Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 14 / 22 (50.000 ký tự/trang)
མ་ཡིན་ཏེ། མངོན་སུམ་མ་ཡིན་པའི་ཕྱིར་ཇི་ལྟར་དུ་བའི་སྤྱིའི་ཆོས་ཅན་མངོན་སུམ་མ་
ཡིན། གལ་ཏེ་དུ་བའི་ཡན་ལག་མངོན་སུམ་དུ་གྲུབ་པ་ཡིན་ནོ་ཞེ་ན། ཡན་ལག་ལས་ཐ་དད་པ་མེད་པའི་ཕྱིར་འཇིག་རྟེན་པ་གཅིག་ཏུ་མངོན་པར་ཞེན་པའམ། ས་ཕྱོགས་ཀྱང་དེ་ཙམ་དུ་གཅིག་ཏུ་བརྟགས་པ་གསལ་བར་མི་ནུས་སོ། །ས་ཕྱོགས་ཉིད་ལ་ཡང་མེ་བསྟན་པར་བྱ་བ་ཡིན་གྱི་དུ་བ་ནི་མ་ཡིན་ནོ། །
འབྲས་བུའི་གཏན་ཚིགས་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་ནས་གོ་བར་བྱེད་པ་ནི་གང་། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་པ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཡུལ་ལ་སོགས་
པ་ལ་ལྟོས་པ་མེ་སྒྲུབ་པར་བྱེད་པའི་དུ་བ་དང་ལྡན་པའི་ས་ཕྱོགས་ཆོས་ཅན་དུ་བཟུང་ན་འགལ་བ་མེད་དོ། །དཔེར་ན་ཆུ་སྐྱར་དང་ལྡན་པའི་ཤིང་ལ་སོགས་པ་ཡུལ་ལ་སོགས་པ་ལ་ལྟོས་ནས་ཆུ་སྒྲུབ་པར་བྱེད་པ་འམ། །སྒྲ་ལ་བྱས་པ་ནི་རྐྱེན་ཐ་དད་པས་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྗེས་སུ་

དཔོག་པ་བཞིན་ནོ། །འདིར་ཇི་ལྟར་མངོན་པར་བརྗོད་པའི་མངོན་སུམ་གྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཕྱོགས་ཀྱི་ཆོས་སུ་རབ་ཏུ་གྲུབ་པ་དགོས་པ་མ་རྟོགས་ནས་གཞོན་ནུ་མ་ལེན་གྱིས་ཇི་ལྟར་སྤྱིའི་བདག་ཉིད་དུ་བ་ལ་སོགས་པའི་རྟགས་མངོན་སུམ་དུ་རྟོགས་པ་མེད་པ་ལས་
ཡིན། རང་གི་ངོ་བོ་འཛིན་པའམ་ཆོས་ཅན་ལ་ཡང་དེ་ཙམ་ཞིག་ཉེ་བར་སྦྱོར་བ་ན་འདི་དག་གི་འབྲེལ་པ་གང་གིས་འཛིན་པ་ཡིན་སྙམ་ནས་སླར་རྩོད་པ་ནི་དེས་ན་མངོན་སུམ་སྔོན་དུ་སོང་བ་དང་རྗེས་སུ་དཔག་པ་ལ་སོགས་པའི་ཆོས་ཀྱི་རྒྱུ་མཚན་ཡིན་ནོ་ཞེས་རྣམ་བཤད་བྱེད་པས། མངོན་སུམ་སྔོན་དུ་
འགྲོ་ཉིད་ཀྱིས། །རྗེས་དཔག་ལ་སོགས་ཇི་ལྟར་འགྱུར། །གལ་ཏེ་རྟོགས་མེད་དབང་པོའི་བློ། །དྲན་པ་ལ་ནི་མི་ལྟོས་ན། །རྟགས་དང་ཆོས་ཅན་འབྲེལ་པ་དག །དེ་ལྟར་རྟོགས་པ་མེད་པས་ཀྱང་། །མི་འཛིན་ཅེས་བྱ་བ་ལ་རྟགས་ལ་སོགས་པ་མངོན་སུམ་གྱིས་འཛིན་པ་སྤངས་པ་ཡིན་ན་
རྣམ་པར་རྟོག་པ་མེད་པའི་ཕྱིར། རྣམ་རྟོག་དེ་ལ་དོན་དངོས་ཀྱིས། །ཕན་འདོགས་པར་ནི་མི་འདོད་ཕྱིར། །སྔ་མ་ལྟ་བའི་ཤེས་པ་ནི། །དང་པོར་རྣམ་རྟོག་མེད་པར་ཡོད། །བྱིས་པ་ལྐུགས་སོགས་ཤེས་པ་དང་། །འདྲ་བ་ཉི་ཚེའི་དངོས་ལས་སྐྱེས། །དེ་ལས་གཞན་ཡང་དངོས་ཆོས་
ནས། །རིགས་ལ་སོགས་པ་གང་གང་གི། །ངེས་པར་བྱེད་པའི་བློ་དེ་ཡང་། །མངོན་སུམ་ཉིད་དུ་འདོད་པ་ཡིན། །ཞེས་སྨྲས་ན། བདེ་བར་གཤེགས་པ་ཁོ་ན་ལ་འདིར་རྟགས་དག་དང་ཆོས་ཅན་གྱི་འབྲེལ་པ་འཛིན་པའི་མཚན་ཉིད་རྣམ་པར་རྟོག་པ་མེད་པའི་མངོན་སུམ་འདི་དག་སྐྱོན་
ཡིན་གྱི། ཁོ་བོ་ཅག་རྟོག་པ་དང་བཅས་པའི་མངོན་སུམ་འདོད་པ་ལ་བཤད་པ་ལྟར་མི་འགྱུར་སྙམ་ན། དེའི་ཕྱིར། དེ་ཡིས་སྐྱོན་བརྗོད་པ་བསལ་བའི་ཕྱིར་དུ་བ་དང་བཅས་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། མངོན་སུམ་ནི་མདུན་ན་གནས་
པའི་རྟེན་དང་བརྟེན་པ་དུ་བ་དང་ས་ཕྱོགས་ལ་སོགས་པ་བསྒྲུབ་པའི་ངོ་བོས་དུ་བ་ལ་སོགས་པ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པ་ནི་རང་རང་གི་ངོ་བོ་ལ་རྣམ་པར་གནས་པས་ཐམས་ཅད་ཀྱི་ནུས་པ་རྣམས་ཕན་ཚུན་མ་འདྲེས་པའི་ངོ་བོ་ཡིན་པའི་ཕྱིར། དེའི་ནུས་པ་ལས་འབྱུང་བའི་ཇི་ལྟར་

གནས་པའི་རྗེས་སུ་བྱེད་པ་ལས་ཕྱིས་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་གཉིས་སྐྱེ་བར་འགྱུར་རོ། །གང་གིས་ས་ཕྱོགས་ཀྱི་དུ་བ་ཆོས་དང་ཆོས་ཅན་དུ་གྲགས་པ་དེ་ཡང་རྟེན་དང་བརྟེན་པ་བཞིན་དུ་འདིར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བརྟག་པ་སྟེ། ཇི་ལྟར་ཉམས་སུ་མྱོང་བ་གོམས་པ་བསལ་བ་དང་།
ལྷན་ཅིག་བྱེད་པའི་རྐྱེན་གཞན་གྱིས་རྣམ་པར་རྟོག་པ་སྐྱེའོ། །དེའི་ཕྱིར། ཆོས་དང་ཆོས་ཅན་གྱི་ངོ་བོ་ངེས་པ་དང་འབྲེལ་པ། ངེས་པ་མངོན་སུམ་གྱི་རྒྱུ་མཚན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟ་ན་དུ་བ་དེ་ཉིད་ཕྱོགས་ལ་འབྲེལ་པར་ངེས་པ་ནི་གང་འདི་ལ་འདིའོ་ཞེས་ངེས་པར་བྱེད་པ་དང་། དེ་ནི་
རྣམ་པར་རྟོག་པས་ཀྱང་མངོན་སུམ་གྱིས་ཇི་སྐད་དུ་བཤད་པའི་རྣམ་པ་གྲུབ་པ་ཁོ་ན་ཡིན་ཏེ། རྟེན་དང་བརྟེན་པའི་རྣམ་པར་གནས་པ་མེད་པའི་ཕྱིར་རོ། །དངོས་པོ་རྣམ་པ་གཉིས་ལས་གཞན་ཁོ་ན་རྟེན་དང་བརྟེན་པའི་མཚན་ཉིད་འགའ་ཞིག་གི་འབྲེལ་པ་གང་ཡིན་པ་དེ་ནི་མེད་དོ། །མངོན་སུམ་གྱིས་
ཉམས་སུ་མྱོང་བ་ལས་ཕྱི་ནས་རྣམ་པར་འགྱུར་ཏེ། དངོས་པོ་ལས་གྱུར་པ་དེ་བཞིན་དུ་བཀག་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་དེ་བཞིན་དུ་གནས་པ་དོན་གཉིས་ལ་བརྟེན་ནས་རྣམ་པར་རྟོག་པ་འདི་སྒྲོ་འདོགས་པ་ཁོ་ན་སྟེ། དེ་ནི་འབྲེལ་པ་དང་འབྲེལ་པ་ཅན་དང་ཐ་དད་པ་ཁྱབ་པར་གཞན་སྤོང་བ་དང་མི་
སྤོང་བ་དག་གིས་འཇིག་རྟེན་ན་ཆོས་ཅན་གྱི་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་མ་ཡིན་ནོ། །སྤྱིའི་ཐ་སྙད་ཀྱང་རིགས་མི་མཐུན་པའི་ལྡོག་པ་དངོས་པོ་ལ་མི་བརྟེན་པ་ནི་མ་ཡིན་པར་རྒྱ་ཆེར་བྱས་སོ། །དེ་དག་ཉིད་ཐ་དད་ཀྱང་ཉམས་སུ་མྱོང་བའི་སྒོ་ནས་རིགས་མི་མཐུན་པ་ལས་ལྡོག་པས་དབེན་པའི་ངོ་བོ་ཅན་
ནི་གཅིག་ཏུ་ངེས་པའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་སྒྲུབ་ལ་ཁ་ཅིག་ནི། །ཐ་དད་ཡིན་ཡང་རང་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །ཞེས་བྱ་བ་གསུངས་སོ། །དེས་ན་སྤྱིའི་རྣམ་པར་རྟོག་པའི་དྲན་པ་
ཁོ་ན་བཟང་བ་ལ་འཛིན་པ་ཡིན་ལ། དེར་སྣང་བའི་དུ་བའི་རྣམ་པ་དང་རིགས་མི་མཐུན་པ་ལས་ལྡོག་པ་ནི་མངོན་སུམ་ཁོ་ནས་འཛིན་པའི་ཕྱིར་རོ། །རིགས་མི་མཐུན་པ་ལས་ལྡོག་པ་ནི་ལོག་པ་ལས་གཞན་མ་ཡིན་ཏེ། གང་འགའ་ཞིག་མངོན་སུམ་གྱིས་མི་འཛིན་པར་འགྱུར་རོ། །དེའི་ཕྱིར་

ཇི་ལྟར་མཐོང་བའི་དུ་བ་ལ་སོགས་པ་རང་གི་མཚན་ཉིད་གཞན་ལས་ལྡོག་པ་ནི་བདག་གིས་བརྟགས་པ་ཡིན་ནོ་ཞེས་རྟོགས་པར་བྱེད་པ་པོ་ཡང་ངེས་པའི་དབང་གིས་དྲན་པ་ཉིད་ཀྱི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། མངོན་སུམ་གྱི་སྟོབས་ལས་བྱུང་བ་ཉིད་ནི་དངོས་པོའི་ཡུལ་མེད་
པ་ཡང་ཡིན་ནོ། །དེའི་ཕྱིར་གང་། སྤྱི་ནི་ཉམས་མྱོང་མེད་པས་ན། །དྲན་དང་རྣམ་པར་ཤེས་པ་འདི། །ཐ་དད་མེད་པར་གང་བརྗོད་ན། །ངེས་པར་དྲན་པའི་ནུས་པ་ཡིས། །མོ་གཤམ་བུ་ཡང་ཡོད་པར་འགྱུར། །ཞེས་བྱ་བ་བཤད་པ་དེ་དག་ཀྱང་གསལ་བ་ཡིན་ནོ། །ཡང་ན་གཞོན་ནུ་མ་ལེན་
གྱིས་སྨྲས་པ་མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ལ་རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པས་དུ་བ་ལ་སོགས་པའི་སྤྱི་ནི་རྗེས་སུ་དཔག་པའི་གཟུང་བ་ཁོ་ན་སྟེ། །དེ་ལ་རྟགས་འཛིན་པ་ཡང་ཐུག་པ་མེད་པར་འགྱུར་ཏེ་རྗེས་སུ་དཔག་པ་དེ་ནི་གཞན་གྱི་སྟོབས་ཀྱིས་སྐྱེ་ལ་
དེ་ཡང་སྤྱིའི་ངོ་བོ་སྟེ། དེ་རྗེས་སུ་དཔག་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དེ་ཡང་འགའ་ཞིག་གི་རྟགས་གཅིག་ཀྱང་དུས་སྟོང་ཕྲག་གིས་ཀྱང་རྟོགས་པར་བྱེད་པ་མེད་ན་ཀྱེ་མ་ཅི་སྐྱེས་བུའི་ཚེ་ཐུང་ངུ་ཡིས་ཡིན་ནམ། དེ་སྐད་དུ། རྗེས་སུ་དཔག་པ་མེད་ན་ནི། །གང་གི་སྤྱི་
རྟོགས་མེད་པ་དང་། །རྟགས་ནི་རྣམ་པར་བསལ་བ་ན། །རྗེས་སུ་དཔག་པ་འཇུག་པ་མེད། །སྤྱི་མ་ཡིན་པའི་རྟགས་ཀྱང་ནི། །འགའ་ཞིག་ཀྱང་ནི་མི་འདོད་ན། །རྟགས་ནི་རྟོགས་པ་མེད་པ་ཡི། །ཅུང་ཟད་ཡོད་པར་བསྟན་དུ་མེད། །དེ་ཡང་རྗེས་སུ་དཔག་པ་ནི། །གཞན་གྱིས་རྟོགས་པར་
འགྱུར་ན་སླར། །དེ་ལས་བྱུང་བའི་རྟགས་ལས་ནི། །སྤྱི་ཤེས་པ་དང་འབྲེལ་པ་ལས། །དེའི་ཡང་རྗེས་སུ་དཔག་པ་ཉིད། །རྟགས་ལས་ཀྱང་ནི་ཡང་དག་བྱུང་། །རྗེས་སུ་དཔག་པ་གཞན་ཉིད་ཀྱི། །དེ་བཞིན་ཤེས་པར་བརྟག་ན་ནི། །རྟགས་དང་རྟགས་ཅན་རྗེས་དཔག་དག །མཐའ་ཡས་
ཕྱིར་ན་རྟགས་གཅིག་ལ། །དུས་མི་སྟོང་ཕྲག་མང་པོས་ཀྱང་། །རྟོགས་པར་བྱེད་པ་ཡོད་མ་ཡིན། །ཅེས་དོགས་པ་ལ་དུ་བ་དང་བཅས་པའི་ཕྱོགས་ཞེས་པ་ལ་སོགས་པ་སྨོས་པ་ནི་འདི་སྙམ་དུ་དགོས་པ་ཡིན་ཏེ། རྗེས་སུ་དཔག་པ་ལས་གཞན་གང་གིས་སྤྱི་རྟོགས་པ་མེད་ན་ནི་ཁྱོད་ཟེར་བའི་སྐྱོན་

