་ཁོ་ན་འབའ་ཞིག་ཏུ་བསྟན་པར་བྱ་བ་ལ་ཕྱོགས་ཁོ་ནར་བརྗོད་ཀྱི། ངོ་བོ་གཞན་སྤང་བ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བའི་ངོ་བོ་གཞན་དང་ཡང་ལྡན་པར་བསྟན་པ་གང་ཞེ་ན། དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་
གཏན་ཚིགས་མིག་གིས་གཟུང་བ་ཉིད་ནི་སྒྲ་ལ་མ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ན་ཞེས་བྱ་བ་སྨོས་ཏེ། གང་ཞིག་སྒྲ་ནི་མི་རྟག་པ་སྟེ། མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་སྨྲ་བར་བྱེད་པ་དེའི་མིག་གིས་གཟུང་བ་དེ་ནི་སྒྲ་ལ་མ་གྲུབ་པས་བསྒྲུབ་པར་བྱ་བ་ཡིན་ནོ། །དེའི་ཕྱིར་བསྣན་པ་མེད་པ་

མིག་གིས་གཟུང་བ་བསྟན་པ་ཡང་ཕྱོགས་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལས་བསྒྲུབ་པར་བྱ་བའི་ངོ་བོ་ཡོད་པ་ཅིའི་ཕྱིར་ཕྱོགས་མ་ཡིན་ཞེ་ན། དེ་འདིར་ནི་སྒྲུབ་པ་ཁོ་ནར་བརྗོད་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཁོ་ནར་མི་འདོད་ཅེས་བྱ་བ་སྨོས་ཏེ། མིག་གིས་གཟུང་བ་ཉིད་ལ་བསྒྲུབ་པར་བྱ་བའི་ངོ་བོ་ཉིད་
ཡོད་མོད་ཀྱི། འོན་ཀྱང་གཏན་ཚིགས་ཉིད་དུ་སྟོན་པ་ན་བསྒྲུབ་པར་བྱ་བའི་རང་གི་ངོ་བོ་ཁོ་ན་འབའ་ཞིག་ནི་མ་ཡིན་ཏེ། བསྒྲུབ་པའི་ངོ་བོ་ཉིད་ཀྱང་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་ཡིན་ཡང་སྒྲུབ་པའི་ངོ་བོ་ལྷག་པར་ཡོད་པའི་ཕྱིར་བསྣན་པའི་ཚིག་གིས་ཕྱོགས་ཉིད་ཡིན་པ་ཟློག་གོ། །བདག་ཉིད་ཅེས་བྱ་བ་
ནི་དེའི་ཚེ། རྒོལ་བས་སྒྲུབ་པ་སྨྲས་པ་གང་ཡིན་པའོ་ཞེས་བྱ་བ་ནི་སྒྲུབ་པ་སྨྲས་པས། བདག་ཉིད་ཀྱིས་བསྟན་པར་བྱ་བའི་དོན་གང་ཡིན་པ་དེ་ནི་ཕྱོགས་ཁོ་ན་ཡིན་གྱི། བསྟན་བཅོས་བྱེད་པས་བསྟན་པར་བྱ་བའི་དོན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཞེས་བྱ་བ་ནི་རྒོལ་བས་བསྟན་པར་བྱ་བ་ལ་ཕྱོགས་ཁོ་ནས་བརྗོད་
པས་སོ། །གལ་ཏེ་བསྟན་བཅོས་འགའ་ཞིག་ལ་བརྟེན་ཏེ་སྒྲུབ་པ་སྨྲ་ན་ཡང་ཞེས་བྱ་བ་ནི་རེ་ཞིག་བསྟན་བཅོས་འགའ་ཞིག་ལ་བརྟེན་ཏེ། ཕྱོགས་སུ་བྱ་བའི་ངེས་པ་ཡིན་པ་དེ་ནི་ངེས་པ་མེད་མོད་ཀྱི་འོན་ཀྱང་གལ་ཏེ་བསྟན་བཅོས་ཁས་བླངས་ཏེ། ཚད་མར་བྱེད་ན་ཡང་ཞེས་བྱ་བའི་ཐ་ཚིག་སྟེ། བསྟན་བཅོས་དེ་བྱེད་པས་
བསྟན་བཅོས་སྒྲུབ་པ་མང་ཞིག་ཁས་ལེན་དུ་ཟིན་ཀྱང་ཞེས་བྱ་བ་ནི་རྒོལ་བ་བསྟན་བཅོས་གང་ལ་བརྟེན་ཏེ་སྒྲུབ་པ་སྨྲ་བའི་བསྟན་བཅོས་དེ་གང་གིས་བྱས་པའི་བསྟན་བཅོས་དེ་བྱེད་པ་དེས་ལོག་པར་རྟོག་པའི་ཡུལ་ཆོས་ཅན་ལ་གལ་ཏེ་ཆོས་མང་ཞིག་ཁས་བླངས་པར་གྱུར་ཀྱང་འོན་ཀྱང་། དེའི་ཚེ་རྒོལ་བ་དེས་ཆོས་གང་བསྒྲུབ་
པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ་ཞེས་བྱ་བ་ནི་རྒོལ་བ་ཁོ་ནས་ཆོས་གང་བསྒྲུབ་པར་འདོད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། བསྟན་བཅོས་བྱེད་པའི་འདོད་པ་ནི་མ་ཡིན་ཏེ། འདི་སྐད་དུ་གང་གི་ཚེ་རྒོལ་བས་བསྟན་འདོད་པ་ཞེས་བྱ་བའི་ཕྱོགས་ཉིད་ཁས་ལེན་
པ་དེའི་ཚེ། རྒོལ་བ་བསྟན་བཅོས་ཁས་ལེན་པའི་སྒོ་ནས་སྨྲ་ན་ཡང་བདག་ཉིད་འདོད་པའི་ཆོས་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི། བསྟན་བཅོས་བྱེད་པས་ཁས་བླངས་པ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདོད་པ་ཞེས་བྱ་བ་ནི་དོན་གང་ལ་རྩོད་པར་སྒྲུབ་པར་འདོད་པའོ་ཞེས་བྱ་བའི་སྒྲའི་དོན་འཆད་དེ། དངོས་

པོ་གང་རྩོད་པ་བྱུང་བའི་རྩོད་པའི་གཞིའི་དངོས་པོ་ཉིད་གྲུབ་པར་འདོད་པས་བསྒྲུབ་པ་བཀོད་པའི་དོན་དེ་ནི་འདོད་པ་ཞེས་བྱའོ། །དེ་ནི་ཚིག་ཏུ་མ་སྨྲས་ཀྱང་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། གལ་ཏེ་ལོག་པར་རྟོག་པའི་ཡུལ་དོན་དེ་ཚིག་གིས་མ་བརྗོད་ཀྱང་། འོན་ཀྱང་དེ་ནི་བསྒྲུབ་
པར་བྱ་བ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྩོད་པའི་གཞི་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་དེ་ཁོ་ནར་རྩོད་པ་གང་གི་ཕྱིར་རྩོད་པ་དེ་ཇི་ལྟར་ན། བསྒྲུབ་པར་བྱ་བ་ཁོ་ན་མ་ཡིན། རྩོད་པའི་གཞི་གང་ལ་དེ་ཚིག་ཏུ་མ་བརྗོད་ཀྱང་བསྒྲུབ་པར་བྱ་བར་འདོད་ཅེ་ན། དེའི་ཕྱིར། དཔེར་ན་འདུས་པ་
ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་རྣམས་འདུས་པའི་ངོ་བོ་ཡིན་པས། གཞན་གྱི་དོན་དུ་མཐོང་བ་ལྟར་དེ་བཞིན་དུ་མིག་ལ་སོགས་པ་ཡང་འདུས་པའི་ངོ་བོ་
ཡིན་པའི་ཕྱིར། གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ནི་སྦྱོར་བའི་དོན་ཡིན་ནོ། །འདིར་བདག་གི་དོན་ཞེས་མ་བརྗོད་ཀྱང་བདག་གི་དོན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་སྦྱོར་བ་འདིར་གལ་ཏེ་དམིགས་ལ་སོགས་པ་ནི་བདག་གི་དོན་ཏོ་ཞེས་མ་བརྗོད་ཀྱང་བདག་གི་དོན་ཁོ་ནར་སྒྲུབ་པར་བྱེད་དོ། །དེ་ལྟ་མ་ཡིན་
ན་གཞན་གྱི་དོན་ཙམ་ཞིག་ཡིན་ན། གྲུབ་པ་སྒྲུབ་པར་འགྱུར་རོ། །བདག་ལ་ལོག་པར་རྟོག་པས་སྒྲུབ་པ་འབའ་ཞིག་སྟེ། དེའི་ཕྱིར་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེས་ན་སྨྲས་པ་ཙམ་ཁོ་ན་ཉིད་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར། དེ་སྐད་དུ་མ་སྨྲས་ཀྱང་འདོད་པས་ཡུལ་དུ་
བྱས་པའི་ཕྱིར་བསྒྲུབ་པར་བྱ་བར་འདོད་པ་དེའི་ཕྱིར་སྨྲས་པ་ཁོ་ན་འབའ་ཞིག་བསྒྲུབ་པར་བྱ་བ་མ་ཡིན་གྱི། ཅི་ལྟ་ཞེ་ན། འདོད་པས་ཡུལ་དུ་བྱས་པ་ཡང་བསྒྲུབ་པར་བྱས་པ་ཁོ་ན་ཡིན་ནོ། །མ་བསལ་བ་ཞེས་བྱ་བ་ནི་མཚན་ཉིད་དེ་དང་ལྡན་དུ་ཟིན་ཀྱང་བསྒྲུབ་པར་འདོད་པའི་དོན་མངོན་སུམ་དང་རྗེས་སུ་དཔག་པ་དང་།
གྲགས་པ་དང་། རང་གི་ཚིག་རྣམས་ཀྱིས་སེལ་བ་གང་ཡིན་པ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཞེས་བྱ་བ་ནི། ཇི་སྐད་སྨོས་པའི་མཚན་ཉིད་དང་ལྡན་པའི་དོན་བསྒྲུབ་པའི་སྐབས་ཡིན་ཡང་། གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དང་། གྲགས་པ་དང་། རང་གི་ཚིག་གིས་སེལ་བར་བྱེད་ན། དེའི་

