Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 12 / 22 (50.000 ký tự/trang)
 །གང་གི་ཕྱིར་དངོས་པོ་གཞན་མཐའ་དག་དང་། མཚན་ཉིད་མི་མཐུན་པའི་སྔོན་པོ་དེ་མངོན་སུམ་གྱིས་བཟུང་བ་དེའི་ཕྱིར་མངོན་སུམ་གྱིས་སྟོབས་ཁོ་ནས་གང་གིས་ན་སེར་པོ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་ཤེས་པར་འགྱུར་བ་སེར་པོ་ལ་སོགས་པ་སེལ་བར་བྱེད་པ་དགག་པའི་
ཤེས་པ་གཉིས་པ་སྐྱེའོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་མངོན་སུམ་དངོས་པོ་དེ་ལྟ་བུའི་རྣམ་པར་སྐྱེས་པར་མ་གྱུར་ན་དུས་ཕྱིས་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེ་བར་མི་འགྱུར་རོ། །དེ་ལྟ་བས་ན་མངོན་སུམ་གྱི་སྟོབས་ཀྱིས་རྣམ་པར་རྟོག་པ་དེ་ལྟ་བུ་གཉིས་འབྱུང་སྟེ། གང་གི་ཚེ་མངོན་སུམ་
རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེད་པར་བྱེད་པ་དེའི་ཚེ་འབྲས་བུ་དང་བཅས་པར་རྣམ་པར་གཞག་གི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་བློའི་རྒྱུ་ཉིད་ཁོ་ནས་འབྲས་བུ་དང་བཅས་པ་ཉིད་ཡིན་པའི་ཕྱིར། ཚད་མ་གཅིག་འཇུག་པ་ནི་དངོས་པོ་ཐམས་ཅད་ཕུང་པོ་གཉིས་
སུ་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །ཡང་ཅིའི་ཕྱིར་ཕུང་པོ་གསུམ་པ་མི་འདོད་ཅེ་ན། དེ་ལ་མ་གཏོགས་པ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དངོས་པོ་ཡོངས་སུ་སྣང་བ་ལ་མ་གཏོགས་པ་མཐའ་དག་དགག་པའི་ངོ་བོ་རྣམ་པར་བཅད་པས་ཁྱབ་པ་སྒྲུབ་

པར་བྱེད་པའི་ཚེ་ཁོ་ན་རྣམ་པ་གཞན་མེད་པར་བསྒྲུབ་པ་ཡིན་ནོ། །འདི་སྐད་དུ་གང་གི་ཚེ་དངོས་པོ་སྣང་བ་ལ་མ་གཏོགས་པའི་དངོས་པོ་ཐམས་ཅད་སྣང་བ་མ་ཡིན་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་དེའི་ཚེ་ཕུང་པོ་གསུམ་པ་ག་ལ་སྲིད་དེ། འདི་ལྟར་དགག་པའི་རྣམ་པར་རྟོག་པ་ཁོ་ནས་སེར་པོ་ལ་སོགས་
པ་མ་ལུས་པ་བརྩལ་བས་ཡུལ་དུ་བྱེད་པ་ན་ཕུང་པོ་གཞན་མེད་པར་སྟོན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་དངོས་པོ་ཡོངས་སུ་སྣང་བ་ལ་མ་གཏོགས་པ་མ་ལུས་པ་རྣམ་པར་བཅད་པའི་ངོ་བོ་ཉིད་ཀྱིས་ཁྱབ་པ་སྒྲུབ་པར་བྱེད་ཅེ་ན། དེའི་ཕྱིར། དེ་དེ་ལས་གཞན་པ་ཉིད་ཀྱིས་མ་ཁྱབ་ན་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོངས་སུ་སྣང་བ་ལ་མ་གཏོགས་པའི་དོན་ཏེ་སྣང་བ་ལས་གཞན་པ་ཉིད་ཀྱིས་ཁྱབ་པར་མ་གྱུར་ན། དེའི་ཚེ་འགོག་པར་བྱེད་པའི་ཤེས་པ་དེས། དེ་ལས་གཞན་པ་ཉིད་ཀྱིས་མ་ཁྱབ་པའི་དོན་གང་ཡིན་པ་དེ་རྣམ་པར་བཅད་པ་དང་ལོགས་ཤིག་ཏུ་བྱས་པར་མི་འགྱུར་རོ། །དེའི་
ཕྱིར་ཡང་ཡོངས་སུ་སྣང་བ་ཉིད་དུ་འདོད་པའི་དངོས་པོ་ཡོངས་སུ་མ་བཅད་པར་ཐལ་བར་འགྱུར་ཏེ། དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་མ་ཕྱེ་བའི་ཕྱིར། འཇུག་པ་དང་ལྡོག་པ་དག་མེད་དོ་ཞེས་བྱ་བ་ཐལ་བ་སྔ་མར་འགྱུར་རོ། །དེ་ཞེས་བྱ་བ་ནི་སྣང་བ་ལ་མ་གཏོགས་པའོ། །དེ་ལས་གཞན་པ་ཉིད་ཀྱིས་
མ་ཁྱབ་ན་ཞེས་བྱ་བ་ནི་སྣང་བ་ལས་གཞན་པ་ཉིད་ཀྱིས་མ་ཁྱབ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཞེས་བྱ་བ་ནི་འགོག་པར་བྱེད་པའི་ཤེས་པས་སོ། །དོན་དེ་རྣམ་པར་མ་བཅད་པའི་ཕྱིར་ཞེས་བྱ་བ་དེ་ལས་གཞན་པ་ཉིད་ཀྱིས་མ་ཁྱབ་པའི་དོན་ནི་དོན་དེའོ། །དེ་རྣམ་པར་མ་བཅད་པ་ནི་དོན་དེ་རྣམ་པར་མ་བཅད་
པའོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཚད་མའི་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་བློའི་རྒྱུ་ཉིད་ཁོ་ནས་ཚད་མ་འབྲས་བུ་དང་བཅས་པ་ཉིད་ཡིན་པ་དེའི་ཕྱིར་ཚད་མ་གཅིག་ཁོ་ནའི་བྱེད་པ་ནི་དངོས་པོ་འགའ་ཞིག་ལ་ཚད་མ་འཇུག་པ་ཡོངས་སུ་
སྣང་བ་ཉིད་དུ་འདོད་པ་དེ་ནི་ཡོངས་སུ་གཅོད་ཅིང་། དེ་ལས་གཞན་པ་ཡོངས་སུ་མི་སྣང་བ་ཉིད་དུ་འདོད་པ་ནི་རྣམ་པར་གཅོད་པ་འགོག་པར་བྱེད་ལ། སྣང་བ་དང་མི་སྣང་བ་དང་། མི་སྣང་བ་ལ་མ་གཏོགས་པ་རྣམ་པ་གསུམ་གཞན་ནི་མེད་པར་སྟོན་ཏོ་ཞེས་བྱ་བ་འདི་ཙམ་དུ་ཟད་མོད། རེ་ཞིག་ཚད་མ་གཅིག་

འཇུག་པ་དེ་ནི་ཡོངས་སུ་གཅོད་ལ། དེ་ལས་གཞན་པ་ནི་རྣམ་པར་གཅོད་དོ་ཞེས་བྱ་བ་ནི་རིགས་ན། རྣམ་པ་གཞན་གསུམ་པོ་མེད་པར་གོ་ཇི་ལྟར་སྟོན་པར་བྱེད་ཅེ་ན། དེའི་ཕྱིར་འདི་ལྟར་འགའ་ཞིག་ལ་ཚད་མ་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྔོན་པོ་ལ་སོགས་པ་
འགའ་ཞིག་ལ་ཚད་མ་འཇུག་པའི་སྔོན་པོ་དེ་ཉིད་དེ་ལས་གཞན་པའི་སེར་པོ་ལ་སོགས་པ་ལས་རྣམ་པར་གཅོད་པ་ལོགས་ཤིག་ཏུ་བྱེད་དོ། །གང་གི་ཕྱིར་ཁོ་ནར་དེར་སྔོན་པོ་དེ་ཉིད་ཡོངས་སུ་བཅད་པ་དང་། དེ་ལས་གཞན་པ་སེར་པོ་ལ་སོགས་པ་སྔོན་པོ་དེ་ལས་རྣམ་པར་གཅོད་པ་དང་གང་གི་ཕྱིར་སྔོན་པོ་དེ་ལ་དེ་
ལས་གཞན་པ་སེར་པོ་ལ་སོགས་པ་ཡོངས་སུ་གཅོད་པར་མ་གྱུར་པ་དེ་ཁོ་ནའི་ཕྱིར། ཇི་སྐད་བཤད་པའི་ཚད་མ་དེ་ཉིད་རྣམ་པ་གཞན་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེ་སྣང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྣང་བ་སྔོན་པོ་གང་ཡིན་པ་དེ་སྣང་ན་སེར་པོ་ལ་
སོགས་པ་གང་ཞིག་མ་མཐོང་བའི་མ་མཐོང་བས་ཐམས་ཅད་དེ་ནི་ལས་གཞན་པ་ཉིད་དུ་མཐོང་བ་ལས་གཞན་པ་ཉིད་དུ་རྣམ་པར་འཇོག་པ་དང་། གང་གི་ཕྱིར་སྣང་བ་ལས་གཞན་པ་མ་ཡིན་པ་ནི་སྣང་བ་ཉིད་ཁོ་ན་རྣམ་པར་འཇོག་པ་དེའི་ཕྱིར་རྣམ་པ་གཞན་མེད་པ་ཡིན་ནོ། །དེ་ལས་གཞན་པ་མ་ཡིན་པ་ཉིད་
ཅེས་བྱ་བ་ལ། དེ་ལས་གཞན་པ་ནི་དེ་ལས་གཞན་པ་སྟེ། སྣང་བ་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་གཞན་པ་མ་ཡིན་པ་ནི་དེ་ལས་གཞན་པ་མ་ཡིན་པ་སྟེ། སྣང་བ་དེ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དུ་ཞེས་བྱ་བ་ནི་སྣང་བ་ཉིད་དུ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་སྣང་བ་དང་དེ་
ལས་གཞན་པ་ཉིད་དུ་ཞེས་འདོན་པ་དེ་དག་གི་ལྟར་ན་ནི་གཞུང་རུང་བར་དགའ་སྟེ། འདི་ལྟར་གལ་ཏེ་མཐོང་བ་ཉིད་དང་། དེ་ལས་གཞན་པ་ཉིད་དུ་ཐམས་ཅད་རྣམ་པར་འཇོག་པར་བཤད་ན། དེའི་ཚེ་དེ་ལས་གཞན་མ་ཡིན་པ་ཉིད་དུ་རྣམ་པར་འཇོག་པ་ཞེས་བྱ་བ་ལྷག་པར་འགྱུར་རོ། །དེ་ལྟ་བས་ན་གཞུང་
འདི་ནི་མི་སྣང་བ་ཐམས་ཅད་ནི་དེ་ལས་གཞན་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་ལ་ཞེས་དེ་སྐད་དུ་གདོན་པར་བྱའོ། །འདི་སྐད་དུ་དམིགས་པ་ན་འདི་ཉིད་དུ་རྣམ་པར་འཇོག་ལ་མི་དམིགས་པ་ཐམས་ཅད་ནི་གཞན་ཉིད་དུ་རྣམ་པར་འཇོག་སྟེ། དེའི་ཕྱིར་རྣམ་པ་གཞན་མེད་པར་གྲུབ་བོ་ཞེས་བྱ་བར་

