Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 3 / 22 (50.000 ký tự/trang)
ར།
དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་པ་བདག་དང་འབྲས་བུ་དང་མི་དམིགས་པ་དག་ལ་ནི་དེ་མི་སྲིད་ཅེས་བྱ་བ་སྨོས་ཏེ། དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་པ་གང་དག་ཡིན་པ་དེ་དག་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པར་འདུག་པ་རྣམས་ཏེ། འདུག་པ་ནི་རྣམ་པར་གནས་པའོ། །བདག་

དང་འབྲས་བུ་དང་མི་དམིགས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། བདག་ནི་རང་བཞིན་ཞེས་བྱའོ། །ཇི་ལྟར་ཡང་དག་པའི་དོན་དུ་དངོས་པོ་རྣམ་པར་གནས་པ་དེ་ལྟར་རང་བཞིན་དང་འབྲས་བུ་དང་མི་དམིགས་པ་ཞེས་བྱ་བའི་གཏན་ཚིགས་རྣམས་རྣམ་པར་འཇོག་པ་གང་དག་ཡིན་
པ་དེ་དག་ལ་འགལ་བ་མི་འཁྲུལ་པ་ཅན་ལྟ་ག་ལ་སྲིད། འདིར་དཔེ་ནི་ཞེས་བྱ་བ་ནི་ལུང་ལ་བརྟེན་ནས་ཚད་མ་སྟོན་པར་བྱེད་པའོ། །གང་ཞིག་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་དང་། ཅིག་ཅར་དུ་མངོན་པར་འབྲེལ་པ་དེ་ནི་ཐམས་ཅད་གནས་པ་ཞེས་བྱ་བ་ལ་ཡུལ་ཐམས་ཅད་དུ་གནས་པ་
དག་ནི་ཡུལ་ཐམས་ཅད་ནི་གནས་པ་རྣམས་སོ། །དེ་དག་ནི་རང་དང་ཡང་ཡིན་ལ་འབྲེལ་པ་ཅན་དག་དང་། དངོས་པོ་གང་ཞིག་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་རྣམས་དང་། ཅིག་ཅར་དུ་མངོན་པར་འབྲེལ་པ་དེ་ནི་ཐམས་ཅད་ན་གནས་ཡིན་པར་མཐོང་སྟེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་
བྱ་བ་ལ། ནམ་མཁའ་ནི་ཡུལ་ཐམས་ཅད་ན་རྣམ་པར་གནས་པ་རང་དང་འབྲེལ་པ་ཅན་བུམ་པ་ལ་སོགས་པ་ཞེས་བྱ་བ་དག་དང་མངོན་པར་འབྲེལ་ཏེ། དེ་ནི་ཐམས་ཅད་ན་གནས་པ་ཡིན་པར་འདོད་དོ། །ཚིག་དེས་ནི་རྗེས་སུ་འགྲོ་བ་བསྟན་ཏོ། །སྤྱི་ཡང་ཡུལ་ཐམས་ཅད་ན་གནས་པ་རང་དང་འབྲེལ་པ་ཅན་
དག་དང་ཅིག་ཅར་དུ་འབྲེལ་ཏོ་ཞེས་བྱ་བ་ནི་སྤྱི་དང་འབྲེལ་པ་ཅན་གསལ་བའི་བྱེ་བྲག་ཡུལ་ཐམས་ཅད་ན་ཡོད་པ་དེ་དག་དང་སྤྱི་ནི་ཅིག་ཅར་དུ་འབྲེལ་ཏེ། དེས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར། དེ་དང་འབྲེལ་པ་ཅན་གྱི་རང་བཞིན་ཅན་ཙམ་གྱི་
རྗེས་སུ་འཇུག་པའི་དད་ཅན་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་ཅེས་བྱ་བ་སྨོས་ཏེ། དེ་དང་འབྲེལ་པ་ཅན་རྣམས་ནི་དེ་དང་འབྲེལ་པ་ཅན་དག་གོ། །དེ་དང་འབྲེལ་པ་ཅན་རྣམས་ཀྱི་རང་བཞིན་ཙམ་གྱི་རྗེས་སུ་འཇུག་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་དེ་དང་འབྲེལ་པ་ཅན་གྱི་རང་བཞིན་ཙམ་གྱི་རྗེས་སུ་འཇུག་
པའི་ངང་ཅན་ནོ། །འབྲེལ་པ་ཅན་དེ་དག་གི་ཡུལ་ནི་དེའི་ཡུལ་ལོ། །དེའི་ཡུལ་ན་འདུག་པ་ནི་དེའི་ཡུལ་ན་འདུག་པའོ། །དེ་ནི་དེའི་ཡུལ་ན་འདུག་པ་ཡང་ཡིན་ལ་རང་བཞིན་ཡང་ཡིན་པས་དེའི་ཡུལ་ན་འདུག་པའི་རང་བཞིན་ནོ། །དེའི་དངོས་པོ་ནི་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་དེ། འབྲེལ་པ་

ཅན་གྱི་ཡུལ་ན་ཉེ་བར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་སོང་བ་ཁོ་ནས་འབྲེལ་པ་ཅན་རྣམས་ཁྱབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། གང་ན་གང་མེད་པ་དེ་ནི་དེའི་ཡུལ་ལ་བདག་ཉིད་ཀྱིས་ཁྱབ་པར་བྱེད་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ། གང་ན་གང་མེད་པ་དེས་ནི་དེའི་ཡུལ་ཁྱབ་པར་
བྱ་བ་ཇི་ལྟར་ནུས། དེའི་ཡུལ་ཞེས་བྱ་བ་ནི་ཡུལ་དེ་གང་གི་ཡིན་པ་དེ་ནི་དེའི་ཡུལ་ལོ། །ཡུལ་གང་ན་དེ་མེད་ན་ཡུལ་དེ་འབྲེལ་པ་ཅན་གང་ཡིན་པ་དེ་ཁྱབ་པར་བྱ་བ་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བ་ཞེས་བྱ་བ་དེ་ནི་གོ་སླའོ། །ད་རེ་ཞིག་དེ་ལྟར་གཟེགས་ཟན་པ་ཁ་
ཅིག་གིས་སྤྱི་ནི་ཐམས་ཅད་ཀྱི་ཐམས་ཅད་ན་གནས་པ་མ་ཡིན་པར་བསྟན་ཏོ། །གཟེགས་ཟན་པ་གཞན་དག་ནི་རྟེན་ཙམ་ལ་སྤྱི་ཐམས་ཅད་གནས་པ་ཉིད་ཡིན་པ་ཁོ་ནར་འདོད་དེ། དེའི་ལུགས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། སྦྱོར་བ་གཉིས་པ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ནི་གོ་སླའོ། །དམིགས་པའི་
རིག་བྱར་གྱུར་པ་གང་ཞིག་གང་ན་མི་དམིགས་པ་དེ་ནི་མེད་དེ་དཔེར་ན་འགའ་ཞིག་ན་བུམ་པ་མེད་དོ་ཞེས་བྱ་བ་ལྟ་བུ་སྟེ་ཞེས་བྱ་བ་དེ་ནི་དམིགས་པའི་རྗེས་སུ་འགྲོ་བ་བསྙད་པའོ། །གསལ་བའི་བར་རྣམས་ནི་ཡང་དམིགས་པའི་རིག་བྱར་གྱུར་སྤྱི་མི་དམིགས་ཞེས་བྱ་བ་ནི་གསལ་བ་གཞན་རྣམས་དང་། གསལ་བའི་
བར་རྣམས་ནི་གསལ་བའི་བར་རྣམས་ཏེ། དེ་དག་ནི་དམིགས་པའི་རིག་བྱར་གྱུར་པ་སྤྱི་ནི་མི་དམིགས་སོ། །དེས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །རྒོལ་བ་དེས་ཀྱང་རྟེན་ཙམ་ལ་ཐམས་ཅད་ན་གནས་པ་ཉིད་དུ་བརྟེན་ཏོ། །མི་དམིགས་པ་འདི་དང་རང་བཞིན་དེ་ནི་ཕན་ཚུན་འགལ་བའི་དོན་སྒྲུབ་པ་ཡིན་པས་
གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་ཅེས་བྱ་བ་ལ་བཤད་མ་ཐག་པའི་མི་དམིགས་པས་ནི་རྟེན་ཙམ་ལ་སྤྱི་ཐམས་ཅད་ན་གནས་པ་ཉིད་དུ་སྒྲུབ་པར་བྱེད་ལ། སྔ་མ་བཞིན་གྱི་གཏན་ཚིགས་ཀྱིས་ནི་ཐམས་ཅད་ཀྱི་ཐམས་ཅད་ན་གནས་པ་ཉིད་དུ་སྒྲུབ་པར་བྱེད་པས་ཕན་ཚུན་འགལ་བའི་དོན་སྒྲུབ་པ་དེ་
གཉིས་ནི་གཅིག་སེལ་བའི་བར་རྣམས་ནི་སྤྱི་མི་དམིགས་པའི་ཕྱིར་རང་གི་རྟེན་ཙམ་ལ་ཐམས་ཅད་ན་གནས་པ་ཉིད་གཅིག་ཡིན་ནམ། འོན་ཏེ་ཡུལ་ཐམས་ཅད་ན་རྣམ་པར་གནས་པ་རང་དང་འབྲེལ་པ་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར། ཐམས་ཅད་ཀྱི་ཐམས་ཅད་ནི་གནས་པ་ཞིག་ཡིན་སྙམ་ན་སྤྱི་གཅིག་

ལ་ཐེ་ཚོམ་ཟ་བར་བྱེད་དོ། །རེ་ཞིག་དེ་ལྟར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་འདྲ་བ་དང་བཅས་པ་བསྟན་ཏོ། །དེ་ཅི་སྟེ་ཅིའི་ཕྱིར་དཔེའི་མཚན་ཉིད་མ་བསྟན་ཅེ་ན། དེའི་ཕྱིར། གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་དེ་ཙམ་གྱིས་རྟོགས་པས། དཔེ་ཞེས་བྱ་བ་སྒྲུབ་
པའི་ལན་ལག་ནི་ལོགས་ཤིག་ན་ཅི་ཡང་མེད་དེ། དེས་ན་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བརྗོད་པས་བྱ་བ་སྨོས་སོ། །སྔར་གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་གང་ཡིན་པའི་ཚུལ་གསུམ་པོ་དེ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་དོན་འགྲུབ་པར་འགྱུར་ཏེ། དེ་ལྟ་བས་ན་དཔེ་ཞེས་བྱ་བ་སྒྲུབ་པའི་
ཡན་ལག་ལོགས་ཤིག་ན་མེད་དེ། དེའི་ཕྱིར་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བརྗོད་དོ། །དོན་གོ་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱིས་དཔེའི་དོན་ཡང་གོ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གཏན་ཚིགས་ནི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ཉིད་ལས་ལོག་
པའི་ཚུལ་དུ་བྱེ་བྲག་མེད་པར་བཤད་པ་ཞེས་བྱ་བ་སྨོས་ཏེ། རེ་ཞིག་སྤྱིར་ན་འདི་ནི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བྱ་བའི་ཚུལ་དང་། མི་མཐུན་པའི་ཕྱོགས་ཉིད་ལས་ལོག་པ་ཞེས་བྱ་བའི་ཚུལ་ལོ། །ཡང་བྱེ་བྲག་ནི་འབྲས་བུ་དང་རང་བཞིན་
གཉིས་ན་སྐྱེ་བ་དང་། དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་པར་བསྟན་པར་བྱ་བར་བཤད་ཅེས་བྱ་བ་ནི་བྱེ་བྲག་ཏུ་གཏན་ཚིགས་ཀྱི་མཚན་ཉིད་འབྲས་བུའི་གཏན་ཚིགས་ནི་སྐྱེ་བའི་ཡིན་པར་རབ་ཏུ་བསྟན་པར་བྱའོ་ཞེས་བཤད་དོ། །རང་བཞིན་གྱི་གཏན་ཚིགས་ནི་དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་པར་བསྙད་པར་
བྱ་བ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་སྟོན་པར་བྱེད་པས་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་སྟོན་པར་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ། །གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ། མེ་མེད་ན་དུ་བ་གང་ན་ཡང་མེད་དེ། དཔེར་ན་ཚང་བང་དང་གཞན་ལྟ་བུའོ་ཞེས་བྱ་བ་ནི། རེ་ཞིག་
འབྲས་བུའི་གཏན་ཚིགས་སྤྱིའི་མཚན་ཉིད་ཀྱང་རུང་། རང་གི་མཚན་ཉིད་ཀྱང་རུང་། འདི་སྐད་དུ་རབ་ཏུ་བསྟན་པར་བྱའོ་ཞེས་སྟོན་པར་བྱེད་པ་སྟེ། འདི་ལྟར་འདི་ལ་མཐུན་པའི་ཕྱོགས་ལ་ཡོད་པར་རབ་ཏུ་སྟོན་པར་བྱེད་པས་གདོན་མི་ཟ་བར་ཚང་བང་ལྟ་བུའོ་ཞེས་བརྗོད་པར་བྱའོ། །གཞན་དུ་ན་མཐུན་པའི་

ཕྱོགས་ལ་ཡོད་པ་ཉིད་དུ་བསྟན་པར་མི་ནུས་སོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལས་ལྡོག་པར་བརྗོད་པས་ཀྱང་གདོན་མི་ཟ་བར་ཆུ་ལྟ་བུའོ་ཞེས་བརྗོད་པར་བྱའོ། །གཞན་དུ་ན་ལྡོག་པ་ཉིད་མ་བསྟན་པར་འགྱུར་རོ། །སྐྱེ་བ་ཡང་དེ་བཞིན་དུ་བསྟན་པ་ཡིན་ཏེ། འདི་ལྟར་མེ་ཡོད་ན་དུ་བ་ཡོད་པ་ནི་
དེའི་འབྲས་བུ་ཉིད་ཡིན་ཏེ། དེ་ཉིད་རྗོད་པར་བྱེད་པས་ན་གང་དང་གང་ན་དུ་བ་ཡོད་པ་དེ་དང་དེ་ན་གདོན་མི་ཟ་བར་མེ་ཡོད་དེ། དཔེར་ན་ཚང་བང་ལ་སོགས་པ་ལྟ་བུའོ་ཞེས་བསྟན་པར་འགྱུར་རོ། །གང་ན་བྱས་པ་ཉིད་ཡོད་པ་དེ་ནི་མི་རྟག་པ་ཉིད་ཡོད་ལ། མི་རྟག་པ་ཉིད་མེད་ན་བྱས་པ་ཡང་མི་སྲིད་དེ། དཔེར་
ན་བུམ་པ་དང་ནམ་མཁའ་ལྟ་བུའོ་ཞེས་བསྟན་པར་བྱའོ་ཞེས་བྱ་བ་འདིས་ནི་རང་བཞིན་གྱི་གཏན་ཚིགས་སྤྱི་དང་བྱེ་བྲག་གི་མཚན་ཉིད་ཇི་ལྟ་བར་བསྟན་པར་བྱ་བར་དེ་ལྟར་སྟོན་པར་བྱེད་དེ། འདིར་ཡང་གལ་ཏེ་བུམ་པ་ལྟ་བུའོ་ཞེས་མ་བརྗོད་ན་དེའི་ཚེ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་བསྟན་པར་མི་
ནུས་སོ། །གལ་ཏེ་ནམ་མཁའ་ལྟ་བུའོ་ཞེས་མ་བརྗོད་ན། དེའི་ཚེ་ལྡོག་པ་ཡང་བསྟན་པར་མི་ནུས་སོ། །དེ་ཙམ་གྱི་རྗེས་སུ་འཇུག་པ་ཡང་དེ་བཞིན་དུ་བསྟན་པར་ནུས་ཏེ། འདི་ལྟར་གལ་ཏེ་གང་དང་གང་ན་བྱས་པ་ཉིད་ཡོད་པ་དེ་དག་དེ་ན་གདོན་མི་ཟ་བར་མི་རྟག་པ་ཉིད་ཡོད་དེ། དཔེར་ན་བུམ་པ་
ལྟ་བུའོ་ཞེས་སྟོན་པར་བྱེད་པ་དེའི་ཚེ། དེ་ཙམ་གྱི་རྗེས་སུ་འབྲེལ་པ་བསྟན་པ་ཡིན་ནོ། །གཞན་དུ་ན་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མེད་པར་ཇི་སྐད་དུ་སྨོས་པའི་རྣམ་པ་དག་བསྟན་པར་མི་ནུས་སོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་སྟོན་པར་བྱེད་པས། གལ་ཏེ་
ཚང་བང་ལྟ་བུའོ། །བུམ་པ་ལྟ་བུའོ་ཞེས་མ་བརྗོད་ན། དེའི་ཚེ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་མ་བསྟན་པ་ཡིན་ནོ། །གལ་ཏེ་ཡང་མི་མཐུན་པའི་ཕྱོགས་ལ་མེད་པར་སྟོན་པར་བྱེད་པས་ཆུ་ལྟ་བུའོ། །ནམ་མཁའ་ལྟ་བུའོ་ཞེས་མ་བརྗོད་ན། དེའི་ཚེ་ལྡོག་པ་མ་བསྟན་པ་ཁོ་ན་མ་ཡིན་ཏེ། དེ་ལྟར་རེ་ཞིག་
སྤྱིའི་མཚན་ཉིད་བསྟན་པར་མི་ནུས་པར་བཤད་དོ། །བྱེ་བྲག་གི་མཚན་ཉིད་མི་ནུས་པ་བསྟན་པའི་ཕྱིར། འབྲས་བུའི་རྟགས་ནི་དེའི་འབྲས་བུ་ཉིད་དུ་ངེས་པའམ་ཞེས་བྱ་བ་སྨོས་ཏེ། དེའི་འབྲས་བུ་ནི་དེའི་འབྲས་བུ་ཉིད་དོ། །དེའི་དངོས་པོ་ནི་དེའི་འབྲས་བུ་ཉིད་དུ་ངེས་པ་སྟེ། རྒྱུ་ཡོད་ན་འབྲས་བུ་ཡོད་པ་