ཚེ་དོན་དེ་ཕྱོགས་མ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་མ་བསལ་བ་ཞེས་བྱ་བ་སྨོས་སོ། །དེ་ལ་མངོན་སུམ་གྱིས་གསལ་བ་ནི་དཔེར་ན་སྒྲ་ནི་མཉན་དུ་མི་རུང་ངོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ཐོགས་པ་ནི་ཉན་པ་སྟེ། སྣའི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་པ་ལ་གྲགས་པའམ། ཉན་པས་གཟུང་བར་བྱ་བ་
ནི་མཉན་དུ་རུང་བའོ། །མཉན་པར་བྱ་བ་མ་ཡིན་པ་ནི་མཉན་དུ་མི་རུང་བ་སྟེ། རྣ་བའི་རྣམ་པར་ཤེས་པ་ལ་གྲགས་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་འདིར་སྒྲ་ནི་ཆོས་ཅན་ཡིན་ནོ། །མཉན་དུ་མི་རུང་བ་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། །སྒྲ་ནི་མཉན་དུ་མི་རུང་བ་ཉིད་དོ་ཞེས་དམ་འཆའ་
ན། དེ་ནི་མངོན་སུམ་གྱིས་སེལ་བར་བྱེད་དོ། །འདི་ལྟར་རྣ་བའི་རྣམ་པར་ཤེས་པ་སྒྲའི་རྣམ་པར་སྣང་བ་ནི་སྲོག་ཆགས་སོ་ཅོག་གིས་རང་གིས་རང་རིག་སྟེ། དེས་ན་མཉན་པར་བྱ་བ་ཉིད་དུ་རང་གིས་རིག་པའི་གྲགས་པས་མཉན་དུ་མི་རུང་བ་ཉིད་སེལ་བར་བྱེད་དོ། །རྗེས་སུ་དཔག་པས་བསལ་བ་ནི་དཔེར་
ན་བུམ་པ་ནི་རྟག་པའོ་ཞེས་བྱ་བ་ལ་བུམ་པ་རྟག་པ་ཉིད་དུ་དམ་འཆའ་ན། བྱས་པ་ལ་སོགས་པའི་རྗེས་སུ་དཔག་པས་སེལ་བར་བྱེད་དེ། འདི་ལྟར་བྱས་པ་ནི་མི་རྟག་པར་མཐོང་ལ། བུམ་པ་ཡང་བྱས་པ་ཡིན་ཏེ། དེས་ན་རྟག་པ་ཉིད་དུ་ག་ལ་འགྱུར། གྲགས་པས་བསལ་བ་ནི་དཔེར་ན་རི་བོང་ཅན་ནི་
ཟླ་བ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྟེ། ལ་ལ་ཞིག་རི་བོང་ཅན་ནི་ཟླ་བའི་སྒྲར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་ན། དེ་ནི་རི་བོང་ཅན་ཟླ་བའི་སྒྲར་བརྗོད་པ་ཉིད་དུ་གནག་རྫི་མོ་ཡན་ཆད་ལ་གྲགས་པས་སེལ་བར་བྱེད་དོ། །ཡང་ན་དོན་ཐམས་ཅད་ལ་སྒྲ་ཐམས་ཅད་ཀྱི་བརྗོད་པར་
བྱར་རུང་བས་སེལ་བར་བྱེད་དེ། སྒྲ་དང་དོན་དུ་འབྲེལ་བ་ནི་བརྡར་བཏགས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་ལ་ཡང་ཟླ་བའི་སྒྲར་བརྗོད་པར་བྱ་བ་ཉིད་དུ་རུང་ངོ་། །རང་གི་ཚིག་གིས་སེལ་བ་ནི་དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་ཞེས་བྱ་བ་སྟེ། གང་ཞིག་རྗེས་སུ་དཔག་པ་
ནི་ཚད་མ་མ་ཡིན་ནོ་ཞེས་སྨྲ་ན་ཡང་། དེ་ནི་རང་གི་ཚིག་དང་འགལ་ཏོ། རྗེས་སུ་དཔག་པ་ཚད་མ་ཉིད་མ་ཡིན་ན་ཚིག་དེ་ཉིད་ཀྱང་བརྗོད་པར་བྱ་བར་མི་འགྱུར་ཏེ། འདི་ལྟར་ཚིག་ནི་རྗེས་སུ་དཔག་པའི་ཁོངས་སུ་འདུས་ལ། རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་ན་ཚིག་ཀྱང་ཚད་མར་ག་ལ་འགྱུར།

ཚིག་དེ་ཚད་མ་མ་ཡིན་ན་ཅིའི་ཕྱིར་བརྗོད་ཅེས་རང་གི་ཚིག་དང་འགལ་ལོ། །ཕྱོགས་ལྟར་སྣང་བ་བཞིན་བསལ་བ་ཡིན་ནོ་ཞེས་བྱ་བ་ལ་ལུང་དང་འགལ་བ་ནི་རང་གི་ཚིག་དང་འགལ་བའི་ཁོངས་སུ་འདུས་པར་མཁྱེན་ནས། ཕྱོགས་ལྟར་སྣང་བ་བཞིན་ཞེས་བཤད་དོ། །ཡང་ན་
ལུང་ནི་རྗེས་སུ་དཔག་པ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་བརྟེན་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་མི་འགལ་བའི་ཕྱིར་ན་ཡང་བཞི་ཞེས་བཤད་དོ། །དེ་ལྟར་ན་ཞེས་བྱ་བ་ནི་བཤད་པའི་ཚུལ་གྱིས་ནའོ། །གྲུབ་པ་དང་མ་གྲུབ་ཀྱང་སྒྲུབ་པ་ཉིད་དུ་འདོད་པ་དང་། དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་སྒྲུབ་པར་མི་
འདོད་པ་དང་། སྨྲས་པ་ཙམ་དང་བསལ་བ་ལས་བཟློག་པ་ལ་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། འདིར་བཟློག་པ་ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་བར་བྱ་སྟེ། དེས་ན་འདི་སྐད་དུ་གྲུབ་པ་ལས་བཟློག་པ་དང་། མ་གྲུབ་ཀྱང་སྒྲུབ་པ་ཉིད་འདོད་པ་ལས་བཟློག་པ་དང་། དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་
བསྒྲུབ་པར་མི་འདོད་པ་ལས་བཟློག་པ་དང་། སྨྲས་པ་ཙམ་ལས་བཟློག་པ་དང་། བསམས་པ་ཙམ་ལས་བཟློག་པ་ནི་ཕྱོགས་ཡིན་པར་བལྟ་བར་བྱའོ་ཞེས་བསྟན་པར་འགྱུར་ཏེ། དེ་ལྟར་རེ་ཞིག་དེ་ནི་བཟློག་པའི་སྒོ་ནས་ཕྱོགས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །ད་ནི་བསྒྲུབ་པའི་ངོ་བོར་སྟོན་པར་བྱེད་དོ། །དེ་
ཉིད་ཀྱི་ངོ་བོར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ། །རྒོལ་བའི་འདོད་པ་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པའི་འདོད་པ་སེལ་བའོ། །འདོད་པ་ཞེས་བྱ་བ་ནི་སྨྲས་པ་ཙམ་ཉིད་མ་ཡིན་པའོ། །མ་བསལ་བ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་དང་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་ཞེས་
བྱ་བ་ནི་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཕྱོགས་ཀྱི་མཚན་ཉིད་སྐྱོན་མེད་པར་བསྟན་ལ་ཡིན་ནོ་ཞེས་བྱ་བ་ནི། དེ་ལྟར་ཕྱོགས་ཀྱི་མཚན་ཉིད་ཉེས་པ་དང་བཤད་པ་ཡིན་ཏེ། དེ་ལྟར་རེ་ཞིག་ཡང་དག་པའི་མཚན་ཉིད་དང་ལྡན་པའི་རྗེས་སུ་དཔག་པ་བཤད་ཟིན་ཏོ། །རྗེས་སུ་དཔག་པ་ལྟར་སྣང་
བ་བཤད་པར་བཞེད་ནས། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པ་སྟེ་ཞེས་སྨྲས་པ་ཞེས་བྱ་བ་སྨོས་ཏེ། སྨྲས་པ་ཞེས་སྨོས་པས་ནི་གཏན་ཚིགས་ལྟར་སྣང་བ་དང་འབྲེལ་པར་སྟོན་ཏོ། །དེ་ལ་ཚུལ་གསུམ་པས་ཚུལ་གཅིག་མ་སྨྲས་ན་ཡང་སྒྲུབ་པ་ལྟར་སྣང་བ་ཡིན་ཞེས་བྱ་བ་