འདིར་འགྱུར་ན། ཁོ་བོ་ཅག་མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པས་ཀྱང་རང་བཞིན་གྱིས་འཁྲུལ་པས་སྤྱི་རྟོགས་ཏེ། དཔེར་ན་ནོར་བུའི་འོད་ལས་ནོར་བུ་འཁྲུལ་པ་བཞིན་དུ་རྟགས་ཀྱི་རྣམ་པར་རྟོག་པ་རང་གི་མཚན་ཉིད་ལ་རྟེན་པའི་ཕྱིར་བརྒྱུད་པས་དངོས་པོ་དང་འབྲེལ་པས་མི་སླུ་བ་ཡིན་
ནོ། །འབྲས་བུའི་གཏན་ཚིགས་ཉིད་ཀྱང་རྣམ་པར་རྟོག་པ་ལ་སྣང་བའི་དུ་བའི་སྤྱི་རྟགས་སུ་འཇོག་པ་ནི་དུ་བ་མཐོང་བ་ལ་བརྟེན་ནས་དེར་ངེས་པ་ཡིན་ནོ། །དུ་བའི་རང་གི་མཚན་ཉིད་ཀྱི་དུ་བ་ནི་རྟགས་སུ་གཞག་པར་རིགས་པ་མ་ཡིན་ནོ། །དེ་ཐུན་མོང་མ་ཡིན་པ་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པའི་ཕྱིར་
དེའི་ཆས་ཁྱབ་པ་མི་རིགས་སོ། །བསྒྲུབ་བྱ་སྒྲུབ་བྱེད་བརྟགས་པ་ལ། དངོས་པོ་མཐོང་བ་མེད་པའི་ཕྱིར། །ཞེས་པ་དང་། སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ཡང་གང་གསུངས་པ་ན། དེ་ལ་སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པ་ཁོ་ནའི་ཡུལ་ཡིན་ནོ་ཞེས་ངེས་པར་གཟུང་བར་
མི་བྱ་སྟེ། མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་དང་། དེ་ནི་རྣམ་པར་རྟོག་པ་གཞན་གྱིའང་ཡུལ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྤྱིའི་མཚན་ཉིད་ཁོ་ན་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེ་ན། ངེས་པར་གཟུང་བས་རང་གི་མཚན་ཉིད་ཡུལ་ཡིན་པ་དགག་པའི་ཕྱིར་རོ། །དེ་ལ་དུ་བ་དང་
ལྷན་ཅིག་ཏུ་གནས་པ་ནི་དུ་བ་དང་བཅས་པའི་ཞེས་བྱ་བས་ཕྱོགས་ཀྱི་ཆོས་ཀྱི་དོན་བསྟན་པ་ཉིད་རིགས་པ་དང་། སྒྲུབ་པའི་རྣམ་པར་རྟོག་པ་འདིའི་ས་བོན་དུ་བ་དང་བཅས་པ་མཐོང་བ་དང་ལྡན་པ་མངོན་སུམ་གྱིས་ཞེས་བྱ་བར་འབྲེལ་ཏོ། །ཅི་འདྲ་བ་ཞེ་ན། དོན་གཞན་གྱིས་དབེན་པའི་ངོ་བོའོ། །དོན་
གཞན་ནི་རིགས་མཐུན་པ་དང་། རིགས་མི་མཐུན་པའོ། །དབེན་པ་ནི་མ་འབྲེལ་པའོ་ཞེས་འདིར་རྣམ་པར་སྦྱར་རོ། །དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་རྣམ་པར་གནས་པ་ཡིན་ཏེ། རང་གི་ངོ་བོ་ལ་འདྲེ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ཐམས་ཅད་ལ་ཉེ་བར་སྦྱོར་བར་ཐལ་བར་འགྱུར་རོ། །
འདིས་ནི་དགག་པའི་རྣམ་པར་རྟོག་པའི་རྒྱུ་མཚན་བཤད་པ་དང་སྤྱིར་ཉེ་བར་རྟོགས་པའི་ས་བོན་ཡིན་ཏེ། དེ་སྐད་དུ། །མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་པ་འདི་ས་བོན་ཡིན། །ཅེས་བཤད་དོ། །འདི་ལྟར་དོན་གཞན་ལས་ལྡོག་པ་ནི་ཕན་ཚུན་ཐ་དད་ཀྱང་སྤྱིར་ཉེ་བར་མཐོང་བས་དེ་དག་ཐ་དད་པའི་ངོ་བོ་

མི་མངོན་པ་ལ་ཐ་མི་དད་པའི་རང་བཞིན་དུ་སྒྲོ་བཏགས་ནས་རྣམ་པར་རྟོག་པ་སྐྱེའོ། །ཐུན་མོང་མ་ཡིན་པའི་བདག་ཉིད་ཅེས་བྱ་བ་ནི་དོན་གཞན་ལས་ཐ་དད་པའི་ངོ་བོ་སྟེ། ཇི་ལྟར་གཞོན་ནུ་མ་ལེན་གྱིས་དོན་གཞན་གྱིས་དབེན་པའི་ངོ་བོ་དངོས་པོ་མེད་པའི་ཚད་མས་བཟུང་བ་ཡིན་གྱི་མངོན་
སུམ་གྱི་ངེས་པ་ནི་མ་ཡིན་ནོ་སྙམ་དུ་བསམ་པ་ལྟར་མ་ཡིན་ཏེ། དངོས་པོའི་ནུས་པ་ལས་བྱུང་བའི་མངོན་སུམ་ལས་གཞན་དུ་མཐོང་བ་ནི་མི་སྲིད་དེ་འཁྲུལ་པ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ན་བདག་ཉིད་མཐོང་བ་དང་ལྡན་པར་གྱུར་པའི་སྐྱེས་བུ་ལ་དེ་མ་ཐག་ཏུ་དྲན་པ་རྟགས་ཤེས་པ་སྐྱེའོ་ཞེས་བྱ་བར་འབྲེལ་
ཏོ། །དྲན་པ་ནི་དྲན་པའོ། །རྟགས་སྣང་བའི་ཤེས་པ་ནི་རྟགས་ཤེས་པའོ། །འདི་མངོན་སུམ་གྱི་རྗེས་ལ་བྱུང་བའི་རྟོགས་པ་ལ་སྤྱི་སྣང་བས་ངེས་རྟགས་རྣམ་པར་འཇོག་གོ། །དོན་དམ་པ་ཡུལ་ཅི་ཞིག་ཡིན་ཞེ་ན། འདི་ལྟར་མཐོང་བ་ཐ་དད་པའི་ཡུལ་ཅན་ཞེས་བྱ་བ་སྨོས་སོ། །གང་དང་གང་དུ་བ་ལ་སོགས་པ་
མཐོང་བ་ནི་ཇི་ལྟར་མཐོང་བའོ། །དེ་ཐ་དད་པ་ནི་དོན་དམ་པར་དེ་གཞན་ལས་ལྡོག་པའི་ཡུལ་ཅན་གྱི་རྟགས་ཤེས་པ་གང་དགག་པ་དང་སྒྲུབ་པའི་བདག་ཉིད་དོ། །དེ་ནི་དེ་སྐད་དུ། ངེས་པའི་ཤེས་པ་རྣམས་ནི་སྒྲོ་འདོགས་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡུལ་མེད་ཀྱང་དེའི་ཡུལ་དུ་བརྗོད་དོ་ཞེས་གསུངས་
སོ། །རྟོགས་པར་བྱེད་པ་པོས་ངེས་པའི་དོན་ནི་ཇི་ལྟར་མཐོང་བ་ཐ་དད་པ་དེའི་ཡུལ་ཅན་ཡིན་པ་དེའི་ཕྱིར་དྲན་པའི་ངོ་བོ་དོན་དམ་པ་མ་ཡིན་ནོ། །རྣམ་པར་རྟོག་པས་ཇི་ལྟར་མཐོང་བའི་དངོས་པོ་ལས་གྱུར་པ་ཐ་དད་པ་ལ་རེག་པ་མེད་པའི་ཕྱིར་རོ། །འོ་ན་ནི་ཁྱེད་དེ་ལྟར་བརྗོད་པ་ན་ཁོ་བོ་ཅག་གི་འདོད་པའི་རྗེས་སུ་
འབྲངས་པ་ཁོ་ན་སྟེ། རང་དང་གཞན་གྱི་ངོ་བོ་ཡོད་པ་དང་མེད་པ་དག་གི་བདག་ཉིད་ཁོ་ནའི་དངོས་པོ་མཐོང་བ་ནི་དགག་པ་སྒྲུབ་པའི་རྟོགས་པ་ཁས་བླངས་པའི་ཕྱིར་དང་མཐོང་བའི་ལྟ་བའི་ཤེས་པའི་མིང་ཡིན་ནོ། །ཁོ་བོ་ཅག་མངོན་སུམ་སྒྲུབ་པའི་རྣམ་པར་རྟོག་པ་ལ་ཁྱེད་ཀྱང་མངོན་སུམ་གྱི་ཚད་མ་ཉིད་དེར་སྣང་
བར་བརྗོད་དོ། །ཐམས་ཅད་རིགས་མཐུན་པའི་རྗེས་སུ་འགྲོ་བའི་སྤྱིའི་ངོ་བོ་མཐོང་བས་མ་རྟོགས་པ་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་ནི་སྔར་མེད་དོན་ཤེས་པ། །ངེས་པ་གནོད་པ་སྤངས་པ་དང་། །མ་ཉམས་རྒྱུ་ལས་བྱུང་བ་ནི། །ཚད་མར་འཇིག་རྟེན་ཡང་དག་འདོད། །ཅེས་བྱ་བའི་ཚད་མའི་མཚན་

ཉིད་དང་ལྡན་པ་དང་ཡོད་པའི་དོན་དང་འབྲེལ་པར་གྱུར་པ་དང་དབང་པོ་རྣམས་ཡོད་པའོ། །དགག་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཚད་མའི་འབྲས་བུ་དངོས་པོ་མེད་པར་བཤད་པ་ནི་ཚད་མ་གཞན་གྱི་ཡིན་ནོ། །དངོས་པོའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་མངོན་སུམ་ལ་སོགས་པ་དེས་ནི་མེད་པའི་ཆ་མ་ཡིན་
ལ་དངོས་པོ་ཉིད་རྟོགས་པ་ཡིན་ཏེ། དེ་ནི་ཡོད་པའི་ཆའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དགག་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་དེ་དངོས་པོ་མེད་པའི་ཚད་མར་བཤད་དོ། །ཇི་ལྟར་གཟུགས་ལ་སོགས་པ་ཤེས་པ་བསྐྱེད་པ་ཉིད་ཀྱི་དབང་པོའི་མངོན་སུམ་ཞེས་བྱའོ། །དེ་ལ་དེ་
ལྟ་བུ་ཉིད་འབའ་ཞིག་ནི་དྲན་པའི་རྟགས་ཤེས་པ་ཞེས་བྱ་བ་མི་རིགས་ཏེ། སྒྲུབ་པའི་རྣམ་པར་རྟོག་པ་ནི་སྤྱི་མ་བཟུང་བས་དྲན་པ་ཉིད་སྲིད་པའི་ཕྱིར་རོ། །དགག་པའི་རྣམ་པར་རྟོག་པ་ལ་ཡང་རྟགས་ཤེས་པ་མི་འདོད་དོ། །འདི་ག་ལས་ཤེ་ན་དྲན་པ་ཉིད་དེས་སྤྱི་བཟུང་བ་ལ་འཛིན་པ་དང་། མེད་པའི་
ཆ་འཛིན་པ་ཡིན་ནོ་ཞེས་རྒྱལ་དཔོག་པ་རྣམས་ཀྱིས་བརྗོད་པའི་དོགས་པའི་གནས་སྐབས་མཐོང་ནས་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མ་དང་ཚད་མ་མ་ཡིན་པ་དཔྱད་པ་རྩོམ་པ་ནི་དེ་ལ་དེ་རྣམས་མཐོང་བ་ལ་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་རྣམས་ཀྱི་དང་པོ་གང་ཡིན་པ་འདི་ནི། སྔ་མར་
ལྟ་བའི་ཤེས་པ་ནི། །ཐོག་མར་རྟོག་པ་མེད་པ་ཡོད། །ཅེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་མེད་པའི་རབ་ཏུ་འཇུག་པ་ཞེས་བྱ་བ་དང་པོར་བཤད་པ་ཡུལ་ཐུན་མོང་མ་ཡིན་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་བསྟན་པ་དེ་ཉིད་ཚད་མ་ཡིན་གྱི་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་ཡང་མ་ཡིན་ཏེ་དེ་ཉིད་ལ་ཚད་མའི་
མཚན་ཉིད་རིགས་པའི་ཕྱིར་དང་ཅིག་ཤོས་ལ་མི་སྲིད་པའི་ཕྱིར་རོ། །འདི་ལྟར་མ་རྟོགས་པའི་ཡུལ་ཅན་དང་དོན་བྱེད་པ་སྒྲུབ་པར་བྱེད་པའི་ཡུལ་ཅན་གྱི་ཚད་མའི་མཚན་ཉིད་བསྟན་པ་ཉིད་མཐོང་བ་ལ་ཡོད་པ་ཡིན་ཏེ། དེ་ལ་དང་པོ་ཞེས་བྱ་བ་ནི་སྔར་མེད་པའི་དོན་གྱི་རྣམ་པར་ཤེས་པ་བཤད་དོ། །ཡུལ་ཐུན་མོང་མ་
ཡིན་པ་ཞེས་བྱ་བ་ནི་དོན་བྱེད་པ་སྒྲུབ་པའི་ཡུལ་ཉིད་དེ། རང་གི་མཚན་ཉིད་ཀྱིས་དོན་བྱེད་པ་སྒྲུབ་པར་ནུས་པའི་ཕྱིར་རོ། །དེ་ལ་རེ་ཞིག་དགག་པའི་རྣམ་པར་རྟོག་པ་ནི་མངོན་སུམ་གྱིས་བཟུང་བའི་དོན་གྱི་ཡུལ་གྱིས་དྲན་པ་བསྟན་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་སྨོས་ཏེ། ཐུན་མོང་མ་ཡིན་པ་དེ་ལྟར་གྱུར་པ་དོན་གཞན་

དང་མ་འབྲེལ་པའི་ངོ་བོ་མཐོང་བས་མ་འདྲེས་པའི་ངོ་བོའི་ནུས་པ་ལས་བྱུང་བ་མཐོང་བ་རྟོགས་པར་གྱུར་པ་དེ་ལྟ་ན་ཡོད་པའི་ཆ་ལས་ཐ་དད་པ་མེད་པའི་ཆ་འདོད་པ་ཡང་ཡོད་པའི་ཆའི་རང་བཞིན་མ་འདྲེས་པའི་ངོ་བོའི་བརྟགས་པ་ན་གཞན་དུ་ནི་མེད་པའི་ཆ་དེ་ཉིད་མི་འགྲུབ་བོ། །རང་བཞིན་
གྱིས་མ་འདྲེས་པའི་ངོ་བོ་མེད་ན་མེད་པའི་ཆ་ཡོད་པར་གྱུར་པ་ཡང་རིགས་པ་མ་ཡིན་ནོ། །འདྲེས་པའི་ངོ་བོ་ནི་རང་གི་རྒྱུའི་སྟོབས་ལས་འོངས་པ་ཅུང་ཟད་ཅིག་ཀྱང་བྱེད་པ་མེད་པའི་ཆས་སྲིད་ཀྱང་སྤང་བར་མི་རིགས་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་དེ་འཇིག་པ་ལ་འཇིག་པའི་རྒྱུ་མི་རིགས་སོ་ཞེས་འཆད་པར་འགྱུར་
བའི་ཕྱིར་རོ། །དེས་འདྲེས་པའི་ངོ་བོ་འཇིག་པ་ནི་རང་གི་རྒྱུ་ཁོ་ནའི་རང་བཞིན་མ་འདྲེས་པའི་ངོ་བོ་ལས་སྐྱེས་ན་མཛེས་ཀྱི། ཅི་དཀའ་ཐུབ་ཀྱི་ལ་ཏུ་བའི་རིགས་པ་ཁས་ལེན་པར་བྱེད་དམ། དེའི་ཕྱིར་རང་བཞིན་ཁོ་ན་ཡོད་པ་རྣམ་ལ་གཞན་པའི་ངོ་བོ་བརྟག་པའི་ཕྱིར་མེད་པའི་ཆ་ནི་གཞིན་མ་ཡིན་ནོ། །དེ་ཡང་དེ་
ལྟར་མཐོང་ནས་འཛིན་པ་ཁོ་ནའོ། །དེའི་ཚེ་དེ་ལྟར་གྱུར་པ་དེའི་དོན་གང་དང་གང་གིས་ཐུན་མོང་མ་ཡིན་པར་མཐོང་བའི་དངོས་པོ་ནི་སྤྱིའི་ངོ་བོ་མ་ཡིན་ཏེ། དེའི་ངོ་བོ་མ་ཚང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཐུན་མོང་མ་ཡིན་པ་དེ་དང་དེས་མ་ཡིན་པའི་ངོ་བོ་ནི་སྤྱིའི་རང་བཞིན་མ་ཡིན་པ་དེ་དག་ཉིད་གསལ་བར་
བྱེད་དོ། །དེའི་ཕྱིར་དོན་གཞན་ལས་ཐ་དད་པ་མཚན་ཉིད་མི་མཐུན་པའི་འདི་གཞན་གྱི་ངོ་བོ་མ་ཡིན་པའི་ཕྱིར་རོ། །མངོན་པར་བརྗོད་པ་ནི་མངོན་དུ་སྨྲས་པའོ། །མཚན་ཉིད་མི་མཐུན་པར་རབ་ཏུ་འཇུག་པར་མཐོང་བའི་མངོན་སུམ་གྱི་སྟོབས་ཀྱིས་དྲན་པ་སྐྱེས་པ་ཡིན་གྱི། གང་རྟགས་ཀྱི་སྟོབས་ཀྱིས་བསྐྱེད་
པའི་རྣམ་པར་བཅད་པའི་ཡུལ་ལ་ཡང་དྲན་པ་ཡོད་པ་ནི་མ་ཡིན་པའི་ཕྱིར་རོ། །ཡུལ་ཅི་ཞིག་ཅེ་ན། དེ་མ་ཡིན་པ་ལ་ལྡོག་པའི་ཡུལ་ཅན་ནོ། །དེའི་སྒྲས་ནི་མཐོང་བའི་ཡུལ་གྱི་དངོས་པོ་ལ་སྙེགས་སོ། །དེ་མ་ཡིན་པ་ནི་རིགས་མི་མཐུན་པ་དེ་མ་ཡིན་པའོ། །དེ་ལས་ལྡོག་པ་ནི་དེ་མ་ཡིན་པ་ལས་ལྡོག་
པའོ། །དེའི་ཡུལ་གང་ཡིན་པ་དེ་ནི་དེ་བཞིན་དུ་སྟེ། ཇི་ལྟར་མཐོང་བ་ཉིད་དོན་གཞན་དག་ལས་ཐ་དད་པར་བརྟགས་པ་ནི་རྟོགས་པར་བྱེད་པ་པོས་མངོན་པར་ཞེན་ནས་དེ་སྐད་བརྗོད་ཀྱི་དོན་དམ་པར་ཡུལ་མེད་པའི་ཕྱིར་རོ། །དེ་ཚད་མ་ཡིན་པ་ནི་མེད་པ་ཚད་མའི་འབྲས་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དྲན་པ་