ཉིད་དོ་ཞེས་བྱ་བར་ངེས་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཉིད་དུ་ངེས་པ་ཞེས་བྱའོ། །རང་བཞིན་གྱི་རྟགས་ནི་རང་བཞིན་གྱིས་ཁྱབ་པ་ཞེས་བྱ་བ་ལ་ངོ་བོ་ཉིད་ཀྱིས་ཁྱབ་པ་ནི་རང་བཞིན་གྱིས་ཁྱབ་པ་སྟེ། དེ་ཙམ་གྱི་རྗེས་སུ་འཇུག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉི་ག་ཡང་
དཔེ་བསྟན་པ་མེད་པར་བསྟན་པར་མི་ནུས་ལ། གང་གི་ཚེ་ཇི་སྐད་སྨོས་པའི་རིག་པའི་ཆོས་ཅན་འགའ་ཞིག་ལ་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་བསྟན་པར་གྱུར་པ་དེའི་ཚེ་དཔེ་ཡང་བསྟན་པ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེའི་ཚུལ་ནི་དེ་ཙམ་དུ་ཟད་པའི་ཕྱིར་
ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེའི་ཚུལ་ནི་དེ་ཁོ་ནར་ཟད་དེ། འདི་ལྟ་སྟེ། གང་དུ་འགའ་ཞིག་ནི་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བར་སྟོན་པར་བྱེད་པ་དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ། །གང་ན་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་སྟོན་པར་བྱེད་པ་དེ་ནི་ཆོས་མི་མཐུན་
པའི་དཔེ་ཡིན་ནོ། །འདིས་ནི་དཔེའི་ཉེས་པ་རྣམས་ཀྱང་བསལ་བ་ཡིན་ཞེས་བྱ་བ་ནི་གང་གི་ཚེ། གང་དུ་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་སྟོན་པར་བྱེད་པ་དེ་ཡང་དག་པའི་དཔེ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ། གང་གི་མཚན་ཉིད་དེ་གཉིས་སྟོན་པར་མི་ནུས་པ་དེ་ནི་དཔེ་ལྟར་
སྣང་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དཔེ་རྣམས་བསྟན་པ་དཔེར་ན་སྒྲ་ནི་རྟག་པ་སྟེ། ལུས་ཅན་མ་ཡིན་པའི་ཕྱིར། ལས་དང་རྡུལ་ཕྲ་རབ་དང་བུམ་པ་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དང་། གཉི་ག་མེད་པ་ཡིན་ཞེས་བྱ་བའོ། །སྒྲ་ནི་རྟག་པ་སྟེ་ལུས་ཅན་མ་ཡིན་
པའི་ཕྱིར་རོ། །ལས་གཞན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་མེད་པ་ཡིན་ནོ། །རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་མེད་པ་ཡིན་ནོ། །བུམ་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་གཉི་ག་མེད་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་ཡང་ཞེས་བྱ་བ་ནི།
འདི་ལ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། བསྒྲུབ་པར་བྱ་བའི་ཆོས་ཐེ་ཚོམ་ཟ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །དཔེ་རྣམས་བསྟན་པ། དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། ལམ་པོ་

ཆེའི་མི་བཞིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད་པའོ། །མི་འདི་ནི་འདོད་ཆགས་དང་ལྡན་པའི་ཕྱིར་འཆི་བའི་ཆོས་ཅན་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་པའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད་པའོ། །འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་ཐམས་
ཅད་མཁྱེན་པ་མ་ཡིན་ཏེ། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་པའི་ཆོས་ལ་ཐེ་ཚོམ་ཟ་བ་ཡོད་པའོ། །རྗེས་སུ་འགྲོ་བ་མེད་པ་ཞེས་བྱ་བ་ནི་གང་ལ་རྗེས་སུ་འགྲོ་བ་མེད་པ་ཉིད་དོ། །རྗེས་སུ་འགྲོ་བ་རབ་ཏུ་མ་བསྟན་པ་ཞེས་བྱ་བ་ནི་གང་ལ་རྗེས་སུ་འགྲོ་བ་ཡོད་ཀྱང་རབ་ཏུ་མ་བསྟན་པའོ། །དཔེ་
བསྟན་པ་དཔེར་ན་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ། འདོད་པའི་མི་བཞིན་ཞེས་བྱ་བ་ནི་དེ་ལ་ནི་རྗེས་སུ་འགྲོ་བ་མེད་དེ། གང་གིས་དེ་ལ་ཚིག་དང་འདོད་ཆགས་ལ་སོགས་པ་རྣམས་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོའམ་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བ་ནི་
མེད་དོ། །སྒྲ་ནི་བྱས་པའི་ཕྱིར་མི་རྟག་སྟེ་བུམ་པ་བཞིན་ཞེས་བྱ་བ་འདི་ལ་ནི་རྗེས་སུ་འགྲོ་བ་ཡོད་ཀྱང་རབ་ཏུ་མ་བསྟན་པ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ནི་ཞེས་བྱ་བ་ནི་དཔེ་དངོས་པོ་འམ་རྒྱུ་འགྲོ་བ་ཕྱིན་ཅི་ལོག་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དཔེ་བསྟན་པ་གང་མི་རྟག་པ་དེ་ནི་བྱས་
པའོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལ་ནི་གང་ནི་བྱས་པ་དེ་ནི་མི་རྟག་པའོ་ཞེས་བརྗོད་པར་བྱ་བ་ཡིན་ན། གང་མི་རྟག་པ་དེ་ནི་བྱས་པའོ་ཞེས་ལོག་པར་སྨྲས་སོ། །ཆོས་མཐུན་པས་ཡིན་ཞེས་བྱ་བ་ནི། དེ་དག་ཐམས་ཅད་ནི་ཆོས་མཐུན་པའི་དཔེ་ལྟར་སྣང་བ་ཡིན་ནོ། །ཆོས་མི་མཐུན་པས་
ཀྱང་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ལྟར་སྣང་བ་སྟོན་པར་བྱེད་པའོ། །རྡུལ་ཕྲ་རབ་དང་ལས་དང་ནམ་མཁའ་བཞིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་ཅན་དག་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་བསྒྲུབ་པར་བྱ་བ་ལ་སོགས་པའོ། །དེ་
དག་ལས་མི་ལྡོག་པ་རྣམས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་རྣམས་ཏེ། དེ་དག་གང་དག་ལ་ཡོད་པ་དེ་རྣམས་ནི་བསྒྲུབ་པར་བྱ་བ་ལ་སོགས་པ་ལས་མི་ལྡོག་པ་ཅན་དག་ཡིན་ནོ། །དེ་ལ་རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལས་ལོག་པ་ཅན་ཡིན་ཏེ། རྡུལ་ཕྲ་རབ་རྣམས་

ནི་རྟག་པའི་ཕྱིར་བསྒྲུབ་པར་བྱ་བ་ལས་ལོག་པ་ཅན་མ་ཡིན་ཏེ། ལས་བཞིན་ནོ་ཞེས་བྱ་བ་བསྒྲུབ་པ་ལས་མི་ལྡོག་པ་ཅན་ཡིན་ཏེ། ལས་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་བསྒྲུབ་པ་ལས་ལོག་པ་མ་ཡིན་ནོ། །ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་གཉི་ག་ལས་མི་ལྡོག་པ་ཅན་ཡིན་ཏེ།
ནམ་མཁའ་ལས་གཉི་ག་མ་ལོག་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་ནི་ཞེས་བྱ་བ་ནི། གང་ལ་བསྒྲུབ་པར་བྱ་བ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཞིང་། བསྒྲུབ་པར་བྱ་བ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ལ་སོགས་པ་གང་དག་
ཡིན་པ་ཞེས་བསྡུའོ། །དཔེ་རྣམས་བསྟན་པ་དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའམ། ཡིད་ཆེས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅའ་བ་གཉིས་བཀོད་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བའི་རྟགས་སུ་འགྱུར་བ་ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་ལ་མེད་པ་
ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང་འདོད་ཆགས་དང་བྲལ་བ་ཉིད་དག་གོ། །ཐམས་ཅད་མཁྱེན་པ་ཉིད་འདོད་ཆགས་དང་བྲལ་བ་ཉིད་ཀྱི་རྟགས་སུ་གྱུར་པ། ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་ལ་མེད་པ་གང་དག་ཡིན་པ་
དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་ཀྱི་རྟགས་སུ་འགྱུར་བ་ཚད་མའི་ཕུལ་དུ་ཕྱིན་པ་བསྟན་པ་ལ་མེད་པ་རྣམས་སོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་ཀྱི་རྟགས་སུ་འགྱུར་བ་ཚད་མའི་ཕུལ་དུ་ཕྱིན་
པ་བསྟན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་ཞེས་བྱ་བ་ནི་བརྡར་སྤྲད་པར་སླའོ། །གང་ཞིག་ཐམས་ཅད་མཁྱེན་པའམ། འདོད་ཆགས་དང་བྲལ་བ་དེས་ནི་སྐར་མ་ཤེས་པ་ལ་སོགས་པ་བསྟན་ཏེ། དཔེར་ན་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ལ། སྐར་
མ་ཤེས་པ་ནི་སྐར་མའི་དཔྱད་ཞེས་བྱ་བའི་གཏན་ཚིགས་ཏེ། བུ་ལཱུ་ཀཱ་མཱ་ཥ་ལ་སོགས་པ་ལ་བྱའོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་དག་གིས་རྟགས་སུ་གྱུར་པ་ཡིན་པའི་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པས་བསྟན་ཏོ། །དེའི་ཕྱིར་དེ་དག་ཐམས་ཅད་མཁྱེན་

པའམ། འདོད་ཆགས་དང་བྲལ་བ་ཡིན་པར་ཡིད་ཆེས་པར་ནུས་སོ་ཞེའོ། །ཆོས་ཀྱི་མི་མཐུན་པའི་དཔེ་ལས་བསྒྲུབ་པར་བྱ་བའི་ཆོས་ཐམས་ཅད་མཁྱེན་པ་ཉིད་དང་ཡིད་ཆེས་པ་མ་ཡིན་པ་གཉིས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི། འདིར་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ཆོས་མི་མཐུན་
པའི་དཔེ་ཉིད་དུ་བསྟན་ན། ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་དང་། འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་པ་ནི་དེ་དག་ལས་ལོག་པར་ངེས་པ་མེད་དོ། །བསྒྲུབ་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི་དེའི་དོན་ནི་གོ་བར་ཟད་དོ། །དཔེ་ནི་དཔེར་ན་གསུམ་རིག་པའི་བྲམ་ཟེ་ནི་མི་འགའ་ཞིག་
གི་བརྗོད་པར་འདོད་པའི་ཚིག་གཟུང་བར་མི་བྱ་སྟེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་སྙན་དངགས་ཀྱི་རིག་བྱེད་དང་རིག་བྱེད་གསུམ་པོ་དེ་དག་ལ་ནི་གསུམ་གྱི་སྒྲ་བརྗོད་དོ། །གསུམ་རིག་པས་གསུམ་རིག་པའོ། །འདི་
ལ་གཟུང་བར་བྱ་བའི་ཚིག་ཡོད་པས་འདི་ནི་གཟུང་བར་བྱ་བའི་ཚིག་སྟེ། ཚད་མར་བྱས་པའི་ཚིག་ཅེས་བྱ་བའི་ཐ་ཚིག་གོ། །དེས་ནི་འདི་སྐད་དུ་གསུམ་རིག་པའི་བྲམ་ཟེ་གང་ཡིན་པ་དེས་ནི་བརྗོད་པར་འདོད་པའི་མིའི་ཚིག་རྟག་ཏུ་ཚད་མར་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་
ཞེས་བྱ་བ་དེའི་དོན་ནི་གོ་བར་ཟད་དོ། །ཚིག་གཟུང་བར་བྱ་བ་གང་དག་ཡིན་པ་དེ་དག་ནི་འདོད་ཆགས་ལ་སོགས་པ་དང་མི་ལྡན་ཏེ། དཔེར་ན་གཽ་ཏ་མ་ལ་སོགས་པ་ཆོས་ཀྱི་བསྟན་བཅོས་རྣམས་བྱེད་པ་ལྟ་བུའོ་ཞེས་བྱ་བ་ནི་གཽ་ཏ་མ་དང་། དྲང་སྲོང་རྒྱས་པ་ལ་སོགས་པ་དག་གིས་ཆོས་ཀྱི་བསྟན་བཅོས་
རྣམས་བྱས་པ་གང་དག་ཡིན་པ་དེ་དག་ནི། གསུམ་རིགས་པའི་བྲམ་ཟེ་རྣམས་ཀྱི་ཚིག་ཚད་མར་བྱས་པ་ཡིན་ནོ། །གཽ་ཏ་མ་ལ་སོགས་པའི་ལས་སྒྲུབ་པའི་ཆོས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པ་དང་ལྡན་པ་ནི་དེ་དག་ལས་ལོག་པར་ངེས་པ་
མེད་དོ། །གཉི་ག་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་ཞེས་བྱ་བ་ནི་གང་ལ་གཉི་ག་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡོད་པ་ཞེས་བསྡུའོ། །དཔེ་ནི་དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཡོངས་སུ་འཛིན་པ་དང་། ཀུན་དུ་འཛིན་པ་དང་ལྡན་པའི་ཕྱིར། འདོད་ཆགས་དང་བྲལ་བ་མ་ཡིན་ཞེས་བྱ་བ་སྟེ། ཡོངས་སུ་འཛིན་