ནི་ཕྱོགས་ཀྱི་ཆོས་དང་། རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བརྗོད་པ་སྟེ། ཚུལ་གསུམ་ལས་གལ་ཏེ་གཅིག་ཉིད་མ་བརྗོད་ན་ཡང་དེའི་ཚེ་མ་ཚང་བ་ཞེས་བྱ་བའི་སྒྲུབ་པའི་ཉེས་པར་འགྱུར་རོ། །དེ་སྨྲས་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པ་གཉིས་ལ་མ་གྲུབ་བམ་ཐེ་ཚོམ་ཟ་ན་ཡང་ངོ་ཞེས་བྱ་བ་ནི་ཚུལ་གསུམ་
ལས་གང་ཡང་རུང་བ་ཞིག་སྨྲས་ཀྱང་། གལ་ཏེ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ལ་མ་གྲུབ་བམ་ཐེ་ཚོམ་ཟ་བར་འགྱུར་ན། འོན་ཀྱང་བསྒྲུབ་པ་ལྟར་སྣང་བ་ཡིན་ཏེ། དེ་ལྟར་རེ་ཞིག་བསྒྲུབ་པ་ལྟར་སྣང་བ་སྤྱིར་བསྟན་ཏོ། །བྱེ་བྲག་ཏུ་བསྟན་པར་བྱ་བའི་ཕྱིར་ཆོས་ཅན་དང་འབྲེལ་པའི་ཚུལ་གཅིག་མ་
གྲུབ་བམ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཞེས་བྱ་བ་སྨོས་ཏེ། ཆོས་ཅན་དང་འབྲེལ་པ་ནི་ཆོས་ཅན་དང་འབྲེལ་པ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱའོ། །དེ་མ་གྲུབ་བམ་ཐེ་ཚོམ་ཟ་བ་ནི་མ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེ་བསྟན་པའི་ཕྱིར་དཔེར་ན་སྒྲ་
མི་རྟག་པར་བསྒྲུབ་པ་ལ་མིག་གིས་གཟུང་བ་ཉིད་ནི་གཉི་ག་ལ་མ་གྲུབ་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། སྒྲ་མིག་གིས་གཟུང་བར་བྱ་བ་མ་ཡིན་པར་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ག་ཡང་ཁས་མི་ལེན་ཏོ། །ཤིང་རྣམས་ལ་སེམས་པ་ཡོད་པར་བསྒྲུབ་པ་ལ་ཤུན་པ་ཐམས་ཅད་བཤུས་ནས་འཆི་བ་
ནི་ཕྱིར་རྒོལ་བ་ལས་མ་གྲུབ་ཅེས་བྱ་བ་ནི་གང་གི་ཚེ་ཕྱོགས་ཀྱི་གོས་ཅན་ན་རེ་ཤིང་རྣམས་ལ་སེམས་པ་ཡོད་དེ། ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་རོ་ཞེས་སངས་རྒྱས་པ་ལ་ཚད་མར་བྱེད་པ་དེའི་ཚེ། ཤིང་དག་ལ་ཤུན་པ་ཐམས་ཅད་བཤུས་པས་འཆི་བར་སངས་རྒྱས་པ་ལ་མ་གྲུབ་བོ། །ཅིའི་
ཕྱིར་མ་གྲུབ་ཞེ་ན། དེ་ནི་རྣམ་པར་ཤེས་པ་དང་། དབང་པོ་དང་། ཚེ་འགག་པའི་མཚན་ཉིད་ལ་འཆི་བ་ཡིན་པར་ཁས་ལེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་དང་། དབང་པོ་རྣམས་དང་། ཚེ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་འགག་པ་ནི་རྣམ་པར་ཤེས་པ་དང་། དབང་པོ་དང་།
ཚེ་འགག་པའོ། །མཚན་ཉིད་དེ་འཆི་བ་གང་ལ་འཆི་བ་དེ་ནི་རྣམ་པར་ཤེས་པ་དང་། དབང་པོ་དང་། ཚེ་འགག་པའི་མཚན་ཉིད་ཀྱིས་འཆི་བ་ཡིན་ཏེ། སངས་རྒྱས་པ་དག་ནི་དེ་ལྟ་བུའི་འཆི་བ་ཁས་ལེན་གྱི་སྐམ་པ་ཙམ་ལ་ནི་མ་ཡིན་ནོ། །དེ་ཡང་ཤིང་དག་ལ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་འདྲ་བའི་འཆི་

བ་ཤིང་དག་ལ་མི་སྲིད་པའོ། །བདེ་བ་ལ་སོགས་པ་སེམས་པ་མེད་པར་སྒྲུབ་པ་ལ་སྐྱེ་བ་ཅན་ནམ་མི་རྟག་པ་ཉིད་ནི་གྲངས་ཅན་རྒོལ་བ་བདག་ཉིད་ལ་མ་གྲུབ་པའོ་ཞེས་བྱ་བ་གང་གི་ཚེ། གྲངས་ཅན་ན་རེ་བདེ་བ་ཅན་ལ་སོགས་པ་ནི་སེམས་པ་མེད་པ་སྟེ། སྐྱེ་བའི་ཕྱིར་རམ་མི་རྟག་
པའི་ཕྱིར་རོ་ཞེས་སངས་རྒྱས་པ་ལ་ཚད་མར་བྱེད་པ་དེའི་ཚེ། བདེ་བ་ལ་སོགས་པ་དག་ལ་སྐྱེ་བའམ་མི་རྟག་པར་ནི་གྲངས་ཅན་བདག་ཉིད་ལ་མ་གྲུབ་སྟེ། དེའི་ནི་ཅི་ཡང་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །དེ་བཞིན་དུ་དེའི་བདག་ཉིད་དམ། དེའི་གཞི་ལ་ཐེ་ཚོམ་ཟ་ན་མ་གྲུབ་ཅེས་བྱ་བ་ནི་གང་གི་ཚེ། གཏན་
ཚིགས་བདག་ཉིད་དམ། དེའི་གཞི་ལ་ཐེ་ཚོམ་ཟ་བར་གྱུར་ན། དེའི་ཚེ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །འདིར་དཔེ་ནི། དཔེར་ན་མེ་བསྒྲུབ་པར་བྱ་བ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུའོ་ཞེས་བྱ་བ་སྟེ། རླངས་པ་ལ་སོགས་པ་གང་དག་ཡིན་པ་དེ་
དག་ནི་རླངས་པ་ལ་སོགས་པའོ། །དེ་དག་གི་དངོས་པོ་ནི་རླངས་པ་ལ་སོགས་པའི་དངོས་པོ་སྟེ། རླངས་པ་ལ་སོགས་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བ་རྣམས་འདུས་པ་ནི་འབྱུང་བ་འདུས་པ་སྟེ། མེ་གྲུབ་པར་བྱ་བ་ལ་དེ་གཏན་ཚིགས་སུ་བྱེད་ན་གང་གི་ཚེ་འདི་ཅི་རླངས་པའམ། རྡུལ་
ལམ། དུ་བའམ། ཁུག་རྣ་ཡིན་ཞེས་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དེའི་གཞི་ལ་ཐེ་ཚོམ་ཟ་བ་བསྟན་པའི་ཕྱིར། དཔེར་ན་རྨ་བྱའི་སྒྲ་གྲགས་པའི་ཕྱིར། རི་སུལ་འདི་ན་རྨ་བྱ་ཡོད་དོ་ཞེས་བྱ་བ་ལ་ཞེས་བྱ་བ་སྨོས་ཏེ། རྨ་བྱའི་སྒྲ་
འབྱིན་པ་ནི་རྨ་བྱའི་སྒྲའོ། །རི་སུལ་ནི་རིའི་ཕྱོགས་གཅིག་གོ། །གལ་ཏེ་ལ་ལ་ཞིག་འདི་སྐད་དུ་རྨ་བྱའི་སྒྲ་གྲགས་པའི་ཕྱིར། རིས་སུལ་འདི་ན་རྨ་བྱ་ཡོད་དོ་ཞེས་ཚད་མར་བྱེད་ན། དེ་ན་རྨ་བྱའི་སྒྲ་གྲགས་པ་ནི་དེ་ལ་དེས་ན་འདོད་པ་དང་འབྲེལ་པའི་རི་སུལ་ནི་ཐེ་ཚོམ་ཟའོ། །ཇི་ལྟར་ཐེ་ཚོམ་ཟ་ཞེ་
ན། སྒྲ་གྲགས་པའི་ཡུལ་མི་རྟོགས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། རྨ་བྱའི་སྒྲ་དེ་གྲགས་པའི་ཡུལ་ལ་ཐེ་ཚོམ་ཟ་སྟེ། རྨ་བྱའི་སྒྲ་འདི་རི་སུལ་གང་ན་གྲགས་ཞེས་དེ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཆོས་ཅན་མ་གྲུབ་ན་ཡང་མ་གྲུབ་པ་ཡིན་ཏེ། དཔེར་ན་བདག་ཐམས་ཅད་ན་གནས་པར་སྒྲུབ་པ་ལ་