སྐྱེད་པར་བྱེད་པས་ཚད་མར་མི་རིགས་སོ། །ཅིའི་ཕྱིར་ཚད་མ་མ་ཡིན་ཞེ་ན། ཇི་ལྟར་མཐོང་བའི་རྣམ་པ་གསལ་བ་ལ་སོགས་པ་རྐྱེན་གཞན་ལ་ལྟོས་པ་དང་བཅས་པའི་བྱེ་བྲག་དེ་འཛིན་པའི་ཕྱིར་རོ། །མཐོང་ངོ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཟུང་བར་བྱ་བའི་མ་ཡིན་ཏེ། མཐོང་བར་ཁྱད་པར་མེད་པའི་
ཕྱིར་རྣམ་པ་ཐམས་ཅད་ལ་རྣམ་པར་རྟོག་པ་སྐྱེ་བར་ཐལ་བར་འགྱུར་རོ། །འོན་ཀྱང་འགའ་ཞིག་གོམས་པ་ལ་སོགས་པའི་རྐྱེན་ལ་ལྟོས་པའི་ཕྱིར་རྣམ་པ་འཛིན་པར་བརྗོད་དོ། །ཁྱེད་ཀྱང་ཇི་ལྟར་མཐོང་བའི་རྣམ་པ་འཛིན་པ་ཡིན་ཡང་། ཅིའི་ཕྱིར་ཚད་མའི་མཚན་ཉིད་བརྗོད་པ་དེ་བསལ་བར་བསྟན་
པའི་ཕྱིར་སྔ་མ་ལྟ་བའི་ཤེས་པ་སྐྱེ་བའི་དུས་སུ་ཐུན་མོང་མ་ཡིན་ལ་མ་འདྲེས་པའི་ངོ་བོ་མཐོང་ནས་ཐུན་མོང་མ་ཡིན་པ་ནི་དོན་གཞན་གྱི་ངོ་བོར་མི་འགྱུར་རོ་ཞེས་མངོན་པར་བརྗོད་པ་ནི་མངོན་པར་བརྟགས་པའོ། །དགག་པའི་རྣམ་པར་རྟོག་པ་ནི་སྔོན་མེད་པའི་དོན་རྟོགས་པ་མེད་པའི་ཕྱིར་སྔོན་མེད་པའི་དོན་
རྣམ་པར་ཤེས་པ་སྤངས་པ་ཡིན་ནོ། །སྔར་མེད་པའི་དོན་གྱི་རྣམ་པར་ཤེས་པ་ཚད་མ་ཡིན་ནོ་ཞེས་ཁྱེད་ཀྱིས་བརྗོད་དོ། །ཇི་སྐད་བཤད་པའི་རྣམ་པས་དགག་པའི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ནོ། །དེ་ལྟ་ན་ནི་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མར་འགྱུར་ཏེ། དེ་སྔོན་མེད་པའི་རྣམ་པར་ཤེས་པ་མི་སྲིད་
པ་མ་ཡིན་ཏེ། དེ་སོ་སོར་སྣང་བའི་རྗེས་སུ་བྱེད་པའི་སྤྱིའི་རྣམ་པ་ནི་ཐུན་མོང་མ་ཡིན་པའི་ངོ་བོ་ལ་དམིགས་པ་ནི་མ་མཐོང་བས་མ་རྟོགས་པས་རྟོགས་པའི་ཕྱིར། དེ་གང་གིས་ན་ཚད་མ་མ་ཡིན། དེ་སྐད་དུ། དེ་ལས་གཞན་ཡང་དངོས་ཆོས་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་འདི་དག་གཞོན་ནུ་མ་ལེན་གྱིས་
བརྗོད་པའི་དོགས་པ་བསུ་ནས་སྒྲུབ་པའི་རྣམ་པར་རྟོག་པའི་ཚད་མ་ཡང་བསལ་བ་ནི། དོན་བྱེད་པ་བསྒྲུབ་པ་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་ལྟ་བའི་ཤེས་པས་མཐོང་བའི་ཕྱིར་དང་། དེ་བསྒྲུབ་པ་མཐོང་བ་མེད་པ་ནི་དོན་བྱེད་པ་སྒྲུབ་པའི་ངོ་བོ་རྣམ་པར་རྟོག་པས་རྟོགས་པ་མེད་པས་སྒྲུབ་པའི་རྣམ་
པར་རྟོག་པ་ཚད་མ་མ་ཡིན་ནོ། །གལ་ཏེ་དེས་ཀྱང་མ་རྟོགས་པའི་སྤྱི་རྟོགས་པ་ཡིན་ནོ་ཞེས་བརྗོད་པ་དེ་ལྟ་ན་ཡང་དེའི་དོན་བྱེད་པ་སྒྲུབ་པ་མ་ཡིན་པའི་ཕྱིར་དེའི་རྟོག་པ་ནི་རབ་རིབ་ཅན་གྱི་ཤེས་པ་ལ་སོགས་པ་བཤད་པ་བཞིན་དུ་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ནོ། །དེ་ལ་གཞན་ཡང་དངོས་ཆོས་ནི། །

རིགས་ལ་སོགས་པ་གང་གང་གི། །བློ་ཡིས་ངེས་པ་ཞེས་བརྗོད་དོ། །དེ་ལས་གཞན་ཡང་དངོས་པོ་འཛིན་པ་རྣམ་པར་མི་རྟོག་པའི་མངོན་སུམ་གྱི་ཡུལ་ཉིད་ནི་དངོས་པོའོ། །རིགས་ལ་སོགས་པ་ནི་བྱེ་བྲག་ཏུ་རྟོགས་པ་ནི་བློ་ཡིས་མངོན་པར་ཞེན་པར་བརྗོད་དེ། དེ་ནི་རྣམ་པར་
མི་རྟོག་པའི་ཤེས་པས་རྟོགས་པས་དེ་ལ་ཚད་མ་ཡིན་གྱི། རིགས་ནི་དོན་བྱེད་པ་སྒྲུབ་པ་མེད་པའི་ཕྱིར། སྐྲ་ཤད་ལ་སོགས་པའི་ཤེས་པ་བཞིན་དུ་མ་རྟོགས་པ་རྟོགས་པ་ཚད་མ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་བྱེད་པའི་ནུས་པས་སྟོང་པའི་སྤྱི་ནི་དབང་པོ་དང་འབྲེལ་པ་མེད་པའི་ཕྱིར་མངོན་སུམ་སྲིད་པ་མ་
ཡིན་ནོ། །དང་གི་སྒྲས་ནི་དྲན་པ་ཉིད་དང་ཞེས་སྔར་བཤད་ཟིན་པ་བསྡུའོ། །དྲན་པ་ཉིད་ཀྱང་ཕྱིས་བཤད་པར་བྱའོ། །རྗེས་སུ་དཔག་པ་བཞིན་ཅེས་བྱ་བའི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །ཇི་ལྟར་མངོན་སུམ་གྱིས་དོན་བྱེད་པ་སྒྲུབ་པའི་ས་ཕྱོགས་ཆོས་ཅན་རྟོགས་ཀྱང་མེ་དོན་བྱེད་པ་སྒྲུབ་པའི་
སྤྱིའི་རྣམ་པ་ལྐོག་ཏུ་གྱུར་པ་རྟོགས་པ་མེད་དོ། །རང་གི་མཚན་ཉིད་ཀྱིས་རྣམ་པར་རྟོག་པར་མི་ནུས་པའི་ཕྱིར་རོ། །རྟོགས་པར་བྱེད་པ་པོས་སྒྲུབ་པའི་རྣམ་པར་རྟོག་པ་སྤྱིའི་རྣམ་པ་དོན་བྱེད་པ་སྒྲུབ་པ་མ་རྟོགས་པ་རྟོགས་པ་མེད་དོ། །དེ་ལྟ་བའི་ཤེས་པས་རྟོགས་པ་དེའི་ཕྱིར་དྲན་པ་ཞེས་བྱ་བ་འདིར་
ཚད་མ་མ་ཡིན་ནོ། །གལ་ཏེ་དོན་བྱེད་པ་སྒྲུབ་པར་བྱེད་པའི་ཡུལ་ཁོ་ན་ལ་ཚད་མ་ཡིན་གྱི་ཅིག་ཤོས་ལ་མ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། གང་གི་ཕྱིར་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་ནི་ཕན་པ་དང་མི་ཕན་པ་ཐོབ་པ་དང་། ཡོངས་སུ་སྤངས་པ་ཐམས་ཅད་དོན་དུ་གཉེར་གྱི་བྱ་རོག་དང་
ཏ་ལའི་རིགས་པས་ནི་འགའ་ཞིག་ཀྱང་མ་ཡིན་ཏེ། རྟོག་པ་དང་ལྡན་པ་བློ་སྔོན་དུ་གཏོང་བ་ཚད་མའམ་ཚད་མ་མ་ཡིན་པ་ཞིག་ཡིན། ཚད་མ་ལས་ནི་ཐམས་ཅད་དུ་འཇུག་པར་བྱེད་ཀྱི། ཚད་མ་མ་ཡིན་པས་ནི་འགའ་ཞིག་གི་ཚེ་ཡང་མ་ཡིན་ཏེ། སླུ་བ་སྲིད་པའི་ཕྱིར་རོ་ཞེས་གཉི་ག་ཚོལ་བ་ཡིན་གྱི་
ཉོན་མོངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་བྱེད་པ་སྒྲུབ་པར་བྱེད་པའི་ཡུལ་ཁོ་ན་ལ་ཚད་མར་བརྗོད་དེ། དེའི་དོན་བྱེད་པ་སྒྲུབ་པ་ནི་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་དང་། ཅིག་ཤོས་ནི་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་ཚད་མ་ནི་མི་སླུ་བར་བྱེད་པ་མ་འཁྲུལ་པ་ཞེས་འཇིག་རྟེན་ཡང་

བརྗོད་དོ། །གང་དོན་བྱེད་པ་སྒྲུབ་པ་མ་རྟོགས་ན་དེ་ལ་འཇུག་པ་མེད་པས་འདི་ག་ལས་ཐོབ་པ་ཡིན། དེ་ཇི་ལྟར་མི་སླུ་བར་བྱེད་པ་དེ་རྟོགས་པ་སྔོན་དུ་གཏོང་བར་བྱེད་པས་ཚད་མར་བརྗོད་པར་འགྱུར། གལ་ཏེ་དེ་ལྟ་ན་སྤྱི་ཡང་དོན་བྱེད་པ་སྒྲུབ་པ་ཉིད་དེས་དེའི་ཡུལ་ལ་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མར་
འགྱུར་རོ་ཞེ་ན། སྤྱིས་ནི་ཞེས་བྱ་བ་སྨོས་ཏེ། ཅུང་ཟད་ཅིག་ཀྱང་དེས་བསྒྲུབ་པར་བྱ་བ་ཁས་མ་བླངས་ཏེ། ཐ་མི་དད་པའི་ཤེས་པའི་མཚན་ཉིད་བརྗོད་པའམ་གཞན་ལ་ནི་བསལ་བས་བསྒྲུབ་པར་བྱ་བའི་དོན་བྱེད་པར་ཉེ་བར་བཏགས་པ་ཡིན་ནོ། །ཅི་འདྲ་བ་ཞེ་ན། རང་གི་མཚན་ཉིད་རྟོགས་པའོ། །
གསལ་བ་རྟོགས་པ་ནི་ལྟ་བའི་ཤེས་པའི་མིང་ཡིན་ནོ། །འོག་ཏུ་ནི་དུས་ཕྱིས་དེའི་མཐུ་ལས་སྐྱེས་པའི་རྣམ་པར་རྟོག་པ་ཅན་གྱི། རྣམ་པར་ཤེས་པའི་བཟུང་བ་ཡིན་པས་སོ། །དེའི་སྒྲ་ནི་རང་གི་མཚན་ཉིད་རྟོགས་པ་དང་འབྲེལ་ཏོ། །དེ་ལས་གཞན་པའི་དངོས་པོ་ཡང་ཞེས་བྱ་བ་ལ་སོགས་པ་གཞན་
གྱིས་བརྗོད་པ་ནི་ཇི་སྐད་དུ་བརྗོད་པས་མཐོང་བའི་རྗེས་ལ་རྣམ་པར་རྟོག་པ་ནི་མངོན་སུམ་གྱི་ཚད་མ་ཉིད་དོ་ཞེས་བསལ་བ་ཡིན་ཏེ། ཕྱིས་ནི་ཐམས་ཅད་དུ་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ཉེ་བ་བཏགས་པ་མེད་དོ། །རྗེས་སུ་དཔག་པའི་རྣམ་པར་རྟོག་པའི་གཟུང་བར་བྱ་བའི་སྤྱི་ནི་རྒྱུའམ་ཁྱབ་པར་བྱེད་པ་
དང་། རྟགས་འབྲེལ་པ་ངེས་པའི་སྒོ་ནས་དོན་བྱེད་པ་སྒྲུབ་པའི་ཡུལ་མ་རྟོགས་པའི་དོན་བྱེད་པ་རྟོགས་པའི་ཕྱིར་དེའི་ཡུལ་ཚད་མ་ཡིན་གྱི། འདི་ནི་དེ་ལྟར་རྟོགས་པ་མེད་པའི་ཕྱིར་དོན་བྱེད་པ་སྒྲུབ་པར་བྱེད་པ་ནི་ལྟ་བའི་ཤེས་པ་ཡིན་ནོ་ཞེས་བྱའོ། །འདིར་དཔེ་ནི། དཔེར་ན་སྔོན་པོ་མཐོང་བ་ན་སྔོན་པོའོ་
སྙམ་དུ་ཤེས་པ་སྣང་བཞིན་ཏེ་ཞེས་བྱ་བ་ནི་ལྷག་མའོ། །སྤྱི་ནི་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ཉེ་བར་བརྟག་པར་མི་བྱའོ་ཞེས་རྣལ་མ་དང་སྦྱར་རོ། །འོ་ན་འདི་རྟགས་ཀྱི་རྣམ་པ་ལ་སྣང་བའི་སྤྱིའི་གནས་སྐབས་སུ་དེ་ལ་དཔེ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མཐོང་བ་ཐམས་ཅད་ཀྱི་རྗེས་ལས་བྱུང་
བའི་རྣམ་པར་རྟོག་པ་མངོན་སུམ་གྱི་ཚད་མ་དང་མཚུངས་པར་གཞན་གྱིས་ཁས་བླངས་པ་བསལ་བའི་ཕྱིར་རོ། །གལ་ཏེ་སྔོན་པོ་ཡིན་ནོ་ཞེས་མཐོང་བའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ལས་སྣང་བའི་སྤྱི་དོན་བྱེད་པར་ཅིས་ན་བརྟག་པར་མི་བྱ། གསལ་བའི་བསྒྲུབ་པར་བྱ་བའི་དོན་དེ་ཡང་དོན་གཞན་