གནས་སོ་ཞེས་བཤད་པ་ཡིན་ནོ། །ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་གཞན་གང་དག་ཡིན་པ་དེ་ལ་ཡང་རྣམ་པ་གཞན་དགག་པ་བསྒྲེ་བར་བྱ་བའི་ཕྱིར། འདིས་ནི་རིམ་དང་རིམ་མ་ཡིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་དང་མ་མཐོང་བ་ལ་མ་གཏོགས་པ་རྣམ་པ་གཞན་
མེད་པར་སྟོན་པར་བྱེད་པའི་གཞུང་འདིས་ནི་རིམ་དང་རིམ་མ་ཡིན་པ་ལ་སོགས་པ་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་གཞན་གང་དག་ཡིན་པ་དེ་དག་ཀྱང་རྣམ་པར་བཤད་པར་བལྟ་བར་བྱ་སྟེ། དེ་ལ་ཡང་རིམ་དང་རིམ་མ་ཡིན་པ་མ་གཏོགས་པ་རྣམ་པ་གསུམ་པ་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཅིག་
ཅར་ལ་མ་གཏོགས་པའི་དུས་ཇི་སྙེད་པ་དེ་ཐམས་ཅད་ནི་རིམ་ཞེས་བྱའོ། །རིམ་ལ་མ་གཏོགས་པའི་དུས་ཇི་སྙེད་པ་དེ་ཐམས་ཅད་ནི་ཅིག་ཅར་བྱའོ། །དེའི་ཕྱིར་རྣམ་པ་གསུམ་པ་ལྟ་ག་ལ་སྲིད། འདིར་འབྲས་བུ་དུས་གཅིག་ཏུ་སྐྱེད་པའི་རྒྱུ་ནི་ཅིག་ཅར་ཞེས་ཐ་སྙད་གདགས་སོ། །འབྲས་བུ་བརྒྱུད་དེ་བསྐྱེད་
པའི་རྒྱུ་ནི་རིམ་ཞེས་ཐ་སྙད་གདགས་སོ། །གང་དག་ལ་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པ་དེ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་དག་སྟེ། ཕན་ཚུན་སྤངས་ཏེ་གནས་པའི་རང་གི་ངོ་བོ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པ་སྨོས་པ་ནི་རྟག་པ་དང་མི་རྟག་པ་དང་འདུས་བྱས་དང་
འདུས་མ་བྱས་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་ལ་སོགས་པ་བལྟ་བར་བྱའོ། །ཞར་ལ་འོངས་པ་རྫོགས་པར་བྱས་ནས། དཀྱུས་མ་སྦྱར་བར་བྱ་བའི་ཕྱིར། དེ་ལྟ་བས་ན་དེ་ལྟར་གཅིག་དམིགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བས་ན་དེ་སྐད་བཤད་པའི་
རྣམ་པས་སྔོན་པོ་ལ་སོགས་པ་གཅིག་དམིགས་པས་དོན་འདི་སྔོན་པོ་ཡིན་གྱི། སེར་པོ་ལ་སོགས་པའི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་བུ་སྔོན་པོ་དེའི་སེར་པོ་ལ་སོགས་པའི་བདག་ཉིད་རྣམ་པར་གཅོད་པ་ཡིན་གྱི། དེའི་ཡུལ་ལམ་དེའི་དུས་སུ་སྔོན་པོ་ལ་མ་གཏོགས་པ་གཞན་ཐམས་ཅད་འགོག་
པར་བྱེད་པ་ནི་མ་ཡིན་ནོ། །འདི་ནི་ཤེས་པ་གཅིག་དང་འབྲེལ་པ་དག་ཕན་ཚུན་ལྟོས་པ་ཁོ་ནས་གཞན་ཉིད་ཡིན་པར་འདོད་པས་ན། འདིར་དམིགས་པའི་རིག་བྱར་གྱུར་པ་རུང་བ་ཉིད་ཀྱི་ངོ་བོར་མཚུངས་པའི་ཕྱིར། ཕྱོགས་གཞན་ཡིན་པར་འགྱུར་བ་འདི་ཙམ་ཞིག་ཏུ་ཟད་ཀྱི། ཕྱོགས་དེར་དམིགས་པའི་

རིག་བྱར་མ་གྱུར་པ་ཡང་འགོག་པ་ནི་མ་ཡིན་ནོ། །དམིགས་པ་དེའི་ཡུལ་དང་དུས་ཀྱང་གང་དག་ཡིན་པ་དེ་དག་ནི། །དེའི་ཡུལ་དང་དུས་ཀྱི་སྒྲ་བཤད་དོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་དེའི་བདག་ཉིད་མ་ཡིན་པར་ཡང་འགྱུར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གང་གི་ཕྱིར་དེ་ལྟར་ཐམས་ཅད་མེད་པར་འགོག་པར་བྱེད་པ་མ་ཡིན་པ་དེའི་ཕྱིར། དེའི་བདག་ཉིད་མ་ཡིན་པ་སྔོན་པོའི་ངོ་བོ་ཉིད་མ་ཡིན་པར་ཡང་འགྱུར་ལ། དེའི་ཡུལ་དང་དུས་སུ་ཉེ་བར་ཡང་འགྱུར་བས་འགལ་བ་འགའ་ཡང་མེད་དོ། །འདིར་དཔེ། རོ་དང་གཟུགས་ལ་སོགས་པ་བཞིན་ནོ་
ཞེས་བྱ་བ་སྨོས་ཏེ། ཇི་ལྟར་གཟུགས་ནི་རོའི་ངོ་བོ་ཉིད་མ་ཡིན་མོད་ཀྱི། འོན་ཀྱང་རོའི་ཡུལ་དང་རོ་སྐྱེ་བའི་དུས་ན་ཡོད་པ་ལྟར་འདིར་ཡང་དེ་དང་འདྲ་བར་འགྱུར། གང་གི་ཕྱིར་དེ་ལྟར་བཤད་པའི་ཚུལ་གྱིས་ན་དམིགས་པའི་བདག་ཉིད་དགག་པ་ཁོ་ན་བྱ་བར་ནུས་ཀྱི། དེའི་ཡུལ་དང་དུས་དག་ཏུ་
ཐམས་ཅད་མེད་པར་དགག་པ་མ་ཡིན་པ་དེའི་ཕྱིར་དམིགས་པའི་རིག་བྱར་གྱུར་པ་ཞེས་ཁྱད་པར་དུ་བྱ་དགོས་སོ། །དཀྱུས་མའི་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཇི་སྐད་བཤད་པའི་མི་དམིགས་པ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ཁྱད་པར་མེད་པར་གཞན་
ཐམས་ཅད་དགག་པར་བྱ་མི་ནུས་པ་དེའི་ཕྱིར་ཇི་སྐད་བཤད་པའི་མི་དམིགས་པ་ཁོ་ན་ལས་དུས་རེས་འགའ་ཡུལ་ལ་ལ་ཞིག་ཏུ་དངོས་པོ་འགའ་ཞིག་མེད་པར་འགྲུབ་པ་ཡིན་གྱི། གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་ལྟར་ན་གོང་དུ་གཞན་ཡོད་པ་དེ་ཉིད་དང་། དེའི་ཡུལ་ཅན་གྱི་ཤེས་
པ་དེ་དངོས་པོ་མེད་པའི་སྒྲུབ་པ་ཇི་སྟེ་མ་ཡིན་ཞེས་ཀླན་ཀ་བཙལ་བ་གང་ཡིན་པ་དེ་ལ་རེ་ཞིག་གཞན་ཡོད་པ་དངོས་པོ་མེད་པའི་སྒྲུབ་པ་ཉིད་ཡིན་པ་བསལ་ཟིན་ཏོ། །གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པ་དངོས་པོ་མེད་པའི་རྟགས་ཉིད་ཡིན་པ་དགག་པའི་ཕྱིར། གཞན་ཡོད་པའི་ཡུལ་ཅན་གྱི་
དམིགས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པས་དབེན་པའི་ས་གཞིའི་ཡུལ་ཅན་གྱི་དམིགས་པ་གང་ཡིན་པ་དེ་ནི་བུམ་པ་མེད་པ་སྒྲུབ་པར་བྱེད་པ་ཡིན་པར་ནི་འདོད་པ་ཁོ་ནའི་འདི་རྟགས་ཉིད་དུ་མི་འདོད་པ་འབའ་ཞིག་ཏུ་ཟད་དོ། །ཅིའི་ཕྱིར་འདི་རྟགས་ཉིད་དུ་མི་འདོད་ཅེ་ན། དེར་