ཐམས་ཅད་ལ་དམིགས་པའི་ཡོན་ཏན་ཉིད་ལྟ་བུའོ་ཞེས་བྱ་བ་ནི། ཀུན་ན་གནས་པ་ནི་ཐམས་ཅད་ན་གནས་པ་སྟེ། ཐམས་ཅད་ན་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ན་དམིགས་པའི་ཡོན་ཏན་རྣམས་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་དངོས་པོ་ནི་ཐམས་ཅད་དམིགས་
པའི་ཡོན་ཏན་ཉིད་དོ། །སུ་ཞིག་ཐམས་ཅད་ན་དམིགས་པའི་ཡོན་ཏན་ཉིད་ཀྱིས་བདག་ཐམས་ཅད་ན་གནས་པ་ཉིད་དུ་སྒྲུབ་པར་བྱེད་པ་དེ་ལ་གཞི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ། འདི་ལྟར་གང་ན་ཐམས་ཅད་ན་དམིགས་པའི་ཡོན་ཏན་ཉིད་ཀྱི་ཆོས་ཡོད་པར་བརྗོད་པའི་བདག་དེ་ཉིད་མ་
གྲུབ་བོ། །ཕ་རོལ་པོའི་ལོ་རྒྱུས་ནི་འདི་ཡིན་ཏེ། བདེ་བ་ལ་སོགས་པ་ནི་བདག་གི་ཡོན་ཏན་རྣམས་ཡིན་ཞེས་གྲགས་ལ་དེ་དག་ཀྱང་ཡུལ་ཐམས་ཅད་ན་གནས་པའི་ལྷ་སྦྱིན་ལ་དམིགས་སོ། །བྱ་བ་མེད་པའི་ཕྱིར་བདག་ལ་ནི་འགྲོ་བ་དང་འོང་བ་མེད་དེ། གང་གི་ཕྱིར་དེའི་ཡོན་ཏན་ཐམས་ཅད་ནི་དམིགས་
པ་དེའི་ཕྱིར། བདག་ནི་ཐམས་ཅད་ན་གནས་པར་ངེས་སོ་ཞེའོ།། །།བམ་པོ་གསུམ་པ། དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་མེད་པའི་ཚུལ་གཅིག་མ་གྲུབ་ན་ཡང་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ་ཞེས་བྱ་བ་ནི་ལྡོག་པ་ལ་མ་གྲུབ་ན་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡིན་
པར་བལྟ་བར་བྱའོ། །དེས་བསྟན་པའི་ཕྱིར་དཔེར་ན་སྒྲ་རྟག་པ་ཉིད་ལ་སོགས་པའི་ཆོས་སུ་བསྒྲུབ་པ་ལ་གཞལ་བྱ་ཉིད་ལ་སོགས་པའི་ཆོས་ནི་མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལའམ། ཕྱོགས་གཅིག་ལ་ཡོད་པའི་ལྟ་བུའོ་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པའི་ཆོས་གང་
ཡིན་པ་དེ་ནི་རྟག་པ་ཉིད་ལ་སོགས་པའོ། །དེ་བཞིན་དུ་གཞལ་བྱ་ཉིད་ལ་སོགས་པའི་ཆོས་གང་ཡིན་པ་དེ་ནི་གཞལ་བྱ་ཉིད་ལ་སོགས་པ་སྟེ། གཞལ་བྱ་ཡིན་པའི་ཕྱིར་སྒྲ་ནི་རྟག་གོ་ཞེས་སྒྲུབ་པ་ལ་གཞལ་བྱ་ཉིད་ནི་མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་དོ། །མི་རྟག་
པའི་ཕྱིར་སྒྲ་ནི་བརྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་ནོ་ཞེས་བསྒྲུབ་པ་ལ་མི་རྟག་པ་ཉིད་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་ལ། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་དོ། །མི་རྟག་པའི་ཕྱིར་སྒྲ་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཡིན་ནོ་ཞེས་བསྒྲུབ་པ་ལ་མི་རྟག་པ་ཉིད་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་

ལ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་དོ། །རེག་པ་མ་ཡིན་པའི་ཕྱིར་སྒྲ་ནི་རྟག་གོ་ཞེས་སྒྲུབ་པ་ལ་རེག་པ་མ་ཡིན་པ་ཉིད་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ཀའི་ཕྱོགས་གཅིག་ལ་ཡོད་དོ། །དེས་ནི་ཐུན་མོང་གི་མ་ངེས་པ་རྣམ་པ་བཞི་བསྟན་ཏོ། །དེ་
བཞིན་དུ་ཚུལ་དེ་ཉིད་ལ་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་ཁོ་ན་སྟེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ལ། གང་གི་ཚེ་ཐེ་ཚོམ་དུ་གྱུར་པ་དེའི་ཚེ་ཡང་མ་ངེས་པ་ཁོ་ན་ཡིན་ནོ། །དཔེ་བསྟན་པའི་ཕྱིར་དཔེར་ན་བརྗོད་པར་འདོད་པའི་མི་ལ་ལ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པའམ། འདོད་ཆགས་ལ་
སོགས་པ་དང་ལྡན་པར་བསྒྲུབ་པ་ལ་སྨྲ་བ་ལ་སོགས་པའི་ཆོས་ལྟ་བུ་སྟེ་ཞེས་བྱ་བ་སྨོས་ཏེ། གང་ཞིག་བརྗོད་པར་འདོད་པའི་མི་ལ་ལ་ཞིག་སྨྲ་བའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྨྲ་བར་བྱེད་པ་དང་། དེ་བཞིན་དུ་སྨྲ་བ་ཁོ་ནའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ནོ་ཞེས་སྨྲ་ན། དེའི་
སྨྲ་བ་ཉིད་ལ་སོགས་པའི་ཆོས་ནི་མ་ངེས་པ་ཁོ་ན་ཡིན་ནོ། །མ་ངེས་པ་དེ་མིང་ཅི་ཞིག་བྱ་ཞེ་ན། མི་མཐུན་པའི་ཕྱོགས་ལས་ལྡོག་པ་དེ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡོད་པས་འདི་ནི་མི་མཐུན་པའི་ཕྱོགས་ལ་ཐེ་ཚོམ་ཟ་བ་ཡིན་ཏེ་ལྡོག་པ་
ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་མཁྱེན་པ་ལ་ལ་ཞིག་སྨྲ་བར་མ་མཐོང་བ་ལ། མ་མཐོང་བའི་ཕྱིར་ན་ལྡོག་པ་གྲུབ་པ་མ་ཡིན་ནམ། ཅི་ལྟར་ན་འདི་མ་ངེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར། ཐམས་ཅད་མཁྱེན་པའི་སྨྲ་བ་མ་དམིགས་སོ་ཞེས་བྱ་བ་མི་དམིགས་པའི་རྣམ་པ་དེ་ལྟ་བུ་ནི་
ཡུལ་བལྟར་མི་སྣང་བ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་མཁྱེན་པ་སྨྲ་བར་མ་མཐོང་དུ་ཟིན་ཀྱང་མི་དམིགས་པ་འདི་ནི་ཡུལ་བལྟར་མི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་ཡང་ཐེ་ཚོམ་གྱི་རྒྱུ་ཡིན་གྱི། ལྡོག་པ་བསྒྲུབ་པར་བཟོད་པ་ནི་མ་ཡིན་ནོ། །དེ་བས་ན་ཐམས་ཅད་
མཁྱེན་པ་མ་ཡིན་པ་ལས་བཟློག་པ་ལ་སྨྲ་བ་ལ་སོགས་པ་ལྡོག་པ་ནི་ཐེ་ཚོམ་དུ་འགྱུར་བ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་བལྟར་མི་སྣང་བའི་མི་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུ་ཁོ་ན་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་པ་ལས་བཟློག་པའི་ཐམས་ཅད་མཁྱེན་པ་ཉིད་ལས་སྨྲ་བའི་མཚན་ཉིད་ཀྱི་གཏན་ཚིགས་ཀྱི་