གྱིས་དེའི་དོན་བྱེད་པ་བརྟག་པར་མི་བྱ་བའི་ཕྱིར་དེ་ཡང་དོན་བྱེད་པ་སྒྲུབ་པ་མེད་པས་ན་དངོས་པོ་མེད་པར་ཐལ་བར་འགྱུར་རོ། །འོ་ན་ཏེ་ཐ་མི་དད་པའི་ཤེས་པའི་མཚན་ཉིད་དང་བརྗོད་པའི་རང་བཞིན་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་པས་མ་གྲུབ་པ་ཡིན་ཏེ། རང་གི་
བསྒྲུབ་པར་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་པ་ལ། དེ་ཉིད་ཅེས་བྱ་བ་སྨོས་ཏེ། །ལྟ་བའི་ཤེས་པས་ཉེ་བར་དམིགས་པ་གང་ཡིན་པ་དེ་ནི། །སྔོན་པོའི་རང་གི་མཚན་ཉིད་ནི་སྔོན་པོའི་གསལ་བའོ། །རྣམ་པ་དེ་ལྟ་བུས་བསྒྲུབ་པར་བྱ་བའི་དོན་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་
བུའི་སྒྲས་ནི་སྤྱི་ཙམ་དུ་མངོན་པར་འདོད་པ་ནི་འདྲ་བ་ཉིད་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་ཐུན་མོང་པའི་ངོ་བོ་འདི་ཡང་འདྲ་བའི་ཕྱིར་རོ། །དེས་ན་རྣམ་པ་དེ་ལྟ་བུའི་བསྒྲུབ་པར་བྱ་བ་ནི་སྔོན་པོའི་སྤྱི་བསྒྲུབ་པར་བྱ་བ་ཐ་མི་དད་པའི་ཤེས་པར་བརྗོད་པའི་མཚན་ཉིད་དོན་གྱི་བྱ་བ་བྱེད་པར་ནུས་པ་ནི་རང་གི་མཚན་
ཉིད་འདི་ཡིན་ནོ་ཞེས་དེ་བཞིན་དུ་བཤད་དོ། །འདི་སྙམ་དུ་དགོངས་པ་ཡིན་ཏེ། འདི་ལྟར་གསལ་བ་ཐ་དད་པ་ཡང་འགའ་ཞིག་དང་ཉེ་བར་གྱུར་པ་ལས་དང་འབྲས་བུ་གཅིག་ཏུ་ངེས་པའི་མཚན་ཉིད་དུ་མཚུངས་པ་གཅིག་ཐ་མི་དད་པ་བྱེད་པས་ན། དེ་ལས་གཞན་པའི་སྤྱི་དང་ལྡན་པ་མེད་དེ།
དེ་ལྟ་མ་ཡིན་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཐ་མི་དད་པའི་ཤེས་པ་དང་བརྗོད་པའི་བདག་ཉིད་ཀྱི་དོན་བྱ་བ་སྒྲུབ་པར་བྱེད་དོ། །གང་གི་ཕྱིར་ཚད་མ་མེད་པ་དང་ཚད་མས་གནོད་པའི་སྤྱི་ཡང་ཁས་བླངས་པས་ཅི་ཞིག་བྱ། འདི་ལྟར་རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པ་
ལ་ཇི་ལྟ་བའི་རྣམ་པ་འདི་མི་གསལ་བའི་ངོ་བོ་སྣང་བ་ལ་དེ་ལྟ་བུའི་རྣམ་པ་གསལ་བ་མཐོང་བ་རྣམས་ལ་དེ་ཉེ་བར་མི་རྟོགས་སོ། །གསལ་བ་གཅིག་ཁོ་ན་མཐོང་བའི་དུས་སུ་སྔོན་པོ་ལ་སོགས་པའི་ངོ་བོ་གསལ་བར་སྣང་བ་ན་དེ་ཇི་ལྟར་མཐོང་བ་མེད་པར་བརྟགས་ནས་བདག་ཉིད་ལ་བདག་ཉིད་
སླུ་བར་བྱེད་དམ། གལ་ཏེ་གསལ་བའི་ངོ་བོ་དང་འདྲེས་པས་འདི་ལྕགས་ཀྱི་གོང་བུའི་མེ་བཞིན་དུ་སྣང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐམས་ཅད་དུ་ཐ་དད་པ་དང་། །ཐ་མི་དད་པའི་རྣམ་པར་གཞག་པ་མེད་པར་ཐལ་བར་འགྱུར་ཏེ། འདིའི་ལན་ནི་གཞན་དུ་ཡང་རྙེད་པར་སླ་བའི་ཕྱིར་རོ། །

སྤྱིའི་ངོ་བོ་ལ་གསལ་བ་དང་མི་གསལ་བ་རྣམ་པ་གཉིས་ནི་མེད་དེ། གང་གི་གཅིག་ནི་མཐོང་བའི་རྣམ་པ་དང་། གཞན་རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པའི་དོན་གཉིས་སུ་ཁས་བླངས་པར་ཐལ་བར་འགྱུར་ཏེ། སོ་སོར་སྣང་བ་ཐ་དད་པ་ཉིད་ཐམས་ཅད་དུ་དངོས་པོ་ཐ་དད་པར་རྣམ་
པར་གཞག་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སྤྱི་ལ་སྤྱི་གཞན་ཡོད་པར་ཐལ་བར་འགྱུར་བ་སྤྱི་གཞན་མེད་པར་ཁས་བླངས་པའི་ཕྱིར་རོ། །འདིས་ནི། དངོས་རྣམས་ཀུན་ལ་ལྡོག་པ་དང་། །རྗེས་སུ་འགྲོ་བའི་བདག་ཉིད་བློ། །སྐྱེ་བའི་བདག་ཉིད་གཉིས་མེད་ན། །དེ་ཡང་རིགས་པ་མ་ཡིན་
ནོ། །གང་རུང་འདིར་ནི་འཁྲུལ་པ་དང་། །ཉེ་བར་བཏགས་པར་མི་འདོད་དོ། །ཐམས་ཅད་དུས་སུ་བློ་བརྟེན་ཕྱིར། །འཁྲུལ་པར་བརྗོད་པ་དེ་འཁྲུལ་པ། །ཞེས་བྱ་བ་གང་སྨྲས་པ་དེ་དག་ཀྱང་བསལ་བ་ཡིན་ནོ། །གལ་ཏེ་གང་གི་ཕྱིར་དབང་པོའི་བློར་མངོན་པར་བརྗོད་པར་འདོད་པ་དེའི་ཚེ་མ་
གྲུབ་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་མི་གསལ་བའི་རྣམ་པ་སྔོན་པོ་ལ་སོགས་པ་གསལ་བའི་རྣམ་པ་དེ་ལ་ཉེ་བར་མི་རྟོག་པའི་ཕྱིར་རོ། །གསལ་བ་ཡང་གཉིས་པའི་རྗེས་སུ་འགྲོ་བ་དང་དེ་ཡོད་ན་འགྱུར་ན་གསལ་བ་གཉིས་ཀྱི་བར་དུ་མ་ཁྱབ་པ་དང་ལྡན་པ་དེ་ཇི་ལྟར་དེའི་རྗེས་སུ་འགྲོ་བ་ཡིན།
ཡང་ན་ཁྱབ་པར་ཉེ་བར་དམིགས་པར་འགྱུར་ན་དེ་ནི་དེ་ལ་རྟོགས་པ་མེད་པ་ག་ལ་ཡིན། གསལ་བ་མི་གསལ་བའི་ངོ་བོར་མི་སྲིད་དེ་གཅིག་པའི་ཕྱིར་རོ། །དེ་སྐད་དུ། གལ་ཏེ་རིགས་ནི་ཀུན་ལ་ཡོད། །གཅིག་དེ་གསལ་བས་གསལ་བ་ཉིད། །ཐ་དད་མེད་ཕྱིར་ཀུན་ལ་མཐོང་། །
དེ་ཡང་གསལ་བ་ལ་ལྟོས་མིན། །ཅེས་བྱ་བ་སྨོས་ཏེ། གསལ་བ་གཅིག་ལ་ཉེ་བར་དམིགས་པར་གྱུར་ན་ཡང་འཇིག་རྟེན་ན་གསུམ་པོ་མ་ལུས་པ་ཁྱབ་པའི་ངོ་བོའམ་མ་ལུས་པའི་རྟེན་ལ་ཁྱབ་པ་མཐོང་བར་འགྱུར་ན། །གང་ལ་ཅུང་ཟད་གཅིག་ཀྱང་སྐད་ཅིག་མ་ལ་སོགས་པ་བཞིན་དུ་མཐོང་
བ་དང་མ་མཐོང་བ་ནི་མི་འཐད་དོ། །གལ་ཏེ་མཐོང་བ་ཡང་རྟེན་གཅིག་ལ་མཐོང་བར་མཐོང་བར་ཞེན་གྱི་ཐམས་ཅད་ལ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་པས་དེ་མཐོང་བར་ཁས་བླངས་པའི་ཕྱིར་རོ། །ངེས་པས་ཡུལ་དུ་བྱས་པ་མ་ངེས་པ་ཡིན་ནོ་ཞེས་བྱ་བ་མི་རིགས་ཏེ། དེས་ན་ཐམས་ཅད་

དུ་སོང་བའི་ངོ་བོ་མཐོང་ན་དོན་ཐམས་ཅད་མཐོང་བར་ཐལ་བར་འགྱུར་རོ། །དེ་ནི་མཐོང་བ་དེ་དང་ལྷན་ཅིག་ཉེ་བར་དམིགས་པའམ། དེ་དང་ཐ་མི་དད་པ་རང་བཞིན་ཉེ་བར་མི་དམིགས་པ་རིགས་པ་མ་ཡིན་ན། དེ་ཇི་ལྟར་དབང་པོའི་བློ་ཡིས་གཉིས་ཀྱི་བདག་ཉིད་
ཡིན། ཡང་ན་རྗེས་སུ་དཔག་པ་ལ་སོགས་པའི་བློའི་ཡིན་ན། དེ་ཡང་རང་གི་མཚན་ཉིད་སྣང་བ་མེད་པས་གང་ལས་གཉིས་ཀྱི་བར་དུ་འགྱུར། དེ་རྣམས་ཀྱི་སྤྱི་འཛིན་པ་རྣམས་ལ་གསལ་བ་ལྟ་བུའི་མཚན་ཉིད་གསལ་བ་ནི་མེད་དེ། རང་གི་མཚན་ཉིད་ལ་སྣང་བ་དེ་མེད་ཀྱང་དེ་སྲིད་པའི་ཕྱིར་
དང་། རྣམ་པ་གཞན་རང་གི་ཤེས་པ་ལ་སོ་སོར་སྣང་བའི་ཕྱིར་རོ། །གཅིག་ལ་རྣམ་པ་དུ་མ་མི་རིགས་པས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པའི་དོན་གྱི་གཟུང་བར་བྱ་བ་འདི་ཐ་མི་དད་པའི་སྤྱིའི་བློ་ལ་སོ་སོར་སྣང་བ་ནི་རང་གི་མཚན་ཉིད་སྣང་བ་མ་ཡིན་ཏེ། འོན་ཀྱང་ཐོག་མ་
མེད་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ལས་སྐྱེ་བ་ཡོད་པ་དེ་བཞིན་དུ་སྣང་བའི་ཕྱིར་དང་། བརྟེན་པའི་ཕྱིར་བློ་ནི་འཇིག་པ་མེད་པར་འགྱུར་ན་སྐད་ཅིག་མར་ཁས་བླངས་པའི་ཕྱིར་རོ། །འོན་ཀྱང་གནོད་པ་མེད་པ་ཉིད་དེ་ཡང་འདི་མི་སྲིད་དེ་གནོད་པར་བྱེད་པའི་ཆ་ཙམ་
བཤད་པའི་ཕྱིར་རོ། །རྒྱས་པ་ཡང་ཡོད་པ་འཇིག་པ་ཇི་ལྟ་བའི་གནས་སྐབས་འདི་ཉིད་དེ་དང་དེར་བཤད་པའི་གནོད་པར་བྱེད་པ་ངེས་པར་གཟུང་བར་བྱའོ། །དེའི་ཕྱིར་ཇི་ལྟར་གསལ་བ་ལ་སྤྱི་གཞན་མེད་ཀྱང་གཅིག་པ་བྱེད་པ་དེ་ལྟ་ན་ཐ་མི་དད་པའི་ཤེས་པ་བརྗོད་ལ་འཇུག་པར་ཡང་བྱེད་པའི་
ཕྱིར། དེ་ཉིད་སྔོན་པོའི་རང་གི་མཚན་ཉིད་དག་སྤྱི་བསྒྲུབ་པར་བྱ་བའི་དོན་བྱེད་པར་ཁས་བླངས་པའི་ཕྱིར་རོ། །གང་ཡང་། གལ་ཏེ་སྤྱི་གཞན་མི་འདོད་ན། །དེ་ཡི་འཇུག་པ་ངེས་པ་ཅན། །བ་ལང་ཉིད་ཀྱང་མེད་ན་ནི། །ཅི་ཕྱིར་བ་ལང་བློར་མི་ངེས། །ཇི་ལྟར་ཐ་དད་ཉིད་མཚུངས་ཀྱང་། །
ལྡོག་རྣམས་འགའ་ལ་འཇུག་པ་ནི། །བ་ལང་ཉིད་སོགས་རྒྱུ་མཚན་ནི། །མེད་ཀྱང་དེ་བཞིན་བློ་འབྱུང་འགྱུར། །ཞེས་བྱ་བ་ཕྱོགས་སྔ་མར་བྱས་ནས། ཡུལ་མེད་ན་ནི་བློ་རྣམས་ནི། །སྐྱེ་བ་མེད་པར་འདོད་པ་ཡིས། །གཞན་ལས་བྱེ་བྲག་འདོད་པ་ན། །དེས་ན་སྤྱི་དེ་ངེས་པ་ཡིན། །

དེས་ན་དེ་མེད་སྐྱེ་ན་ནི། །ཡུལ་མེད་ཕྱིན་ཅི་ལོག་ཏུ་འགྱུར། །གཞན་མེད་ན་ནི་མི་འགག་ན། །སྤྱི་འདི་ལ་ནི་ཉེས་པ་མེད། །ཅེས་བྱ་བ་གང་ཡང་ཕྱིན་ཅི་ལོག་པའི་ཐལ་བར་འགྱུར་བའི་སྐྱོན་བརྗོད་པ་འདི་དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་རིགས་པ་དྲི་མ་མེད་པའི་བློ་ལ་གནོད་པ་མེད་
དོ། །སྤྱིའི་བློ་རྣམས་ནི་གནོད་པ་བྱེད་པའི་རྐྱེན་གྱི་མཚན་དང་ལྡན་པའི་ཕྱིན་ཅི་ལོག་ཏུ་ཁས་བླངས་པའི་ཕྱིར་རོ། །ཅི་ཕྱིར་ནོག་སོགས་ལྡན་རྣམས་ལ། །བ་ལང་གང་ཕྱིར་དེ་བདག་ཉིད། །ཅི་ཕྱིར་འདི་དེའི་བདག་ཅེ་ན། །རང་བཞིན་ཡིན་ཞེས་གོ་བར་བྱ། །ཞེས་བྱ་བ་སྨོས་པ་ནི། །
གསལ་བའི་རང་བཞིན་ཐུན་མོང་མ་ཡིན་པ་གསལ་བ་སྐྱེ་བ་དང་འཇིག་པ་དག་གི་སྤྱི་སྐྱེ་བ་མེད་པ་དང་ལྡན་པ་མི་རིགས་ཏེ་འགལ་བའི་ཆོས་དང་ལྡན་པར་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཡིས་བདག་ཉིད་འདོད། །གསལ་བའི་སྐྱེ་དང་སྐྱེ་མེད་དང་། །འཇིག་དང་འཇིག་མེད་
ཅི་སྟེ་འདོད། །དེ་བཞིན་རྗེས་འགྲོ་མེད་ཅེས་མིན། །གསལ་བའི་སྐྱེ་བས་མི་སྐྱེ་གྲང་། །རྟེན་གཞན་ལས་ནི་འོང་མེད་པ། །དེ་ཡི་ཡུལ་ན་སྔར་ཡོད་མིན། །དེ་ཡིས་ཇི་ལྟར་འབྲེལ་པ་ཡིན། །གལ་ཏེ་གསལ་འཇིག་མི་འཇིག་ན། །གསལ་བ་གཞན་ལ་མེད་འགྲོ་བ། །དེས་
སྟོང་ཡུལ་ལ་གནས་པ་མེད། །རིགས་དེ་གང་ལ་ཡོད་པ་སྨོས། །གལ་ཏེ་གསལ་བའི་སྐྱེ་བ་དང་། །རིགས་དེ་འབྲེལ་པར་མི་འདོད་ན། མ་བསླད་པ་ཡི་བློ་ཅན་ལ། །དེ་ཡི་བདག་ཉིད་ཇི་ལྟར་འདོད། །གལ་ཏེ་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ཁོ་ན་སྤྱིའི་དོན་གྱི་བྱ་བ་བྱེད་པར་
དེ་ཉིད་དེས་རྟོགས་ན་རྣམ་པར་རྟོག་པ་ཚད་མར་འགྱུར་རོ་ཞེ་ན། །དེའི་སྔོན་པོའི་རང་གི་མཚན་ཉིད་ཅེས་བྱ་བ་སྨོས་ཏེ། །བདག་ཉིད་དེས་སྔོན་པོའི་བསྒྲུབ་པར་བྱ་བའི་དོན་བྱ་བ་བྱེད་པར་རང་བཞིན་མཐོང་བ་ཉིད་ལྟ་བའི་ཤེས་པ་ཞེས་པའོ། །དེའི་ཕྱིར་བྱ་བ་གྲུབ་པ་ལས་ཁྱབ་པར་
མི་བྱེད་པའི་རྣམ་པར་རྟོག་པའི་ཤེས་པ་ཇི་ལྟར་ཚད་མར་འགྱུར། །འོན་ཏེ་སྤྱི་ཉིད་དེ་ལྟར་ལྷག་པར་རྟོགས་པའི་སྔོན་པོའི་རྣམ་པར་རྟོག་པའི་ཚད་མ་ཡོད་དོ། །སྤྱི་དོན་མེད་པའི་བྱ་བ་བྱེད་པ་ནི་མ་ཡིན་ཏེ་སྔོན་པོ་བསྒྲུབ་པར་བྱ་བའི་དོན་བྱེད་པའི་སྔོན་པོ་དང་ལྷན་ཅིག་ཏུ་བྱུང་ནས་བྱེད་པར་འགྱུར་བའི་