ནི་རྫས་བདག་གིར་བྱས་པའོ། །ཀུན་དུ་འཛིན་པ་ནི་བདག་གིར་བྱས་པའི་འོག་ཏུ་ཞེན་པའོ། །ཡོངས་སུ་འཛིན་པ་དང་ཀུན་དུ་འཛིན་པ་ནི་ཡོངས་སུ་འཛིན་པ་དང་ཀུན་དུ་འཛིན་པ་དག་སྟེ། དེ་དག་དང་ལྡན་པ་ལ་དེ་སྐད་ཅེས་བྱའོ། །འདིར་ཆོས་མི་མཐུན་པའི་དཔེ་ནི་གང་ཞིག་འདོད་
ཆགས་དང་བྲལ་བ་དེ་ལ་ནི་ཡོངས་སུ་འཛིན་པ་དང་ཀུན་དུ་འཛིན་པ་མེད་དོ། །དཔེར་ན་ཁྱུ་མཆོག་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ནི། ཁྱུ་མཆོག་ལ་སོགས་པ་ནི་བྱིན་པ་ན་ཅུང་ཟད་ཀྱང་མི་ལེན་ཏེ། དེའི་ཕྱིར་དེ་དག་ལ་ཡོངས་སུ་འཛིན་པ་མེད་དེ། ཡོངས་སུ་འཛིན་པ་མེད་པ་ཉིད་ཀྱིས་ཀུན་དུ་འཛིན་པ་མེད་དེ།
དེ་དག་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་འདོད་ཆགས་དང་བྲལ་བ་མ་ཡིན་པ་ཉིད་དང་། ཡོངས་སུ་འཛིན་པ་དང་། འཛིན་པ་ལ་ལྡན་པ་དག་ཁྱུ་མཆོག་ལ་སོགས་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་མ་ཡིན་པ་
ཉིད་ནི་འདོད་ཆགས་དང་ལྡན་པ་ཞེས་བྱའོ། །ཡོངས་སུ་འཛིན་པ་ཡང་སེམས་ཀྱིས་བདག་གིར་བྱེད་པའོ། །ཀུན་དུ་འཛིན་པ་ཡང་སྲེད་པ་སྟེ། དེ་དག་ཐམས་ཅད་ནི་སེམས་ལ་ཡོད་པའི་ཕྱིར། དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །དེའི་ཕྱིར་ཁྱུ་མཆོག་ལ་སོགས་པ་ལས་ལོག་པ་ཉིད་དུ་ངེས་པར་བྱ་མི་ནུས་
སོ། །ལྡོག་པ་མེད་པ་ཞེས་བྱ་བ་ནི་འདི་ལ་ལྡོག་པ་མེད་པས་ན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེར་ན་སྨྲ་བའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ཞེས་བྱ་བ་དེ་ནི་དོན་གོ་བར་ཟད་དོ། །གང་ལ་འདོད་ཆགས་དང་མ་བྲལ་བ་ཉིད་མེད་པ་དེ་ནི་སྨྲ་བ་མ་ཡིན་ཏེ། དཔེར་ན་རྡོའི་དུམ་བུ་བཞིན་ཞེས་བྱ་
བ་དེ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །གལ་ཏེ་རྡོའི་དུམ་བུ་ལས་གཉི་ག་ལོག་པ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བ་ཐམས་ཅད་སྨྲ་བ་མ་ཡིན་ནོ་ཞེས་བྱ་བར་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །ལྡོག་པ་མེད་ཅེས་བྱ་བ་ནི་གལ་ཏེ་རྡོའི་དུམ་བུ་ལ་སེམས་མེད་པའི་ཕྱིར། འདོད་ཆགས་ཅན་
ལ་སོགས་པ་དང་ལྡན་པ་དང་། སྨྲ་བ་མ་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བ་ཐམས་ཅད་སྨྲ་བ་མ་ཡིན་ནོ་ཞེས་བྱ་བར་ཁྱབ་པར་མི་འགྲུབ་སྟེ། འདོད་ཆགས་ཅན་ཉིད་དང་། སྨྲ་བ་གཉིས་འབྲེལ་པ་མེད་པའི་ཕྱིར། འདོད་ཆགས་ཅན་ཉིད་ལྡོག་པ་ན་སྨྲ་བ་ངེས་པར་ཟློག་པར་བྱེད་པ་ནི་མ་ཡིན་

ནོ། །དེའི་ཕྱིར་དངོས་སུ་ན་འདི་ལ་ལྡོག་པ་མེད་དོ། །ལྡོག་པ་རབ་ཏུ་མ་བསྟན་ཞེས་བྱ་བ་ནི། གང་ལ་ལྡོག་པ་ཡོད་བཞིན་དུ་མ་བསྟན་པའོ། །དཔེ་བསྟན་པ། ཆོས་མི་མཐུན་པར་དཔེར་ན་སྒྲ་ནི་བྱེད་པའི་ཕྱིར་རྟག་པ་སྟེ། ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལྟ་བུ་ཞེས་བྱ་བ་སྟེ། གང་ཞིག་ཆོས་མི་
མཐུན་པའི་དཔེར་སྒྲ་ནི་མ་བྱས་པ་ཡིན་པའི་ཕྱིར་རྟག་པ་སྟེ། ནམ་མཁའ་བཞིན་ནོ་ཞེས་རྗོད་པར་བྱེད་ན། དེས་ནི་ལྡོག་པ་ཡོད་བཞིན་དུ་མ་བསྟན་པ་ཡིན་ཏེ། འདི་ལྟར་གལ་ཏེ་དངོས་པོ་མ་ལུས་པར་སྡུད་པ་གང་དག་རྟག་པ་དེ་དག་ནི་མ་བྱས་པའོ་ཞེས་བརྗོད་ན། དེའི་ཚེ་ལྡོག་པ་བསྟན་པ་ཡིན་གྱི། དཔེ་
ཙམ་གྱིས་ནི་མ་ཡིན་ནོ། །ལྡོག་པ་ཕྱིན་ཅི་ལོག་ཅེས་བྱ་བ་ནི། འདི་ལ་ལྡོག་པ་ཕྱིན་ཅི་ལོག་ཡོད་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དཔེ་བསྟན་པ། དཔེར་ན་གང་མ་བྱས་པ་དེ་ནི་རྟག་པ་ཡིན་ནོ་ཞེས་བྱ་བ་སྟེ། འདི་ལ་ནི་གང་རྟག་པ་དེ་ནི་མ་བྱས་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལས་ལྡོག་པར་སྨྲས་སོ། །
དཔེ་ལྟར་སྣང་བ་དེ་དག་གིས་ནི་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལ་མེད་པ་ཉིད་དམ། བྱེ་བྲག་གི་མཚན་ཉིད་བསྟན་པར་མི་ནུས་ཞེས་བྱ་བ་ནི། དཔེ་ལྟར་སྣང་བ་དེ་དག་གིས་ནི་གཏན་ཚིགས་ཀྱི་སྤྱིའི་མཚན་ཉིད་གང་ཡིན་པ་དང་།
བྱེ་བྲག་གི་མཚན་ཉིད་གང་ཡིན་པ་དག་བསྟན་པར་མི་ནུས་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་དཔེ་ལྟར་སྣང་བ་ཞེས་བྱའོ། །དཔེ་དང་འདྲ་བར་སྣང་བས་ན་དཔེ་ལྟར་སྣང་བ་རྣམས་སོ། །དེའི་ཕྱིར་དོན་གྱི་དབང་གིས་དེ་དག་བསལ་བར་རིག་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་རྣམ་པ་དེ་དག་གཉི་གས་ཀྱང་གཏན་
ཚིགས་ཀྱི་མཚན་ཉིད་སྟོན་པར་མི་ནུས་པ་དེའི་ཕྱིར། དོན་གྱི་དབང་གིས་ན་དེ་དག་བསལ་བར་བལྟ་བར་བྱའོ། །དེ་ལྟར་ན་རེ་ཞིག་ཡང་དག་པའི་ཤེས་པ་འདྲ་བ་དང་བཅས་པ་བཤད་ཟིན་ཏོ། །དེ་ནི་དེའི་གཉེན་པོ་བཤད་པར་བཞེད་དེ། མ་ཚང་བ་ཉིད་ལ་སོགས་པར་སྨྲས་པ་སུན་འབྱིན་པ་དག་ཡིན་ན་
ཞེས་བྱ་བ་སྨོས་སོ། །མ་ཚང་བ་ཉིད་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་མ་ཚང་བ་ཉིད་ལ་སོགས་པའོ། །དེ་དག་སྨྲས་པ་ནི་མ་ཚང་བ་ཉིད་ལ་སོགས་པར་སྨྲས་པ་སྟེ། དེ་རེ་རེ་ལ་སུན་འབྱིན་པ་རྣམས་ཡིན་ནོ། །སྔར་བསྒྲུབས་པའི་སྐྱོན་མ་ཚང་བ་ཉིད་ལ་སོགས་པ་སྨོས་པ་གང་དག་ཡིན་པ་དེ་དག་

བརྗོད་པ་ནི་སུན་འབྱིན་པ་ཡིན་ཞེས་བྱ་བ་ལ། འདིར་སོགས་པ་ཞེས་སྨོས་པས་ནི་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་དང་། དེའི་སྐྱོན་རྣམས་ཡོངས་སུ་བསྡུའོ། །འདིས་རྗོད་པར་བྱེད་པས་ན་བརྗོད་པ་ནི་ཚིག་སྟེ། ཚིག་གང་གིས་སྐྱོན་རྣམས་སྒྲོགས་པར་བྱེད་པ་
དེ་ནི་སུན་འབྱིན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེས་ཕ་རོལ་པོའི་འདོད་པའི་དོན་གྲུབ་པ་ལ་གེགས་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཚིག་དེས་ཕྱོགས་སྔ་མ་པས་སྒྲུབ་པར་འདོད་པའི་དོན་འགྲུབ་པ་ལ་གེགས་བྱེད་པ་དེའི་ཕྱིར། དེ་ནི་སུན་འབྱིན་པ་ཞེས་བྱའོ། །རེ་
ཞིག་དེ་དག་ནི་ཡང་དག་པའི་སུན་འབྱིན་པ་ཡིན་ནོ། །སུན་འབྱིན་པ་ལྟར་སྣང་བ་དག་ནི་ལྟག་ཆོད་རྣམས་ཏེ། ལྟག་ཆོད་རྣམས་ནི་སུན་འབྱིན་པ་ལྟར་སྣང་བ་ཉིད་དུ་རིག་པར་བྱའོ། །ཡང་ལྟག་ཆོད་དེ་དག་ཀྱང་གང་ཞེ་ན། ཡང་དག་པ་མ་ཡིན་པའི་སྐྱོན་རྗོད་པ་དག་ནི་ལྟག་ཆོད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཡང་དག་
པ་མ་ཡིན་པ་ཡང་ཡིན་ལ། སྐྱོན་ཡང་ཡིན་པས་ཡང་དག་པ་མ་ཡིན་པའི་སྐྱོན་རྣམས་སོ། །ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ནི་མི་བདེན་པའོ། །དེ་དག་བརྗོད་པ་ནི་ཡང་དག་པ་མ་ཡིན་པའི་སྐྱོན་རྣམས་བརྗོད་པ་སྟེ། ཚིག་གང་གིས་སྒྲུབ་པའི་སྐྱོན་མེད་བཞིན་དུ་བརྗོད་པ་དེ་དག་ནི་ལྟག་ཆོད་དག་ཡིན་པར་བལྟ་བར་བྱའོ། །ཡང་དག་
པའི་ཤེས་པ་བསྟན་པའི་སྐབས་ཡིན་ན། ཅིའི་ཕྱིར་སུན་འབྱིན་པ་དག་དེ་ལྟར་སྣང་བ་སྟོན་ཅེ་ན། ལན་བཏབ་པ་དག་དང་། སུན་འབྱིན་པ་ལྟར་སྣང་བ་དག་བསྟན་ན། ཡང་དག་པའི་ཤེས་པ་དེ་དག་གཉེན་པོ་དང་བཅས་པར་བསྟན་པ་ཡིན་ཏེ། འདི་ལྟར་འདི་དག་ནི་འདི་ལ་སུན་འབྱིན་པ་ཡིན་པས་
དེ་དག་ཡོངས་སུ་སྤངས་ཏེ་བསྒྲུབ་པར་བྱའོ། །གང་གི་ཚེ་འདི་དག་ནི་སུན་འབྱིན་པ་ལྟར་སྣང་བ་ཡིན་པས་དེ་དག་གིས་མི་འཇིགས་པར་རིག་པར་བྱའོ་ཞེས་བཤད་པ་ཡིན་པ་དེའི་ཚེ་ཡང་དག་པའི་ཤེས་པ་ཉིད་རྣམ་པ་ཐམས་ཅད་དུ་བསྟན་པར་འགྱུར་བས། དེའི་ཕྱིར་ཇི་སྐད་སྨྲས་པའི་ཐལ་བར་འགྱུར་བ་མེད་དོ། །རིགས་པའི་ཐིགས་པ་ཚིག་རེ་
རྣམས་ཕྱེ་བས། །དགེ་བ་རྒྱ་ཆེན་དེ་ཐོབ་གང་ཡིན་དེས། །འགྲོ་ཀུན་རིགས་པའི་བདུད་རྩི་ཐོབ་གྱུར་ནས། །སྲིད་པའི་རྒྱ་མཚོ་ཟད་པར་བྱེད་པར་ཤོག །རིགས་པ་ཇི་བཞིན་རིགས་པ་ཡི། །རྒྱལ་པོ་འདོད་ནས་རིགས་ཐིགས་ཀྱི། །རྒྱ་ཆེར་འགྲེལ་པ་དུལ་བའི་ལྷས། །སློབ་མ་ལ་ཕན་བསྐྱེད་ཕྱིར་བྱས། །རིགས་པའི་ཐིགས་པ་རྒྱ་ཆེར་

འགྲེལ་པ་སློབ་མ་ལ་ཕན་པ་ལས་ལེའུ་གསུམ་པའོ།། །།རྒྱ་ཆེར་འགྲེལ་པའི་གཞུང་ཚད་ནི། ཤློ་ཀ་ཆིག་སྟོང་དག་དང་ནི། །དེ་བཞིན་ཤློ་ཀ་སུམ་ཅུར་ནི། །ཡོངས་སུ་བསྡོམས་ཏེ་མངོན་པར་བརྗོད། །རིགས་པའི་ཐིགས་པ་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་སློབ་དཔོན་དུལ་བའི་ལྷས་
མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ན་ཡ་བིནྡུ་ཊཱི་ཀཱ། བོད་སྐད་དུ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ།
འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེ་བའི་གདུང་བ་རྒྱུན་རབ་འབྱུང་རྒྱུ་ཅན། །འགྲོ་ལས་རྣམ་པར་རྒྱལ་བ་འདོད་ཆགས་ལས། །སོགས་པའི་དགྲ་ལྡན་བདེ་བར་གཤེགས་པའི་གསུང་། །ཡིད་ཀྱི་མུན་པ་སྤྱོད་པར་མཛད་པ་རྒྱལ། །ཡང་དག་པའི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་
པས་ནི་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དགོས་པ་བརྗོད་དོ། །རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ། སྒྲ་དང་དོན་ཏོ། །དེ་ལ་སྒྲའི་དགོས་པ་ནི་བརྗོད་པར་བྱ་བ་བསྟན་པ་ཉིད་ཡིན་གྱི་གཞན་མ་ཡིན་པ་དེའི་ཕྱིར་དེ་མི་དཔྱད་དོ། །ཅི་སྟེ་བརྗོད་པར་བྱ་བ་ཡང་དགོས་པ་མེད་པ་ཉིད་ཡིན་ན་ནི་དེ་བསྟན་པའི་ཕྱིར་སྒྲ་དགོད་པའི་རྩོམ་
པ་ཡང་མི་བྱ་བར་འགྱུར་ཏེ། དཔེར་ན་བྱ་རོག་གི་སོ་དགོས་པ་མེད་པའི་ཕྱིར་རྟོགས་པ་དང་ལྡན་པ་དེ་བརྟག་པའི་རྩོམ་པ་མི་བྱེད་པ་བཞིན་ནོ། །དེ་བས་ན་རབ་ཏུ་བྱེད་པ་འདི་བརྩམ་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་འདིས་བརྗོད་པར་བྱ་བའི་དགོས་པ་བསྟན་ཏོ། །འདི་དག་གི་དོན་ནི་གང་གི་ཕྱིར་ཡང་དག་པའི་ཤེས་པ་སྐྱེས་བུའི་དོན་
ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་དེ་བས་ན་དེ་བསྟན་པའི་ཕྱིར་འདི་བརྩམས་སོ་ཞེས་བྱ་བ་ཡིན་ནོ། །འདིར་ནི་རབ་ཏུ་བྱེད་པའི་བརྗོད་པར་བྱ་བ་ཡང་དག་པའི་ཤེས་པའི་དགོས་པ་དེ་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་རྒྱུ་ཉིད་དུ་བསྟན་པས་དགོས་པ་བརྗོད་པ་ཡིན་ནོ། །དོན་འདི་བརྗོད་པ་ན་ཡང་འབྲེལ་པ་དང་། དགོས་
པ་དང་། བརྗོད་པར་བྱ་བ་རྣམས་བསྟན་པ་ཡིན་ཏེ། འདི་ལྟར་སྐྱེས་བུའི་དོན་ལ་ཕན་པའི་ཡང་དག་པའི་ཤེས་པ་རབ་ཏུ་བྱེད་པ་འདིས་བསྟན་པར་བྱ་བ་ཡིན་པར་སྨྲ་བ་ན་ཡང་དག་པའི་ཤེས་པ་ནི་སྒྲ་བཀོད་པ་འདིའི་བརྗོད་པར་བྱ་བ་ཡིན་ལ། དེ་བསྟན་པ་ནི་དགོས་པ་ཡིན་ནོ། །རབ་ཏུ་བྱེད་པ་འདི་ནི་དགོས་པའི་ཐབས་སུ་