ལོག་པའི་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །མི་དམིགས་པ་ནི་ཡུལ་བལྟར་མི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་ལྡོག་པ་བསྒྲུབ་པ་མ་ཡིན་དུ་ཟིན་ཀྱང་། རང་བཞིན་འགལ་བ་དམིགས་པས་སྒྲུབ་པར་བྱེད་དོ་ཞེ་ན། དེའི་ཕྱིར་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ལ་འགལ་བ་མེད་པའི་ཕྱིར་རོ་ཞེས་
བྱ་བ་སྨོས་ཏེ། སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་འགལ་བ་མེད་དེ། དེ་བས་ན་མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་སྨྲ་བ་མ་ཡིན་ནོ་ཞེས་བྱ་བའི་ལྡོག་པ་ནི་མི་འགྲུབ་སྟེ་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པ་སྨྲ་བར་མཐོང་དུ་ཟིན་ཀྱང་སྨྲ་བ་ཉིད་དང་།
ཐམས་ཅད་མཁྱེན་པའི་ཉིད་འགལ་བ་མེད་པས་སྨྲས་པ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པར་མི་འགྲུབ་སྟེ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །དེ་གཉིས་ཅི་ལྟར་འགལ་བ་མེད་ཅེ་ན། དེའི་ཕྱིར་དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ་གང་ལ་འགལ་བ་གང་ཅི་སྙེད་པ་དེ་ཐམས་
ཅད་ནི་རྣམ་པ་ཉིད་ཀྱི་ནང་དུ་འདུས་ཏེ། གཅིག་ནི་དངོས་པོ་ལས་གྱུར་པའི་ཕྱིར་རོ། །གཉིས་པ་ནི་མཚན་ཉིད་ལས་གྱུར་པའི་འགལ་བའོ། །དངོས་པོ་ལས་གྱུར་པའི་འགལ་བ་བསྟན་པའི་ཕྱིར་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་འགལ་བ་སྟེ། གྲང་བ་དང་ཚ་བའི་རེག་པ་ལྟ་བུའོ་ཞེས་
བྱ་བ་སྨོས་ཏེ། གང་གི་ཚེ་དངོས་པོའི་རྒྱུའི་ཚིག་མ་ཉམས་པར་རྒྱུ་ཆགས་སུ་འཇུག་པ་ན། དངོས་པོ་གཞན་ཞིག་ཉེ་བར་གྱུར་ན་ལྡོག་པར་གྱུར་པ་དེའི་ཚེ་འགལ་བར་རྟོག་པར་འགྱུར་ཏེ། དཔེར་ན་གྲང་བ་དང་ཚ་བའི་རེག་པ་གཉིས་ལ་གྲང་བའི་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ན། གང་གི་ཚེ་ཚ་བ་ཉེ་བར་གྱུར་པ་
དེའི་ཚེ་གྲང་བ་ལྡོག་པར་འགྱུར་བ་དེ་ལྟ་བུ་སྟེ། དེ་གཉིས་ནི་འཇིག་རྟེན་ན་འགལ་བར་རྟོགས་སོ། །གཅིག་གིས་གཅིག་སྤོང་བ་སྟེ་གནས་པའི་མཚན་ཉིད་ཁོ་ནས་ཏེ། ཡོད་པ་དང་མེད་པ་ལྟ་བུའོ་ཞེས་བྱ་བ་ནི་གང་ཞིག་གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་དེ་དག་ནི་གཅིག་གིས་གཅིག་སྤངས་ཏེ་
གནས་པའི་མཚན་ཉིད་དག་གོ། །དེའི་དངོས་པོ་ནི་གཅིག་གིས་གཅིག་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ན་སྟེ་དེས་འགལ་བའོ། །དཔེར་ན་ཡོད་པ་དང་མེད་པ་གཉིས་ལ་ཡོད་པ་ནི་མེད་པ་སྤངས་པས་རྣམ་པར་གཞག་གོ། །མེད་པ་ནི་ཡོད་པ་སྤངས་པས་རྣམ་པར་གཞག་གོ། །འགལ་བ་རྣམ་པ་དེ་གཉིས་

ཡང་སྨྲ་བ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྲིད་ཅེས་བྱ་བ་ནི་འགལ་བ་རྣམ་པ་དེ་གཉིས་གང་ཡང་ཐམས་ཅད་མཁྱེན་པ་ཉིད་དང་། སྨྲ་བ་ཉིད་དུ་ལྡན་པ་ལ་མི་སྲིད་དེ། སྨྲ་བ་ཉིད་ཀྱི་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་གྱུར་ན་ལྡོག་པ་ཡང་མ་
མཐོང་ངོ་། །སྨྲ་བ་ཉིད་སྤངས་པས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཞག་པ་ཡང་མ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་སྤངས་པས་སྨྲ་བ་ཉིད་རྣམ་པར་གཞག་པ་ཡང་མ་ཡིན་ནོ། །འགལ་བ་མེད་དུ་ཟིན་ཀྱང་འགལ་བ་མེད་བཞིན་དུ་སྨྲ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཟློག་པར་
འགྱུར་རོ་ཞེ་ན། དེའི་ཕྱིར། མི་འགལ་བ་ཡོད་པའི་ཕྱིར། མི་དམིགས་ཀྱང་མེད་པ་རྟོགས་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ། གང་དུ་འགལ་བར་མི་བརྗོད་པར་དེར་དངོས་པོ་གཉིས་པ་མི་དམིགས་པ་མེད་པར་ཡིད་ཆེས་པར་མི་ནུས་སོ། །ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་བསྒྲུབ་པའི་ཕྱིར། སྨྲ་
བ་ཉིད་ཀྱིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་རེ་ཞིག་དེ་ལྟ་བུ་ཡིན་ནོ། །འདོད་ཆགས་ལ་སོགས་དང་ལྡན་པར་སྟོན་པ་ལ་ཡང་ལྡོག་པར་ཐེ་ཚོམ་ཟ་བར་བསྟན་པའི་ཕྱིར། འདོད་ཆགས་ལ་སོགས་པ་དང་། ཚིག་ལ་སོགས་པ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ།
འདོད་ཆགས་ལ་སོགས་པ་ནི་ཚིག་གི་རྒྱུ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་གྲུབ་བོ། །འདོད་ཆགས་ལ་སོགས་པ་དང་ཚིག་རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་ན་དེ་ལ་ཅིར་འགྱུར་ཞེ་ན། དོན་གཞན་རྒྱུ་མ་ཡིན་པ་ལྡོག་པས་ཚིག་ལ་སོགས་པ་ལྡོག་པ་ནི་མ་ཡིན་ཞེས་བྱ་བ་སྨོས་སོ། །དོན་གཞན་ནི་འདོད་ཆགས་
ལ་སོགས་པ་སྟེ། རྒྱུར་མ་གྱུར་པ་དེ་ལས་ལོག་པས་ཅིའི་ཕྱིར་ཚིག་ལ་སོགས་པ་ལྡོག་པར་འགྱུར། དེ་ལྟར་ན་ཚིག་ལ་སོགས་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་ལྡན་པའི་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་སྨྲ་བ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་འགལ་བ་ཅི་ཡང་མེད་ལ། འདོད་
ཆགས་ལ་སོགས་པ་དང་ཚིག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པ་དེའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལོག་པ་དང་འདོད་ཆགས་ལ་སོགས་པ་ལོག་པས་ཚིག་ལྡོག་པ་ལ་ཐེ་ཚོམ་ཟ་བ་སྟེ། དེའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་མེད་པ་ཡིན་ནོ། །ཚུལ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་