གསལ་བའི་རང་བཞིན་ཉིད་སྤྱི་ཡིན་པར་འདོད་དོ་ཞེ་ན། །དེའི་རང་གི་མཚན་ཉིད་བཟུང་བའི་དུས་ཕྱིས་བྱུང་བའི་སྔོན་པོ་ཞེས་བྱ་བ་སྨོས་ཏེ། །གསལ་བའི་དུས་ཕྱིས་བྱུང་བར་ནུས་པའོ། །གལ་ཏེ་རྟགས་བཟུང་བའི་དུས་ཕྱིས་བྱུང་བ་ནི་སྔར་བཤད་པའི་རྣམ་པ་
གསལ་བའི་བསྒྲུབ་པར་བྱ་བའི་དོན་བྱ་བ་བྱེད་པ་ནི་སྤྱིའི་རྣམ་པར་རྟོག་པས་གཞག་པར་ནུས་པ་ཡིན་ནོ་སྙམ་ནས། །སྔོན་པོའི་རྣམ་པར་རྟོག་པའི་ཡུལ་གྱི་སྔོན་པོའི་སྤྱིས་སྔོན་པོའི་དོན་གྱིས་བསྒྲུབ་པར་བྱ་བ་བྱེད་པ་གཙོ་བོ་ལ་སོགས་པ་བྱེད་པ་ཡིན་ནོ། །དེ་གསལ་བ་ནི་རང་བཞིན་དུ་རུང་
བར་གྱུར་པ་ལ་རྣམ་པར་རྟོག་པའི་ངོ་བོ་དེ་མི་སྲིད་པའི་ཕྱིར་རོ། །རྟག་པའི་རང་བཞིན་དེ་འཛིན་པ་ནི་སྔོན་པོའི་རྣམ་པར་རྟོག་པའི་ཡུལ་གྱིས་ནི་སྔོན་པོའི་བསྒྲུབ་པར་བྱ་བའམ་གཞན་པའི་དོན་བྱ་བ་མི་བྱེད་དེ། །རིམ་དང་། ཅིག་ཅར་ལ་སོགས་པས་འགལ་བའི་ཕྱིར་རོ་སྙམ་མོ། །དེ་ལྟར་
སྔོན་པོ་དེ་མཐོང་བ་ན་སྔོན་པོའོ་ཞེས་ཤེས་པ་ལ་སོ་སོར་སྣང་བའི་སྤྱི་ནི་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ཉེ་བར་བཏགས་པར་མི་བྱའོ། །བསྒྲུབ་པར་བྱ་བའི་དོན་བྱེད་པ་མེད་པའི་ཡུལ་ཡིན་ན་ཡང་མངོན་སུམ་གྱིས་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ཚད་མར་ཐལ་བར་འགྱུར་ན་ནི་ཧ་ཅང་ཁྱབ་ཆེས་སོ་སྙམ་
ནས། དེ་ལ་སྔ་ན་མེད་པའི་དོན་གྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཚད་མའི་མཚན་ཉིད་དཔྱོད་པ་བས་ཁྱད་པར་ཅན་ཉེ་བར་བསྟན་པའི་ཕྱིར་བཤད་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་དོན་བྱེད་པ་མེད་པ་སྒྲུབ་པའི་ཡུལ་གྱིས་ནི་མཐོང་བའི་རྗེས་ལས་བྱུང་བའི་རྣམ་པར་
རྟོག་པ་ཡང་ཚད་མར་མི་རིགས་སོ། །དེའི་ཕྱིར་ཁོ་བོ་ཅག་འདོད་པའི་ཚད་མ་མི་སླུ་བ་ཅན་ཤེས་པ་ཞེས་བྱ་བའི་ཚད་མའི་མཚན་ཉིད་བསལ་ནས་མ་རྟོགས་པའི་དོན་གྱི་ཡུལ་ཅན་ནི་ཚད་མ་སྟེ། དེ་ལ་སྔ་ན་མེད་པའི་དོན་རྣམ་པར་ཤེས་པ་ཡིན་ནོ་ཞེས་འདིར་ཡང་བདག་གིས་ཀྱང་བྱ་སྙམ་ནས་ཚད་མའི་
མཚན་ཉིད་གཞན་བྱེད་པ་ཧ་ཅང་ཁྱབ་ཆེས་པས་དེ་ཡོངས་སུ་སྤངས་ནས་ཁྱད་པར་གྱི་ཁྱད་པར་ཅན་དུ་ཉེ་བར་བསྟན་པ་སྟེ། ཁྱད་པར་ཇི་ལྟར་ཡིན་ཞེ་ན། རང་གི་མཚན་ཉིད་མ་རྟོགས་པ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ལ་འདིས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ཡང་ཚད་མར་གྲུབ་ལ། ལྟ་བའི་

ཤེས་པའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ཚད་མ་ཡིན་པ་བསལ་བ་ཡིན་ནོ་ཞེས་བྱ་བར་ཐམས་ཅད་ལེགས་པར་གནས་སོ། །དེ་ལྟ་ན་སྒྲུབ་པའི་རྣམ་པར་རྟོག་པ་དོན་བྱ་བ་མེད་པ་སྒྲུབ་པར་བྱེད་པའི་ཡུལ་གྱིས་སྤྱི་མ་རྟོགས་པ་རྟོགས་པའི་ཚད་མ་ཡང་བསལ་ཏོ། །རང་གི་ཚིག་ནི་བསྡུས་པ་ཡིན་
ཏེ་དྲན་པ་ཉིད་དགག་པའི་རྣམ་པར་རྟོག་པ་ཐུན་མོང་བ་ཚད་མ་མ་ཡིན་པའི་རྒྱུ་ནི། རང་གི་མཚན་ཉིད་རྟོགས་ནས་ཞེས་བྱ་བ་སྨོས་ཏེ། ལྟ་བའི་ཤེས་པ་དེའི་མཐུ་ལས་སྐྱེས་པ་ཅན་རང་གི་མཚན་ཉིད་རྟོགས་པའི་སྟོབས་ཀྱིས་བྱུང་བའི་རྣམ་པར་རྟོག་པ་ནི་དེའི་རྗེས་ལས་དངོས་སུ་སྐྱེས་པ་ནི་མ་
ཡིན་པའི་ཕྱིར་དང་། མཐོང་བའི་འདུ་བྱེད་པས་འཕངས་པའི་དབང་གིས་སྔོན་པོའི་རང་གི་མཚན་ཉིད་ཀྱི་རྣམ་པ་མི་གསལ་བའི་རྗེས་སུ་བྱེད་པ་ནི་སྣང་བ་དང་། བརྟག་པར་བྱ་བ་དག་གཅིག་ཏུ་བྱེད་པར་བརྗོད་དོ། །དངོས་པོ་ཡོད་པའི་ཅུང་ཟད་ཅིག་ཀྱང་འདི་ཉིད་རྗེས་སུ་བྱེད་པ་མེད་པ་དེ་ནི་དྲན་པ་
ཁོ་ནའོ། །ག་ལས་ཤེ་ན། དངོས་པོའི་ཡུལ་གྱི་འབྲས་བུ་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་ནོ། །སྐྱེས་བུ་རང་གི་མཚན་ཉིད་ལ་འཇུག་པ་འདིའི་འབྲས་བུ་སྟེ་དེར་མངོན་པར་ཞེན་པས་སོ། །གང་གི་ཕྱིར་དེའི་ཡུལ་ཅན་གྱི་འབྲས་བུ་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་པ་དེ་བས་ན་མཐོང་བའི་
སྟོབས་ལས་སྐྱེས་པའི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ཏེ། དེ་ལྟ་ན་དྲན་པས་ཉམས་སུ་མྱོང་བའི་རང་གི་མཚན་ཉིད་ཀྱི་ཆའི་ཡུལ་ཡིན་དུ་ཟིན་ཀྱང་དོན་དམ་པ་དེའི་ཡུལ་མ་ཡིན་པ་ཉིད་དེ། རང་གི་མཚན་ཉིད་ཀྱི་དབང་པོའི་བློ་འགྱུར་བ་གསལ་བའི་ངོ་བོ་དྲན་པ་ལ་སྣང་བ་མེད་པའི་ཕྱིར་རོ། །
འོན་ཀྱང་ཇི་སྐད་བཤད་པའི་འབྲས་བུ་ཁོ་ན་སྟེ། དེ་ཡང་སྒྲུབ་པའི་རྣམ་པར་རྟོག་པ་དང་མཚུངས་པའི་ཕྱིར་ཇི་ལྟར་འདི་དྲན་པར་མི་འགྱུར། འོན་ཏེ་དེ་ལ་འདིར་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་དྲན་པའི་ངོ་བོ་ཡིན་ཡང་ཚད་མར་འདོད་དེ་འདི་ལྟར་གང་མེ་མ་ཡིན་པ་ལས་ལྡོག་པ་ཁོ་ནའི་
དངོས་པོ་ཙམ་ཚང་བང་ལ་སོགས་པ་ཉམས་སུ་མྱོང་བར་གྱུར་པ་དེ་ཉིད་ཕྱོགས་ཀྱི་ཁྱད་པར་ལ་དུ་བ་མཐོང་བས་དྲན་པ་ཡིན་པ་དེ་བཞིན་དུ་སྒྲུབ་པའི་རྣམ་པར་རྟོག་པ་ཡང་ཚད་མར་འགྱུར་རོ་ཞེ་ན། དངོས་པོའི་ངོ་བོ་མ་རྟོགས་པ་རྟོགས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་སྙམ་དུ་དགོངས་

པ་ཡིན་ཏེ། ཚང་བང་ལ་སོགས་པ་མེ་མ་ཡིན་པ་ལས་ལྡོག་པའི་དངོས་པོ་ཙམ་སྔར་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཡུལ་ལ་སོགས་པ་དང་འབྲེལ་པ་ཉིད་ལ་རྗེས་སུ་དཔག་པ་ནི་དྲན་པ་མ་ཡིན་ནོ། །འོན་ཀྱང་ཕྱོགས་གང་ལ་སྔར་ཉམས་སུ་མྱོང་བ་དེ་དང་འབྲེལ་པ་
དེ་བས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་དང་དཔེ་ལ་བཟུང་བ་གཉི་ག་མེ་མ་ཡིན་པ་ལས་ལྡོག་པའི་དངོས་པོའི་ངོ་བོ་མ་རྟོགས་པ་མ་འབྲེལ་པ་རྣམ་པར་བཅད་ནས་རྟོགས་པར་བཤད་པས་འདི་ཚད་མ་ཡིན་གྱི་མཐོང་བའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། དེ་ཕྱིན་ཅི་ལོག་པའི་ཕྱིར་
རོ། །གལ་ཏེ་དངོས་པོའི་ངོ་བོ་མ་རྟོགས་པ་རྟོགས་པ་མེད་པའི་ཚད་མ་ཡིན་པར་ཅིའི་ཕྱིར་ན་མི་འགྱུར་ཞེ་ན། དངོས་པོའི་རྟེན་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མའི་རྣམ་པར་གཞག་པ་ནི་དངོས་པོའི་རྟེན་ཅན་ཉིད་དོ། །ཚད་མའི་ཡུལ་བྱ་བ་མངོན་པར་འདོད་པས་
བརྗོད་ཀྱི་དམིགས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པས་ཀུན་དུ་བརྟགས་པའི་སྤྱི་ལ་དམིགས་པ་ནི་དངོས་པོ་ལ་རྟེན་པ་མེད་པའི་ཕྱིར་མཚན་ཉིད་རྣམ་པར་གཞག་པ་མ་ཁྱབ་པར་འགྱུར་རོ། །གལ་ཏེ་དངོས་པོ་ལ་བརྟེན་ནས་ཚད་མ་རྣམ་པར་འཇོག་ན། བསྐལ་བའི་
ཡུལ་ལ་དམིགས་པ་ཇི་ལྟར་ཚད་མ་ཡིན་ཞེ་ན། འདིར་ཡང་གཙོ་བོ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་དངོས་པོ་ཉེ་བར་ལེན་པ་དེས་བསྒྲུབ་པར་བྱ་བའི་ཕྱིར། གཞན་ཡང་དངོས་པོ་ལ་རྟེན་པ་ཅན་ཉིད་ཡོད་པའི་ཕྱིར་ཉེས་པ་མེད་དོ། །འོན་ཏེ་ཚད་མའི་རྣམ་པར་གཞག་པ་ནི་དངོས་པོ་ལ་རྟེན་པ་
ཅན་ཁོ་ནའོ་ཞེས་བྱ་བ་ག་ལས་ཤེ་ན། དོན་བྱེད་པ་ཞེས་བྱ་བ་སྨོས་ཏེ། བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་དུ་རུང་བ་གང་ཡིན་པ་དེ་ནི་ནུས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་དོན་དུ་གཉེར་བ་ནི་ཐོབ་པ་དང་འདོར་བའི་མཚན་ཉིད་ཀྱི་དོན་བྱེད་པ་དོན་དུ་གཉེར་བ་འཇུག་གོ། །གལ་ཏེ་དོན་བྱེད་
པར་རུང་བ་ལ་དོན་དུ་གཉེར་བ་འཇུག་པ་དེ་ལྟ་ན་ཡང་ཇི་ལྟར་ཚད་མའི་རྣམ་པར་གཞག་པ་དངོས་པོ་ལ་བརྟེན་པ་ཡིན། དོན་བྱེད་པར་རུང་བ་ལ་བརྟེན་པ་དེ་ལྟ་ཡིན་ན་ནི་འགྱུར་རོ་ཞེ་ན། དངོས་པོ་དོན་བྱེད་རྣམས་ལ་རུང་བ་གང་ཡིན་པ་དེའི་མཚན་ཉིད་དོ། །དེའི་ཕྱིར་དོན་བྱེད་པར་རུང་བ་ལ་རྟེན་

པ་ཁོ་ན་དངོས་པོ་ལ་བརྟེན་པ་ཡིན་ན་ཇི་ལྟར་མ་ཡིན་ཞེས་བྱ་བར་འགྱུར་སྙམ་དུ་བསམས་པའོ། །འདིར་ཚད་མའི་རྣམ་པར་གཞག་པ་ནི་དངོས་པོ་ལ་བརྟེན་པ་བསྟན་པ་ནི་རང་གི་མཚན་ཉིད་མ་རྟོགས་པ་ཞེས་ལྷག་པར་བརྗོད་དོ་ཞེས་བརྒྱ་ལ་གཞན་སྨྲ་ན་དངོས་པོ་ཙམ་གྱི་རྒྱུ་མཚན་གྱི་ཚད་མ་རྣམ་པར་
གཞག་པ་ནི་རང་གི་མཚན་ཉིད་ལ་བརྟེན་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར། གལ་ཏེ་ཡང་མ་རྟོགས་པ་ནི་རང་གི་མཚན་ཉིད་རྟོགས་པ་མ་ཡིན་པ་དེ་ལྟ་ན་དངོས་པོའི་ངོ་བོ་མ་རྟོགས་པའི་རྣམ་པར་རྟོག་པ་ཚད་མར་འགྱུར་རོ་སྙམ་ནས་མ་གྲུབ་པའི་དོན་བརྗོད་པ་ན། དངོས་པོའི་ངོ་བོ་མ་རྟོགས་པ་
ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེ་མ་གྲུབ་པར་བརྗོད་པ་ནི་དངོས་པོའི་རང་གི་ངོ་བོ་མ་རྟོགས་པ་རྟོགས་པ་ཚད་མ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་ག་ལས་ཡིན་ཞེ་ན། དོན་བྱེད་པར་རུང་བའི་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་བཤད་ཟིན་ཏོ། །དེ་ལྟ་ན་དངོས་པོའི་ཡུལ་ཅན་གྱི་ཚད་མ་
བརྗོད་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཁོ་ན་བཤད་པ་ཡིན་ཏེ། དེ་ཉིད་དོན་བྱེད་པར་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་དང་། སྤྱི་ནི་བཟློག་པ་ནི་ཡིན་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །ཉམས་སུ་མྱོང་བའི་དུས་ཕྱིས་བྱུང་བའི་སྔོན་པོའི་རྣམ་པར་རྟོག་པའི་ཚད་མ་ཡང་གསལ་བའི་
གཏན་ཚིགས་ལྷག་པར་བཤད་པ་ནི། དེ་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། ཇི་སྐད་བཤད་པའི་སྒྲུབ་པའི་རྣམ་པར་རྟོག་པ་འབའ་ཞིག་མ་ཡིན་ཏེ། སྔོན་པོ་རང་གི་མཚན་ཉིད་ཉམས་སུ་མྱོང་བའི་ཕྱིར་དངོས་པོ་ཉིད་རང་གི་མཚན་ཉིད་དོ། །དེ་ལ་མངོན་པར་ཞེན་པ་ནི་རང་གི་མཚན་ཉིད་ལ་མངོན་
པར་ཞེན་པས་ཡིན་གྱི་གཞན་དུ་ན་དེ་ལ་འཇུག་པར་མི་རིགས་སོ། །སྐྱེས་བུའི་འཇུག་པ་ནི་རང་རང་གི་མཚན་ཉིད་མ་རྟོགས་པ་ནི་དེའི་མཐུ་ལས་སྐྱེས་པ་རྣམ་པར་རྟོག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བར་འབྲེལ་ཏོ། །སྔར་མ་རྟོགས་པའི་དོན་མ་རྟོགས་པ་ཚད་མ་མ་ཡིན་པར་བཤད་དོ། །ཕྱིས་
རྟོགས་པ་ཉིད་རྟོགས་པའི་ཕྱིར་སྒྲུབ་པ་དང་དགག་པའི་ངོ་བོ་ཐ་དད་པ་དག་སྐྱེ་བ་ཡིན་ནོ། །ཡང་ན། གལ་ཏེ་དེའི་ཡུལ་གྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་གང་བཤད་པ་དེ་ཉིད་ལྷག་པའི་གཏན་ཚིགས་ཐབས་ཀྱིས་བསལ་བར་བྱས་སོ། །གལ་ཏེ་དེ་ལ་མངོན་པར་ཞེན་ནས་དངོས་པོ་ལ་སྐྱེས་བུ་འཇུག་