སྨྲས་པ་ཡིན་ཏེ། དེ་བས་ན་བརྗོད་པར་བྱ་བའི་དགོས་པ་བསྟན་པའི་ཤུགས་ཀྱིས་འབྲེལ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ངག་གཅིག་པོ་འདིས་ནི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་རྣམས་དངོས་སུ་སྨྲ་བར་མི་ནུས་ཀྱི། གཅིག་སྨྲ་བ་ན་གསུམ་ནི་ཤུགས་ཀྱིས་བསྟན་ཏེ།
དེ་ལ་དེ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་ཚིག་གོ། །བསྟན་ཏོ་ཞེས་བྱ་བ་ནི་དགོས་པའི་ཚིག་གོ། །སྨྲ་བ་པོ་རབ་ཏུ་བྱེད་པ་མཛད་པར་རྩོལ་བའི་དགོས་པ་དང་། ཉན་པ་རྣམས་ཉན་པའི་དགོས་པ་ཡང་འདིར་བསམ་པར་བྱ་སྟེ། འདི་ལྟར་རྟོག་པ་དང་ལྡན་པ་ཐམས་ཅད་ཀྱི་འཇུག་པ་ནི་དགོས་པ་བརྟགས་ནས་འཇུག་གོ། །དེ་བས་ན་སློབ་
དཔོན་གྱིས་རབ་ཏུ་བྱེད་པ་ཅིའི་ཕྱིར་བྱས། ཉན་པ་རྣམས་ཀྱང་ཅིའི་ཕྱིར་ཉན་ཅེས་ཐེ་ཚོམ་དུ་གྱུར་པ་ལ་བསྟན་པ་ནི་དགོས་པ་ཡིན་ནོ་ཞེས་བརྗོད་དོ། །ཡང་དག་པའི་ཤེས་པ་ཁོང་དུ་ཆུད་པར་བྱེད་པ་རྣམས་ཀྱི་སྟོན་པ་པོར་བདག་ཉིད་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བྱས་ལ། སློབ་མ་རྣམས་ཀྱང་སློབ་དཔོན་གྱིས་སྦྱར་བ་
བདག་ཉིད་ཁོང་དུ་ཆུད་པར་འདོད་ནས་རབ་ཏུ་བྱེད་པ་ཉན་པས་ན་རབ་ཏུ་བྱེད་པ་མཛད་པ་དང་། ཉན་པ་གཉིས་ཀྱི་དགོས་པ་ནི་ཁོང་དུ་ཆུད་པ་ཡིན་ནོ། །འབྲེལ་པ་སྟོན་པའི་ཚིག་ནི་མེད་དེ་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་རབ་ཏུ་བྱེད་པ་འདི་རྩོམ་པ་ནི་
འདི་ཉིད་ཐབས་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ཉིད་ཀྱིས་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་པ་ཡིན་ནོ། །རབ་ཏུ་བྱེད་པ་ཉན་པའི་སྔོན་རོལ་དུ་བརྗོད་པར་བྱ་བ་ལ་སོགས་པ་བསྟན་དུ་ཟིན་ཀྱང་ཚད་མ་མེད་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་འཛིན་པར་མི་འགྱུར་བ་ཉིད་མ་ཡིན་ནམ།
རྩོམ་པའི་ཕྱོགས་སུ་དེ་དག་བསྟན་པས་ཅི་ཞིག་བྱ་ཞེ་ན། རབ་ཏུ་བྱེད་པ་མ་ཐོས་པར་ནི་སྨྲས་སུ་ཟིན་ཀྱང་ངེས་པར་མི་འགྱུར་བ་བདེན་མོད་ཀྱི། བསྟན་ན་ཚད་མ་མེད་པའི་བརྗོད་པར་བྱ་བ་ལ་སོགས་པ་ལ་ཐེ་ཚོམ་སྐྱེ་ལ། ཐེ་ཚོམ་ལས་ཀྱང་རབ་ཏུ་འཇུག་པར་འགྱུར་རོ། །རྟོག་པ་དང་ལྡན་པ་རྣམས་དོན་ལ་ཐེ་ཚོམ་ཡོད་པ་ནི་འཇུག་
པའི་ཡན་ལག་ཡིན་ལ། དོན་དུ་མི་འགྱུར་བ་ལ་ཐེ་ཚོམ་ཡོད་པ་ཡང་ལྡོག་པའི་ཡན་ལག་ཡིན་པ་དེ་བས་ན། བསྟན་བཅོས་མཛད་པ་ཉིད་ཀྱིས་འབྲེལ་པ་ལ་སོགས་པ་ནི་བརྗོད་པར་རིགས་སོ། །འཆད་པ་པོ་རྣམས་ཀྱི་ཚིག་ནི་བརྩེ་བ་ལ་སོགས་པའི་དོན་དུ་གཞན་དུ་སྲིད་ཀྱི། བསྟན་བཅོས་མཛད་པ་རྣམས་རབ་ཏུ་བྱེད་པ་རྩོམ་པ་ལ་

ནི་བརྗོད་པར་བྱ་བ་ལ་སོགས་པའི་ལོག་པར་སྟོན་པའི་དགོས་པ་མ་མཐོང་ལ་འཇུག་པ་ཡང་མེད་དེ། དེ་བས་ན་དེ་དག་ལ་ཐེ་ཚོམ་བྱ་བར་རིགས་སོ། །མ་བསྟན་ན་ནི་རྟོག་པ་པོ་རྣམས་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་ནི་བྱ་རོག་གི་སོ་བརྟག་པ་བཞིན་དགོས་པ་མེད་དོ་ཞེས་བྱ་བར་སྲིད་པར་འགྱུར་བའམ། ཀླུ་འཇོག་པོའི་སྤྱི་
བོ་ན་རིམས་ནད་སེལ་བའི་རིན་པོ་ཆེའི་རྒྱན་གྱི་མན་ངག་བཞིན་དུ་བསྒྲུབ་པར་མི་ནུས་པའམ། མ་བག་མར་ལེན་པའི་རིམ་པའི་མན་ངག་བཞིན་དུ་དགོས་པའི་འདོད་པར་བྱ་བ་མ་ཡིན་པའམ། རབ་ཏུ་བྱེད་པ་འདི་བས་དགོས་པའི་ཐབས་སླ་བ་ཡོད་པའམ། རབ་ཏུ་བྱེད་པ་ཐབས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་ཡང་སྲིད་པར་
འགྱུར་ཏེ། དོན་མེད་པར་སྲིད་སྙམ་པ་དེ་དག་ལས་དོན་མེད་པར་སྲིད་སྙམ་པ་གཅིག་ཡོད་ན་ཡང་རྟོག་པ་དང་ལྡན་པ་རྣམས་འཇུག་པར་མི་འགྱུར་རོ། །བརྗོད་པར་བྱ་བ་ལ་སོགས་པ་སྨྲས་ན་ནི་དོན་མེད་པར་སྲིད་སྙམ་པ་དང་མི་མཐུན་པར་སྲིད་སྙམ་པ་འབྱུང་བར་འགྱུར་ལ། དེས་ཀྱང་རྟོག་པ་དང་ལྡན་པ་རྣམས་འཇུག་པར་
འགྱུར་རོ། །དེ་བས་ན་རྟོག་པ་དང་ལྡན་པ་རྣམས་འཇུག་པར་འགྱུར་བས་ན། རྟོག་པ་དང་ལྡན་པ་རྣམས་འཇུག་པའི་ཡན་ལག་ཏུ་དོན་ཡོད་པར་སྲིད་དོ་སྙམ་དུ་བྱ་བའི་ཕྱིར་འབྲེལ་པ་ལ་སོགས་པ་བསྟན་པར་བྱའོ་ཞེས་བྱ་བར་གནས་སོ། །མི་སླུ་བར་བྱེད་པའི་ཤེས་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །འཇིག་རྟེན་ན་ཡང་སྔོན་ཉེ་
བར་བསྟན་པའི་དོན་དང་ཕྲད་པར་བྱེད་པ་ལ་མི་སླུ་བར་བྱེད་པ་ཞེས་བརྗོད་དོ། །དེ་བཞིན་དུ་ཤེས་པ་ཡང་བསྟན་པའི་དོན་དང་ཕྲད་པར་བྱེད་ན་མི་སླུ་བར་བྱེད་པ་ཞེས་བརྗོད་དོ། །ཕྲད་པར་བྱེད་པ་ཉིད་ཀྱང་བསྟན་པའི་དོན་ལ་འཇུག་པར་བྱེད་པ་ཁོ་ན་ཕྲད་པར་བྱེད་པ་ཉིད་ཡིན་གྱི་གཞན་མ་ཡིན་ཏེ། འདི་ལྟར་ཤེས་པ་ནི་སྐྱེས་
བར་བྱེད་པས་དོན་དང་ཕྲད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་དོན་ལ་སྐྱེས་བུ་འཇུག་པར་བྱེད་པས་ན་དོན་དང་ཕྲད་པ་ཡིན་ནོ། །འཇུག་པར་བྱེད་པ་ཡང་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཉིད་ཀྱིས། སྐྱེས་བུ་རྣམས་བཙན་ཐབས་སུ་ཤེས་པས་གཞུག་པར་ནི་མི་ནུས་སོ། །དེ་བས་ན་དོན་རྟོགས་པ་ཁོ་ན་ཚད་མའི་འབྲས་བུ་ཡིན་
ལ། རྟོགས་པའི་དོན་ལ་སྐྱེས་བུ་བཅུག་པར་གྱུར་པ་ནི་དོན་དང་ཕྲད་པར་གྱུར་པ་ཡང་ཡིན་ནོ། །དེ་ལྟར་ན་དོན་རྟོགས་པར་འགྱུར་བའི་ཕྱིར་ཚད་མའི་བྱ་བ་རྫོགས་པ་ཡིན་ནོ། །དེ་བས་ནམ་བཅད་པའི་ཡུལ་ཅན་ནི་ཚད་མ་ཡིན་ཏེ། ཤེས་པ་གང་གིས་ཐོག་མ་ཉིད་དུ་དོན་རྟོགས་པ་དེ་ཉིད་ཀྱིས་སྐྱེས་བུ་བཅུག་པར་གྱུར་ཅིང་དོན་

དང་ཕྲད་པར་གྱུར་པ་ཡང་ཡིན་ཏེ། དོན་དེ་ཁོ་ན་ལ་ནི་ཤེས་པ་གཞན་གྱིས་ལྷག་པ་ཅི་བྱར་ཡང་མེད་དོ། །དེ་བས་ན་བཅད་པའི་ཡུལ་ཅན་ནི་ཚད་མ་མ་ཡིན་ནོ། །དེ་ལ་མཐོང་བ་ཉིད་དུ་ཤེས་པའི་དོན་གང་ཡིན་པ་དེ་ནི་མངོན་སུམ་ཉིད་ཀྱིས་འཇུག་པའི་ཡུལ་དུ་བྱས་པ་ཡིན་ནོ། །གང་གི་ཕྱིར་དོན་གང་
ལ་རྣམ་པར་རྟོག་པས་མངོན་སུམ་གྱི་བྱེད་པ་ཉིད་རྗེས་སུ་རྟོག་པ་དེའི་མངོན་དུ་བྱས་པ་སྟོན་པར་བྱེད་པ་ནི་མངོན་སུམ་ཡིན་ནོ། །དེ་བས་ན་མ་མཐོང་བ་ཉིད་དུ་ཤེས་པར་བྱས་པ་ནི་མངོན་སུམ་གྱིས་བསྟན་པ་ཡིན་ནོ། །རྗེས་སུ་དཔག་པ་ཡང་རྟགས་མཐོང་བ་ལས་ངེས་པ་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་མངོན་
སུམ་ཡང་སྣང་བཞིན་པའི་དོན་ངེས་པར་སྟོན་པར་བྱེད་པ་དང་། རྗེས་སུ་དཔག་པ་ཡང་རྟགས་དང་འབྲེལ་པའི་ངེས་པར་སྟོན་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ནི་ངེས་པའི་དོན་སྟོན་པར་བྱེད་ལ་ངེས་ན་ཚད་མ་ཡིན་ནོ། །རྣམ་པར་ཤེས་པ་གཞན་ནི་མ་ཡིན་ཏེ། ཐོབ་པར་ནུས་པའི་དོན་སྟོན་པ་ནི་ཐོབ་པར་བྱེད་པ་ཡིན་ལ།
ཚད་མ་ཡང་ཐོབ་པར་བྱེད་པ་ལས་ཡིན་ན་ཚད་མ་གཉིས་ལས་གཞན་པའི་ཤེས་པས་བསྟན་པའི་དོན་ནི་སྨིག་རྒྱུ་ལ་ཆུ་བཞིན་དུ་ཁ་ཅིག་ཤིན་ཏུ་ཕྱིན་ཅི་ལོག་པ་ཡིན་ལ། དེ་ཡང་མེད་པའི་ཕྱིར་ཕྲད་པར་བྱ་མི་ནུས་སོ། །ཁ་ཅིག་ནི་ཡིད་གཉིས་ཀྱི་དོན་བཞིན་ནི་ཡིད་གཉིས་ནི་དོན་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་མ་ངེས་པ་ཡིན་ལ། དངོས་
པོ་དང་དངོས་པོ་མེད་པ་གཉི་གའི་དོན་དང་ལྡན་པའི་འགྲོ་བ་ཡང་ཡོད་པ་མ་ཡིན་ལ་དེ་བས་ན་དེ་དང་འདྲ་བ་ཕྲད་པར་མི་ནུས་སོ། །རྟགས་མེད་པར་རྣམ་པར་རྟོག་པ་ངེས་པར་མ་མཐོང་བར་འཇུག་པ་ཐམས་ཅད་ཀྱིས་བསྟན་པར་བྱ་བའི་དོན་ནི་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་མ་ངེས་པ་ཁོ་ན་ཡིན་པ་དེ་ཡང་ཐོབ་པར་མི་ནུས་སོ། །
དེ་བས་ན་ཕྲད་པར་མི་ནུས་པ་ཤིན་ཏུ་ཕྱིན་ཅི་ལོག་པ་དང་དངོས་པོ་མེད་པ་མ་ངེས་པའི་དོན་སྟོན་པར་བྱེད་པས་ཤེས་པ་གཞན་ནི་ཚད་མ་མ་ཡིན་ནོ། །དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་དོན་བྱེད་པར་ནུས་པ་ཐོབ་པའི་རྒྱུ་མཚན་གྱི་ཤེས་པ་བཙལ་བར་བྱ་བ་ཡིན་ལ། དེས་བཙལ་བ་གང་ཡིན་པ་དེ་ཉིད་བསྟན་བཅོས་
ལས་ཀྱང་དཔྱད་པར་བྱ་བ་ཡིན་ཏེ། དེ་བས་ན་དོན་བྱེད་པར་ནུས་པའི་དངོས་པོ་བསྟན་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །གང་ཞིག་དེས་རབ་ཏུ་བསྟན་པ་ཉིད་དེས་ཐོབ་པར་བྱ་བ་ཡིན་ཏེ། དེ་ཐོབ་པར་བྱེད་པ་ཉིད་ནི་དོན་ཐོབ་པ་རྟོགས་པ་ཉིད་ནི་དོན་ཐོབ་པའི་བདག་ཉིད་ཡིན་ནོ་ཞེས་བརྗོད་པ་ཟིན་པ་ཡིན་ནོ་ཞེས་དེ་ལ་ཡུལ་