རྟོགས་པ་ནི་འགལ་བ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཚེ་ཚུལ་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྲུབ་པ་དེའི་ཚེ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །གཉིས་པོ་གང་དག་གི་ཞེ་ན་ཞེས་བྱ་བ་ནི་ཚུལ་གཉིས་པོ་གང་དག་ཕྱིན་ཅི་ལོག་ཏུ་རྟོགས་པ་ནི་གཏན་ཚིགས་འགལ་བ་སྟོན་པར་བྱེད་པའོ། །མཐུན་པའི་
ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པའོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་རེ་ཞིག་འགལ་བའི་མཚན་ཉིད་སྤྱིར་བསྟན་པ་ཡིན་ནོ། །བྱེ་བྲག་བསྟན་པར་བྱ་བའི་ཕྱིར། བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་རྟག་པ་ཉིད་སྒྲུབ་པ་ལ་འགལ་
བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཞེས་བྱ་བ་སྨྲས་ཏེ། གང་གིས་བྱས་པ་གང་ཉིད་དམ། བསམས་མ་ཐག་ཏུ་བྱུང་བ་ཉིད་ཀྱིས་རྟག་པ་ཉིད་སྒྲུབ་པར་བྱེད་པ་དེའི་ཚེ་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །ཇི་ལྟར་ན་འདིར་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ཞེ་ན། འདི་གཉིས་ཀྱིས་མཐུན་པའི་
ཕྱོགས་ལ་མེད་པ་དང་། མི་མཐུན་པའི་ཕྱོགས་ལ་ཡོད་པས་ཕྱིན་ཅི་ལོག་ཏུ་གྲུབ་ཞེས་བྱ་བ་སྨོས་ཏེ། རྟག་པ་ཉིད་དུ་བསྒྲུབ་པ་ལ་ནམ་མཁའ་ལ་སོགས་པ་ནི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལ་ནི་བྱས་པ་ཉིད་དང་། བརྩལ་མ་ཐག་ཏུ་འབྱུང་བ་གཉི་ག་མི་སྲིད་དོ། །མི་རྟག་པ་བུམ་པ་ལ་
སོགས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལ་ནི་དེ་གཉི་ག་ཡོད་པ་ཉིད་དེ། དེ་ལྟར་ན་དེ་གཉིས་ཀྱིས་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ནོ། །དེ་གཉིས་ནི་བསྒྲུབ་པར་བྱ་བའི་ཕྱིན་ཅི་ལོག་ཏུ་གྲུབ་པའི་ཕྱིར་འགལ་བ་དག་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་ཚུལ་དེ་གཉིས་ཀྱིས་ཕྱིན་ཅི་ལོག་ཏུ་གྲུབ་པ་དེའི་ཕྱིར།
བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ནི་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་ཡང་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །འདོད་པ་ལ་གནོད་པ་བྱེད་པ་འགལ་བ་གསུམ་པ་ཡང་མ་ཡིན་ནམ་ཞེས་བྱ་བ་ནི་འདོད་པ་ལ་གནོད་པ་བྱེད་པས་ན་འདོད་པ་ལ་གནོད་པ་བྱེད་པ་སྟེ། འགལ་བ་གསུམ་
པ་ན་བསྟན་བཅོས་མཛད་པས་བསྟན་ཏོ། །དཔེ་བསྟན་པའི་ཕྱིར། དཔེར་ན་འདུས་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དོ། །མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་སྟེ། དེའི་དོན་ནི་རྣམ་པར་བཤད་ཟིན་ཏོ། །འགལ་བ་འདི་ཡང་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་

འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཉིད་དུ་འདོད་དོ། །ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བའོ་ཞེས་བྱ་བ་སྨོས་ཏེ། གཞན་དག་གི་དོན་བྱེད་པ་ནི་གཞན་གྱི་དོན་བྱེད་པའོ། །དེའི་དངོས་པོ་ནི་གཞན་གྱི་དོན་བྱེད་པ་ཉིད་དོ། །འདུས་པ་མ་ཡིན་པ་ལ་གཞན་གྱི་དོན་བྱེད་པ་
ནི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པའོ། །དེ་ནི་དེའི་འདོད་པ་ཡང་ཡིན་ལ་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ཕྱིན་ཅི་ལོག་པ་ནི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པར་དེའི་འདོད་པ་དང་ཕྱིན་ཅི་ལོག་པ་སྟེ། དེ་སྒྲུབ་པ་ལ་ནི་དེ་སྐད་ཅེས་བྱའོ། །
དེ་ལྟ་བས་ན་དེའི་འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པ་ནི་འདོད་པ་ནི་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་དེ་འགལ་བ་ཉིད་ཡིན་པར་བལྟ་བར་བྱའོ། །ཅིའི་ཕྱིར་མ་སྨྲས་ཤེ་ན་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པས་ཁས་བླངས་པ་ཡང་ཡིན་ལ། འགལ་བའི་མཚན་ཉིད་དང་ཡང་ལྡན་ཡང་ཞེས་བསམས་པའོ། །
འདི་ཉིད་ཁོ་ནའི་ནང་དུ་འདུས་པའི་ཕྱིར་ཞེས་བྱ་བ་ནི་འགལ་བ་འདི་གཉིས་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་ནང་དུ་འདུས་པས་ལོགས་ཤིག་ཏུ་མ་བརྗོད་དོ། །ནང་དུ་འདུས་པ་དེ་ཉིད་བསྟན་པའི་ཕྱིར། དེ་ནི་བསྒྲུབ་པར་བྱ་བ་ལོག་པར་སྒྲུབ་པས་འདི་གཉིས་དང་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བྱས་
པ་ཉིད་དང་བརྩལ་མ་ཐག་ཏུ་འབྱུང་བའི་མཚན་ཉིད་ཀྱིས་གཏན་ཚིགས་དག་ནི་རྟག་པ་ཉིད་སྒྲུབ་པ་ལ་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་ཕྱིར་འགལ་བ་དག་ཏུ་བཤད་ལ། འདི་ཡང་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པས་དེ་གཉིས་དང་འགལ་བ་ཉིད་དུ་འདྲའོ། །སྔ་མ་དེ་ལ་ནི་ཚིག་ཏུ་སྨོས་པའི་
བསྒྲུབ་པར་བྱ་བ་ལ་ཕྱིན་ཅི་ལོག་ཏུ་སྒྲུབ་ལ། འདིར་ནི་འདོད་པའི་དོན་ལ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་དེ་གཉིས་དང་འདི་འདྲ་ཞེ་ན་དེའི་ཕྱིར། འདོད་པ་དང་སྨྲས་པ་གཉིས་ལ་བསྒྲུབ་པར་བྱ་བ་ཉིད་དུ་ནི་བྱེ་བྲག་ཅི་ཡང་མེད་ཅེས་བྱ་བ་སྨོས་ཏེ། འདོད་པ་གང་ཡིན་པ་དང་སྨྲས་པ་
གང་ཡིན་པ་དེ་གཉིས་ནི་བསྒྲུབ་པར་བྱ་བ་ལ་བྱེ་བྲག་ཅི་ཡང་མེད་དོ་ཞེས་དེ་ནི་སྔར་བསྟན་ཟིན་ཏོ། །ཚུལ་གཉིས་ལས་གཅིག་ནི་མ་གྲུབ་ལ་ཅིག་ཤོས་ནི་ཐེ་ཚོམ་ཟ་ན་ཡང་མ་ངེས་པ་ཡིན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཁོ་ན་ལ་གཅིག་ནི་མ་གྲུབ་ལ། ཅིག་ཤོས་ལ་ནི་ཐེ་ཚོམ་ཟ་ན་གཏན་ཚིགས་མ་ངེས་པ་ཉིད་ཡིན་