པ་དེ་ལྟ་ན་ཡང་སྤྱི་མ་རྟོགས་པ་འཛིན་པ་མཐོང་བས་ཐ་དད་པའི་ཚད་མ་ཅིས་ན་མི་འདོད་ཅེ་ན། བདེན་ཏེ། རང་གི་མཚན་ཉིད་ཁོ་ན་ལ་ཞུགས་ན་ཞེས་བྱ་བ་སྨོས་ཏེ། མངོན་སུམ་ལྟ་བའི་ཤེས་པར་གྲགས་པ་དང་། གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རོ། །གྲུབ་པ་
ནི་མ་མཐོང་བའི་ཡུལ་ཡོངས་སུ་གཅད་པའི་མཚན་ཉིད་ཐོབ་པའོ། །བདེ་བ་ནི་དེའི་དོན་བྱེད་པ་རྗེས་སུ་སྒྲུབ་པའི་མཚན་ཉིད་ཡོངས་སུ་སྐྱོང་བའོ། །གྲུབ་པ་དང་བདེ་བ་ཐ་མི་དད་པ་ནི་འདི་ཡིན་ནོ་ཞེས་དེ་བཞིན་དུ་བཤད་དོ། །དེ་ལ་རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་མངོན་སུམ་ཐ་མི་དད་པ་
གྲུབ་པ་ནི་རང་གི་མཚན་ཉིད་ལྷག་པར་ཞེན་པའོ། །ཐ་མི་དད་པའི་བདེ་བ་ནི་ལྟ་བའི་ཤེས་པ་ལ་སོགས་པ་སྒྲུབ་པའི་རྣམ་པར་རྟོག་པར་ཡང་རང་གི་མཚན་ཉིད་ཁོ་ན་ལ་འཇུག་གོ། །འདིའི་དགོས་པ་ནི་འདི་ཡིན་ཏེ། གང་གི་ཚེ་རྟོགས་པ་དང་མི་རྟོགས་པའི་སེམས་གཞལ་བར་བྱ་བ་གཞན་གྱི་
ཡུལ་ཡིན་པ་དེའི་ཚེ་དེ་ལ་སྐྱེས་བུ་འཇུག་ཅིང་བསྒྲུབ་པར་བྱ་བའི་དོན་བྱེད་པར་རྟོགས་པའམ་འཇུག་པ་ཉིད་ནི་མེད་དོ། །དེའི་ཡུལ་ཉིད་དུ་མངོན་པར་འདོད་པའི་སྤྱི་ཐ་མི་དད་པའི་ཤེས་པ་ཁོ་ནའི་དོན་བྱེད་པར་ཁས་བླངས་པས་རྣམ་པར་རྟོག་པ་སྐྱེ་བར་གྲུབ་པ་ཡིན་ནོ། །སྔོན་པོར་ཉམས་སུ་མྱོང་བ་
ལས་གཞན་པའི་གཞལ་བྱ་སེར་པོ་ལ་སོགས་པའི་ཡུལ་གྱི་ཤེས་པས་ནི་སྔོན་པོའི་དངོས་པོ་ལ་སྐྱེས་བུ་འཇུག་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པའི་དོན་བྱེད་པ་ཡང་འགའ་ཞིག་ཏུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལྟ་བའི་ཤེས་པ་ཉིད་གཞལ་བྱ་ལས་གཞན་གྱི་ཡུལ་གྱི་བྱེ་བྲག་ཅན་དག་ལ་དེ་བཞིན་
བཤད་པ་ནི་རྣམ་པར་མི་རྟོག་པ་ཅན་ལས། །གཉིས་ཀྱི་བདག་ཉིད་དངོས་པོ་འཛིན་ཞེས་བྱ་བ་བཤད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྔོན་པོ་མཐོང་བ་ཁོ་ན་རྣམ་པར་མི་རྟོག་པའི་ཚད་མར་རིགས་སོ། །དེ་ཐ་མི་དད་པ་ལ་ཉེ་བར་སྦྱོར་བའི་དྲན་པའི་རྣམ་པར་རྟོག་པ་ཉིད་ཀྱང་མཐོང་བ་ལས་ཐ་
དད་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་གཞན་དུ་རྟོག་པར་བྱེད་པ་ནི་འབྲས་བུ་མེད་དེ། དྲན་པ་དང་། འདོད་པ་དང་། སྡང་བ་དང་། རྩོལ་བ་ལ་སོགས་པ་ཚད་མར་ཐལ་བར་འགྱུར་བས་ཚད་མ་འདི་ཙམ་ངེས་པ་རྣམ་པར་ཉམས་པར་འགྱུར་རོ། །གང་གི་ཚེ་སྔོན་པོ་ལ་སོགས་པའི་དངོས་

པོ་གཅིག་ལ་རྒྱུན་མི་འཆད་པར་དབང་པོའི་ཤེས་པ་སྐྱེ་བ་དེའི་ཚེ་སྔ་མ་དང་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་ཕྱི་མའི་དབང་པོའི་ཤེས་པ་རྣམས་ཚད་མ་མ་ཡིན་པར་ཐལ་བར་འགྱུར་བས་མ་ངེས་པ་ཡིན་ནོ་ཞེས་ཚད་མ་བསླད་པར་སྨྲ་བས་བསྟན་པ་ནི། གལ་ཏེ་མངོན་སུམ་སྔ་མ་དང་ཕྱི་མ་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། འདི་དག་གི་ལན་ནི་ཕྱི་མ་ཚད་མ་མ་ཡིན་པར་ཐལ་བར་མི་འགྱུར་ཏེ། གང་གི་ཕྱིར་དུ་མ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །འདི་ལྟར་སྐད་ཅིག་མ་རེ་རེའི་ཡོངས་སུ་གཅོད་པའི་ཡུལ་གྱི་མཚན་ཉིད་ནི་གྲུབ་པའོ། །དེའི་དོན་བྱེད་པ་སྒྲུབ་པའི་མཚན་ཉིད་ནི་བདེ་བ་
ཡོངས་སུ་སྐྱོང་བ་སྟེ་ངོ་བོ་ཐ་དད་པའོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པས་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །གང་གི་ཚེ་དུ་མ་གྲུབ་པ་དང་བདེ་བ་ཐ་དད་པ་ནི། སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ནའོ། །གང་གི་ཚེ་སྐད་ཅིག་མའི་བྱེ་བྲག་གིས་ཕན་པ་
དང་མི་ཕན་པའི་མཚན་ཉིད་ཐོབ་པ་དང་ཡོངས་སུ་སྤོང་བར་འདོད་པའི་རྣལ་འབྱོར་པ་རྣམས་ནི་གཞན་པ་ལ་ཕན་པ་ཉེ་བར་བསྟན་པ་ཡིན་ཏེ། འགའ་ཞིག་གི་རྣམ་པ་འགས་ལ་ལར་ཉེ་བར་མཁོ་བ་ཡིན་པ་དེའི་ཚེའོ། །དཔེར་ན་མཐོང་བ་འདི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་
མཐོང་བས་བག་ལ་ཉལ་གྱི་བག་ཆགས་འགོག་པ་བཞིན་ནོ། །དེའི་གཞི་ལ་འགལ་བ་སྐྱེ་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཉོན་མོངས་པས་དབེན་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་ཐོབ་པ་སྐྱེད་པ་ཡིན་ནོ། །བག་ལ་ཉལ་དང་འགལ་བའི་རྟེན་ལ་བརྟན་པ་སྐྱེད་ནས། །
དེས་དེ་དག་འཛིན་པ་ནི་གཞན་གྱི་སེམས་པ་ལ་ཐ་དད་པའི་ཚད་མ་ཡིན་ནོ། །གཞན་ལ་ཕན་པའི་སྦྱིན་པ་དང་དབང་བསྐུར་བ་དང་ལྡན་པ་དངོས་པོ་མ་ལུས་པ་རྒྱ་ཆེ་བ་ལ་ཁྱབ་པའི་སྣང་བ་ལ་གཟིགས་པ་ནང་གི་བདག་ཉིད་ཀྱི་བཅོམ་ལྡན་འདས་ནི་དོན་གྱི་སྐད་ཅིག་མ་འགའ་ཞིག་གིས་འགའ་ཞིག་གི་གཞན་
གྱི་དོན་དུ་རྗེས་སུ་བཟུང་བའམ་འཆིང་བ་ཡིན་ནོ་ཞེས་བྱའོ། །དངོས་པོ་ཐམས་ཅད་ཀྱི་སྐད་ཅིག་མ་རེ་རེ་རྣམས་ཀྱི་མཚན་ཉིད་ལ་གཟིགས་པ་རྣམས་ཀྱི་མངོན་སུམ་གྱི་སེམས་དེའི་ཡུལ་སྐད་ཅིག་མ་རྣམས་ལ་ཐ་དད་པའི་དོན་བྱེད་པ་དང་བཅས་པར་ཉེ་བར་སྦྱོར་བའི་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །

དེ་གང་གི་ཚེ་མངོན་སུམ་རྣམས་སྐད་ཅིག་མ་ཐ་དད་པ་མཐོང་བའི་དབང་དུ་བྱས་པར་བརྗོད་པ་དེའི་ཚེ་ཐ་དད་པ་ལ་ཉེ་བ་སོ་སོ་བ་ཉིད་ལ་མ་ངེས་པ་མེད་དོ། །ཡང་ན་དོན་ཐམས་ཅད་གཅིག་ཏུ་བྱེད་པར་འདོད་པས་མངོན་པར་ཞེན་པ་ཐ་སྙད་དུ་བྱེད་པར་སྐྱེས་བུ་མངོན་པར་འདོད་པས་
བརྗོད་ན། དེའི་ཚེ་མ་ལུས་པ་ཉིད་ཀྱིས་སྔོན་པོའི་རྒྱུན་གྱི་དོན་གཅིག་པ་དང་། །བརྟེན་པའི་ངོ་བོར་བསྒྲུབ་པར་བྱ་བའི་དོན་གཅིག་པའི་བདག་ཉིད་དུ་མངོན་པར་ཞེན་པའི་ཕྱིར་ཕྱི་མ་ཡང་ཚད་མར་མི་འདོད་པས་མ་ངེས་པ་ག་ལ་ཡིན་ཅེས་བསྟན་པ་ནི་འབྲས་བུ་ཐུན་མོང་པ་ཞེས་བྱ་བ་སྨོས་ཏེ། དེ་
རྒྱུན་དུ་གནས་པའི་སྐད་ཅིག་མ་ཐམས་ཅད་ལ་གཅིག་ཏུ་མངོན་པར་ཞེན་ནས་ཐ་སྙད་དུ་བྱེད་དོ། །གང་ཐུན་མོང་པའི་སྐད་ཅིག་རེ་རེ་ལ་ཕན་ཚུན་དུ་རྒྱུ་བྱེད་པས་ཐ་དད་དུ་ཚུག་ཀྱང་དོན་དམ་པར་ཕྱིན་ཅི་ལོག་པས་གཅིག་ཏུ་མངོན་པར་འདོད་པའི་འཆོས་པ་ལ་སོགས་པ་སྔོན་པོ་ལ་སོགས་པའི་འབྲས་
བུའོ། །དེ་ལ་ཕྱི་མའི་ཤེས་པའི་སྐད་ཅིག་མ་དེ་དག་གི་མཐུས་དོན་ཐོབ་པར་བྱེད་པའི་ནུས་པ་ཐ་དད་པ་མེད་དོ། །མངོན་སུམ་སྔ་མའི་ཡུལ་གྱི་སྐད་ཅིག་མ་ཁོ་ན་ལ་དེ་རྣམས་འཇུག་པ་ན་དང་པོ་འདི་ཉིད་དེ་ལ་ཚད་མ་ཡིན་ནོ། །དེ་ལྟ་ན་དོན་བྱེད་པ་དོན་དུ་གཉེར་བ་རྣམས་དེ་སྒྲུབ་པར་བྱེད་པ་ཐོབ་པར་ནུས་
པའི་ཤེས་པ་ཚད་མའི་ཐ་སྙད་དུ་བྱེད་དོ། །བློ་མ་ཉམས་པའི་དོན་བྱེད་པའི་སྒྲུབ་པར་བྱེད་པ་ཐ་དད་པ་ཉིད་ཀྱིས་ཚད་མ་ལས་ཐ་དད་པའི་ཐ་སྙད་ཤེས་པ་རྣམས་ལ་རིགས་སོ། །དེ་ལྟ་མ་ཡིན་ན་དྲན་པ་ལ་སོགས་པ་ཡང་ཚད་མར་ཐལ་བར་འགྱུར་བས་བསལ་བར་བྱ་བའམ་འབྲས་བུ་མེད་པའི་ཚད་མ་རྣམ་
པར་འཇོག་པ་ལ་རྟོགས་པ་དང་ལྡན་པ་ཇི་ལྟར་གུས་པར་བྱེད། དེ་དག་ཐུན་མོང་གི་འབྲས་བུའི་ནུས་པ་ཐ་མི་དད་པ་གང་ཞིག་ཡིན་སྙམ་ན། དུ་བ་གཞན་དང་གཞན་གྱིས་ཞེས་བྱ་བ་སྨོས་ཏེ། དེའི་གཞལ་བར་བྱ་བ་མེ་དེ་དང་ཉེ་བ་དེ་རྣམས་ལ་དེའི་ཡུལ་ལྟ་བུ་རྗེས་སུ་དཔག་པའི་ཤེས་པས་མེ་ཙམ་
བསྒྲུབ་པར་བྱ་བའི་དོན་ལ་འབར་བ་ལ་སོགས་པ་ལ་སུ་ཞིག་སླུ་བ་ཡིན། དེའི་དོན་བྱ་བ་སྒྲུབ་པར་བྱེད་པ་ཐོབ་པར་ནུས་པ་ཐ་དད་པ་མེད་པས་ཇི་ལྟར་ཚད་མ་ཐ་དད་པར་མཁས་པ་ལ་མི་རིགས་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །གང་གི་ཚེ་གདུང་བ་ལྔ་པས་གདུང་བར་འདོད་པར་གྱུར་པ་དེའི་ཚེ་དུ་བ་གཞན་