ཡང་དངོས་པོ་མེད་པ་ལོགས་ཤིག་ཏུ་གྲུབ་པར་བྱ་བ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ཉིད་དུ་བརྟག་པར་བྱ་བ་གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པ་དེར་ཡང་དངོས་པོ་མེད་པ་ལོགས་ཤིག་ཏུ་བསྒྲུབ་པར་བྱ་བ་ཉིད་ཡིན་པར་ཁས་ལེན་ན་འབྲེལ་པ་མེད་པ་དེའི་སོ་ན་འདུག་པ་
ཉིད་དོ། །བུམ་པ་མེད་པ་དང་གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པར་ལྷན་ཅིག་དོན་གཅིག་ལ་འདུ་བའམ། རྟེན་དང་བརྟེན་པའི་དངོས་པོའམ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡོད་པ་ནི་མ་ཡིན་ནོ། །སོ་སོར་མ་གྲུབ་པའི་ཉེས་པ་འདིར་ཡང་བསྒྲེ་བར་བྱ་བའི་ཕྱིར། རྟགས་འབྱུང་བའི་
དུས་ཁོ་ན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་འབྱུང་བའི་དུས་ནི་སྐྱེ་བའི་དུས་ཏེ། སྔར་བུམ་པས་དབེན་པའི་ཕྱོགས་ཀྱི་མཚན་ཉིད་ཀྱི་གཞན་ཡོད་པ་རྟོགས་ནས་ཕྱིས་བུམ་པ་མེད་པས་ཕྱོགས་རྟོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་རབ་ཏུ་བསྒྲུབ་པ་ཉེ་བར་བསྟན་ཏེ། དེའི་འོག་ཏུ་ཕྱོགས་རྟོགས་
པས་བུམ་པ་མེད་པ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ལས་གཞན་པ་བུམ་པས་དབེན་པའི་ཕྱོགས་རྟོགས་པ་ཁོ་ན་ན་དེ་མེད་པ་བུམ་པ་མེད་པ་རྟོགས་ཀྱི་ཕྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་རྟགས་ཉིད་དུ་མི་འདོད། དེ་ལས་གཞན་པ་རྟོགས་པའི་དུས་ཁོ་ན་ན་དེ་མེད་པར་རྟོགས་ཞེས་དེའི་ཕྱིར། མཐོང་
མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་མངོན་སུམ་གྱི་མཇུག་ཐོགས་ཁོ་ནར་ཆོད་པ་མེད་པར་ཤོལ་བ་མེད་པར་ཕྱོགས་ཀྱི་ངོ་བོ་འདི་ནི་ཡོད་དོ། །བུམ་པ་ལ་སོགས་པའི་ངོ་བོ་འདི་ནི་མེད་དོ་ཞེས་བྱ་བའི་ངེས་པ་སྐྱེ་བ། དེའི་ཕྱིར་དེ་མེད་པ་དང་། གཞན་ཡོད་པ་དག་ནི་དུས་མཉམ་དུ་རྟོགས་ཏེ།
ཇི་ལྟར་བུམ་པས་དབེན་པའི་ཕྱོགས་ལ་དོན་དུ་གཉེར་བས། ཕྱོགས་མཐོང་ནས་མཐོང་མ་ཐག་ཏུ་ཕྱོགས་འདི་ནི་ཡོད་པ་ཡིན་ནོ་ཞེས་ངེས་པར་བྱེད་པ་དེ་བཞིན་དུ། དེ་ཉིད་ཀྱིས་རུང་བ་ཉིད་ཀྱི་ངོ་བོར་མཚུངས་པའི་བུམ་པ་མ་མཐོང་ནས་འདི་ན་བུམ་པ་མེད་དོ་ཞེས་བྱ་བར་ངེས་པར་བྱེད་དོ། །ཆོད་པ་ཞེས་བྱ་
བའི་སྒྲས་ནི་འདིར་ཁྱབ་པ་གང་གི་ཕྱིར་རྟགས་སྐྱེ་བའི་དུས་དེ་ཁོ་ན་ན་བུམ་པ་མེད་པར་གྲུབ་པ་དེའི་ཕྱིར་འདི་གཉིས་སོ་སོར་རྟགས་དང་རྟགས་ཅན་གྱི་དངོས་པོ་ནི་མ་ཡིན་ནོ། །རྟགས་འབྱུང་བའི་དུས་ཁོ་ན་ན་མེད་པར་འགྲུབ་བོ་ཞེས་བྱ་བ་འདི་ག་ལས་ཤེ་ན། གཞན་ཡོད་པ་རྟོགས་ནས་གདོད་ཅེས་བྱ་བ་ལ་སོགས་

པ་སྨོས་ཏེ། དྲན་པ་བརྗོད་པར་བཞེད་པ་ཡིན་ཏེ། དེས་ན་མཐོང་བ་དང་རྟོགས་པ་དག་ཆོད་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཏན་ཚིགས་གཞན་དཔེ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པས་བུམ་པ་མེད་པར་བསྒྲུབ་པར་བྱ་བ་ལ་དཔེ་
འགའ་ཡང་མེད་དོ། །དེ་ཉིད་བསྟན་པའི་ཕྱིར། དེ་ནི་གང་ཞིག་གང་གི་རྗེས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ཉིད་དུ་འདོད་པའི་དངོས་པོ་དེ་ནི་རྟགས་ཉིད་དུ་འདོད་པའི་དངོས་པོ་གང་ཞིག་དངོས་པོ་གང་གི་རྗེས་སུ་འགྲོ་བ་ཡོད་པ་དངོས་པོ་དེའི་རྟགས་ཡིན་པའོ། །ཅིའི་ཕྱིར་རྗེས་སུ་འགྲོ་
བ་མེད་ཅེ་ན། དེའི་ཕྱིར། འདི་སྐད་དུ་གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདི་སྐད་དུ་གང་ན་ཡོངས་སུ་སྣང་བའི་ཕྱོགས་ཀྱི་ཡུལ་ཅན་གྱི་དམིགས་པ་ཡོད་པ་དེ་ན་བུམ་པ་མེད་དོ་ཞེས་བྱ་བར་བསྟན་པར་ནི་མི་ནུས་སོ། །ཅིའི་ཕྱིར་མི་ནུས་ཤེ་ན། དམིགས་པ་གཅིག་པུ་དེ་ནི་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཡོངས་སུ་སྣང་བའི་ཡུལ་ཅན་གྱི་དམིགས་པ་གཅིག་པུ་གང་ཡིན་པ་དེ་བཞིན་གང་ན་ཡོད་པ་གང་གིས་ན་གང་དང་གང་ན་འདི་ཡོད་པ་དེ་དང་དེ་ན་བུམ་པ་མེད་དོ་ཞེས་རྗེས་སུ་འགྲོ་བ་བྱེད་པར་འགྱུར། དེ་ལ་འདི་སྙམ་དུ་ཁྱད་པར་ཡོངས་སུ་བོར་ནས་སྤྱིར་རྗེས་སུ་འགྲོ་བ་བྱེད་དོ་ཞེ་ན། སྤྱིར་རབ་ཏུ་བསྟན་
པའི་དཔེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གང་དང་གང་ན་བུམ་པས་དབེན་པའི་ཕྱོགས་ཙམ་འཛིན་པར་བྱེད་པའི་དམིགས་པ་ཡོད་པ་དེ་དང་དེ་ན་བུམ་པ་མེད་དོ་ཞེས་སྤྱིར་ཁྱབ་པ་སྟོན་པར་འདོད་པ་དེའི་ཚེ་ཡང་། དཔེ་ལ་ཚད་མ་གཞན་མེད་པ་བུམ་པས་དབེན་པའི་ཕྱོགས་ཙམ་འཛིན་པར་བྱེད་
པའི་དམིགས་པ་དེ་ཉིད་བསྒྲུབ་པར་བྱ་བའི་ཆོས་བུམ་པ་མེད་པའི་སྒྲུབ་པར་བྱེད་པ་ཡིན་པར་འདོད་པར་བྱ་དགོས་ལ། དེ་ལ་ཡང་ཚད་མ་གཞན་མེད་པར་མི་དམིགས་པ་འདི་ཁོ་ན་སྒྲུབ་པ་ཡིན་པར་བརྗོད་དགོས་ལ། སྒྲུབ་པ་དེ་ལ་ཡང་དཔེ་གཞན་ཞིག་བརྗོད་དགོས་པ་ཐུག་པ་མེད་པ་ཡིན་ནོ། །ཐུག་པ་
མེད་པ་ཡིན་ན་ནི་དང་པོ་སྟེ། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་བུམ་པ་མེད་པ་རྟོགས་པ་མ་ཡིན་པར་འགྱུར་རོ། །དཀྱུས་མའི་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་རྟགས་གང་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ན་གཞན་ཡོད་པ་དང་། དེའི་ཡུལ་

ཅན་གྱི་དམིགས་པའི་དངོས་པོ་མེད་པ་སྒྲུབ་པ་རྟགས་ཉིད་དུ་མི་འཐད་པ་དེའི་ཕྱིར། རྟགས་གང་ལས་ཀྱང་དངོས་པོ་མེད་པར་མི་འགྲུབ་པར་ཁས་བླང་བར་བྱའོ། །གལ་ཏེ་རྟགས་གང་ལས་ཀྱང་དངོས་པོ་མེད་པ་མི་འགྱུར་ན། འོ་ན་དེ་མ་གྲུབ་ན། དངོས་པོ་མེད་པར་ཐ་སྙད་གདགས་པ་ཡང་
ཇི་ལྟར་འཇུག་པ་འགྲུབ་ཅེ་ན། དེའི་ཕྱིར། མངོན་སུམ་གྱི་མཚན་ཉིད་ཀྱི་མི་དམིགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཀྱི་མཚན་ཉིད་ཀྱི་གཞན་ཡོད་པ་གང་ཡིན་པ་དེ་མངོན་སུམ་གྱི་མཚན་ཉིད་ཀྱི་མི་དམིགས་པ། ཕྱོགས་དམིགས་པའི་ངོ་བོ་ཉིད་ཀྱིས་གྲུབ་ན་དངོས་པོ་མེད་
པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དངོས་པོ་མེད་པ་ནི་ཕྱོགས་རྟོགས་པའི་དུས་ཁོ་ན་ན་གྲུབ་པ་ཡིན་ཏེ། འདི་ལྟ་བུར་བུམ་པས་དབེན་པའི་ཕྱོགས་རྟོགས་པ་དེ་ཁོ་ནའི་ཚེ་བུམ་པ་མེད་པ་ཡང་རྟོགས་པར་འགྱུར་རོ། །གལ་ཏེ་བུམ་པ་མེད་པ་གྲུབ་ན། འོ་ན་ནི་དངོས་པོ་མེད་པར་ཐ་སྙད་
གདགས་པ་ཡང་གྲུབ་པ་ཁོ་ན་ཡིན་པས། སུ་ཞིག་དངོས་པོ་མེད་པ་རྟོགས་ནས་དེ་ལ་དངོས་པོ་མེད་པར་ཐ་སྙད་གདགས་པ་འཇུག་པར་མི་འགྱུར་ཞེ་ན། དེའི་ཕྱིར། རྟོགས་པ་རྨོངས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་རྟོགས་ཀྱང་དངོས་པོ་མེད་པར་ཐ་སྙད་གདགས་པར་མི་
བྱེད་པའི་བློ་གྲོས་རྨོངས་པ་ལུང་ངན་པས་བསླུས་པའི་རྟོགས་པར་བྱེད་པ་དེ་ལྟ་བུ་དག་ཡོད་དོ། །འདི་ལྟར་སོར་མོའི་རྩེ་མོ་གླང་པོ་ཆེ་བརྒྱས་དབེན་པར་གྲུབ་ཀྱང་གྲངས་ཅན་པའི་གྲུབ་པའི་མཐའ་ལ་འཆེལ་པ་ལ་ལ་སོར་མོའི་རྩེ་མོ་ལ་གླང་པོ་ཆེ་བརྒྱ་མེད་པར་ཐ་སྙད་གདགས་པ་འཇུག་པར་མི་བྱེད་དོ། །དེ་
བཞིན་དུ་བ་ལང་གི་གོང་བུ་རིགས་ལ་སོགས་པས་དབེན་པར་གྲུབ་ཀྱང་བྱེ་བྲག་པ་རྣམས་རིགས་ལ་སོགས་པ་མེད་པར་ཐ་སྙད་གདགས་པ་འཇུག་པར་མི་བྱེད་དོ། །དེ་བཞིན་དུ་འཇིག་རྟེན་ན་ཡང་ཕྱོགས་ལ་ལར་མངོན་པར་འདོད་པའི་དངོས་པོ་འགའ་ཞིག་བདག་ཉིད་ཀྱིས་མ་མཐོང་བཞིན་དུ་ཡང་
གཞན་ལ་ཅི་འདི་ན་ལྷ་སྦྱིན་མེད་དམ་ཞེས་དེ་སྐད་འདྲི་བ་དག་མཐོང་ངོ་། །འདི་ནི་རྣམ་པར་དཔྱད་ན་ཧ་ཅང་ཐལ་བར་འགྱུར་བས། དེ་ལྟ་བས་ན། ཞར་ལ་འོངས་པས་ཆོག་གོ། །དེ་ལྟར་མི་དམིགས་པ་རང་གི་ངོ་བོའི་སྒོ་ནས་བསྟན་ནས། རབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར། མི་དམིགས་

པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པ་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱའོ། །རྣམ་པ་གསུམ་པོ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དངོས་པོ་མེད་པར་སྒྲུབ་པར་བྱེད་པ་དང་། གང་
ཞིག་མི་དམིགས་པའི་གཏན་ཚིགས་ཉིད་དུ་སྨོས་པར་བྱེད་པ་དེ་གཉིས་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོར་ཡང་གྲུབ། བདག་ཉིད་ཀྱི་ཚད་མས་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོར་ཡང་གྲུབ་པ་ཡིན་ལ་རང་བཞིན་མི་དམིགས་པའི་སྒོ་ནས། རྒྱུ་
དང་ཁྱད་པར་བྱེད་པ་གང་ཞིག་དངོས་པོ་མེད་པར་གྲུབ་པ་དེ་གཉིས་ཀྱིས་མི་དམིགས་པ་ནི་གོ་རིམས་བཞིན་དུ། རྒྱུ་མི་དམིགས་པ་ཞེས་བྱ་བ་གཉིས་ཡིན་ནོ། །རང་བཞིན་མི་དམིགས་པ་ནི་གསུམ་པ་ཡིན་ནོ། །མི་དམིགས་པ་རྣམ་པ་མང་མོད་ཀྱི། རྩ་བའི་རྣམ་པ་རབ་ཏུ་བསྟན་པའི་ཕྱིར། རྣམ་པ་
གསུམ་ཞེས་བཤད་དོ། །འདི་ལྟར་རབ་ཏུ་བྱེད་པ་འདི་ནི་རྟོགས་པར་བྱེད་པ་མགོ་སྨོས་པས་གོ་བ་མདོར་བསྡུས་པ་ལ་དགའ་བའི་དབང་དུ་བྱས་ནས་བརྩམས་པ་ཡིན་པས། དེས་རྩ་བའི་རབ་ཏུ་དབྱེ་བ་དེ་མཐོང་ནས་རྒྱས་པར་ཁོང་ནས་འདྲེན་པར་འགྱུར་རོ། །ཡང་རེ་ཞིག་རྒྱུ་དང་ཁྱབ་པར་བྱེད་པ་ཁོ་ན་ལ་ཇི་
ལྟར་མེད་པར་ཐ་སྙད་གདགས་པ་འགྲུབ་ཅེ་ན། དེའི་ཕྱིར་དེ་ལ་རྒྱུ་དང་ཁྱབ་པར་བྱེད་པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་དག་གི་རང་གི་ངོ་བོ་མེད་པ་ཐ་སྙད་གདགས་པ་གང་ཡིན་པ་དེ་ཡང་གཞན་ཡོད་པར་གྲུབ་པ་ཁོ་ན་ལས་བལྟ་བར་བྱའི། རང་བཞིན་མི་དམིགས་པ་འབའ་
ཞིག་གཞན་ཡོད་པར་གྲུབ་པ་ལས་རིག་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་ཀྱང་གཞན་ཡོད་པར་གྲུབ་པ་ལས་རིག་པར་བྱའོ་ཞེས་བྱ་བ་འདི་ཡང་། ཡང་ཞེས་བྱ་བའི་སྒྲས་རིག་པར་བྱའོ། །ཇི་སྐད་བཤད་པའི་རྣམ་པས་རྒྱུའམ་ཁྱབ་པར་བྱེད་པ་དངོས་པོ་
མེད་པར་གྲུབ་ཏུ་ཆུག་ན་ཡང་། དེས་ན་ཅི་ཞེ་ན། དེའི་ཕྱིར། དེ་ལྟར་གྲུབ་པ་དེ་ནི་འབྲས་བུ་དང་ཁྱབ་པར་བྱ་བ་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཇི་སྐད་བཤད་པའི་རྣམ་པར་རྒྱུ་དངོས་པོ་མེད་པའམ་ཁྱད་པར་བྱེད་པ་དངོས་པོ་མེད་པར་དེ་གྲུབ་པ་ཡིན་པ་དེའི་ཚེ་འབྲས་བུའམ། ཁྱབ་

པར་བྱ་བ་དག་དངོས་པོ་མེད་པའམ། དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པ་ཡིན་ཏེ་གོ་རིམས་བཞིན་ནོ། །འམ་ཞེས་བྱ་བའི་སྒྲ་ནི་བསྡུས་པ་སྟེ། འདི་ལྟར་འདིར་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ཐ་དད་དེ། དེས་ན་དངོས་པོ་མེད་པ་དང་དངོས་པོ་མེད་པར་ཐ་སྙད་གདགས་པ་གཉི་ག་
ཡང་སྒྲུབ་པར་བྱེད་དོ། །མི་དམིགས་པ་གསུམ་པ་ལ་ཇི་ལྟ་བུ་ཡིན་ཞེ་ན། རང་བཞིན་མི་དམིགས་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་མི་དམིགས་པ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་ཐ་མི་དད་པའི་ཕྱིར། མི་དམིགས་པ་རྟགས་སུ་གྱུར་པས་དངོས་པོ་མེད་པར་ཐ་སྙད་
གདགས་པ་ཁོ་ན་སྒྲུབ་པར་བྱེད་ཀྱི། གཞན་ཡོད་པར་གྲུབ་པའི་དུས་ཁོ་ན་ན་གྲུབ་པའི་ཕྱིར། དངོས་པོ་མེད་པ་ནི་མ་ཡིན་ནོ། །འདིར་ཀླན་ཀ་ཚོལ་བར་བྱེད་པས། གལ་ཏེ་རྒྱུ་དང་ཁྱབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་གི་ཚེ་རྒྱུ་དང་ཁྱབ་པར་བྱེད་པ་དག་དེ་ལས་གཞན་པ་ཡོད་པའི་
མཚན་ཉིད་མི་དམིགས་པ་མེད་པས་ཐ་སྙད་གདགས་པར་གྲུབ་པ་དེའི་ཚེ་འབྲས་བུའམ་ཁྱབ་པར་བྱ་བ་དག་དངོས་པོའམ། དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་ལ། གཞན་ཡོད་པའི་ངོ་བོ་མི་དམིགས་པ་དེ་ཡང་དམིགས་པའི་རིག་བྱར་གྱུར་པ་རྒྱུ་དང་ཁྱབ་པར་བྱེད་པ་དེ་གཉིས་ཁོ་ནའི་མེད་
པར་ཐ་སྙད་གདགས་པའི་སྒྲུབ་པར་བྱེད་པ་ཡིན་པར་འདོད་ན་གོ་དེའི་ཕྱིར། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ། དེ་གཉིས་ཇི་ལྟར་ཐམས་ཅད་དུ་མེ་མེད་ན་དུ་བ་མེད་དོ། །ཤིང་མེད་ན་ཤ་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུར། ལྐོག་གི་དོན་ལ་སྦྱོར་བར་བྱེད། དེ་ལས་གཞན་པ་ཡོད་པར་གྲུབ་པའི་ངོ་བོ་ཞེས་བྱ་བ་
རྒྱུ་དང་ཁྱབ་པར་བྱེད་པས་དབེན་པའི་ཕྱོགས་གང་ཡིན་པ་དེ་ནི་དེ་ལས་གཞན་པ་ཡོད་པ་ཞེས་བྱའོ། །འདི་སྐད་དུ་གང་ཁོ་ན་ན་རྒྱུ་དང་ཁྱབ་པར་བྱེད་པ་དག་དམིགས་པའི་རིག་བྱ་མ་གྲུབ་པ་དེ་ཁོ་ནར་སྦྱོར་བར་ཟད་ཀྱི། ལྐོག་ཏུ་གྱུར་པ་མེ་ཏོག་གི་གྲོང་ལ་སོགས་པར་ནི་མི་རུང་ངོ་ཞེས་སྨྲས་པ་ཡིན་ཏེ། འདི་ནི་
ཀླན་ཀའོ། །གྲུབ་པའི་མཐའ་སྨྲ་བས། རྟགས་མ་ངེས་པའི་ཕྱིར་ཚད་མ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་དོན་ལྐོག་ཏུ་གྱུར་པ་ལ་ཚད་མ་ཉིད་ཀྱིས་སྦྱོར་བར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་མི་བྱེད་ཅེ་ན། རྟགས་མ་ངེས་པའི་ཕྱིར་ཞེས་

ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པའི་ངོ་བོ་རྟགས་ནི་དོན་ལྐོག་ཏུ་གྱུར་པ་ལ་མ་ངེས་ཏེ། དམིགས་པའི་རིག་བྱར་གྱུར་པ་མ་ཡིན་པའི་ཕྱིར་རོ། །མ་ངེས་པའི་རྟགས་ལས་ནི་བསྒྲུབ་པར་བྱ་བ་འགྲུབ་པ་མ་ཡིན་ནོ། །གལ་ཏེ་རྟགས་མ་ངེས་ན་ཅིའི་
ཕྱིར། དོན་ལྐོག་ཏུ་གྱུར་པ་ལ་སྦྱོར་བ་བྱེད་ཅེ་ན། རྒྱུ་དང་ཁྱབ་པར་བྱེད་པ་འབྲེལ་པ་གྲུབ་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་དང་དུ་བ་དག་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཀྱིས་འབྲེལ་པ་གྲུབ་པ་ཡིན་ན་གང་དུ་འགའ་ཞིག་ན་མེ་མེད་པ་དེ་ན་ངེས་པར་དུ་བ་ཡང་མེད་ལ། དེ་བཞིན་དུ་
ཤིང་དང་ཤ་པ་དག་ཀྱང་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོའི་མཚན་ཉིད་ཀྱི་འབྲེལ་བ་གྲུབ་པ་ཡིན་ན་གང་ན་ཤིང་མེད་པ་དེ་ན། ཤིང་ཤ་པ་ཡང་གདོན་མི་ཟ་བར་མེད་དོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། འདི་དག་རབ་ཏུ་སྦྱོར་བ་འབའ་ཞིག་ཏུ་ཟད་དོ། །འདི་སྐད་དུ་འབྲས་བུ་
དང་ཁྱབ་པར་བྱ་བ་དེ་ལས་འབྱུང་བ་དང་། དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པས་འབྲེལ་པ་དག །རྒྱུ་དང་ཁྱབ་པར་བྱེད་པ་དག་མེད་པར་ཇི་ལྟར་ཡོད་པར་འགྱུར། དེའི་ཕྱིར་མིག་བཙུམས་ཏེ། ཡང་ཐམས་ཅད་ན་རྒྱུ་དང་ཁྱབ་པར་བྱེད་པ་མེད་པ་འབྲས་བུ་དང་ཁྱབ་པར་བྱ་བ་མེད་དོ་ཞེས་བརྗོད་པར་
བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་རང་བཞིན་དང་འབྲས་བུ་དང་མི་དམིགས་པ་ཞེས་བྱ་བ་གཏན་ཚིགས་གསུམ་ཆར་ཡང་བསྟན་ནས། མདོའི་དོན་དང་སྦྱར་བར་བྱ་བའི་ཕྱིར། དེ་ལྟ་བས་ན་ཕྱོགས་ཀྱི་ཆོས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་གསུམ་ལ་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་
བཤད་པ་གང་ཡིན་པ་དེ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་དེའི་ཆས་ཁྱབ་པ་ཚུལ་གསུམ་པའི་ཕྱོགས་ཀྱི་ཆོས་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་གཏན་ཚིགས་ནི། རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ན་ཤེས་པར་བྱེད་པ་ཡིན་ནོ། །
ཅིའི་ཕྱིར་རྣམ་པ་གསུམ་ཁོ་ན་ཞེ་ན། དེའི་ཕྱིར་རང་གི་བསྒྲུབ་པར་བྱ་བ་ཆོས་ལ་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གཏན་ཚིགས་རྣམ་པ་གསུམ་པོ་འདི་ཁོ་ན་རང་གི་བསྒྲུབ་པར་བྱ་བའི་ཆོས་ལ་འཁྲུལ་པ་མེད་ཀྱི་གཞན་ནི་མ་ཡིན་ཏེ། འདི་ལྟར་དེ་ལས་འབྱུང་བ་དང་དེའི་བདག་ཉིད་ཀྱི་

མཚན་ཉིད་ཀྱིས་འབྲེལ་པ་འདི་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །མི་དམིགས་པའི་གཏན་ཚིགས་ཀྱི་སྐབས་རྫོགས་སོ།། །།དེ་ལྟར་མཚན་ཉིད་གསུམ་པ་གཏན་ཚིགས་ཉིད་དུ་བསྟན་ནས། ལོག་པར་རྟོག་པ་བསལ་བའི་ཕྱིར། གཞན་ཉིད་དག་ནི་གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་
ཟེར་ཏེ་ཞེས་བྱ་བ་སྨོས་ཏེ། མཚན་ཉིད་གསུམ་པ་ལ་རངས་པར་མ་གྱུར་པ་ཁ་ཅིག་ནི་གཏན་ཚིགས་མཚན་ཉིད་དྲུག་པར་འཆད་དོ། །མཚན་ཉིད་དྲུག་པོ་བགྲང་བར་བྱ་བའི་ཕྱིར། གསུམ་པོ་དེ་དག་ཅེས་བྱ་བ་སྨོས་ཏེ། སྔར་བཤད་པ་དག་གོ། །གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ཅེས་བྱ་བ་ལ། གཏན་
ཚིགས་གང་ལ་གནོད་པར་མ་བྱས་པའི་ཡུལ་ཡོད་པ་དེ་ནི་གནོད་པར་མ་བྱས་པའི་ཡུལ་ཅན་ནོ། །དེའི་ངོ་བོ་ནི་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་དེ། ཚད་མ་དག་གིས་བསྒྲུབ་པར་བྱ་བའི་ཆོས་ཀྱི་མཚན་ཉིད་ཀྱི་ཡུལ་མ་བཙལ་བ་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་
ཉིད་ཅེས་བྱ་བ་ལ། རྫས་གང་ལ་གྲངས་གཅིག་ཡོད་པ་དེ་ནི་གྲངས་གཅིག་པའོ། །སྤྱི་གང་ལ་རྟེན་ཉིད་དུ་རྫས་བརྗོད་པར་འདོད་པའི་གྲངས་གཅིག་པར་བརྗོད་པར་འདོད་པ་ཅན་ནོ། །དེའི་ངོ་བོ་ནི་དེ་ཉིད་དེ་གྲངས་གཅིག་དང་ལྡན་པའི་གཏན་ཚིགས་བསལ་བ་ལ་གཏན་ཚིགས་ཉིད་ཅེས་བྱ་བ་སྤྱི་རྟེན་པ་དེ་ལ་གཏན་
ཚིགས་ཀྱི་མཚན་ཉིད་ཀྱི་འདི་ལ་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་ཉིད་ཅེས་བྱ་བ་ལ། འདི་ཤེས་པས་ན་ཤེས་པའོ། །དེའི་ངོ་བོ་ནི་ཤེས་པ་ཉིད་ཡུལ་གྱི་ལས་ཀྱི་ངོ་བོ་ནི་ཤེས་པ་ལ་ལྟོས་པ་ལ་ཡིན་པས་མཚན་ཉིད་འདི་དང་ལྡན་ཡང་། གལ་ཏེ་ཤེས་པ་ཡིན་ན་ནི་དེའི་ཚེ་ཤེས་པར་བྱེད་པ་ཡིན་གྱི།
གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་འདོད་པའི་ངོ་བོ་བསལ་བར་བྱ་བའི་ཕྱིར། དེ་ལ་རེ་ཞིག་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ཅེས་བྱ་བ་མཚན་ཉིད་གཞན་དུ་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་མཚན་ཉིད་ཐ་དད་པ་མ་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནོད་པ་དང་མེད་ན་མི་འབྱུང་བ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཚད་མ་དག་གིས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་ལ། བསྒྲུབ་པར་བྱ་བ་མེད་ན་ཡང་གཏན་ཚིགས་མི་འབྱུང་ངོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་ལོ། །འགལ་བ་དེ་ཉིད་བསྟན་པའི་ཕྱིར། མེད་ན་

མི་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཁོ་ནས་གཏན་ཚིགས་ཡོད་པ་གང་ཡིན་པ་དེ་ནི་མེད་ན་མི་འབྱུང་བ་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བའི་ཆོས་མེད་པར་མེད་ཅེས་བྱ་བའི་ཐ་ཚིག་གོ། །མེད་ན་མི་འབྱུང་བ་ཉིད་དེ་ཡང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་
བ་དང་ལྡོག་པ་དག་བརྗོད་པས་བསྟན་ཟིན་ན། ཇི་ལྟར་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་གཏན་ཚིགས་དེ་ཡང་ཡོད་པར་འགྱུར་ལ། འདི་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱང་མེད་པར་འགྱུར་ཏེ། འདི་ནི་རུང་སྙམ་མི་བྱེད་དོ། །རུང་སྙམ་མི་བྱེད་པ་དེ་ཉིད་ཅོ་འདྲི་བའི་ཐབས་
ཀྱིས་བསྟན་པར་བྱ་བའི་ཕྱིར། མངོན་སུམ་དང་རྗེས་སུ་དཔག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་མམ་རྗེས་སུ་དཔག་པས་ནི་བསྒྲུབ་པར་བྱ་བའི་ཆོས་དེ་ཆོས་ཅན་དེ་ལས་ཟློག་པར་བྱེད་ལ། བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བའི་གཏན་ཚིགས་ཀྱིས་ནི་བསྒྲུབ་པར་བྱ་བའི་ཆོས་དེ་ཆོས་
ཅན་དེ་ལ་འཇུག་པར་བྱེད་པས་ད་ནི་བསྒྲུབ་པར་བྱ་བའི་ཆོས་འདི་ཅི་མངོན་སུམ་དང་རྗེས་སུ་དཔག་པའི་འཇིགས་པས་ཆོས་ཅན་དེ་ལ་ལོགས་ཤིག་ཏུ་འབྲོས་སམ། འོན་ཏེ་གཏན་ཚིགས་ཀྱི་མཐུས་དེ་ཁོ་ན་ལ་གནས་པར་བྱ་བ་འདི་དཔྱོད་པ་ན་དངོས་པོ་རྣམས་ཏེ་པོར་སྐོབས་ཆེན་པོར་ཆུད་པར་འགྱུར་རོ། །འདི་ལྟར་མངོན་
སུམ་དང་རྗེས་སུ་དཔག་པ་ལ་དག་གིས་ནི། བསྒྲུབ་པར་བྱ་བའི་ཆོས་དེ་ལག་པས་མགུལ་ནས་བཟུང་ནས་ཟློག་པར་བྱེད་ལ། གཏན་ཚིགས་ཀྱིས་ནི་མདུན་དུ་འདུག་ནས་ལག་པ་གཉིས་སྟོབས་ཡོད་མེད་ཀྱིས་དེ་ཁོ་ན་ལ་འཇུག་པར་བྱེད་པས་དེ་ཕན་ཚུན་དུ་ཕར་དྲངས་པས་ཏེ་པོར་ཉམ་ང་བར་གྱུར་ཏོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་
དོགས་པ་བསུ་བར། གལ་ཏེ་གཞན་ལ་གཏན་ཚིགས་བསྒྲུབ་པར་བྱ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐབས་སུ་བབ་པ་ལ་མ་གཏོགས་པའི་ཆོས་ཅན་ལ་གཏན་ཚིགས་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་ཡིན་གྱི་ཆོས་ཅན་དེ་ཁོ་ན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཅི་སྟེ། སྐབས་སུ་ཆུད་ཅེས་བྱ་
བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཐོ་འཚམ་པའི་ཕྱིར། དེ་ཅི་ཉོན་མོངས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འགའ་ཞིག་གིས་མ་ནིང་ཆུང་མར་བླངས་ནས་བུ་ཚོལ་བར་བྱེད་དོ་ཞེས་གྲགས་པ་ལྟར་འདི་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གཏན་ཚིགས་ཀྱི་མེད་ན་མི་