ཐ་དད་པ་དང་། དུས་ཐ་དད་པ་དང་། རྣམ་པ་ཐ་དད་པ་ནི་རབ་ཏུ་བསྟན་པ་ལས་དངོས་པོ་གཞན་ཉིད་དེ་འདི་ལྟར་དངོས་པོ་གཞན་ཉིད་འགལ་བའི་ཆོས་དང་ལྡན་པ་ལས་ཡིན་ལ། ཡུལ་དང་། དུས་དང་། རྣམ་པ་ཐ་དད་པ་ཡང་འགལ་བའི་ཆོས་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་དང་ལྡན་པའི་དངོས་པོ་འཛིན་པ་
ནི་རྣམ་པ་གཞན་དང་ལྡན་པའི་དངོས་པོ་ལ་ཚད་མ་ཡིན་ཏེ། དཔེར་ན་དུང་དཀར་པོ་ལ་སེར་པོར་འཛིན་པ་བཞིན་ནོ། །རྣམ་པ་གཞན་གྱི་དངོས་པོ་འཛིན་པ་ནི། རྣམ་པ་གཞན་དང་ལྡན་པའི་དངོས་པོ་ལ་ཚད་མ་མ་ཡིན་ནོ། །ཡུལ་གཞན་ན་གནས་པར་འཛིན་པ་ཡང་ཡུལ་གཞན་ན་གནས་པ་ལ་ཚད་མ་མ་ཡིན་ཏེ། ཇི་ལྟར་སྒོའི་བུ་གའི་
གསེབ་ཀྱི་ཡུལ་ན་ནོར་བུའི་འོད་གནས་པ་ལ་ནོར་བུར་འཛིན་པའི་ཤེས་པ་ནི་ཁང་པའི་ཕུག་ན་ནོར་བུ་གནས་པ་ལ་ཚད་མ་མ་ཡིན་པ་བཞིན་ནོ། །དུས་གཞན་དང་ལྡན་པ་འཛིན་པ་ཡང་། དུས་གཞན་དང་ལྡན་པའི་དངོས་པོ་ལ་ཚད་མ་མ་ཡིན་ནོ། །ཇི་ལྟར་ནམ་ཕྱེད་ཡིན་པ་ལ་ཉི་མའི་གུང་གི་ངོ་བོར་འཛིན་པའི་རྨི་ལམ་གྱི་ཤེས་
པ་ནི་ནམ་ཕྱེད་ཀྱི་ངོ་བོ་ལ་ཚད་མ་མ་ཡིན་པ་བཞིན་ནོ། །ཡུལ་ངེས་པ་དང་རྣམ་པ་ངེས་པ་དེ་ནི་ཕྲད་པར་ནུས་པ་ཡིན་གྱི་དུས་གང་ཡིན་པ་གོ་ཡོངས་སུ་བཅད་པའི་དུས་གང་ཡིན་པ་དེ་ཉིད་དང་ཕྲད་པར་མི་ནུས་པ་མ་ཡིན་ནམ་ཞེ་ན། གང་གི་དུས་ན་ཡོངས་སུ་བཅད་པའི་དུས་དེ་ཉིད་ཀྱི་ཚེ་ནི་ཕྲད་པར་བྱ་བ་ཡིན་པར་མི་སྨྲ་སྟེ། མཐོང་
བའི་དུས་ཀྱང་གཞན་ཕྲད་པའི་དུས་ཀྱང་གཞན་ཡིན་པའི་ཕྱིར་རོ། །འོན་ཀྱང་དུས་གང་དུ་ཡོངས་སུ་བཅད་པའི་དངོས་པོ་དེ་ཉིད་དང་ཕྲད་པར་བྱ་བ་ཡིན་ཏེ། ཐ་དད་པ་མེད་པར་མངོན་པར་ཞེན་པའི་ཕྱིར་རྒྱུན་གྱིས་ཞུགས་པ་ལ་གཅིག་པ་ཉིད་དུ་བལྟ་བར་བྱའོ། །གང་གི་སྔོན་དུ་ཤེས་པ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། འབྲས་
བུ་བས་རྒྱུ་སྔ་བ་ལ་སྔོན་དུ་སང་བ་ཞེས་བྱའོ། །རྒྱུའི་སྒྲ་སྨོས་ན་ནི་སྐྱེས་བུའི་དོན་འགྲུབ་པའི་དངོས་ཀྱི་རྒྱུ་ཡིན་པར་ཤེས་པར་འགྱུར་རོ། །སྔོན་དུ་སོང་བའི་སྒྲ་ནི་སྔ་བ་ཙམ་ལ་བྱའོ། །ཡང་དག་པའི་ཤེས་པ་ནི་གཉིས་ཏེ། དོན་བྱེད་པར་སྣང་བ་དང་། དོན་བྱེད་པར་ནུས་པ་ལ་རབ་ཏུ་འཇུག་པར་བྱེད་པའོ། །དེ་ཉིད་ལ་རབ་
ཏུ་འཇུག་པར་བྱེད་པ་གང་ཡིན་པ་དེ་འདིར་དཔྱད་པར་བྱ་བ་ཡིན་ལ། དེ་ཡང་སྔོན་དུ་སོང་བ་ཙམ་ཡིན་གྱི། དངོས་པོ་རྒྱུ་ནི་མ་ཡིན་ཏེ། ཡང་དག་པའི་ཤེས་པ་ཡོད་ན་སྔར་མཐོང་བ་དྲན་ནོ། །དྲན་པ་ལས་མངོན་པར་འདོད་དོ། །མངོན་པར་འདོད་པ་ལས་རབ་ཏུ་འཇུག་གོ། །རབ་ཏུ་ཞུགས་པ་ན་ཕྲད་པར་འགྱུར་ཏེ། དེའི་

ཕྱིར་མངོན་སུམ་གྱི་རྒྱུ་མ་ཡིན་ནོ། །དོན་བྱེད་པར་སྣང་བ་ནི་མངོན་སུམ་དུ་ཕྲད་པའི་རྒྱུ་ཡིན་མོད་ཀྱི། འོན་ཀྱང་དེ་བརྟག་པར་བྱ་བ་མ་ཡིན་ཏེ། རྟོག་པ་དང་ལྡན་པ་རྣམས་གང་ལ་དོན་དུ་གཉེར་བ་རྟོག་པ་དང་ལྡན་པ་ཐེ་ཚོམ་ཟ་བ་དེ་ཉིད་ནི་བརྟག་པར་བྱ་བ་ཡིན་ནོ། །དོན་བྱེད་པར་སྣང་བའི་
ཤེས་པ་ཡོད་ན་ནི་སྐྱེས་བུ་དོན་གྲུབ་ཟིན་པས་དེས་ན་དེ་ལ་དོན་དུ་གཉེར་བ་རྣམས་ཡིད་གཉིས་མེད་དེ། དེའི་ཕྱིར་དེ་བརྟག་པར་བྱ་བ་མ་ཡིན་ནོ། །དེ་བས་ན་བརྟག་པར་བྱ་བར་འོས་པ་དངོས་ཀྱི་རྒྱུ་མ་ཡིན་པ་ཡང་དག་པའི་ཤེས་པ་བསྟན་པར་བྱ་བའི་ཕྱིར་རྒྱུའི་སྒྲ་གཞན་ནས་སྔོན་དུ་སོང་བ་སྨོས་སོ། །སྐྱེས་བུའི་དོན་ནི་
དོན་དུ་གཉེར་བར་བྱ་བའི་དོན་ཏེ། འདོད་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །དོར་བར་བྱ་བའམ་བླང་བར་བྱ་བ་ཡིན་ནོ། །དོར་བར་བྱ་བའི་དོན་ནི་དོར་བར་འདོད་ལ། བླང་བར་བྱ་བ་ཡང་བླང་བར་འདོད་པ་ཡིན་ནོ། །དོར་བར་བྱ་བ་དང་བླང་བར་བྱ་བ་ལས་མ་གཏོགས་པ་ཕུང་པོ་གཞན་ནི་མེད་དེ། བཏང་སྙོམས་སུ་བྱ་བ་
ཡང་བླང་བར་མི་བྱ་བ་ཡིན་པའི་ཕྱིར་དོར་བར་བྱ་བ་ཉིད་དོ། །དེ་འགྲུབ་པ་ནི་དོར་བ་དང་ལེན་པ་དང་། རྒྱུ་ལ་རག་ལས་ནས་འགྲུབ་པ་ནི་སྐྱེ་བ་ལ་བརྗོད་ལ། ཤེས་པ་ལ་རག་ལས་ཏེ་འགྲུབ་པ་ནི་རྗེས་སུ་སྒྲུབ་པ་སྟེ། དོར་བར་བྱ་བ་ལ་ནི་དོར་བར་བྱ་བར་རྗེས་སུ་བསྒྲུབ་པའོ། །བླང་བར་བྱ་བ་ཡང་བླང་བར་རྗེས་སུ་སྒྲུབ་པའོ། །
དེ་བས་ན་དོར་བར་བྱ་བ་དང་། བླང་བར་བྱ་བ་གཉིས་ལ་འདོར་བ་དང་ལེན་པའི་མཚན་ཉིད་རྗེས་སུ་སྒྲུབ་པ་ནི་འགྲུབ་པ་ཞེས་བྱའོ། །འདི་ནི་ཐམས་ཅད་ཀྱང་ཡིན་ལ་སྐྱེས་བུ་དོན་འགྲུབ་པ་ཡང་ཡིན་ནོ། །ཐམས་ཅད་ཀྱི་སྒྲ་ནི་འདིར་རྫས་མ་ལུས་པ་ལ་འཇུག་གི། རྣམ་པ་མ་ལུས་པ་ལ་མ་ཡིན་ནོ། །དེ་བས་ན་ཡང་དག་
པའི་ཤེས་པའི་རྒྱུས་རྣམ་པ་གཉི་ག་ཡང་འགྲུབ་པོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ལ་སྐྱེས་བུའི་དོན་འདི་ནི་མ་ཡིན་གྱི། འོན་ཀྱང་གང་ཇི་ཙམ་གྲུབ་པ་དེ་དག་ཐམས་ཅད་མ་ལུས་པར་སྒྲུབ་པ་འདིའི་རྒྱུ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །ལོག་པའི་ཤེས་པ་ལས་བྱ་རོག་དང་ཏ་ལ་ཙམ་དུ་ཡང་དོན་འགྲུབ་པ་མེད་དེ། འདི་ལྟར་
ཅི་སྟེ་བསྟན་པའི་དོན་དང་ཕྲད་པར་བྱེད་པ་དེ་ལྟ་ན་དེ་ལས་དོན་འགྲུབ་པ་ཡིན་ལ། བསྟན་པ་དང་ཕྲད་པར་བྱེད་པ་ཡང་ཡང་དག་པའི་ཤེས་པ་ཁོ་ན་ཡིན་ནོ། །བསྟན་ཀྱང་མ་ཕྲད་པ་ནི་ལོག་པའི་ཤེས་པ་ཡིན་ལ། ཐོབ་པར་བྱེད་པ་མ་ཡིན་ཡང་ཇི་ལྟར་དོན་འགྲུབ་པའི་རྒྱུར་འགྱུར། དེ་བས་ན་ལོག་པའི་ཤེས་པ་གང་ཡིན་

པ་དེ་ལས་ནི་དོན་གྲུབ་པ་མ་ཡིན་ལ། གང་ལས་དོན་འགྲུབ་པ་དེ་ནི་ཡང་དག་པའི་ཤེས་པ་ཁོ་ན་ཡིན་ནོ། །དེ་བས་ན་ཡང་དག་པའི་ཤེས་པ་ཉིད་ནི་འབད་དེ་བསྟན་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་དེ་ཉིད་སྐྱེས་བུའི་དོན་འགྲུབ་པའི་རྒྱུ་ཡིན་པ་དེ་བས་ན། ཇི་ཙམ་དུ་སྐྱེས་བུའི་དོན་འགྲུབ་པ་ནི་ཡང་དག་པའི་ཤེས་པའི་
རྒྱུ་ཅན་ཁོ་ན་ཡིན་ནོ་ཞེས་ཇི་སྙེད་སྨྲས་པ་དེ་ཐམས་ཅད་ནི་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བས་བསྟན་པ་ཡིན་ནོ། །ཡིན་པས་ན་ཞེས་བྱ་བའི་སྒྲ་ནི་འདིར་དེ་བས་ན་ཞེས་བྱ་བའི་དོན་ཡིན་ལ། གང་དང་དེ་ཡང་རྟག་ཏུ་འབྲེལ་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ།
གང་གི་ཕྱིར་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པར་སྔོན་དུ་འགྲོ་བ་ཡིན་པ་དེ་བས་ན་དེ་བསྟན་ནོ། །ཅི་སྟེ་སྒྲའི་སྦྱོར་བ་ལ་ཡང་དག་པའི་ཤེས་པ་གཙོ་བོར་མ་གྱུར་མོད་ཀྱི། འོན་ཀྱང་རབ་ཏུ་བྱེད་པ་འདིར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གཙོ་བོར་ཡིན་ནོ། །དེ་བས་ན་དེ་ཞེས་བྱ་བའི་སྒྲ་དེ་ཉིད་དང་སྦྱར་
བར་བྱའོ། །བསྟན་པར་བྱ་བ་ཡིན་པས་ལོག་པར་རྟོགས་པ་བསལ་བའི་སྒོ་ནས་སོ་སོར་བསྟན་པ་ནི་བསྟན་ཏོ་ཞེས་བྱ་བ་ཡིན་ནོ། །འདིར་ལོག་པར་རྟོགས་པ་རྣམ་པ་བཞི་སྟེ། གྲངས་དང་། མཚན་ཉིད་དང་། སྤྱོད་ཡུལ་དང་། འབྲས་བུའི་ཡུལ་ལོ། །དེ་ལ་གྲངས་ལས་ལོག་པར་རྟོགས་པ་བསལ་
བའི་ཕྱིར། རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། འདི་ལ་རྣམ་པ་གཉིས་ཏེ་བྱེ་བྲག་གཉིས་ཡོད་པས་ན་རྣམ་པ་གཉིས་སོ། །ཡང་དག་པའི་ཤེས་པའི་གསལ་བ་ནི་གཉིས་ཡིན་ནོ་ཞེས་གྲངས་བསྟན་པའི་སྒོ་ནས་ཀྱང་གསལ་བའི་དབྱེ་བ་བསྟན་པ་ཡིན་ནོ། །གསལ་བའི་དབྱེ་བ་བསྟན་པ་ནི་གསལ་བ་སོ་སོ་
ལ་ངེས་པའི་ཡང་དག་པའི་ཤེས་པའི་མཚན་ཉིད་བསྟན་པར་ནུས་ཀྱི། གསལ་བའི་དབྱེ་བ་མ་བསྟན་ན་ནི་གསལ་བ་མཐའ་དག་ལ་ཁྱབ་པའི་ཡང་དག་པའི་ཤེས་པའི་མཚན་ཉིད་གཅིག་པོ་མི་སླུ་བ་དེ་རྟེན་སོ་སོ་ལས་ཡོད་པར་སྨྲ་བར་མི་ནུས་སོ། །དེ་བས་ན་གྲངས་ཀྱི་དབྱེ་བ་བསྟན་པས་ནི། མཚན་ཉིད་བསྟན་པའི་
ཡན་ལག་ཁོ་ན་ཡིན་ཏེ། གསལ་བའི་བདག་ཉིད་ཀྱང་གྲངས་ཀྱི་དབྱེ་བ་མ་བསྟན་པར་ནི་མཚན་ཉིད་ཀྱི་དབྱེ་བ་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་མཚན་ཉིད་བསྟན་པའི་ཡན་ལག་ཉིད་ཡིན་པའི་ཕྱིར་གྲངས་ཀྱི་དབྱེ་བ་ཐོག་མར་བསྟན་ཏོ། །རྣམ་པ་དེ་གཉིས་ཀྱང་གང་ཞེ་ན། མངོན་སུམ་དང་ཞེས་བྱ་བ་སྨོས་ཏེ།