དང་གཞན་གྱིས་གཞལ་བར་བྱ་བའི་མེ་དང་ཉེ་བའི་ཡུལ་ལ་ཡང་རྗེས་སུ་དཔག་པའི་ནུས་པ་ཐ་དད་པའི་ཚད་མ་བསལ་བར་མི་ནུས་སོ། །དེ་ལྟར་ན་ཇི་ལྟར་སྔོན་པོ་མཐོང་ནས་སྔོན་པོའོ་སྙམ་པའི་ཤེས་པ་ཞེས་བྱ་བའི་དཔེས་སྔོན་པོའི་རྣམ་པར་རྟོག་པ་ཚད་མ་ཡིན་པ་བསལ་ནས་རྣལ་མའི་དོན་ལ་ཉེ་བར་
སྦྱོར་བ། འདིས་ནི་ཞེས་བྱ་བ་སྨོས་ཏེ། སྔོན་པོའི་རང་གི་མཚན་ཉིད་མཐོང་བའི་དུས་ཕྱིས་བྱུང་བའི་སྔོན་པོའི་རྣམ་པར་རྟོག་པ་ཚད་མ་བསལ་བ་ཉིད་དོ། །དེ་མིན་འདོད་པའི་ཕྱིར་རྣམ་པར་རྟོག་པ་ལ་ཡང་དོན་གྱིས་ཕན་འདོགས་སོ་ཞེས་གཞོན་ནུ་མ་ལེན་གྱིས་སྨྲས་པ་ན། ཕྱོགས་ལ་སོགས་
པ་མཐོང་བའི་དུས་ཕྱིས་བྱུང་བ་ཆོས་ཅན་གྱི་རྣམ་པར་རྟོག་པ་དང་། དེ་དང་འབྲེལ་པ་རྟོགས་པའི་དུས་སུ་མེའི་རང་གི་མཚན་ཉིད་མཐོང་བའི་དུས་ཕྱིས་བྱུང་བའི་མེའི་སྤྱིའི་ཡུལ་ལ་བསྒྲུབ་བྱའི་ཆོས་ཀྱི་རྣམ་པར་རྟོག་པ་དང་། དུ་བ་མཐོང་བའི་ཤེས་པའི་རྗེས་ལས་བྱུང་བའི་སྤྱི་སྣང་བའི་རྟགས་
ཀྱིས་རྣམ་པར་རྟོག་པ་དང་། སོགས་པ་སྨོས་པས་ཆོས་དང་ཆོས་ཅན་གྱི་འབྲེལ་པའི་རྣམ་པར་རྟོག་པ་དང་ཚད་མའི་རྗེས་ལས་བྱུང་བའི་ཆོས་ལ་སོགས་པའོ། །རང་གི་ངོ་བོ་ཙམ་གྱི་ཡུལ་ལ་ལྟ་བའི་མིང་ཅན་གྱི་མངོན་སུམ་དུ་སོང་བ་ཡིན་གྱི་རྣམ་པར་རྟོག་པ་མེད་པ་ནི་རྟགས་དང་ཆོས་ཅན་གྱི་འབྲེལ་པ་
དེ་བཞིན་དུ་མི་འཛིན་ནོ་སྙམ་པའི་འཇིགས་པས་ཚད་མར་ཁས་བླངས་པ་གང་ཡིན་པ་དེ་བསལ་བ་ནི་སྤངས་པ་ཡིན་ནོ། །སྔ་མ་རང་གི་མཚན་ཉིད་ཀྱི་ཡུལ་མཐོང་བ་གང་ཡིན་པ་ལ་གཞན་གྱི་ལྟ་བའི་ཤེས་པ་ཞེས་ཐ་སྙད་བྱེད་པ་དེ་ཉིད་ཚད་མ་ཡིན་གྱི། དེའི་སྟོབས་ལས་བྱུང་བའི་རྣམ་པར་རྟོག་པ་ནི་
མ་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པས་དེ་དག་ལེགས་པར་གནས་སོ། །ཕྱོགས་ཀྱི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་ཅན་མངོན་སུམ་དང་རྗེས་སུ་དཔག་པས་གྲུབ་པར་ངེས་པའི་ཕྱིར་རོ། །དེ་ཉིད་ཀྱིས་མངོན་སུམ་གྱི་ཕྱོགས་ཀྱི་ཆོས་ངེས་པར་བརྗོད་པས་ཞར་ལ་མཐོང་བའི་རྗེས་ལས་
བྱུང་བའི་རྣམ་པར་རྟོག་པ་ཚད་མ་ཡིན་པ་བསལ་བས་མངོན་སུམ་རྟོགས་པ་དང་བྲལ་ཞིང་མ་འཁྲུལ་བ་ཡིན་པར་བསྟན་ཏོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདི་ཙམ་པ་ཡིན་གྱི་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར་ཞེས་ཐུན་མོང་དུ་མ་ཡིན་ནོ་ཞེ་ན། གྲངས་ལ་

སོགས་པ་ལ་ལོག་པར་རྟོག་པ་ཉིད་བསལ་བས་ཀྱང་འདིར་དེའི་ཡུལ་ཡང་བསལ་བ་ཡིན་ཏེ། ལྐོག་ཏུ་གྱུར་པ་རྟོགས་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱོགས་ཆོས་ཁོ་ན་དང་། དེའི་ཆས་ཁྱབ་པ་ཉིད་དང་། གཏན་ཚིགས་དང་རྒྱུ་མཚན་དང་
དེ་ལས་གཞན་མ་ཡིན་ནོ་ཞེས་བརྗོད་པས་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་གྱི་ཚད་མ་ཐམས་ཅད་རྗེས་སུ་དཔག་པའི་ནང་དུ་འདུས་པས་གྲངས་ལ་ལོག་པར་རྟོག་པ་བསལ་བས་ནི་ཡང་དག་པའི་ཤེས་པའི་ཡུལ་ལ་ལོག་པར་རྟོག་པ་བསལ་ཏོ། །དེ་ལྟར་ཁྱབ་པར་བྱེད་པའི་ཆ་གོ་བར་བྱ་
བར་རྟོགས་པས་དེའི་ཆས་ཁྱབ་པར་བརྗོད་པས་རྗེས་སུ་དཔག་པའི་ཡུལ་ནི་སྤྱི་ཡིན་ལ་མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེ་ཐུན་མོང་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཡིན་ན་ཡང་ཁྱབ་པར་བྱེད་པར་མི་རིགས་པའི་ཕྱིར་དང་། རྣམ་པར་
རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལ་དང་པོར་ཐུན་མོང་མ་ཡིན་པའི་ཡུལ་ཡིན་ནོ་ཞེས་བརྗོད་པས་རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་ཁོ་ནར་བཤད་དོ། །མཐོང་བ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བ་བཤད་པས་ཚད་མའི་འབྲས་བུ་ཉིད་བསྟན་པ་ཡིན་ཏེ། དེ་ནི་དོན་རྟོགས་པའི་ངོ་བོ་ཡིན་པའི་
ཕྱིར་དང་། དེ་བཞིན་དུ་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེའི་སྦྱོར་བ་རྣམ་པ་གཉིས་བསྟན་པར་བྱ་བའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པར་བྱ་བ་ཡིན་ཏེ། དེའི་ཚུལ་གསུམ་པའི་རྟགས་བཤད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །མདོར་བསྡུས་ནས་རྗེས་སུ་དཔག་པ་བསྟན་
པར་འདོད་པ་ཡིན་ན་དེ་ཡང་ཐམས་ཅད་ཀྱང་ཡོད་པའི་ཕྱིར་ན་འདིར་ཅིའི་ཕྱིར་རྗེས་སུ་དཔག་པ་བསྟན་པའི་ཕྱིར་ཞེས་བཤད་པར་བྱ་ཞེ་ན། བདེན་ན་གཙོ་བོ་ཡིན་པའི་ཕྱིར་དེ་སྨོས་སོ། །འདི་ལྟར་གཙོ་བོ་ནི་སྐྱེས་བུ་ལ་ཉེ་བར་མཁོ་བའི་དེ་ཁོ་ན་ཉིད་འཕགས་པའི་བདེན་པ་བཞིའི་རྗེས་སུ་དཔག་པ་ཁོ་
ནས་ངེས་པ་ཡིན་པ་དེ་གཙོ་བོ་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་ཡུལ་ལ་ཡང་སླུ་བ་སྲིད་པས་རྗེས་སུ་དཔག་པ་གཞན་གཏན་ལ་འབེབས་པའི་རྒྱུ་མཚན་ཡིན་པ་དེའི་ཕྱིར་དེ་གཙོ་བོ་ཡིན་པ་དང་འཇུག་པར་བྱེད་པ་ཡིན་པ་འདིའི་གཙོ་བོ་ཡིན་ནོ། །དེ་ལྟ་ན་ཡང་གང་ཉམས་སུ་མྱོང་བའི་འབྲས་བུ་བདེ་

བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའམ་ཉམས་སུ་མྱོང་བར་གྱུར་པ་འབྲས་བུ་མཐོང་བ་ལ་དེ་འཇུག་པའི་ཡུལ་མ་ཡིན་ཏེ། འབྲས་བུ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་གང་མ་འོངས་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའི་མངོན་སུམ་དེ་ལ་ཡང་རྗེས་སུ་དཔག་པ་ཁོ་ན་རབ་ཏུ་འཇུག་གོ། །
དེ་མ་འོངས་པའི་བདེ་བ་དང་སྡུག་བསྔལ་དུ་རུང་བ་ཉིད་ནི་མངོན་སུམ་གྱིས་ངེས་པ་མ་ཡིན་ཏེ། འབྲས་བུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེ་སྐད་དུ། མངོན་སུམ་མ་ཡིན་པའི་རྒྱུ་ལས་འབྲས་བུ་དངོས་པོ་མི་རྟོགས་སོ་ཞེས་བཤད་དོ། །དེའི་ཕྱིར་སྔར་ཉམས་སུ་མྱོང་བའི་བདེ་བ་དང་སྡུག་བསྔལ་
སྒྲུབ་པར་བྱེད་པ་དང་ཆོས་མཐུན་པ་མངོན་སུམ་གྱི་ཡུལ་ཡིན་དུ་ཟིན་ཀྱང་མ་འོངས་པའི་དངོས་པོ་རུང་བ་མངོན་སུམ་གྱིས་ངེས་པར་མི་ནུས་སོ། །དེ་སྐད་དུ། དཔེར་ན་མཐོང་བ་དང་ཆོས་མཐུན་པ་དེ་བཞིན་དུ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་དེ་ཉིད་ཐོབ་བོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་གཉི་
ག་ཡང་འཇུག་པར་བྱེད་པ་ཉིད་དེ་གཉི་གས་དོན་ཡོངས་སུ་བཅད་ནས་འཇུག་གོ་ཞེས་བཤད་པ་ཇི་ལྟར་ཡིན་ཞེ་ན། བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པ་མེ་དང་ཆུ་ལ་སོགས་པ་རང་གི་ངོ་བོ་མངོན་སུམ་དུ་གྲུབ་ལ་མ་འོངས་པའི་འབྲས་བུ་རུང་བའི་ཡུལ་ནི་རྗེས་སུ་དཔག་པས་ཡིན་པའི་ཕྱིར་གཉི་ག་ཡང་
འཇུག་པར་བྱེད་པ་དང་། ཡང་དག་པའི་ཤེས་པ་སྔོན་དུ་སོང་བ་ཉིད་ཕན་པ་དང་མི་ཕན་པ་ཐོབ་པ་དང་ཡོངས་སུ་སྤངས་པ་དག་ལ་མ་འོངས་པའི་འབྲས་བུའི་རུང་བའི་ཡུལ་ལ་མངོན་སུམ་གྱིས་ངེས་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཚུ་རོལ་མཐོང་བས་མ་འོངས་པའི་འབྲས་བུ་རུང་བ་ངེས་པ་
དེའི་ཕྱིར་རྗེས་སུ་དཔག་པ་གཙོ་བོ་ཡིན་པས་དེ་སྨོས་སོ་ཞེས་བྱ་བ་སྤྲོས་པས་ཆོག་པས་རྒྱ་ཆེར་མི་སྦྱར་རོ། །དེ་ལ་རང་བཞིན་མི་དམིགས་པ་དང་། འབྲས་བུའི་ཕྱོགས་ཀྱི་ཆོས་ངེས་པའི་བསྒྲུབ་པར་བྱ་བའི་ཐབས་མཚུངས་པས་ཐ་མི་དད་པར་བཤད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་
ཡང་བསྒྲུབ་པར་བྱ་བའི་ཐབས་ཐ་དད་པས་ཐ་དད་པར་བསྟན་པ་འབྲས་བུ་ཡིན་ནོ། །རེ་ཞིག་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པར་རང་གི་ཚད་མས་རྒྱུ་མཚན་བསྟན་པ་ནི། རྗེས་སུ་འགྲོ་བ་ངེས་པ་ཡང་ཞེས་བྱ་བ་སྨོས་ཏེ། ཕྱོགས་ཀྱི་ཆོས་ངེས་པ་འབའ་ཞིག་བསྟན་པ་ནི་

མ་ཡིན་ནོ། །འོན་ཏེ་རྗེས་སུ་འགྲོ་བ་ངེས་པ་གང་ཡིན་པ་ཡང་རང་བཞིན་གྱི་གཏན་ཚིགས་ལ་བརྗོད་དོ་ཞེས་བྱ་བ་ལྷག་མའོ། །སྒྲུབ་པར་བྱེད་པའི་ཆོས་ཀྱི་ཡོད་པ་ཙམ་ནི་ཐོབ་པ་ལ་སོགས་པ་རྒྱུ་མཚན་གཞན་ལ་ལྟོས་པ་མ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་པའི་རྗེས་སུ་འགྲོ་བའི་
ཁྱབ་པ་དེ་གྲུབ་པ་གང་ཡིན་པ་དེ་ནི་རང་ཞིན་གྱི་གཏན་ཚིགས་ཀྱི་འབྲེལ་བ་ངེས་པའོ། །སྒྲུབ་པར་བྱེད་པའི་ཆོས་ཀྱི་དངོས་པོ་ཙམ་དང་འབྲེལ་པར་སུ་ཞིག་ལ་གྲུབ་ཅེ་ན། བསྒྲུབ་པར་བྱ་བའི་ཆོས་དང་ངོ་། །བསྒྲུབ་པར་བྱ་བ་ནི་འདིར་ཆོས་དང་ཆོས་ཅན་གྱི་སྤྱིའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཆོས་
ཡིན་ནོ་ཞེས་བྱ་བ་དེ་བཞིན་བཤད་དོ། །གང་དང་གང་ལ་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་དེ་དང་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱང་རྒྱུ་མཚན་གཞན་ལ་མི་ལྟོས་པར་ཡོད་པའི་ཕྱིར་དོན་དེ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པར་གྲུབ་པ་ཡིན་ནོ། །ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་དང་སྒྲུབ་པར་
བྱེད་པའི་ཆོས་ཡོད་པ་ཙམ་ལ་རག་ལས་པ་ཡང་ཡིན་ཞེ་ན་དེ་ཡོད་པ་ན་སྒྲུབ་པར་བྱེད་པའི་ཆོས་དེ་ཡོད་པ་ནི་འདིའི་རང་བཞིན་ཡིན་ཏེ་དེ་ཡོད་པ་དེས་དེ་ཡོད་པ་ཡིན་པས་སོ། །གང་གི་ཚེ་སྒྲུབ་པར་བྱེད་པའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དེའི་རང་བཞིན་གྱིས་དེ་ཙམ་དང་འབྲེལ་པ་ཇི་ལྟར་ཡིན་ཞེ་ན། རང་
བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ནི་དེའི་རང་བཞིན་ཐ་མི་དད་པའི་ཕྱིར་ཇི་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་ཞེ་ན། དངོས་སུ་ན་ཞེས་བྱ་བ་སྨོས་ཏེ། དོན་དམ་པར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རྣམ་པར་རྟོག་པའི་དུས་སུ་དེ་མ་ཡིན་པ་ལས་ཕན་ཚུན་
ལྡོག་པའི་དོན་གྱི་རྒྱུ་མཚན་རྟོག་པ་ཅན་གྱི་བློ་ཐ་དད་པར་སྣང་བས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ལ་ཉམས་པ་མེད་དོ། །འདི་དོན་དམ་པར་ན་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་དང་བྱས་པ་ལ་སོགས་པ་ཐ་དད་པར་དམིགས་པར་བྱ་བ་མེད་དེ། འབྲེལ་པ་མེད་པས་
བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་བྱས་པ་དང་མི་རྟག་པ་ལ་སོགས་པ་ལ་འདུ་བའི་འབྲེལ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཡང་དོན་གཞན་ལ་འདིས་དོན་འདི་ལ་འདུ་བ་ཞེས་བྱ་བ་འབྲེལ་པ་མེད་པར་འགྱུར་བ་དེའི་གནས་སྐབས་ཡིན་པར་འབྲེལ་པ་གཞན་བརྟག་