འབྱུང་བ་ཉིད་ནི་ཕོ་ཉིད་ཡིན་ནོ། །དེ་དང་བྲལ་བ་ནི་མ་ནིང་ཡིན་ན། ཇི་ལྟར་མེད་ན་མི་འབྱུང་བ་དང་བྲལ་བའི་མ་ནིང་དེ་དང་འདྲ་བ་དེ་ཉེ་བར་བསྟན་ནས། ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་ངེས་པའི་མཚན་ཉིད་ཀྱི་བུ་ཚོལ་བར་བྱེད། དེ་ཉིད་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཆོས་ཅན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། གཏན་ཚིགས་གང་ཞིག་སྐབས་སུ་བབ་པའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་མེད་ཀྱང་། ཡོད་པ་དེ་དང་འདྲ་བའི་གཏན་ཚིགས་དེ་ཆོས་ཅན་ལ་ཉེ་བར་བསྟན་ནས་ཆོས་ཅན་དེ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཞེས་ཇི་སྐད་དུ་བྱ། ཡང་གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་དེ་ཉིད་ཀྱི་
ཕྱིར། གནོད་པ་མེད་པ་སྨོས་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱ་ལ་ཕ་རོལ་པོ་ན་རེ། གང་གི་ཕྱིར་ཁོ་ནར་གཏན་ཚིགས་མངོན་པར་འདོད་པའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་མེད་པར་ཡང་ཡོད་པར་འགྱུར་བར་དོགས་པ་དེ་ཁོ་ནའི་ཕྱིར་ཁོ་
བོས་ཚད་མ་དག་གིས་གནོད་པར་མ་བྱས་པའི་ཆོས་དང་ལྡན་པའི་ཆོས་ཅན་ཞེས་གསལ་བར་བྱེད་དོ་ཞེས་སྨྲས་ཏེ། གང་ལ་གནོད་པར་མ་བྱས་པའི་ཆོས་ཅན་ཡོད་པ་དེ་ནི་གནོད་པར་མ་བྱས་པའི་ཆོས་དང་ལྡན་པའི་ཆོས་ཅན་ནོ། །འདི་སྐད་དུ་གང་གི་ཕྱིར་ཁོ་ནར་གནོད་པར་བྱས་པའི་ཆོས་དང་ལྡན་པའི་ཆོས་ཅན་ཡང་སྲིད་པ་
དེ་ཁོ་ནའི་ཕྱིར་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་མཚན་ཉིད་གཞན་དུ་བརྗོད་དོ་ཞེས་སྨྲས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། དེ་དག་གནོད་པ་མེད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་ན་ཚད་མ་དག་གིས་གནོད་པར་མ་བྱས་པའི་ཆོས་དང་
ལྡན་པ་དེ་ལྟ་བུའི་ཆོས་ཅན་རྣམ་པར་འཇོག་ན། འོ་ན་ནི་འདི་ལྟར་གནོད་པ་མེད་པ་ཁོ་ནས་བསྒྲུབ་པར་བྱ་བ་གྲུབ་པར་འགྱུར་བས་གཏན་ཚིགས་ཅུང་ཟད་ཀྱང་མི་དགོས་སོ། །འདི་ལྟར་གནོད་པར་བྱེད་པས་བསྒྲུབ་པར་བྱ་བའི་ཆོས་སེལ་བར་བྱེད་པ་ཡིན་ན། གལ་ཏེ་དེ་མེད་ན་གོ་འོ་ན་ནི་བསྒྲུབ་པར་བྱ་བའི་ཆོས་གྲུབ་པའི་
ཕྱིར། གཏན་ཚིགས་དགོས་པ་དང་འགལ་བ་ཡང་མེད་དོ། །འདི་ལྟར་འདིར་བསྒྲུབ་པར་བྱ་བའི་ཆོས་མེད་པ་གནོད་པར་བྱེད་པའི་ཚད་མས་འཇུག་པར་ངེས་པ་ཞིག་གམ། འོན་ཏེ་མ་ངེས་པ་ཞིག་ཡིན་ཞེས་བྱ་བ་རྣམ་པར་བརྟག་པ་གཉིས་སོ། །རྣམ་པར་བརྟག་པ་དང་པོའི་དབང་དུ་བྱས་ནས། བསྒྲུབ་པར་བྱ་བ་མེད་པ་

ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གནོད་པར་བྱེད་པའི་ཚད་མ་ཁོ་ནས་ཐམས་ཅད་ལ་བསྒྲུབ་པར་བྱ་བ་མེད་པར་བྱེད་ན་ནི། དེའི་ཚེ་གང་ན་གནོད་པར་བྱེད་པའི་ཚད་མ་མེད་པ་དེ་ན་བསྒྲུབ་པར་བྱ་བ་ཡང་། དེ་ཁོ་ན་ལས་འགྲུབ་པར་འགྱུར་བས་གཏན་ཚིགས་དོན་མེད་དོ། །དེ་ལ་འདི་
སྙམ་དུ་དེ་ནས་གནོད་པ་ཡོད་པ་ཁོ་ན་སྟེ། དེས་ན་གཏན་ཚིགས་དོན་ཡོད་པར་འགྱུར་རོ་སྙམ་ན། དེའི་ཕྱིར་གནོད་པ་ཡོད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་ལ་གནོད་པ་ཡོད་ན་དེའི་ཚེ་སྒྲུབ་པ་ལ་ནུས་པ་མེད་པའི་ཕྱིར། གཏན་ཚིགས་ཤིན་ཏུ་ཡང་དོན་མེད་པ་ཉིད་དོ། །འདི་ལྟར་
གནོད་པར་བྱེད་པའི་ཚད་མ་སྲིད་ན་གཏན་ཚིགས་ཀྱིས་རང་གི་བསྒྲུབ་པར་བྱ་བ་སྒྲུབ་པར་མི་ནུས་སོ། །དེའི་ཕྱིར་དེ་ཅིར་དགོས། རྣམ་པར་བརྟག་པ་གཉིས་པའི་དབང་དུ་བྱས་ནས། མ་ངེས་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ངེས་པའི་ཕྱོགས་ལ་ནི་ཚིག་གི་དོན་གནོད་པར་
བྱེད་པའི་ཚད་མ་ཡང་མེད་ལ། འོན་ཀྱང་བསྒྲུབ་པར་བྱ་བ་མེད་པ་ཡང་སྲིད་དོ་ཞེས་བྱ་བ་འདིར་འགྱུར་རོ། །གནོད་པར་བྱེད་པའི་ཚད་མ་མེད་པར་བསྒྲུབ་པར་བྱ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་གནོད་པ་མེད་པ་ལ་ནུས་པ་ཆུང་ཟད་ཀྱང་མེད་པ་དེ་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ཆུང་ཟད་
ཀྱང་དགོས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གལ་ཏེ་བསྒྲུབ་པར་བྱ་བ་མེད་པ་གནོད་པར་བྱེད་པའི་ཚད་མ་ཁོ་ནས་བྱེད་ན། དེའི་ཚེ་གནོད་པ་ཡོངས་སུ་སྤང་བའི་ཕྱིར། གནོད་པར་མ་བྱས་པའི་ཡུལ་ཅན་སྨོས་པའི་དོན་ཡོད་པ་ཡིན་ནོ། །གང་གི་ཚེ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཡང་
བསྒྲུབ་པར་བྱ་བ་མེད་པ་ཁོ་ན་ཡིན་པ་དེའི་ཚེ་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་སྨོས་པ་དོན་མེད་པ་ཡིན་ནོ། །འདི་སྐད་དུ་གལ་ཏེ་གང་གནོད་པ་མེད་པ་དེ་ན་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ཡོད་པ་དེའི་ཚེ་གནོད་པ་མེད་པ་སྨོས་པར་རིགས་པ་ཉིད་དོ། །གང་གི་ཚེ་གནོད་པ་མེད་པ་བཞིན་དུ་ཡང་
བསྒྲུབ་པར་བྱ་བ་མེད་པ་དེའི་ཚེ་གནོད་པ་མེད་པ་སྨྲས་པ་དེས་ཅི་ཞིག་བྱ་ཞེས་བཤད་པ་ཡིན་ནོ། །ཕ་རོལ་པོས་ཕྱོགས་གཉིས་ཀ་ལ་བཤད་པའི་ཉེས་པས་འཇིགས་པའི་ཕྱིར། ལམ་གཞན་ལ་བརྟེན་པར་བྱ་བར་གནོད་པ་མེད་པ་ནི་ཞེས་བྱ་བ་སྨོས་ཏེ། གང་གིས་ན་གནོད་པ་མེད་པ་ཁོ་ནས་བསྒྲུབ་