ནོ། །དཔེ་བསྟན་པའི་ཕྱིར། དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བའམ། ཐམས་ཅད་མཁྱེན་པ་ཡིན་ཞེས་བྱ་བ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །འདི་ལ་ལྡོག་པ་ནི་མ་གྲུབ་ལ་རྗེས་སུ་འགྲོ་བ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི་སྦྱོར་བ་འདི་ལ་ལྡོག་པ་ནི་མེད་པ་ལ་རྗེས་སུ་འགྲོ་བ་ལ་ནི་
ཐེ་ཚོམ་ཟ་བ་ཡིན་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་ལ་མི་མཐུན་པའི་ཕྱོགས་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ཡིན་ན། ཐམས་ཅད་མཁྱེན་པ་མ་ཡིན་པ་དག་ལས་ཀྱང་ཚིག་ནི་ལོག་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་ལས་ཐེ་ཚོམ་ཟ་བ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པ་དང་
འདོད་ཆགས་དང་བྲལ་བ་དག་ནི་བསྐལ་པ་ཡིན་པའི་ཕྱིར་དེ་ལ་ཚིག་ལ་སོགས་པ་ཡོད་དམ་མེད་པར་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པ་དེའི་ཕྱིར། ཅི་དེ་ལ་ཚིག་ཡོད་དམ་མེད་ཅེས་ཐེ་
ཚོམ་ཟ་སྟེ། འདི་ལྟར་དཔེ་ཉིད་དུ་བསྟན་པའི་མི་གང་ཡིན་པ་དེ་ཅི་ཐམས་ཅད་མཁྱེན་པ་ཞིག་ཡིན་ཏེ། སྨྲའམ། འོན་ཏེ་ཐམས་ཅད་མཁྱེན་པ་མ་ཡིན་ལ་སྨྲ་སྙམ་པ་སྟེ། དེ་ལ་ངེས་པ་མེད་དོ། །ཚུལ་དེ་གཉིས་ཉིད་ལ་ཐེ་ཚོམ་ཟ་ན་མ་ངེས་པ་ཡིན་ཞེས་བྱ་བ་ནི་གང་གི་ཚེ་རྗེས་སུ་འགྲོ་བའམ། ལྡོག་པ་
གཉི་ག་ལ་ཡང་ཐེ་ཚོམ་ཟ་བར་འགྱུར་བ་དེའི་ཚེ། ཡང་མ་ངེས་པ་ཁོ་ནའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །དཔེ་བསྟན་པའི་ཕྱིར་དཔེར་ན་སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་ཞེས་བྱ་བ་སྨྲས་སོ། །སྲོག་ལ་སོགས་པ་གང་
ཡིན་པ་དེ་དག་ནི་སྲོག་ལ་སོགས་པ་སྟེ། སོགས་པའི་སྒྲས་ནི་འབྱེད་པ་དང་། འཛུམ་པ་དང་། བརྐྱང་བ་དང་། བསྐུམ་པ་ལ་སོགས་པ་ཡོངས་སུ་བསྡུའོ། །བདག་དང་བཅས་པ་ཞེས་བྱ་བ་ནི། བདག་ལོངས་སྤྱོད་ཀྱི་རྟེན་ཉིད་དུ་གནས་པའོ། །གསོན་པོའི་ལུས་ཞེས་བྱ་བ་དེས་ནི་ཤི་བའི་ལུས་བསལ་
ཏོ། །འདི་རེ་རེ་ཤིང་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསྟན་པའི་ཕྱིར། བདག་དང་བཅས་པ་དང་། བདག་མེད་པ་ལས་གང་ལ་སྲོག་ལ་སོགས་པ་གནས་པར་འགྱུར་བའི་གནས་ཕུང་པོ་གཞན་ནི་མེད་དོ་ཞེས་བྱ་བ་སྨོས་ཏེ། ཕུང་པོ་ནི་གཉིས་ཏེ། བདག་དང་བཅས་པ་དང་བདག་མེད་པ་སྟེ། དེ་ལ་མ་གཏོགས་

པ་གཞན་ནི་མེད་དོ། །སྲོག་ལ་སོགས་པ་དང་ལྡན་པ་ཉིད་ནི་དངོས་པོའི་ཆོས་ཡིན་ན། དེ་བདག་དང་བཅས་པ་དང་། བདག་མེད་པ་གཉིས་ལས་ལོག་སྟེ། གཞན་གང་དུ་གནས་པར་འགྱུར། ཅིའི་ཕྱིར་ཕུང་པོ་གསུམ་པ་མི་སྲིད་ཅེ་ན། བདག་གནས་པ་དང་། རྣམ་པར་
གཅོད་པ་དག་གིས་ཐམས་ཅད་བསྲུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གནས་པ་དང་རྣམ་པར་གཅོད་པ་ནི་གནས་པ་དང་རྣམ་པར་གཅོད་པ་དག་སྟེ། གནས་པ་ནི་ཡོད་པའོ། །རྣམ་པར་གཅོད་པ་ནི་མེད་པའོ། །བདག་གི་གནས་པ་དང་རྣམ་པར་གཅོད་པ་ནི་བདག་གནས་པ་དང་རྣམ་པར་གཅོད་པ་དག་གོ། །
དེ་གཉིས་ནི་དངོས་པོ་ཐམས་ཅད་བསྡུས་ཏེ། འདི་ལྟར་གང་ལ་བདག་གནས་པ་དེ་ནི་བདག་དང་བཅས་པ་ཡིན་ནོ། །དེ་ལ་མ་གཏོགས་པ་གཞན་ཐམས་ཅད་ནི་བདག་མེད་པ་ཡིན་ནོ། །དེའི་ཕྱིར་ཕུང་པོ་གསུམ་པ་ལྟ་ག་ལ་སྲིད་དེ། དེ་ལྟར་རེ་ཞིག་སྲོག་ལ་སོགས་པ་དང་བཅས་པ་དང་། བདག་མེད་
པ་དག་ལ་ལྡོག་པར་མ་གྲུབ་བོ། །གལ་ཏེ་དེ་གཉིས་ལས་ལྡོག་པ་མ་གྲུབ་ན་དེ་ལ་རྗེས་སུ་འགྲོ་བ་ཡོད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་གཉིས་ལས་གཅིག་ལ་གནས་པར་ཡང་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། སྲོག་ལ་སོགས་པ་དང་ལྡན་པ་ནི་བདག་དང་བཅས་པའམ། བདག་མེད་པ་
ལ་ཡོད་དོ་ཞེས་བྱ་བ་ངེས་པར་བྱ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་དང་བཅས་པའམ། བདག་མེད་པར་སྒྲུབ་པ་ལ་སྲོག་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་དང་བཅས་པ་ཉིད་དུ་ངེས་པའི་དངོས་པོའམ། བདག་མེད་པ་ཉིད་དུ་ངེས་པའི་དངོས་པོ་ལ་སྲོག་ལ་
སོགས་པ་དང་ལྡན་པ་ཉིད་ནི་མ་མཐོང་ངོ་། །དེའི་ཕྱིར་གནས་པར་ངེས་པ་ལྟ་ག་ལ་ཡོད། དེ་བས་ན་གསོན་པོའི་ལུས་དང་འབྲེལ་པ་ཅན་གྱི་སྲོག་ལ་སོགས་པ་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་པ་ན་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་པ་སྟེ། གསོན་པོའི་ལུས་དང་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་རྣམ་པར་
སྦྱར་རོ། །དེ་གང་ལ་ཡོད་པ་དེ་ཉིད་ནི་གསོན་པོའི་ལུས་དང་འབྲེལ་པ་ཅན་ཏེ། ཕྱོགས་ཀྱི་ཆོས་ཞེས་བྱ་བའི་ཐ་ཚིག་གོ། །བདག་དང་བཅས་པ་དང་། བདག་མེད་པ་ཐམས་ཅད་ལས་ལྡོག་པ་ཉིད་དུ་མ་གྲུབ་པའི་ཕྱིར་དེ་གཉིས་དང་མ་བྲལ་ལོ་ཞེས་བྱ་བ་འདིས་ནི་མཇུག་བསྡུས་ཏེ། ལྡོག་པ་མེད་པར་སྟོན་ཏོ། །

བདག་གཅིག་པུ་ལ་ཡང་མ་གྲུབ་པའི་ཕྱིར། དེ་ལ་རྗེས་སུ་འགྲོ་བ་མེད་དོ་ཞེས་བྱ་བ་འདིས་ནི་མཇུག་བསྡུས་ནས་རྗེས་སུ་འགྲོ་བ་མེད་པར་སྟོན་ཏེ། དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཡོད་པར་མ་གྲུབ་པ་ཡིན་ནོ། །འོ་ན་དེ་ལ་དེ་གཉིས་མེད་པར་ངེས་པ་ཡང་ཡོད་དོ་ཞེ་ན། དེའི་ཕྱིར་བདག་དང་
བཅས་པ་དང་། བདག་མེད་པ་ལས་དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་མེད་པར་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བདག་དང་བཅས་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཡོད་པར་མ་ངེས་པ་དེ་ལྟར་མེད་པར་ཡང་མ་ངེས་ཏེ། དེ་བཞིན་དུ་བདག་མེད་པ་ལ་ཡང་བརྗོད་པར་བྱའོ། །ཡོད་པར་
མ་ངེས་པ་མེད་དུ་ཟིན་ཀྱང་མེད་པར་ངེས་པར་གོ་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་གཅིག་ལ་གཅིག་མེད་པའི་ངོ་བོར་གནས་པ་དག་ཡིན་ཏེ། འདི་ལྟར་
གང་ན་རྗེས་སུ་འགྲོ་བ་མེད་པར་དེ་ན་ལྡོག་པ་ཡོད་པའམ། གང་ན་ལྡོག་པ་མེད་ན་རྗེས་སུ་འགྲོ་བ་ཡོད་པའོ། །དེ་གཉིས་ཕན་ཚུན་དུ་རྣམ་པར་གཅོད་པའི་ངོ་བོར་གནས་པ་ཡིན་དུ་ཆུག་ན། དེས་ཅིར་འགྱུར་ཞེ་ན། གཅིག་མེད་པར་ངེས་ན་ཅིག་ཤོས་ཡོད་པར་གདོན་མི་ཟ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།
གང་གི་ཚེ་དེ་གཉིས་གཅིག་ལ་གཅིག་མེད་པའི་ངོ་བོར་གནས་པ་དེའི་ཚེ་རྗེས་སུ་འགྲོ་བ་མེད་པར་ངེས་པ་གང་ཡིན་པ་དེས། ལྡོག་པ་ཡོད་པར་ངེས་པར་གདོན་མི་ཟ་བར་འགྱུར་རོ། །དེ་བཞིན་དུ་ལྡོག་པ་མེད་པར་ངེས་པས་ཀྱང་རྗེས་སུ་འགྲོ་བ་ཡོད་པར་ངེས་པར་གདོན་མི་ཟ་བར་འགྱུར་ཏེ། འདི་ལྟར་གང་དུ་
སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཡོད་པ་མེད་དོ་ཞེས་བྱ་བར་ངེས་པ་མེད་པར་ངེས་པ་ཡིན་ལ། གང་དུ་དེ་མེད་པ་མེད་དོ་ཞེས་བྱ་བར་ངེས་པ་དེར་ཡང་ཡོད་པར་ངེས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལ་གཅིག་མེད་པར་ངེས་ན། ཅིག་ཤོས་ཡོད་པར་ངེས་པར་གདོན་མི་ཟ་བ་དེའི་
ཕྱིར་བདག་དང་བཅས་པ་དང་། བདག་མེད་པ་གཉིས་ལ་སྲོག་ལ་སོགས་པ་དང་ལྡན་པ་མེད་པར་ངེས་པ་ཡང་མེད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་དེ་