དགོས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བ་དང་། འདུ་བའི་ཡོད་པར་བརྟག་ན་ནི་བྱས་པ་ལ་སོགས་པ་རྟག་པ་དང་བདག་ལ་སོགས་པ་འདོད་ནའང་འགྱུར་རོ། །གང་བྱས་པ་ཉིད་ལ་སོགས་པ་སྒྲ་ཁོ་ན་ལ་འདུ་བ་སྟོབས་གང་ཡིན་པས་དེ་ཉིད་ལ་འཇུག་པར་འགྱུར་ན། དེ་ཉིད་རྟག་པ་མངོན་
པར་འདོད་པ་རྣམས་ལ་ཡང་གཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་བྱས་པ་ལ་སོགས་པ་བདག་ལ་སོགས་པ་འཇུག་པ་གང་གིས་ན་བསལ་བར་ནུས། འོན་ཏེ་གང་མ་བྱུང་བ་ལས་བྱུང་བའི་ཆོས་དང་བྱུང་ནས་ཀྱང་མེད་པའི་ཆོས་ནི་མི་བརྟན་པའི་ངོ་བོར་ཡོད་པ་དེ་ཉིད་ལ་བྱས་པ་ལ་སོགས་པ་འཇུག་གོ་
ཞེས་རྣམ་པར་གཞག་གོ་ཞེ་ན། དེ་ལྟ་ན་དེ་ཉིད་མ་བྱུང་བ་ལས་བྱུང་བ་རང་བཞིན་ནམ་བྱུང་ཟིན་པ་མི་བརྟེན་པའི་དངོས་པོ་ཉིད་ལ་དེ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་རྣམ་པར་གཅད་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་བློ་རྒྱུ་མཚན་དུ་ཅི་སྟེ་མི་འདོད། དེ་ཉིད་ཀྱིས་དོན་དམ་པར་ཐ་མི་དད་པ་དང་ལྡན་པའི་
ཆོས་དང་ཆོས་ཅན་འཇུག་ན་བར་དུ་ལྷག་པས་ཅི་ཞིག་བྱ། བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལྡོག་པ་དང་ལྡན་པ་ནི་ཁས་བླངས་དགོས་སོ། །དེ་ལྟ་ན། ཡོད་པ་ཙམ་གྱིས་བྱས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཆོས་ཀྱི་བསྒྲུབ་པར་བྱ་བའི་ཆོས་རྟོགས་པའི་རྒྱུ་མཚན་མ་ཡིན་ནོ། །དེ་དག་
རྟག་དུ་ཉེ་བ་ཉིད་ཀྱིས་གཏན་ཏུ་དེའི་ཆོས་རྟོགས་པར་ཐལ་བར་འགྱུར་རོ། །འོན་ཀྱང་རྣམ་པར་རྟོག་པའི་སྣང་བ་ཁོ་ན་སྟེ། དེ་ཡང་རྣམ་པར་རྟོག་པའི་རང་གི་སྣང་བ་ཉིད་ཀྱི་རྣམ་པ་ཕྱི་རོལ་དངོས་པོ་ལྟ་བུར་མངོན་པར་ཞེན་པའི་རྗེས་སུ་འབྲངས་ནས་བྱས་པས་མི་རྟག་པ་ལ་སོགས་པའི་དངོས་པོའི་
ངོ་བོ་རྟོགས་པར་བྱེད་ཀྱི། དོན་དམ་པར་ན་རེག་པ་མེད་ཀྱང་དེའི་ངོ་བོ་བརྒྱུད་པས་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ལྡོག་པའི་ཆོས་ཀྱང་དེ་སྐྱེ་བའི་རྒྱུ་མཚན་ཙམ་གྱིས་ཡོངས་སུ་བརྟག་པར་བྱ་བ་ཡིན་ནོ། །དེ་རྣམ་པར་རྟོག་པའི་རྒྱུ་མཚན་གང་ཡིན་པ་དེ་ཉིད་རྣམ་པར་རྟོག་པ་སྐྱེ་བའི་རྒྱུ་མཚན་དུ་
ཡོད་པ་དེ་མཆོག་ཡིན་པས་གདོན་མི་ཟ་བར་ཁས་བླངས་པར་བྱ་བའི་ཕྱིར་དང་། ལྡོག་པ་དང་ལྡན་པས་ཆོས་གྲུབ་ཟིན་པའི་དོན་དུ་ཁས་བླང་བའི་ཕྱིར་དེ་བརྟགས་པས་ཆོག་གོ། །གདོན་མི་ཟ་བར་མི་རྟག་པ་ཐ་དད་པའི་སྒོ་ནས་ཀྱང་དངོས་པོ་ཁོ་ན་ལ་གནས་པའི་བདག་ཉིད་དུ་རྟོགས་པར་

བྱ་བ་ཡིན་ཏེ། དེ་དང་རྗེས་སུ་མཐུན་པ་དོན་བྱེད་པ་དོན་དུ་གཉེར་བ་རབ་ཏུ་འཇུག་པའི་ཕྱིར་རོ། །གཞན་དུ་ན་མི་རྟག་པ་ལས་ཐ་དད་པའི་རྟག་པ་ཡིན་པའི་ཕྱིར་དེ་ཁོང་དུ་ཆུད་པ་དོན་དུ་གཉེར་བ་སྒྲ་འདི་མི་རྟག་པར་བསྒྲུབ་པར་བྱ་བ་དོན་བྱེད་པ་དོན་དུ་གཉེར་བས་སྒྲ་རྟག་པ་ལ་
སོགས་པར་བསམས་ནས་ཅི་མི་རྟག་པ་ཕན་པ་མེད་པ་དཔྱོད་པར་བྱེད་དམ། གལ་ཏེ་རྟག་པ་ལ་ཡང་མི་རྟག་པ་ཁོང་དུ་ཆུད་པས་དེ་ཉིད་ལ་འཇུག་ཏེ་ཅིས་ན་སྒྲ་མི་རྟག་པའི་བདག་ཉིད་ཡིན། དེའི་སྒོ་ནས་རབ་ཏུ་རྟོགས་སོ་ཞེ་ན། །ཅི་བར་དུ་གཅོད་པ་འདིས་ཅི་ཞིག་བྱ། བར་དུ་གཅོད་པ་མེད་
པ་ཁོ་ནས་རྟོགས་པ་ཡོད་ན་མཛེས་ཏེ། དེ་ཉིད་དོན་དུ་གཉེར་བའི་ཕྱིར་རོ། །དེ་འདིར་ཤིན་ཏུ་སྤྲོས་པ་ནི་ཡོངས་སུ་རྫོགས་པར་དཀའ་བས་ཆོག་གོ། །རྒྱལ་དཔོག་པ་གང་དག་གིས་བསམས་པ། གང་དག་ཤིན་ཏུ་ཐ་དད་པ་དང་ལྡན་པའི་ཆོས་དེ་དག་ཉིད་འདི་ནི་རིགས་པ་ཅན་ལ་སོགས་
པ་ལ་སྐྱོན་ཡིན་གྱི་ཁོ་བོ་ཅག་རྣམ་པ་འགས་ཐ་དད་པ་དང་། ཐ་མི་དད་པ་དང་ལྡན་པའི་ཆོས་རྣམས་ཀྱི་རང་བཞིན་ལ་སྐྱོན་མེད་དོ་ཞེ་ན། དེ་དག་ཀྱང་དངོས་པོའི་ངོ་བོ་སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་ཁས་བླངས་ནས་བསྒྲུབ་པར་བྱ་བ་ཆོས་རྣམ་པ་འགའ་ཞིག་ཐ་དད་པར་ཁས་བླངས་པའི་འབྲས་བུ་
ཅུང་ཟད་ཅིག་ཉེ་བར་མ་མཐོང་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ནི་རྣམ་པར་རྟོག་པ་ཐ་དད་པའི་སྒོ་ནས་འཐད་པ་ཡང་ཡིན་ནོ། །བདག་ཉིད་གཅིག་པ་ལ་རྣམ་པ་འགའ་ཞིག་ཐ་དད་པ་ནི་རིགས་པ་མ་ཡིན་ཏེ། རང་བཞིན་གཅིག་པ་ལ་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་དེ་
ལས་ཀྱང་དེ་དག་རྣམ་པ་འགའ་ཞིག་གིས་ཐ་དད་པ་དང་ཐ་མི་དད་པ་དེ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཆོས་དེ་དག་གི་རང་བཞིན་གཅིག་པ་ཡིན་དུ་ཟིན་ཀྱང་ཐ་དད་པ་ལྡན་པ་དེས་ན་རང་བཞིན་གྱིས་རྣམ་པ་འགའ་ཞིག་ཐ་མི་དད་པའི་རྒྱུ་
མཚན་ནི་ཐ་མི་དད་པ་གཞན་པ་ཞིག་གི་རང་བཞིན་ཁས་བླང་བར་བྱ་དགོས་ཏེ། དེ་བཞིན་དུ་དེ་ལས་གཞན་པ་ཡིན་ནོ་ཞེས་ཐ་དད་པ་དང་ཐ་མི་དད་པ་མཐའ་ཡས་པའི་རང་བཞིན་བརྒྱུད་པ་བློས་བརྟགས་སུ་ཟིན་ཀྱང་། གཉིས་གའི་ངོ་བོ་མཐའ་ཡས་པའི་རང་བཞིན་བརྒྱུད་པ་སྣང་བ་ནི་མེད་པའི་ཕྱིར་

དེ་བརྟགས་པས་བདག་ཉིད་ཅི་སླུ་བར་བྱེད་དམ། ཁྱེད་རྣམ་པ་འགས་ཐ་དད་པ་ཁས་བླངས་པས་ན་ཐ་དད་པའི་ཕྱོགས་རྣམས་ཀྱི་ཇི་ལྟར་སྐྱོན་གྱི་གནས་སྐབས་མེད་པ་ཡིན། གང་བདག་ཉིད་ཀྱི་མདུན་ན་གནས་པ་ལ་འདི་ཆོས་སོ་འདི་ཆོས་ཅན་ནོ་ཞེས་རྣམ་པར་གཞག་པར་བྱའོ། །གལ་ཏེ་
དེས་ཐ་དད་པ་དེ་ནི་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་མ་ངེས་པར་རྩོད་པ་ག་ལ་ཡིན། འོན་ཏེ་ཐ་མི་དད་ན་འདི་སྒྲུབ་པར་བྱེད་པའི་ཆོས་སམ་འདི་བསྒྲུབ་པར་བྱ་བའི་ཆོས་སམ་འདི་ནི་ཆོས་ཅན་ཞེས་ཐ་དད་པ་དེ་ཇི་ལྟར་དོན་དམ་པར་རྣམ་པ་གསུམ་འགྲུབ་པ་ཡིན། དེའི་ཕྱིར་དེ་དང་དེ་ལས་གཞན་པའི་ངོ་བོ་ལྡོག་པའི་བརྟེན་པ་ནི་བློས་
བརྟགས་ནས་ཐ་དད་པ་དང་ལྡན་པ་ལྟ་བུའི་ཆོས་དང་ཆོས་ཅན་དུ་སྣང་བས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་དེ་ཙམ་དང་རྗེས་སུ་འབྲེལ་པའི་དངོས་པོ་དེ་དང་དེའི་རང་བཞིན་ཡིན་པར་རིགས་སོ་སྙམ་དུ་བསམས་པའོ། །དེའི་དངོས་པོ་ནི་ངོ་བོའི་ཚིག་གིས་བཤད་དོ། །འདིར་ཡང་
དངོས་པོ་དེ་ངོ་བོ་གང་དང་གང་གི་རྒྱུ་ལས་བྱུང་བ་བསྒྲུབ་པར་བྱ་བའི་ཆོས་དང་། སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་པ་སུ་ཞིག་ཡིན་ཞེ་ན། སྒྲུབ་པ་ཞེས་བྱ་བ་སྨོས་སོ། །དེ་ནི་དངོས་སུ་དེའི་རང་བཞིན་ཡིན་པ་བསྒྲུབ་པར་བྱ་བ་ལས་ལྡོག་པའི་
མི་མཐུན་པའི་ཕྱོགས་དེ་ལ་གཏན་ཚིགས་ཀྱི་གནོད་པར་བྱེད་པའི་ཚད་མ་གང་ཡིན་པ་དེས་བཟློག་པའི་ཆོས་དང་མི་མཐུན་པར་འཇོག་པའོ། །གང་གིས་བསྒྲུབ་པར་བྱ་བའི་གཏན་ཚིགས་དེ་ལ་མི་འཇུག་སྟེ་འགལ་བ་གཉིས་གཅིག་ལ་ལྷན་ཅིག་པར་མི་སྲིད་པས་དེ་ལ་འཇུག་པ་ནི་གནོད་
པ་ཅན་གྱི་ཚད་མ་རབ་ཏུ་འཇུག་པ་དང་། བསྒྲུབ་པར་བྱ་བ་ཉིད་ཀྱི་དངོས་སུ་དེའི་རང་བཞིན་ཡིན་པས་གནོད་པ་ཅན་གྱི་ཚད་མ་འཇུག་པ་བཤད་དོ། །དེའི་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ལྡོག་པ་ཡོད་པ་ནི། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་འཇུག་པའི་ཕྱིར་བསྒྲུབ་པར་བྱ་བའི་
ཆོས་ཅན་ལ་དོན་གཞན་ལ་མེད་པའི་སྒྲུབ་པར་བྱེད་པའི་ཆོས་ནི་རང་བཞིན་དུ་གྲུབ་པོ། །དེ་ཡང་དངོས་སུ་དེའི་ངོ་བོ་ཉིད་ཡིན་པས་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་ནི་བསྒྲུབ་པར་བྱ་བའི་ཆོས་སུ་འགྲོ་བ་ངེས་པ་ཡིན་ནོ། །གང་དང་གང་ལ་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་དེ་

དང་དེ་ལ་བསྒྲུབ་པར་བྱ་བ་ཡོད་དོ་ཞེས་དེ་ལྟར་དངོས་པོ་ཉེ་བར་སྐྱེའོ། །འདིའི་དཔེ་ནི། དཔེར་ན་གང་ཡོད་པ་དེ་ནི་སྐད་ཅིག་མ་ཁོ་ན་ཡིན་ནོ་ཞེས་ངེས་པར་བཟུང་བས་ནི་ཁྱབ་པ་སྨྲས་པ་ཡིན་ནོ། །སྒྲུབ་པའི་ཆོས་ཀྱི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་པ་དེ་དག་གི་ངོ་བོ་བཤད་པ་ཡིན་ནོ། །རྒྱུ་
མཚན་གཞན་མེད་པས་ཡོད་པ་ཁོ་ན་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བར་བསྟན་པས་དེ་ཡང་དངོས་སུ་ན་དེའི་རང་བཞིན་ཡིན་པས་གྲུབ་པ་ཡིན་ནོ། །དེ་གྲུབ་པའི་ཐབས་གནོད་པར་བྱེད་པའི་ཚད་མ་ཡོད་པར་བསྟན་པ་ནི། སྐད་ཅིག་མ་མ་ཡིན་པ་སྐད་ཅིག་མ་ཉིད་ལས་བཟློག་པས་ཡོད་པའི་དོན་བྱེད་
ནུས་པ་དང་འགལ་བའི་ཕྱིར་དོན་གྱི་འབྲས་བུའི་བྱ་བ་གྲུབ་པས་དེ་དང་འགལ་བའོ། །དེའི་མཚན་ཉིད་ནི་དོན་བྱེད་པའི་མཚན་ཉིད་དོ། །དངོས་པོ་ཉིད་ཀྱི་དོན་བྱེད་པར་ནུས་པའི་བདག་ཉིད་གང་ཡིན་པ་དེ་ནི་དེ་བཞིན་དུ་བཤད་དོ། །དོན་བྱེད་པ་ནི་དེའི་གནས་པའི་ངོ་བོའི་དངོས་པོ་ཉིད་མཚན་པར་བྱ་བ་སྟེ།
དེ་རྣམ་པ་དེ་ལྟ་བུས་དངོས་པོ་ཉིད་ཉམས་པ་ནི་ལྡོག་པའོ། །དེ་ལས་བཟློག་པའི་ངོ་བོས་མེད་པ་ཉིད་འདྲེན་པའི་ཕྱིར་ན། གནོད་པར་བྱེད་པའི་ཚད་མ་འདི་ཡང་ཁྱབ་པར་བྱེད་པ་མི་དམིགས་པའི་ངོ་བོ་སྟེ་ཕྱིས་སྐབས་སུ་བབ་པ་དང་རང་ཉིད་ཆད་པར་འགྱུར་རོ། །དེ་ནི་གནོད་པར་བྱེད་པའི་ཚད་མ་ཡོད་
པ་འདིས་བསྒྲུབ་པར་བྱ་བའི་ཆོས་ཀྱི་ངོ་བོ་སྒྲུབ་པར་བྱེད་པའི་ཆོས་རང་བཞིན་དུ་གྲུབ་བོ། །དེ་ཡང་དངོས་སུ་ན་དེའི་རང་བཞིན་ཡིན་པས་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་བར་གྲུབ་པོ། །དེ་ལྟར་ན་རང་བཞིན་གྱི་གཏན་ཚིགས་ལ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པ་དེའི་བདག་
ཉིད་དུ་གྲུབ་པས་རྗེས་སུ་འགྲོ་བ་ངེས་པ་བཤད་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་བསྟན་པར་བྱ་བ་ནི། འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་ཞེས་བྱ་བའི་སྐབས་ཡིན་ཏེ། འདིར་རྒྱུ་ཉིད་དང་འབྲས་བུ་དག་གི་ངོ་བོ་ཅི་ཞིག །རྒྱུ་ཉིད་དང་འབྲས་བུ་ཉིད་དང་། །དེར་གྲུབ་
པ་ནི་རྟོགས་པ་ཞེས་བྱའོ། །དེ་ནི་འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་དང་། ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་དེ་ལྟར་བསྟན་པ་ནི། འདི་ལྟ་སྟེ་ཞེས་བྱ་བ་སྨོས་སོ། །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ཉེ་བར་མཚོན་པའོ། །དུ་བ་ལ་སོགས་པ་འདི་མེ་འདི་དམིགས་ན་

ཉེ་བར་དམིགས་སོ་ཞེས་བྱ་བ་འབྲེལ་པའོ། །འདིས་ནི་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་མངོན་སུམ་གྱི་བྱེད་པ་ཡིན་ནོ། །མངོན་སུམ་འབའ་ཞིག་གིས་རྒྱུ་དང་འབྲས་བུའི་དངོས་པོ་དངོས་པོ་ཐེ་ཚོམ་མེད་པར་གྲུབ་པ་མ་ཡིན་ཏེ། འོན་ཀྱང་སྔར་མི་དམིགས་པ་འཇུག་པ་དང་ལྷན་ཅིག་བརྟན་པར་བྱ་
བ་ནི། དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དུ་བ་ལ་སོགས་པ་དེ་དམིགས་པའི་རིག་བྱར་གྱུར་པའི་ཉེ་བར་དམིགས་པའི་རྐྱེན་ཡོད་ལ་སྣང་བའི་བདག་ཉིད་ཀྱི་ཡོད་པ་ནི་དམིགས་པར་འགྱུར་རོ། །མེ་ལ་སོགས་པའི་ཚོགས་པ་ཉེ་བ་ལས་སྔར་མེ་ལ་
སོགས་པའི་ཚོགས