པར་བྱ་བ་འགྲུབ་པར་འགྱུར་བ་གནོད་པ་མེད་པའི་སྒྲར་མི་བརྗོད་དོ། །འོ་ན་ཅི་ཞེ་ན། གནོད་པ་མི་དམིགས་པ་ནི་གནོད་པ་མེད་པ་ཡིན་ནོ། །གནོད་པ་མི་དམིགས་པ་དེ་ཡང་མཐོང་བ་ནི་ཉེས་པ་དང་བཅས་པ་ཡིན་པའི་ཕྱིར། རེས་འགའ་གནོད་པ་སྲིད་ཀྱང་སྐྱེས་བུ་ལ་ཡོད་པར་འགྱུར་ཏེ། རེས་
འགའ་གནོད་པ་ཡོད་ཀྱང་མི་མཐོང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་དེ་ནི་གཏན་ཚིགས་སྦྱོར་བའི་ཡུལ་དུ་འགྱུར་རོ། །འདི་སྐད་དུ་གང་གི་ཚེ་གནོད་པ་མི་དམིགས་པ་ལ་གནོད་པ་མེད་པ་ཞེས་བྱ་བ་དེའི་ཚེ་གཏན་ཚིགས་ཀྱང་འབྲས་བུ་ཡོད་པ་ཡིན་ལ། གནོད་པར་མ་བྱས་པ་ཡང་
སྨོས་པས་བྱ་བ་ཡིན་ནོ་ཞེས་སྨྲས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཅོ་འདྲི་བར་བྱ་བའི་ཕྱིར། གཏན་ཚིགས་གནོད་པ་དམིགས་པ་ལ་འཇིགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་གཏན་ཚིགས་གནོད་པ་དམིགས་པ་ལ་འཇིགས་ཀྱི། གནོད་པ་ལ་མ་ཡིན་ནམ་ཅི་ན་ཁྱོད་གནོད་པ་
ཚད་མར་བཟུང་ནས། གནོད་པ་མི་དམིགས་པ་ཙམ་ལ་གཏན་ཚིགས་སྦྱོར་བར་བྱ་བར་འདོད། རེ་ཞིག་གནོད་པ་ལ་འཇིགས་པར་བྱ་བ་གང་ཡིན་པ་ནི་རིགས་ཏེ། དེ་ནི་སྲིན་པོ་བཞིན་དུ་གཏན་ཚིགས་ཀྱི་བྱིས་པ་ཐམས་ཅད་ཟ་བར་བྱེད་ཀྱི། དམིགས་པ་ཉོན་མོངས་པ་དང་བྲལ་བ་ནི་ཟ་ཡང་ཅི་ཞིག་ཟ་བར་འགྱུར།
གྲུབ་པའི་མཐའ་སྨྲ་བས། ཕ་རོལ་པོ་དམ་འཆའ་བ་ལེན་དུ་གཞུག་པའི་ཕྱིར། གཏན་ཚིགས་དེ་དོན་དམ་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་གཏན་ཚིགས་སྦྱོར་བ་གང་ཡིན་པ་དེ་དོན་དམ་པར་གནོད་པ་སྲིད་ཀྱང་རུང་མི་སྲིད་ཀྱང་རུང་། མི་ལྟོས་པར་གནོད་པ་མི་དམིགས་པ་ཙམ་ལ་སྦྱར་བར་བྱའམ་ཅི།
ཕ་རོལ་པོས་སྨྲས་པ་སྦྱར་བར་བྱ། ལེགས་པར་སྦྱར་བར་བྱ། རབ་ཏུ་སྦྱར་བར་བྱའོ། །གྲུབ་པའི་མཐའ་སྨྲ་བས། ཅིའི་ཕྱིར་སྦྱར་བར་བྱ་ཞེས་བྱ་བ་སྨོས་ཏེ། དོན་གང་ཞིག་བསྒྲུབ་པར་བྱ་བའི་ཕྱིར་ཕ་རོལ་པོས་བསྒྲུབ་པར་བྱ་བ་འགྲུབ་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བ་གྲུབ་ཀྱང་ཅི་མ་རུང་སྙམ་ནས།
གཏན་ཚིགས་སྦྱོར་རོ། །གྲུབ་པའི་མཐའ་སྨྲ་བས། དེས་ལ་ལར་གནོད་པ་ཡོད་བཞིན་དུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བསྒྲུབ་པར་བྱ་བ་འགྲུབ་པར་བྱ་བའི་ཕྱིར། གཏན་ཚིགས་སྦྱོར་ན་དེས་ལ་ལར་གནོད་པ་ཡོད་བཞིན་དུ་བསྒྲུབ་པར་བྱ་བ་གྲུབ་པར་ནུས་སམ་ཞེ་ན། གང་གི་ན་ཁྱོད་གནོད་པ་མེད་པར་བྱ་བ་

ལ་འབད་པར་ཡང་མི་བྱེད་ལ། བསྒྲུབ་པར་བྱ་བ་འགྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་ཀྱང་སྦྱོར། བརྒྱ་ལ་ཕ་རོལ་པོ་ན་རེ། ནུས་པ་ཁོ་ནའོ་ཞེས་ཟེར་ན་དེའི་ཕྱིར། དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གནོད་པ་ཡོད་བཞིན་དུ་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་སྒྲུབ་
པར་ནུས་ན་དེ་ལྟ་ན་ཡང་གནོད་པ་མ་བྱས་པའི་ཡུལ་ཅན་ཉིད་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་ཀྱིས་ཅི་ཞིག་བྱ་སྟེ། འདིར་ཁྱེད་གནོད་པ་ཡོད་བཞིན་དུ་ཡང་གཏན་ཚིགས་འདིས་ནུས་པར་འདོད་དོ། །གང་གི་ཚེ་གནོད་པ་ཡོད་ན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་སྒྲུབ་པར་མི་ནུས་པའི་དེའི་ཚེ་གནོད་པར་མ་བྱས་པའི་
ཡུལ་ཅན་ཉིད་ཀྱི་མཚན་ཉིད་བྱ་བར་རིགས་ཀྱི་གང་གི་ཚེ་ཡོད་བཞིན་དུ་ཡང་སྒྲུབ་པ་བྱེད་པ་དེའི་དེ་ཅི་དགོས། དེ་ལྟར་ན་ཕ་རོལ་པོ་གནོད་པ་ཡོད་བཞིན་དུ་ཡང་གནོད་པ་མི་དམིགས་པ་ཙམ་གྱིས་གཏན་ཚིགས་སྦྱོར་བར་ཁས་ལེན་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཕ་རོལ་པོ་གནོད་པ་དམིགས་པ་ལ་
ཡང་གཏན་ཚིགས་སྦྱོར་བ་བྱེད་དུ་གཞུག་པའི་ཕྱིར། དེ་ལྟ་ན་ཡང་ཐེ་ཚོམ་ཅན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱོད་གནོད་པ་ཡོང་བཞིན་དུ་མི་དམིགས་པ་ཙམ་གྱིས་གཏན་ཚིགས་སྦྱོར་བར་འདོད་ན་དེ་ལྟ་ཡིན་ན། ཇི་ལྟར་ཁྱོད་གནོད་པ་ཡོད་བཞིན་དུ་ཡང་གནོད་པ་ཁས་བླངས་ནས་མི་དམིགས་པ་ཙམ་
གྱིས་གཏན་ཚིགས་སྦྱོར་བ་ཁས་ལེན་པ་དེ་བཞིན་དུ། གནོད་པ་དམིགས་པ་ལ་ཡང་གཏན་ཚིགས་སྦྱོར་བར་འགྱུར་རོ། །འདི་ལྟར་གལ་ཏེ་མི་དམིགས་པ་ལ་ཡང་གནོད་པ་ཁས་བླངས་ནས་སྦྱོར་བར་བྱེད་ན། དེའི་ཚེ་དམིགས་པའི་ཕྱོགས་ལ་ཡང་ཁས་ལེན་པ་ཡོད་པས་གནོད་པ་དམིགས་པ་ལ་ཡང་སྦྱོར་བར་འདོད་
པར་གྱིས་ཤིག །ཐེ་ཚོམ་ཅན་ལ་ནི་གལ་ཏེ་གནོད་པ་ཁས་བླངས་ནས་གཏན་ཚིགས་མི་སྦྱོར་ན། དེའི་ཚེ་དེ་གནོད་པ་ཡོད་པ་བཞིན་དུ་ཡང་གཏན་ཚིགས་ཁོ་ན་སྟོབས་དང་ལྡན་པ་ཡིན་ནོ་ཞེས་གཏན་ཚིགས་སྦྱོར་བ་ལ་འཇུག་པར་མི་འགྱུར་བ་ཉིད་དོ། །ཁས་ལེན་ན་ནི་ཁྱད་པར་མེད་པའི་ཕྱིར། གདོན་མི་ཟ་བར་
དམིགས་པའི་ཕྱོགས་ལ་ཡང་གནོད་པ་ཡོད་པ་ཁས་བླངས་ནས་སྦྱོར་བར་འདོད་པར་བྱའོ། །དེ་ལྟར་མ་ཡིན་ཏེ་ཁས་མི་ལེན་ན་ཅི་གནོད་པ་ཡོད་དམ། འོན་ཏེ་མེད་ཅེས་ཐེ་ཚོམ་ཟ་བར་འགྱུར་རོ། །དེའི་ཕྱིར་ཐེ་ཚོམ་ཅན་ལ་ཁས་བླངས་ནས་གཏན་ཚིགས་སྦྱོར་བ་ལ་འཇུག་པར་བྱེད་པར་མི་འགྱུར་བ་ཉིད་དེ། རྟོགས་པ་