དབང་པོ་ལ་བརྟེན་པའི་དོན་ནི་མངོན་སུམ་ཡིན་ནོ། །དབང་པོ་ལ་བརྟེན་པ་ཡང་སྒྲ་བཤད་པའི་རྒྱུ་མཚན་ཡིན་གྱི། འཇུག་པའི་རྒྱུ་མཚན་ནི་མ་ཡིན་ནོ། །དབང་པོ་ལ་བརྟེན་པ་ཉིད་འདིས་ནི་དོན་གཅིག་ཏུ་འདུས་པའི་དོན་མངོན་སུམ་དུ་བྱེད་པ་ཉིད་མཚོན་པ་ཡིན་ཏེ། དེ་ཉིད་སྒྲ་འཇུག་པའི་རྒྱུ་མཚན་
ཡིན་ནོ། །དེ་བས་ན་གང་ཅུང་ཟད་དོན་མངོན་སུམ་དུ་བྱེད་པའི་ཤེས་པ་དེ་ནི་མངོན་སུམ་ཞེས་བྱའོ། །ཅི་སྟེ་དབང་པོ་ལ་བརྟེན་པ་ཁོ་ན་འཇུག་པའི་རྒྱུ་མཚན་དུ་གྱུར་པ་ཡིན་ན་ནི་དབང་པོའི་ཤེས་པ་འབའ་ཞིག་མངོན་སུམ་ཡིན་པར་སྨྲས་ཀྱི། ཡིད་ལ་སོགས་པ་ནི་མ་ཡིན་པར་འགྱུར་རོ། །དཔེར་ན་འགྲོ་བས་ན་བ་ལང་
ཞེས་བྱ་བ་ལ། བ་ལང་གི་སྒྲས་འགྲོ་བའི་བྱ་བ་བཤད་པ་ཡིན་མོད་ཀྱི། འོན་ཀྱང་འགྲོ་བའི་བྱ་བས་ཉེ་བར་མཚོན་པ་དོན་གཅིག་ལ་འདུས་པའི་བ་ལང་ཉིད་སྒྲ་འཇུག་པའི་རྒྱུ་མཚན་ཉིད་དུ་བྱེད་ལ། དེ་ལྟར་ན་འགྲོ་ཡང་རུང་མི་འགྲོ་ཡང་རུང་། བ་ལང་ནི་བ་ལང་གི་སྒྲར་གྲུབ་པ་བཞིན་ནོ། །འདིས་དཔོགས་པས་ན་དཔག་
པ་སྟེ། བྱེད་པ་བསྒྲུབ་པའི་རྗེས་སུ་དཔག་པའི་སྒྲས་ནི་རྟོག་པ་དང་བཅས་པའི་མཚན་ཉིད་ཀྱི་ཚད་མ་བསྟན་ཏེ། རྟགས་བཟུང་ཞིང་འབྲེལ་པ་དྲན་པའི་རྗེས་ལ་དཔོགས་པ་ལ་ནི་རྗེས་སུ་དཔག་པ་སྟེ། ཕྱོགས་ཀྱི་ཆོས་བཟུང་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འབྲེལ་པར་དྲན་ན་རྗེས་སུ་དཔག་པ་འཇུག་
པ་ནི་དུས་ཕྱིས་འབྱུང་བ་ཞེས་བྱའོ། །དང་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་ལ་དཔག་པ་ནི་གཉིས་ཀ་ཡང་མཐུ་མཚུངས་པར་སྡུད་པ་ཡིན་ཏེ། ཇི་ལྟར་དོན་མེད་པའི་མི་འབྱུང་བའི་ཕྱིར་དོན་དང་ཕྲད་པར་བྱེད་པས་མངོན་སུམ་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་དོན་མེད་ན་མི་འབྱུང་བའི་ཕྱིར་ཡོངས་སུ་
བཅད་པའི་དོན་དང་ཕྲད་པར་བྱེད་པས་ཚད་མ་ཡིན་ནོ་ཞེས་སོ། །དེ་ལ་ཞེས་བྱ་བ་ནི་བདུན་པའི་དོན་དང་སྦྱར་ནས་དམིགས་ཀྱིས་དགར་བ་བྱེད་པ་ཡིན་ནོ། །དེ་བས་ན་ཚིག་གི་དོན་འདི་ཡིན་ཏེ། དེ་ལ་སྟེ་མངོན་སུམ་དང་རྗེས་སུ་དཔག་པ་དེ་གཉིས་ལ་ཞེས་ཚོགས་པ་བསྟན་པ་ཡིན་ནོ། །མངོན་སུམ་ནི་ཞེས་
ཕྱོགས་གཅིག་ཏུ་བྱེད་པ་ཡིན་ཏེ། དེ་ལ་ཚོགས་པ་ལས་མངོན་སུམ་ཉིད་ཀྱི་རིགས་ཀྱིས་ཕྱོགས་གཅིག་པོ་ཐ་དད་དུ་བྱེད་པ་ནི་དམིགས་ཀྱིས་དགར་བའོ། །དེ་ལ་མངོན་སུམ་ཉིད་རྗེས་སུ་བརྗོད་ནས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་སྒྲུབ་པ་ཡིན་ཏེ། ཁྱེད་དང་ངེད་ཅག་ལ་དོན་ལ་མངོན་སུམ་དུ་བྱེད་པའི་ཤེས་

པ་གྲགས་པ་གང་ཡིན་པ་དེ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཉིད་ཡིན་པར་བལྟའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཉིད་མ་གྲུབ་པ་ཡིན་ན་མངོན་སུམ་གྱིས་ཤེས་པའི་ངོ་བོ་གཞན་ཅི་ཞིག་ལུས་ཏེ། གང་ཞིག་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ན་རྗེས་སུ་བརྗོད་ཅེས་དེ་སྙམ་དུ་ནི་བསམ་པར་མི་
བྱ་སྟེ། འདི་ལྟར་དབང་པོའི་རྗེས་སུ་འགྲོ་བ་དང་ལྡོག་པར་བྱེད་ཅིང་དོན་ལ་ཡང་མངོན་སུམ་དུ་བྱེད་པའི་ཤེས་པ་ནི་ཐམས་ཅད་ལ་རབ་ཏུ་གྲུབ་པ་ནི་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ལ། དེ་རྗེས་སུ་བརྗོད་ནས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་སྒྲུབ་པར་བྱེད་དོ། །རྟོག་པ་དང་
བྲལ་ཏེ་མི་ལྡན་པ་ནི་རྟོག་པ་དང་བྲལ་བ་ཡིན་ཏེ། རྟོག་པའི་ངོ་བོ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །མ་འཁྲུལ་བ་ཉིད་སྒྲུབ་པར་བྱེད་ནུས་པའི་དངོས་པོའི་ངོ་བོ་ལ་ཕྱིན་ཅི་མ་ལོག་པར་འགྱུར་བའི་ངོ་བོ་ལ་བྱའོ། །དོན་བྱེད་པར་ནུས་པའི་དངོས་པོའི་ངོ་བོ་ནི་
དབྱིབས་སུ་བཀོད་པའི་ཁྱད་པར་ཅན་གྱི་ཁ་དོག་གི་བདག་ཉིད་དེ། དེ་ལ་མ་འཁྲུལ་པ་གང་ཡིན་པ་དེ་དག་ནི་མ་འཁྲུལ་བ་ཞེས་བྱའོ། །མཚན་ཉིད་དེ་གཉི་ག་ཡང་ལོག་པར་རྟོགས་པ་བསལ་བའི་ཕྱིར་ཡིན་གྱི། རྗེས་སུ་དཔག་པ་བསལ་བའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་རྟོག་པ་དང་བྲལ་བ་སྨོས་པ་ཉིད་ཀྱིས་རྗེས་སུ་
དཔག་པ་བསལ་བ་ཡིན་མོད་ཀྱི། དེ་ལ་མ་འཁྲུལ་པ་མ་སྨོས་ན་ནི་ལྗོན་ཤིང་འགྲོ་བར་སྣང་བ་ལ་སོགས་པ་དང་བྲལ་བ་ཡིན་པའི་ཕྱིར་མངོན་སུམ་ཡིན་པར་འགྱུར་རོ། །དེ་ལ་ཞུགས་པའི་ལྗོན་ཤིང་ཙམ་དང་ཡང་ཕྲད་པར་མི་སླུ་བ་ཡིན་པའི་ཕྱིར་ཡང་དག་པའི་ཤེས་པ་ཡང་ཡིན་ལ། རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར་མངོན་
སུམ་ཡང་ཡིན་པར་རྟོག་པར་འགྱུར་བ་དེ་བསལ་བའི་ཕྱིར། མ་འཁྲུལ་པ་སྨོས་ཏེ། འདི་ལྟར་དེ་ནི་འཁྲུལ་པའི་ཕྱིར་མངོན་སུམ་མ་ཡིན་ལ། ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །ཚད་མ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་ལྗོན་ཤིང་འགྲོ་བར་མཐོང་
བ་ལ་སོགས་པ་ནི་ལོག་པའི་ཤེས་པ་ཡིན་པར་བསྟན་ཏོ། །ཅི་སྟེ་ལོག་པའི་ཤེས་པ་ཡིན་ན་དེ་ལ་ཇི་ལྟར་ཤིང་དང་ཕྲད་པར་འགྱུར་ཞེ་ན། དེ་ལས་ཤིང་དང་ཕྲད་པ་མ་ཡིན་ཏེ། དེས་ནི་ཡུལ་སྣ་ཚོགས་སུ་འགྲོ་བའི་ཤིང་ཡོངས་སུ་བཅད་པ་ཡིན་ལ། ཕྲད་པའི་ཤིང་ནི་ཡུལ་གཅིག་ན་ངེས་པ་ཡིན་ནོ། །དེ་བས་ན་ལྗོན་ཤིང་གི་ཡུལ་འགྲོ་

བར་སྣང་བ་གང་ཡིན་པ་ཡུལ་དེ་དང་ནི་མ་ཕྲད་པ་ཡིན་ལ། ཡུལ་གང་དང་ཕྲད་པ་དེ་ནི་མ་མཐོང་བས། དེ་ལས་དོན་གང་ཡང་ཕྲད་པ་མེད་ཀྱི། ཤེས་པ་གཞན་ཞིག་ཁོ་ན་ལས་ཤིང་ལ་སོགས་པའི་དོན་དང་ཕྲད་པ་ཡིན་ནོ། །དེ་ལྟར་ན་མ་འཁྲུལ་བ་སྨོས་པ་ནི་ལོག་པར་རྟོགས་པ་གསལ་བའི་ཕྱིར་ཡིན་ནོ། །དེ་བཞིན་དུ་མ་འཁྲུལ་པ་སྨོས་
པས་ཀྱང་རྗེས་སུ་དཔག་པ་གསལ་བ་ཡིན་མོད་ཀྱི། རྟོགས་པ་དང་བྲལ་བ་སྨོས་པ་ནི་ལོག་པར་རྟོག་པ་བསལ་བའི་ཕྱིར་རོ། རྗེས་སུ་དཔག་པ་ནི་འཁྲུལ་པ་ཡིན་ཏེ། རང་གི་སྣང་བ་དོན་མེད་པ་ལ་དོན་དུ་མངོན་པར་ཞེན་པར་ཞུགས་པའི་ཕྱིར་རོ། །མངོན་སུམ་ནི་གཟུང་བའི་ཡུལ་ལ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །
མ་འཁྲུལ་པ་ནི་འདིར་མི་སླུ་བ་ཡིན་པར་གཟུང་བར་མི་བྱ་སྟེ། འདི་ལྟར་ཡང་དག་པའི་ཤེས་པ་ཁོ་ན་མངོན་སུམ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ལ་ཡང་དག་པའི་ཤེས་པ་ཡིན་པའི་ཕྱིར་མི་སླུ་བ་ཡིན་པར་གྲུབ་ཟིན་པ་ལ་ཡང་མི་སླུ་བ་སྨོས་པ་ནི་དགོས་པ་མེད་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་ངག་གི་དོན་ནི་མི་སླུ་བའི་
ཤེས་པ་མངོན་སུམ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྟོག་པ་དང་བྲལ་ཞིང་མི་སླུ་བ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། མི་སླུ་བ་ལན་གཉིས་སྨོས་པ་འདི་ལ་དགོས་པ་ཅི་ཡང་མེད་དོ། །དེ་བས་ན་དོན་བྱེད་ནུས་པའི་དངོས་པོ་གཟུང་བར་བྱ་བ་ལ་ཕྱིན་ཅི་མ་ལོག་པ་གང་ཡིན་པ་དེ་མ་འཁྲུལ་པ་ཡིན་པར་རིག་པར་བྱའོ། །རྟོག་པ་
ཡང་ཅི་འདྲ་བ་ཞིག་འདིར་གཟུང་བར་བྱ་ཞེ་ན། བརྗོད་པ་དང་ཞེས་བྱ་བ་སྨྲོས་ཏེ། འདིས་རྗོད་པར་བྱེད་པས་ན་བརྗོད་པ་སྟེ་སྨྲ་བར་བྱེད་པའི་སྒྲའོ། །བརྗོད་པ་དང་འདྲེ་བ་ནི་རྗོད་པར་བྱེད་པའི་རྣམ་པ་དང་ལྷན་ཅིག་ཤེས་པ་གཅིག་ལ་གཟུང་བའི་རྣམ་པ་ཉིད་དུ་ཚོགས་པ་སྟེ། དེ་བས་ན་གང་གི་ཚེ་ཤེས་པ་
གཅིག་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རྣམ་པ་གཉིས་ཚོགས་པར་ཡོད་པ་དེའི་ཚེ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་གཉིས་འདྲེས་པ་ཞེས་བྱའོ། །མངོན་པར་བརྗོད་པ་དང་འདྲེ་བར་རུང་བའི་བརྗོད་པར་བྱ་བའི་སྣང་བ་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཤེས་པ་ཁ་ཅིག་ནི་བརྗོད་པ་
དང་འདྲེས་པར་སྣང་བ་ཡིན་ཏེ། དཔེར་ན་བརྡ་ལ་བློ་བྱང་བ་རྣམས་ཀྱིས་བུམ་པའི་དོན་ལ་རྟོག་པ་ན་བུམ་པའི་སྒྲ་དང་འདྲེས་པའི་དོན་སྣང་བ་ཡིན་ནོ། །ཁ་ཅིག་ནི་མངོན་པར་བརྗོད་པ་དང་མ་འདྲེས་པར་ཡང་མངོན་པར་བརྗོད་པ་དང་འདྲེར་རུང་བར་སྣང་བ་ཡིན་ཏེ། དཔེར་ན་བྱིས་པ་བརྡ་ལ་བློ་མ་བྱང་བ་རྣམས་ཀྱི་རྟོག་

པ་ལྟ་བུའོ། །དེ་ལ་རྟོག་པ་ནི་བརྗོད་པ་དང་འདྲེས་པའོ་ཞེས་སྨོས་ན་ནི་བརྡ་ལ་བློ་མ་བྱང་བའི་རྟོག་པ་བསྡུས་པར་འགྱུར་བས་རུང་བ་སྨོས་པས་དེ་ཡང་བསྡུས་པ་ཡིན་ནོ། །ཅི་སྟེ་བརྗོད་པ་དང་འདྲེས་པ་སྣང་བ་མ་ཡིན་དུ་ཟིན་ཀྱང་དེར་སྐྱེས་པ་ཉིད་ཀྱིས་རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བ་ཁོ་ན་ཡིན་ནོ། །
བརྗོད་པ་དང་འདྲེས་པ་གང་ཡིན་པ་དེ་ཡང་རུང་བ་ཞེས་བྱའོ། །དེ་བས་ན་གཉི་ག་ཡང་རུང་བ་སྨོས་པས་བསྡུས་པ་ཡིན་ནོ། །བརྗོད་པ་དང་འདྲེས་པ་མེད་ན་ཇི་ལྟ་རུང་བ་ཉིད་དུ་ཤེས་པར་བྱ་ཞེ་ན། སྣང་བ་ངེས་པ་མེད་པའི་ཕྱིར་རོ། །སྣང་བ་ངེས་པ་མེད་པ་ཡང་སྣང་བ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །གཟུང་བའི་དོན་
གྱིས་རྣམ་པར་ཤེས་པ་སྐྱེད་པ་ན་སྣང་བ་ངེས་པར་སྐྱེད་པར་བྱེད་པ་ཡིན་ཏེ། དཔེར་ན་གཟུགས་ཀྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ན་སྣང་བ་ངེས་པ་སྐྱེད་པ་བཞིན་ནོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་དོན་ལས་སྐྱེས་པ་མ་ཡིན་ནོ། །དེ་བས་ན་སྣང་བ་ངེས་པའི་རྒྱུ་ངེས་པ་མེད་པའི་ཕྱིར་སྣང་བ་ངེས་པ་མེད་པ་
ཡིན་ནོ། །རྣམ་པར་རྟོག་པ་དོན་ལས་མི་སྐྱེའོ་ཞེས་བྱ་བ་དེ་ཡིན་པར་ཅི་མངོན་ཞེ་ན། དོན་ཉེ་བ་ལ་མི་ལྟོས་པའི་ཕྱིར་རོ། །བྱིས་པ་རྣམས་ཀྱང་ཇི་སྲིད་དུ་ནུ་མ་མཐོང་བ་ན་དེ་ཉིད་འདི་ཡིན་ནོ་ཞེས་སྔོན་མཐོང་བ་ཉིད་དུ་མི་འཛིན་པ་དེ་སྲིད་དུ་ངུ་བ་བཏང་ནས་ནུ་མ་ཁར་འཇུག་པར་མི་བྱེད་དོ། །སྔོན་མཐོང་བ་དང་ཕྱིས་མཐོང་བ་
གཉིས་གཅིག་ཏུ་བྱེད་པའི་རྣམ་པར་ཤེས་པ་ནི་ཡུལ་ཉེ་བ་ཅན་མ་ཡིན་ཏེ། སྔོན་མཐོང་བ་ཉེ་བ་མ་ཡིན་པའི་ཕྱིར་རོ། ཡུལ་ཉེ་བ་མ་ཡིན་པ་ཅན་ནི་དོན་ལ་མི་ལྟོས་ལ། མི་ལྟོས་ན་སྣང་བ་ངེས་པའི་རྒྱུ་མེད་པའི་ཕྱིར་སྣང་བ་ངེས་པ་མེད་པ་ཡིན་ཏེ། དེ་འདྲ་བ་ནི་བརྗོད་པ་དང་འདྲེར་རུང་བ་ཡིན་ནོ། །དབང་པོའི་རྣམ་
པར་ཤེས་པ་ནི་ཉེ་བ་ཙམ་འཛིན་པའི་ཕྱིར་དོན་ལ་ལྟོས་པ་ཡིན་ལ། དོན་ཀྱང་སྣང་བ་ངེས་པའི་རྒྱུ་ཡིན་པའི་ཕྱིར་སྣང་བ་ངེས་པ་ཡིན་ནོ། །དེ་བས་ན་མངོན་པར་བརྗོད་པ་དང་འདྲེར་རུང་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་མཚན་ཉིད་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པའི་དངོས་པོར་ཁས་བླངས་ཀྱང་དེ་རྣམ་པར་མི་རྟོག་
པར་བརྗོད་དོ། །གལ་ཏེ་རང་གི་མཚན་ཉིད་ཁོ་ན་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་མངོན་པར་བརྗོད་པ་དང་འདྲེས་བའི་དོན་གྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་ནི་དོན་གྱི་སྒོ་ནས་སྣང་བ་ཡིན་པའི་ཕྱིར་མངོན་པར་བརྗོད་པ་དང་འདྲེར་རུང་བ་སྣང་