ཉིད་མ་ངེས་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བར་ཟིན་ཀྱང་མ་ངེས་པར་འགྲོ། ཅིའི་ཕྱིར་འགྱུར་ཞེ་ན། དེའི་ཕྱིར་བསྒྲུབ་པར་བྱ་བ་དང་ཅིག་ཤོས་ལ་ངེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་
པའི་མི་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་དང་ལྡན་པ་ངེས་པ་མེད་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་སྨྲས་པའི་ཚུལ་གྱིས་སོ། །ཚུལ་གསུམ་པོ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བ་རྣམས་སོ། །དེ་དག་ཅེས་བྱ་བ་ནི་གཏན་ཚིགས་ལྟར་
སྣང་བ་ཡིན་ཞེས་བྱ་བ་དང་སྦྱར་རོ། །ཚུལ་རེ་རེའམ། གཉིས་གཉིས་ལ་ལར་མ་གྲུབ་པའམ། ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི། ལ་ལར་ནི་ཚུལ་གཅིག་མ་གྲུབ་པའམ། ཐེ་ཚོམ་ཟ་བ་ཡིན་ནོ། །ལ་ལར་ནི་ཚུལ་གཉིས་སོ། །ཅི་རིགས་པ་ཞེས་བྱ་བ་ནི་ཇི་ལྟར་མཐུན་པར་སྦྱར་རོ། །གཏན་ཚིགས་ལྟར་
སྣང་བ་གསུམ་པོ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་དག་ཡིན་ཞེས་བྱ་བ་ནི། མ་གྲུབ་པ་དག་དང་། འགལ་བ་དག་དང་། མ་ངེས་པ་རྣམས་ཞེས་ཚིག་རྣམ་པར་སྦྱར་རོ། །འགལ་བ་མི་འཁྲུལ་པ་ཅན་ཡང་ཐེ་ཚོམ་གྱི་རྒྱུར་བཤད་ཅེས་བྱ་བ་ནི་འགལ་བ་མི་འཁྲུལ་པ་མེད་པ་ནི་འགལ་བ་མི་འཁྲུལ་
པའོ། །དེ་འདི་ལ་ཡོད་པས་འགལ་བ་མི་འཁྲུལ་པ་ཅན་ནོ། །ཡང་ན་འདི་འགལ་བ་མི་འཁྲུལ་པའི་ངང་ཚུལ་ཅན་ཡིན་པས་འདི་ནི་འགལ་བ་མི་འཁྲུལ་པ་ཅན་ཏེ། དེ་ནི་བསྟན་བཅོས་བྱེད་པས་མ་ངེས་པར་བཤད་དོ། །དེ་འདིར་ནི་མ་སྨོས་སོ་ཞེས་བྱ་བ་ནི་བདག་གིས་མ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན།
རྗེས་སུ་འགལ་བའི་ཡུལ་ལ་མི་སྲིད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་མི་སྲིད་དོ། །ཇི་ལྟར་མི་སྲིད་ཅེ་ན། འབྲས་བུའམ། རང་བཞིན་ནམ། མི་དམིགས་པའི་མཚན་ཉིད་སྨོས་པ་ལ་འགལ་བ་མི་སྲིད་ཅེས་བྱ་བ་སྨོས་ཏེ། རྒྱུ་ཡོད་ན་
འབྲས་བུ་ཡོད་པ་ཉིད་ནི་འབྲས་བུའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། དེ་ཙམ་དང་རྗེས་སུ་འབྲེལ་པའི་གཏན་ཚིགས་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ཡིན། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པ་ནི་མི་དམིགས་པའི་མཚན་ཉིད་ཡིན་ན། འགལ་བ་དག་ནི་མཚན་ཉིད་སྨོས་

པ་དང་ལྡན་པ་དེ་དག་ལ་མི་སྲིད་དོ། །འདི་ལྟར་ཤིང་ཤ་པས་ཤིང་ཉེ་བར་བསྒྲུབ་པ་ལ་མི་མཐུན་པ་གང་ཤིང་མེད་པ་ལ་གྲུབ་པར་བྱེད་པ་ཇི་སྐད་སྨོས་པའི་མཚན་ཉིད་དང་ལྡན་པ་གཉིས་པ་ནི་མི་སྲིད་དོ། །གལ་ཏེ་མཚན་ཉིད་སྨོས་པ་དང་ལྡན་པ་གསུམ་ཅར་ལ་མི་སྲིད་དུ་ཟིན་ན། འོ་ན་གཞན་ལ་སྲིད་པར་
འགྱུར་རོ་ཞེ་ན། དེའི་ཕྱིར་མི་འཁྲུལ་པ་ཅན་གཏན་ནི་མེད་ཅེས་བྱ་བ་སྨོས་ཏེ། གཏན་ཚིགས་གསུམ་ལ་མ་གཏགས་པ་གང་ལ་འགལ་བ་མི་འཁྲུལ་པ་ཅན་སྲིད་པར་འགྱུར་བའི་འཁྲུལ་པ་ཅན་གྱི་གཏན་ཚིགས་གཞན་ནི་མེད་དོ། །གང་གི་ཕྱིར་གསུམ་པོ་དེ་དག་ལ་མི་སྲིད་པའི་ཕྱིར་དངོས་པོ་མ་མཐོང་
བའི་སྟོབས་ཀྱིས་ཞུགས་པ་ཡིན་ཞེས་བྱ་བ་ནི་གང་ལ་འབྲེལ་པའི་ཚད་མས་གཏན་ལ་ཕབ་པ་མེད་པ་དེ་ནི་དངོས་པོ་མ་མཐོང་བའི་སྟོབས་ཀྱིས་ཞུགས་པ་ཞེས་བྱའོ། །ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་བརྟེན་ཏེ་ཞེས་བྱ་བ་ནི། འདི་ལ་ལུང་ལ་བརྟེན་པའི་ཡོད་པས་འདི་ནི་ལུང་ལ་བརྟེན་པ་སྟེ། གང་
དུ་ལུང་གི་སྒོ་ནས་ཆོས་ཅན་དང་། ཕྱོགས་ཀྱི་ཆོས་ལ་སོགས་པ་གཏན་ལ་འབེབས་པ་དེ་ནི་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ཞེས་བྱའོ། །དེའི་དོན་དཔྱད་པ་དག་ལ་ཞེས་བྱ་བ་ནི་ལུང་གི་དོན་དཔྱད་པ་དག་ལའོ། །འགལ་བ་མི་འཁྲུལ་པ་ཅན་ནི་བསྒྲུབ་པའི་སྐྱོན་དུ་བཤད་ཅེས་བྱ་བ་དེ་ནི་གོ་སླའོ། །
གལ་ཏེ་འདི་རིགས་པ་མ་ཡིན་ན་དེའི་ཚེ་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་ཡང་དེ་ཅིའི་ཕྱིར་སྲིད་ཅེ་ན། བསྟན་བཅོས་བྱེད་པ་རྣམས་ནི་དོན་རྣམས་ལ་འཁྲུལ་པས་རང་བཞིན་ལོག་པར་སྟོན་པ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །བསྟན་བཅོས་བྱེད་པ་ཐམས་ཅད་ནི་དེ་ཁོ་ན་མཐོང་བ་བྱུང་བ་མ་ཡིན་
པས་དེ་རྣམས་ནི་དོན་ཁ་ཅིག་དག་ལ་རང་བཞིན་ལོག་པར་སྨྲ་བ་ཡང་འགྱུར་བས་དེའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་གྱི་སྐབས་སུ་འགྱུར་རོ། །གལ་ཏེ་ལུང་དང་འབྲེལ་བའི་རྗེས་སུ་དཔག་པ་ལ་དེ་ཡོད་པ་ཉིད་དུ་འདོད་ནའོ། །འོ་ན་ལྟ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་ཡང་ཅིའི་ཕྱིར་མི་འདོད་ཅེ་ན། དེའི་ཕྱི