བ་མ་ཡིན་པས་རྣམ་པར་མི་རྟོག་པ་ཡིན་ནོ། །འོ་ན་རྣ་བའི་རྣམ་པར་ཤེས་པ་ནི་སྒྲའི་རང་གི་མཚན་ཉིད་ལ་འཛིན་པ་ཡིན་ལ། སྒྲའི་རང་གི་མཚན་ཉིད་ཀྱང་ཁ་ཅིག་ནི་སྨྲ་བར་བྱ་བ་ཡིན་ལ། ཁ་ཅིག་ནི་སྨྲ་བར་བྱེད་པ་ཡིན་པས་མངོན་པར་བརྗོད་པ་དང་འདྲེར་རུང་བ་སྣང་བར་འགྱུར་ལ།
དེ་ལྟ་ན་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་བུའི་སྐྱོན་མེད་དེ་རང་གི་མཚན་ཉིད་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པར་དངོས་པོ་ཡོད་དུ་ཟིན་ཀྱང་། རང་གི་མཚན་ཉིད་བརྡའི་དུས་ན་མཐོང་བ་ཉིད་དུ་བཟུང་ན་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པ་ཡང་བཟུང་བར་འགྱུར་རོ། །བརྡའི་དུས་ན་ཡོད་པའི་མཐོང་
བའི་ཡུལ་གྱི་དངོས་པོ་ཉིད་ནི་ད་ལྟར་ཡོད་པ་མ་ཡིན་ནོ། །དཔེར་ན་བརྡའི་ཚེ་ན་ཡོད་པའི་མཐོང་བ་ད་ལྟར་འགགས་པ་དེ་བཞིན་དུ་དེའི་ཡུལ་གྱི་དོན་ཡང་ད་ལྟར་མེད་པ་ཡིན་ནོ། །དེ་བས་ན་རྣ་བའི་རྣམ་པར་ཤེས་པས་སྟོན་གྱི་དུས་ན་མཐོང་བ་ཉིད་མི་འཛིན་པས་ན་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པའི་དངོས་པོ་འཛིན་པ་མ་ཡིན་ནོ། །
ཚུལ་འདིས་རྣལ་འབྱོར་པའི་ཤེས་པ་ཡང་སྒྲ་དང་དོན་མཐའ་དག་སྣང་བ་ཡིན་མོད་ཀྱི། བརྡའི་དུས་ཀྱི་མཐོང་བ་མི་འཛིན་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་སྟེ། རྣམ་པར་རྟོག་པའི་རང་གི་ངོ་བོ་དང་བྲལ་བ་སྟེ། སྟོང་པར་གྱུར་ཅིང་མ་འཁྲུལ་པའི་ཤེས་པ་གང་ཡིན་པ་དེ་
མངོན་སུམ་ཡིན་ནོ་ཞེས་འོག་མ་དང་སྦྱར་བར་བྱ་སྟེ། རྟོག་པ་དང་བྲལ་ཞིང་འཁྲུལ་པ་མེད་པ་ནི་ཕན་ཚུན་ལྟོས་པས་ནི་མངོན་སུམ་གྱི་མཚན་ཉིད་ཡིན་གྱི། སོ་སོར་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་དང་བྲལ་ཞིང་མ་འཁྲུལ་པ་གང་ཡིན་པ་དེ་མངོན་སུམ་ཡིན་ནོ་ཞེས་མཚན་ཉིད་གཉིས་ཕན་ཚུན་ལྟོས་པ་ནི་མངོན་སུམ་
གྱི་ཡུལ་ཅན་ཉིད་དུ་བསྟན་པ་ཡིན་ནོ། །རབ་རིབ་ནི་མིག་ལ་གནོད་པ་སྟེ། འཁྲུལ་པའི་རྒྱུ་འདི་ནི་དབང་པོ་ལ་ཡོད་པའོ། །མྱུར་དུ་བསྐོར་བ་ནི་མགལ་མེ་ལ་སོགས་པ་ཡིན་ཏེ། མགལ་མེ་ལ་སོགས་པ་དལ་བུས་བསྐོར་ན་འཁོར་ལོས་འཁྲུལ་པ་མི་འབྱུང་བས་དེའི་ཕྱིར་མྱུར་དུ་ཞེས་སྨོས་པས་འཁྲུལ་པ་ལ་
བྱེ་བྲག་ཏུ་བྱས་སོ། །རྒྱུ་དེ་ནི་ཡུལ་ལ་ཡོད་པའོ། །གྲུས་འགྲོ་བ་ནི་གྲུར་ཞུགས་པ་སྟེ། གྲུས་འགྲོ་བ་ནི་ཤིང་ལ་སོགས་པ་འགྲོ་བར་འཁྲུལ་པ་འབྱུང་བས་ཞུགས་པ་ཞེས་སྨོས་སོ། །འཁྲུལ་པའི་རྒྱུ་འདི་ནི་ཕྱི་རོལ་གྱི་རྟེན་ལ་གནས་པ་ཡིན་ནོ། །འཁྲུགས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་ལ་

སོགས་པ་སྟེ། རླུང་ལ་སོགས་པས་འཁྲུལ་པར་གྱུར་པ་ན་ཀ་བ་ལ་སོགས་པ་ལ་འབར་བ་འཁྲུལ་པ་སྐྱེའོ། །འཁྲུལ་པའི་རྒྱུ་འདི་ནི་ནང་ལ་ཡོད་པ་ལ། །འཁྲུལ་པའི་རྒྱུ་དབང་པོ་ལ་ཡོད་པ་དང་། ཡུལ་ལ་ཡོད་པ་དང་། ཕྱི་རོལ་གྱི་རྟེན་ལ་ཡོད་པ་དང་། ནང་ལ་ཡོད་པ་དེ་ཐམས་ཅད་ཀྱིས་ནི་དབང་པོ་
ཉིད་སྒྱུར་བར་བྱེད་དེ། དབང་པོ་མ་བསྒྱུར་བར་དབང་པོ་འཁྲུལ་པར་མི་རིགས་པའི་ཕྱིར་རོ། །འཁྲུགས་པ་ལ་མཐར་ཐུག་པ་དེ་དག་ལ་སོགས་པ་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སོགས་པ་སྨོས་པ་ནི་ལིང་ཏོག་དང་། མིག་སེར་ལ་སོགས་པ་ནི་དབང་པོ་ལ་གནས་པ་ཡིན་པར་གཟུང་ངོ་། །མྱུར་དུ་
བསྐོར་བ་ལ་སོགས་པ་ནི་ཡུལ་ལ་གནས་པ་ཡིན་ཏེ། མགལ་མེ་ཡན་མན་དུ་བསྐོར་བ་བྱས་ན་མེའི་ཁ་དོག་ཅན་གྱི་འབིགས་པར་སྣང་བའི་འཁྲུལ་པ་འབྱུང་ངོ་། །གླང་པོ་ཆེ་བཞོན་པ་ལ་སོགས་པ་ནི་ཕྱི་རོལ་གྱི་རྟེན་ལ་གནས་པ་ཡིན་ནོ། །གནད་མི་བཟད་པར་བསྣུན་པ་ལ་སོགས་པ་ནི་འཁྲུལ་པའི་རྒྱུ་ནང་གི་རྟེན་
ལ་གནས་པ་གཟུང་ངོ་། །དེ་དག་གིས་འཁྲུལ་པ་གང་དུ་ཡང་མ་སྐྱེས་པའི་རྣམ་པ་དེ་ལྟ་བུའི་ཤེས་པ་དེ་ནི་མངོན་སུམ་ཡིན་ནོ།། །།དེ་ལྟར་མཚན་ཉིད་བསྟན་ནས་གང་དག་དབང་པོ་ཁོ་ན་ལྟ་བ་པོ་ཡིན་པར་རྟོག་པ་དང་། ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་ལ་སྐྱོན་བརྗོད་པ་དང་། རང་རིག་པ་དང་། རྣལ་
འབྱོར་པའི་ཤེས་པ་ཁས་མི་ལེན་པ་དེ་དག་གི་ལོག་པར་རྟོག་པ་བསལ་བའི་ཕྱིར་མངོན་སུམ་གྱི་རྣམ་པར་དབྱེ་བ་སྟོན་པས། དེ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་སྨོས་སོ། །དབང་པོ་དང་འབྲེལ་པའི་ཤེས་པ་ནི་དབང་པོའི་ཤེས་པ་ཞེས་བྱ་བ་སྟེ། དབང་པོ་ལ་བརྟེན་པ་གང་ཡིན་པ་དེ་མངོན་སུམ་ཡིན་ནོ། །ཡིད་ཀྱི་
མངོན་སུམ་ལ་གཞན་དག་སྐྱོན་བརྗོད་པ་དེ་བསལ་བའི་ཕྱིར་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་བཤད་པ། དབང་པོའི་རྣམ་པར་ཤེས་པ་རང་བདག་ཉིད་ཀྱི་ཡུལ་དེའི་དེ་མ་ཐག་པ་ནི་འདི་ལ་བར་མེད་པས་དེ་མ་ཐག་པའོ། །བར་ཡང་བར་ཆད་དང་ཁྱད་པར་ལ་བརྗོད་དེ། དེ་བས་ན་བར་བཀག་པས་ན་དབང་པོའི་རྣམ་
པར་ཤེས་པའི་ཡུལ་གྱི་ཉེ་བར་ལེན་པ་ལས་བྱུང་བ་རིགས་འདྲ་བའི་སྐད་ཅིག་མ་གཉིས་པར་འབྱུང་བ་གཟུང་སྟེ། དེ་ལྟ་ཡིན་དང་རྒྱུད་གཅིག་ཏུ་གཏོགས་པའི་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་སྐད་ཅིག་ལ་སྐད་ཅིག་མ་ཕྱི་མ་བཟུང་བ་ཡིན་ནོ། །དེ་ནི་དབང་པོའི་རྣམ་པར་ཤེས་པ་གང་ཡིན་པ་དང་ལྷན་ཅིག་བྱེད་

པ་དེ་དབང་པོའི་རྣམ་པར་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷན་ཅིག་བྱེད་པ་ཡང་རྣམ་པ་གཉིས་ཏེ། ཕན་ཚུན་ཕན་པ་བྱེད་པ་དང་། བྱ་བ་གཅིག་ལ་བྱེད་པའོ། །འདིར་ནི་སྐད་ཅིག་གི་དངོས་པོ་ལ་ཁྱད་པར་སྒྲུབ་པ་མི་འཐད་པའི་ཕྱིར་བྱ་བ་གཅིག་ལ་བྱེད་པ་ཉིད་ལྷན་ཅིག་
བྱེད་པར་བཟུང་སྟེ། ཡུལ་དང་རྣམ་པར་ཤེས་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ལ་བྱེད་དོ། །འདི་ལྟར་དེ་གཉིས་ནི་དེ་ལ་གཉི་ག་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །འདི་འདྲ་བའི་དབང་པོའི་རྣམ་པར་ཤེས་པ་ནི་དམིགས་པའི་སྐྱོན་བྱེད་པའི་ཚུལ་གྱིས་ཀྱང་རྣལ་འབྱོར་པའི་རྣམ་པར་ཤེས་པ་གཉིད་པ་དེ་
བསལ་བའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་སྨོས་སོ། །མཚུངས་པ་མི་ཤེས་པ་ཉིད་ཀྱིས་མཚུངས་པ་ཡང་ཡིན་ལ་བར་མ་ཆོད་པས་དེ་མ་ཐག་པ་ཡང་ཡིན་ནོ། །དེའང་ཡིན་ལ་རྒྱུ་ཉིད་ཀྱིས་ན་རྐྱེན་ཀྱང་ཡིན་པའི་དེ་མ་ཐག་པའི་རྐྱེན་ཏེ་དེས་བསྐྱེད་པའོ། །འདིས་ནི་རྒྱུ་གཅིག་ཏུ་གཏོགས་པ་ཁོ་ནའི་དབང་པོའི་
ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་གྱུར་པ་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་མངོན་སུམ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པའི་ཤེས་པ་རྒྱུད་གཞན་གྱི་རྗེས་སུ་འབྲང་བ་ཡང་བསལ་བ་ཡིན་ནོ། །གང་གི་ཚེ་དབང་པོའི་རྣམ་པར་ཤེས་པའི་ཡུལ་ལས་ཡིད་
ཀྱི་རྣམ་པར་ཤེས་པའི་ཡུལ་གཞན་ཡིན་པ་དེའི་ཚེ་བཟུང་ཟིན་པ་འཛིན་པས་ཚད་མར་མི་རུང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་བསལ་བ་ཡིན་ནོ། །གང་གི་ཚེ་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་ཉེ་བར་ལེན་པ་ལས་བྱུང་བའི་སྐད་ཅིག་མ་འཛིན་པ་དེའི་ཚེ་དབང་པོའི་ཤེས་པས་གཟུང་བ་མ་ཡིན་པའི་ཡུལ་གཞན་མི་འཛིན་པའི་
ཕྱིར་ལོང་བ་དང་འོན་པ་ལ་སོགས་པ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བ་བསལ་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱ་བ་འདས་པའི་ཚེ་མངོན་སུམ་དུ་འདོད་དོ། །མིག་བྱེད་པ་དང་ལྡན་པ་དེའི་ཚེ་གཟུགས་ཤེས་པ་གང་ཡིན་པ་དེ་ཐམས་ཅད་མིག་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་ལྟར་མ་ཡིན་ན་ནི་རྣམ་པར་ཤེས་
པ་གང་ཡང་མིག་ལ་བརྟེན་པ་མི་འཐད་པར་འགྱུར་རོ། །ཡིད་ཀྱི་མངོན་སུམ་དེ་ནི་གྲུབ་པའམ་མ་གྲུབ་པའི་མཐའ་ལས་གྲགས་པ་ཡིན་ནོ། །འདི་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །ཇི་སྟེ་དེ་ལྟ་བུ་དེ་ཡོད་དུ་བཅུག་ན་ཡང་ཉེས་པ་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་འདིའི་མཚན་ཉིད་བསྟན་པ་ཡིན་ནོ། །

རང་རིག་པ་བསྟན་པའི་ཕྱིར་སྨྲས་པ། སེམས་ནི་དོན་ཙམ་འཛིན་པའོ། །སེམས་ལས་བྱུང་བ་བདེ་བ་ལ་སོགས་པ་ནི་བྱེ་བྲག་གི་གནས་སྐབས་འཛིན་པའོ། །ཐམས་ཅད་ཀྱང་དེ་ཡིན་ལ་སེམས་དང་སེམས་ལས་བྱུང་བ་ཡང་ཡིན་ནོ། །བདེ་བ་ལ་སོགས་པ་འབའ་ཞིག་ཉམས་སུ་མྱོང་བ་གསལ་བ་ཡིན་
པའི་ཕྱིར་རང་རིག་པ་ཡིན་གྱི་སེམས་ཀྱི་གནས་སྐབས་གཞན་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། སེམས་ཀྱི་གནས་སྐབས་གང་དག་བདག་ཉིད་རིག་ཅིང་མངོན་སུམ་དུ་མ་གྱུར་པ་ནི་འགའ་ཡང་མེད་དོ། །ངོ་བོ་གང་གིས་བདག་ཉིད་རིག་པའི་ངོ་བོ་དེ་ནི་བདག་ཉིད་
རིག་པའི་མངོན་སུམ་མོ། །འདིར་གཟུགས་ལ་སོགས་པ་སྣང་བ་ན་དུས་གཅིག་ཏུ་ནང་གི་བདེ་བ་ལ་སོགས་པའི་རྣམ་པ་ནི་མྱོང་བ་ཡིན་ནོ། །གཟུང་བར་བྱ་བའི་རྣམ་པ་སྔོན་པོ་ལ་སོགས་པ་ཉིད་སིམ་པ་ལ་སོགས་པའི་རང་བཞིན་དུ་མྱོང་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། འདི་ལྟར་སྔོན་པོ་ལ་སོགས་པ་སིམ་
པ་ལ་སོགས་པའི་ངོ་བོར་མྱོང་བ་ནི་ངེས་པ་མེད་དོ། །གལ་ཏེ་འདི་ནི་སིམ་པའི་རང་བཞིན་ཉིད་ཡིན་ན་ནི་སྔོན་པོ་ལ་སོགས་པ་འདི་བདེ་བའི་རང་བཞིན་ནོ་ཞེས་བྱ་བ་ངེས་པར་འགྱུར་རོ། །རང་བཞིན་གང་ལ་རྣམ་པར་རྟོག་པས་མངོན་སུམ་གྱི་བྱེད་པ་དོན་མངོན་སུམ་དུ་བྱེད་པ་ཉིད་རྗེས་སུ་རྟོགས་པ་དེ་ནི་མངོན་སུམ་ཡིན་ན། སྔོན་
པོ་ལ་ནི་བདེ་བའི་རང་བཞིན་རྗེས་སུ་རྟོགས་པ་མེད་དོ། །དེ་བས་ན་སྔོན་པོ་མྱོང་བའི་ཚེ་བདེ་བ་མ་ཡིན་པའི་སྔོན་པོའི་དོན་ལས་གཞན་ཁོ་ནའི་བདེ་བ་མྱོང་བ་ཡིན་ནོ། །དེ་ཡང་ཤེས་པ་ཉིད་ཡིན་པ་དེ་བས་ན་ཤེས་པ་ཉམས་སུ་མྱོང་བ་ནི་ཡོད་དོ། །ཤེས་པའི་ངོ་བོ་རིག་པ་དེ་ཡང་བདག་ཉིད་ཀྱིས་མངོན་སུམ་དུ་
བྱེད་ཅིང་རྣམ་པར་མི་རྟོག་པ་དང་། མ་འཁྲུལ་བ་ཡིན་ཏེ། དེ་བས་ན་མངོན་སུམ་ཡིན་ནོ། །རྣལ་འབྱོར་པའི་མངོན་སུམ་བཤད་པའི་ཕྱིར་སྨྲས་པར་དང་ཡང་དག་པའི་དོན་ནི་བདེན་པའི། བདེན་པ་ཡང་ཚད་མས་མཐོང་བའི་དོན་ཏེ། ཇི་ལྟར་འཕགས་པའི་བདེན་པ་བཞི་ལྟ་བུའོ། །ཡང་དག་པའི་
དོན་བསྒོམ་པ་ནི་ཡང་ནས་ཡང་དུ་སེམས་ལ་བསླན་པའོ། །སྒོམ་པའི་རབ་ནི་བསྒོམ་པར་བྱ་བའི་དོན་སྣང་བའི་ཤེས་པ་གསལ་བར་སྣང་བ་རྩོམ་པའོ། །རབ་ཀྱི་མཐའ་ནི་གང་གི་ཚེ་གསལ་བའི་སྣང་བ་ཅུང་ཟད་མ་རྫོགས་པ་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་གསལ་བར་སྣང་བ་ཉིད་མ་རྫོགས་པར་དེ་སྲིད་

དུ་དེ་ཁྱད་པར་དུ་འགྲོ་བ་ཡིན་ལ་གང་གི་ཚེ་རྫོགས་པ་དེའི་ཚེ་ནི་ཁྱད་པར་དུ་འགྲོ་བ་མེད་དོ། །དེ་བས་ན་རྫོགས་པའི་གནས་སྐབས་ལས་སྔ་རོལ་གྱི་གནས་སྐབས་ཀྱི་གསལ་བའི་སྣང་བ་ནི་རབ་ཀྱི་མཐའ་ཞེས་བྱའོ། །མཐའ་དེ་ལས་བྱུང་བ་གང་ཡིན་པ་ཉེ་བར་གནས་པ་བཞིན་དུ་བསྒོམ་
པར་བྱ་བའི་དོན་གྱི་རྣམ་པ་ཤིན་ཏུ་གསལ་བར་འཛིན་པའི་ཤེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་ཡིན་ནོ། །དེས་ན་འདིར་གསལ་བའི་རྣམ་པ་བརྩམ་པའི་གནས་སྐབས་ནི་སྒོམ་པའི་རབ་ཡིན་ལ། འདི་ལྟར་ལྷང་ཚེར་གྱིས་བར་དུ་ཆོད་པ་བཞིན་ནོ། །གང་གི་ཚེ་བསྒོམ་པར་བྱ་བའི་དོན་མཐོང་བ་དེ་
ནི་རབ་ཀྱི་མཐའི་གནས་སྐབས་ཡིན་ཞིང་། ལག་མཐིལ་དུ་ཤེལ་སྒོང་བཞག་པ་བཞིན་དུ་བསྒོམ་པའི་དོན་མཐོང་བ་གང་ཡིན་པ་དེ་ནི་རྣལ་འབྱོར་པའི་མངོན་སུམ་ཡིན་ནོ། །དེ་ནི་གསལ་བར་སྣང་བ་ཡིན་ལ། གསལ་བར་སྣང་བ་ཉིད་ཀྱི་ཕྱིར་ཡང་རྣམ་པར་མི་རྟོག་པ་ཡིན་ནོ། །རྣམ་པར་རྟོག་པའི་རྣམ་པར་
ཤེས་པ་ནི་བརྡའི་ཚེ་མཐོང་བ་ཉིད་དུ་དངོས་པོ་འཛིན་པས་སྒྲ་དང་འདྲེར་རུང་བ་འཛིན་པ་ཡིན་ལ། བརྡའི་ཚེ་ན་མཐོང་བ་ཡང་བརྡའི་ཚེ་ན་སྐྱེས་པའི་ཤེས་པའི་ཡུལ་ཉིད་ཡིན་ནོ། །དེ་ལྟར་སྟོན་གྱི་ཤེས་པ་ཞིག་པ་ནི་ད་ལྟར་མེད་པ་དེ་བཞིན་དུ་སྔོན་གྱི་ཤེས་པ་ཞིག་པའི་ཡུལ་གྱི་དངོས་པོ་ཡང་ད་ལྟར་ཡོད་པ་མ་ཡིན་
ནོ། །དེས་ན་མེད་པའི་རང་བཞིན་ཅན་གྱི་དངོས་པོ་ཉེ་བར་མ་ཡིན་པ་འཛིན་པའི་ཕྱིར་རྣམ་པར་རྟོག་པ་ནི་མི་གསལ་བར་སྣང་བ་ཡིན་ནོ། །དེ་བས་ན་གསལ་བར་སྣང་བའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ལ། ཚད་མས་དག་པའི་དོན་འཛིན་པའི་ཕྱིར་མི་སླུ་བ་ཡིན་ནོ། །དེ་བས་ན་མངོན་སུམ་གཞན་བཞིན་དུ་རྣལ་
འབྱོར་མངོན་སུམ་ཡིན་ནོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །དེ་དག་ལ་ཡོད་པ་ནི་རྣལ་འབྱོར་པ་སྟེ། དེའི་ཤེས་པ་ནི་མངོན་སུམ་ཡིན་ནོ། །འོ་འི་སྒྲ་ནི་ཡོངས་སུ་རྫོགས་པའི་ཚིག་སྟེ། མངོན་སུམ་ནི་འདི་དག་ཙམ་དུ་ཟད་དོ། །དེ་ལྟར་མངོན་སུམ་ནི་རྟོགས་པ་དང་བྲལ་ཞིང་། མ་འཁྲུལ་
བ་ཉིད་དང་ལྡན་པའི་རྣམ་པར་ཕྱེ་བ་བསྟན་ནས་སྤྱོད་ཡུལ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། དེའི་ཞེས་བྱ་བ་སྨོས་ཏེ། མངོན་སུམ་རྣམ་པ་བཞི་པོ་དེའི་ཡུལ་དེ་རྟོགས་པར་བྱ་བ་ནི་རང་གི་མཚན་ཉིད་ཡིན་ཏེ། རང་ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་ནི་རང་གི་མཚན་ཉིད་དོ། །དངོས་པོ་ལ་ནི་ཐུན་

མོང་མ་ཡིན་པ་དེ་ཉིད་དང་སྤྱི་ཡང་ཡོད་ལ། ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་ནོ། །ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གང་ཞིག་རྣམ་པར་བསྐྱེད་པ་སྟེ་གཟུང་བར་བྱ་བ་དང་། གང་ཞིག་ཞེན་པའི་བྱ་བ་སྟེ་ཐོབ་པར་བྱའོ། །གཟུང་བར་བྱ་བ་ཡང་གཞན་ལ་ཞེན་
པར་བྱ་བ་ཡང་གཞན་ཡིན་ནོ། །འདི་ལྟར་མངོན་སུམ་གྱིས་གཟུང་བར་བྱ་བ་ནི་སྐད་ཅིག་མ་གཅིག་ཡིན་ལ། མངོན་སུམ་གྱི་སྟོབས་ཀྱིས་བསྐྱེད་པའི་ངེས་པའི་ཞེན་པའི་བྱ་བ་ནི་རྒྱུན་ཉིད་ཡིན་ནོ། །མངོན་སུམ་གྱིས་ཐོབ་པར་བྱ་བ་ཡང་རྒྱུན་ཉིད་ཡིན་ནོ། །སྐད་ཅིག་མ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེ་
བཞིན་དུ་རྗེས་སུ་དཔག་པ་ཡང་རང་གི་སྣང་བ་དོན་མེད་པ་ལ་ཡང་རང་གི་སྣང་བ་དོན་དུ་ཞེན་པས་འཇུག་པའི་ཕྱིར་དོན་མེད་པ་འཛིན་པ་ཡིན་ནོ། །ཡང་སྒྲོ་བཏགས་པའི་དོན་འཛིན་པ་ན་རང་གི་མཚན་ཉིད་དུ་འཛིན་ཏེ། དེ་བས་ན་རྗེས་སུ་དཔག་པ་འདི་འཇུག་པའི་ཡུལ་ནི་ཞེས་བྱ་བ་རང་གི་མཚན་ཉིད་ཡིན་ལ།
གཟུང་བར་བྱ་བ་ནི་དོན་མེད་པ་ཡིན་ནོ། །དེས་ན་འདིར་ཚད་མའི་གཟུང་བར་བྱ་བའི་ཡུལ་སྟོན་པས་མངོན་སུམ་གྱི་ཡུལ་རང་གི་མཚན་ཉིད་ཡིན་པར་བསྟན་ཏེ། །ཤེས་པའི་ཡུལ་གང་ཞིག་རང་གི་མཚན་ཉིད་དུ་རྟོགས་པར་བྱ་བ་དེ་ཡང་གང་ཡིན་ཞེ་ན། དོན་གང་ཞེས་སྨོས་ཏེ། དོན་གྱི་སྒྲས་ནི་ཡུལ་གྱི་རྣམ་
གྲངས་ཡིན་ནོ། །དོན་དེ་ཤེས་པའི་ཡུལ་གང་ཉེ་བ་ན་གནས་པ་དང་། མི་ཉེ་བ་ཡུལ་ཐག་རིང་པོ་ན་གནས་པ། ཉེ་བ་དང་མི་ཉེ་བ་དེ་དག་ལས་ཤེས་པ་ལ་སྣང་བ་གཟུང་བའི་རྣམ་པ་གསལ་བ་དང་མི་འགལ་བ་དག་ཏུ་ཐ་དད་པའོ། །ཤེས་པའི་ཡུལ་ཞིག་ཉེ་བས་ནི་ཤེས་པའི་རྣམ་པ་གསལ་བར་སྣང་
བར་བྱེད་ལ། ཉེ་བ་མ་ཡིན་པ་ན་རིང་བའི་ཡུལ་ན་གནས་པ་ཉིད་ཀྱི་ནི་མི་གསལ་བར་བྱེད་དེ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱང་རིང་བ་ལས་ནི་མི་གསལ་བར་སྣང་ངོ་། །ཉེ་བ་ལས་ནི་གསལ་ཏེ་དེ་ཉིད་རང་གི་མཚན་ཉིད་ཡིན་ནོ། །ཅིའི་ཕྱིར་མངོན་སུམ་གྱི་ཡུལ་ཁོ་ན་རང་གི་མཚན་
ཉིད་ཡིན། འདི་ལྟར་རྣམ་པར་རྟོག་པའི་ཡུལ་གྱི་མེ་ལ་ཡང་མཐོང་བའི་བདག་ཉིད་ཁོ་ནར་ངེས་པ་ཡིན་ནོ་ཞེ་ན། དེ་ཉིད་དོན་དམ་པར་ཡོད་པ་ཞེས་སྨོས་ཏེ། དོན་དམ་པ་དང་བཅོས་མ་མ་ཡིན་པ་སྟེ་སྒྲོ་མ་བཏགས་པའི་རང་བཞིན་ཡིན་ལ། དེས་ཡོད་པས་དོན་དམ་པར་ཡོད་པའོ། །གང་གི་ཕྱིར་དོན་

གང་ཉེ་བ་དང་མི་ཉེ་བ་དག་ལས་སྣང་བ་གསལ་བར་བྱེད་པ་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ལ། མངོན་སུམ་གྱི་ཡུལ་ཡང་དེ་ཉིད་ཡིན་པ་དེའི་ཕྱིར་དེ་ཁོ་ན་རང་གི་མཚན་ཉིད་ཡིན་ནོ། །ཡང་ཅིའི་ཕྱིར་དེ་ཉིད་ནི་དོན་དམ་པར་ཡོད་པ་ཡིན་ཞེ་ན། དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཁོ་
ན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དོན་དུ་གཉེར་བར་བྱ་བ་ཡིན་པས་ན་དོན་ཏེ། དོར་བར་བྱ་བ་དང་། བླང་བར་བྱ་བའོ། །དོར་བར་བྱ་བ་ནི་དོར་བར་བསྒྲུབ་པར་བྱ་བ་ཡིན་ལ། བླང་བར་བྱ་བ་ཡང་བླང་བར་བསྒྲུབ་པར་བྱའོ། །དོན་དགོས་པའི་བྱེད་པ་ནི་འགྲུབ་བའོ། །དེ་ལ་ནུས་པ་ནི་མཐུ་སྟེ།
དེ་ཉིད་དངོས་པོ་གང་ཡིན་པའི་མཚན་ཉིད་དེ་རང་བཞིན་ཡིན་པ་དེ་ནི་མཚན་ཉིད་དོན་བྱེད་ནུས་པའོ། །དེའི་དངོས་པོ་ནི་དོན་ཉིད་དེ་དེའི་ཕྱིར་རོ། །དངོས་པོ་