སྔོན་དུ་གཏོང་པ་རྣམས་ནི་ཐེ་ཚོམ་གྱི་འཇུག་པ་མ་ཡིན་ནོ། །ཡང་ན་མི་དམིགས་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། གང་ལ་ཐེ་ཚོམ་ཟ་བ་དེ་ལ་ནི་ཅི་གནོད་པ་ཡོད་དམ། འོན་ཏེ་མེད་ཅེས་བྱ་བ་ཕྱོགས་གཉིས་སུ་འགྱུར་རོ། །དེ་ལ་མེད་པ་ཉིད་ཀྱི་ཕྱོགས་ལ་ནི་གནོད་པ་མེད་པ་ཁོ་ནས་བསྒྲུབ་པར་བྱ་བ་གྲུབ་པར་བསམས་
ནས། གཏན་ཚིགས་དོན་མེད་པར་དོགས་པར་སྦྱོར་བར་མི་བྱེད་དོ། །དེ་ལྟ་བས་ན་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། གདོན་མི་ཟ་བར་གནོད་པ་ཁས་བླངས་ནས་གཏན་ཚིགས་སྦྱོར་བར་འདོད་པར་བྱའོ། །ཁས་ལེན་པ་ཡིན་ན་ནི། དམིགས་པ་དང་མི་དམིགས་པའི་ཕྱོགས་དག་ཁྱད་པར་མེད་པའི་ཕྱིར། དམིགས་པ་
ལ་ཡང་གནོད་པའི་གཏན་ཚིགས་ཀྱི་སྦྱོར་བ་བྱོས་ཤིག །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་གནོད་པ་ཡོད་ན་མི་ནུས་སོ་ཞེས་བྱ་བ་སྨོས་ཏེ། གནོད་པ་ཡོད་ན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་སྒྲུབ་པར་ནུས་པ་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། གལ་ཏེ་དེ་ལྟར་ན་སྦྱར་ཀྱང་
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་གནོད་པ་ཡོད་ན་གཏན་ཚིགས་ཀྱིས་མི་ནུས་ན། དེ་ལྟ་ན་ནི། འོ་ན་གཏན་ཚིགས་སྦྱར་ཀྱང་གནོད་པས་བྱས་པའི་མི་ནུས་པར་འགྱུར་དུ་འོང་བས་ཇི་སྲིད་དུ་གནོད་པ་མི་སྲིད་པ་གཏན་ལ་མ་བབ་པ་དེ་སྲིད་དུ་གཏན་ཚིགས་སྦྱོར་བར་མི་བྱའོ། །འདི་ལྟར་གལ་ཏེ་ཇི་ཞིག་ལྟར་
གནོད་པ་ཡོད་པ་དང་དེའི་གཏན་ཚིགས་སྦྱར་ཀྱང་ནུས་པ་མེད་པ་ཁོ་ན་ཡིན་ནོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་གནོད་པ་མི་དམིགས་ན་ནུས་སོ་སྙམ་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་གནོད་པ་མི་དམིགས་པ་དེའི་ཚེ་གཏན་ཚིགས་ནུས་པ་ཁོ་ན་ཡིན་ནོ། །འདིས་ཡང་ཕ་རོལ་པོའི་བསམ་
པ་ནི། གང་ན་གནོད་པ་མི་དམིགས་པ་དེ་ནི་དེ་མེད་པ་ཁོ་ནའོ་སྙམ་པ་འདི་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། དམིགས་པས་གནོད་པ་ལ་ཁྱབ་པའམ། ཅི་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་དམིགས་པས་གནོད་པ་ལ་ཁྱབ་པའམ་ཅི་ན། རྒྱུ་གང་གིས་ན་འདི་ལྟར་དེ་ལྟ་ཡིན་ན། གཏན་ཚིགས་གནོད་པས་
བྱས་པའི་ནུས་པ་མེད་པར་དོགས་པ་གང་ཡིན་པ་དེར་མི་འགྱུར་བ་དམིགས་པ་ལོག་ན་གནོད་པ་གདོན་མི་ཟ་བར་ལྡོག་པར་ཁས་ལེན། དེ་ལ་འདི་སྙམ་དུ། དམིགས་པས་གནོད་པ་ལ་ཁྱབ་པར་འདོད་པ་ཉིད་དོ་སྙམ་དུ་སེམས་ན་དེའི་ཕྱིར། དེ་ལྟ་ན་ཡང་གནོད་པ་མི་དམིགས་པ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། གལ་ཏེ་དམིགས་པས་གནོད་པ་ལ་ཁྱབ་ན། དེ་ལྟ་ན་ཡང་འདི་ལྟར་གནོད་པ་མི་དམིགས་པ་ཁོ་ན་ལས་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་བས་གཏན་ཚིགས་དོན་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་དམིགས་ན་གནོད་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་ན་གནོད་པ་མི་
དམིགས་པ་དེ་ན་དེ་མེད་པ་ཁོ་ནའོ། །དེ་མེད་ན་བསྒྲུབ་པར་བྱ་བ་གྲུབ་ན་དེ་ལ་གཏན་ཚིགས་ཀྱིས་ཅི་ཞིག་བྱ། དེ་ལ་འདི་སྙམ་དུ་དམིགས་པ་ལོག་ན་གནོད་པ་ལྡོག་པ་མ་ཡིན་པ་ཉིད་དོ་སྙམ་དུ་སེམས་ན། དམིགས་པ་ལོག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དམིགས་པ་ལོག་ཀྱང་གནོད་
པ་མི་ལྡོག་པ། འོ་ན་ནི་ཀྱེ་གཏན་ཚིགས་ནུས་པ་མེད་པ་དེའི་སོ་ན་འདུག་པ་ཡིན་ཏེ། དེའི་ཕྱིར་སྦྱོར་བར་མི་བྱ་བ་ཉིད་དོ། །མཇུག་བསྡུ་བ་བསྟན་པའི་ཕྱིར། དེ་ལྟ་བས་ན་ཆོས་ཅན་ལ་རང་གི་བསྒྲུབ་པར་བྱ་བ་ཡོད་པ་དང་མེད་པ་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ཆོས་ཅན་ལ་
གནོད་པས་བསྒྲུབ་པར་བྱ་བ་བརྩལ་ཀྱང་གཏན་ཚིགས་ཡོད་པ་དེའི་ཕྱིར་ཆོས་ཅན་ལ་བསྒྲུབ་པ་རང་གི་བསྒྲུབ་པར་བྱ་བ་ཡོད་ཀྱང་གཏན་ཚིགས་མེད་ལ་རང་གི་བསྒྲུབ་པར་བྱ་བ་མེད་ཀྱང་ཡོད་པ་ནི་ཅུང་ཟད་ཀྱང་སྒྲུབ་པར་ཡང་མི་བྱེད། འཇིག་པར་ཡང་མི་བྱེད་འགོག་པར་ཡང་མི་བྱེད་དོ། །དེའི་ཕྱིར་གཏན་ཚིགས་
དེ་ལྟ་བུ་ཉེ་བར་བཀོད་པ་ནི། བསྒྲུབ་པར་བྱ་བ་སྒྲུབ་པར་ནུས་པ་མ་ཡིན་ནོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གནོད་པ་དང་མེད་པ་མི་འབྱུང་བ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གནོད་པ་དང་མེད་ན་མི་འབྱུང་བ་དེ་དག་འགལ་བ་དེའི་ཕྱིར་འདི་གཉིས་ལྷན་ཅིག་ཡོད་པ་མ་
ཡིན་ནོ། །དེའི་ཕྱིར་གནོད་པ་མེད་པ་ངོ་བོ་གཞན་མ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །འདི་ལྟར་གང་ན་གནོད་པ་ཡོད་པ་དེ་ན་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བའི་གཏན་ཚིགས་མེད་ལ། གང་ན་མེད་ན་མི་འབྱུང་བ་ཡོད་པ་དེ་ན་གནོད་པ་མེད་པས་མི་འགལ་ལོ། །འགལ་བས་ན་ལྷན་ཅིག་མེད་དོ། །དེ་
ལྟར་གནོད་པ་དང་མེད་ན་མི་འབྱུང་བ་དག་འགལ་བའི་ཕྱིར་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ངོ་བོ་གཞན་པ་ཉིད་བསལ་བ་ཡིན་ནོ། །ཡང་ཚུལ་གཞན་གྱིས་གསལ་བར་བྱ་བའི་ཕྱིར། དེ་དེ་ལས་ཁྱད་པར་གཞན་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མངོན་པར་འདོད་པའི་ཁྱབ་པར་དེ་ལས་

ཁྱབ་པར་གཞན་གྱི་དངོས་པོ་མཚན་ཉིད་གཅིག་ཏུ་སྨོས་པར་འགྱུར་ན། མངོན་པར་འདོད་པའི་ཁྱད་པར་གང་ཞིག་ཡོད་བཞིན་དུ་ཡང་ཁྱད་པར་གཞན་དུ་འདོད་པ་གང་ཞིག་གཞན་དུ་འགྱུར་བ་སྟེ། དཔེར་ན་ཕྱོགས་ཀྱི་ཆོས་ཉིད་ཡོད་བཞིན་ཁོ་ནར་མཐུན་པའི་ཕྱོགས་ལ་ཡོད་པ་གཞན་དུ་འགྱུར་བ་མི་མཐོང་སྟེ། དེའི་
ཕྱིར་མཐུན་པའི་ཕྱོགས་ལ་ཡོད་པས་དེ་ལས་མཚན་ཉིད་གཞན་དུ་སྨོས་པ་ལྟ་བུ་ཞིག་ཡིན་གྲང་ན། མེད་ན་མི་འབྱུང་བ་དེ་ཉིད་ཀྱི་ཁྱད་པར་ཡོད་བཞིན་དུ་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་ཁྱད་པར་གཞན་དུ་འདོད་པ་གཞན་དུ་འགྱུར་བ་ནི་མ་ཡིན་ན། དེ་ཇི་ལྟར་ངོ་བོ་གཞན་དུ་སྲིད་པར་འགྱུར་གང་གི་ཕྱིར་དེ་ལྟ་ཡིན་
པ་དེའི་ཕྱིར། རང་གི་བསྒྲུབ་པར་བྱ་བ་དང་འགལ་བ་མེད་ན་མི་འབྱུང་བའི་གཏན་ཚིགས་དང་འགལ་བ་དེ་ལྟ་བུ་དག་གི་ཡུལ་ལ་གནོད་པ་མི་སྲིད་དོ། །དེའི་ཕྱིར་གནོད་པ་མེད་པ་ནི་ལོགས་ཤིག་ཏུ་གཏན་ཚིགས་དང་འགལ་བ་འདི་གཉིས་ཀྱིས་མཚན་ཉིད་དུ་བརྗོད་པར་མི་བྱའོ། །མཇུག་བསྡུ་བའི་ཕྱིར།
དེ་ལྟ་བས་ན་གཏན་ཚིགས་སྦྱོར་བ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གནོད་པ་དང་མེད་ན་མི་འབྱུང་བ་དག་འགལ་བ་དེའི་ཕྱིར། གང་དུ་གཏན་ཚིགས་སྦྱོར་བ་དེར་དམ་བཅས་པའི་ཉེས་པ་རྣམས་སྲིད་པ་མེད་དོ། །འདི་ལྟར་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་གང་ཡིན་པ་དེ་ཉིད་
གཏན་ཚིགས་ཞེས་བྱ་ན། བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བའི་གཏན་ཚིགས་སྦྱོར་བ་དེ་ལ་ལྟ་གནོད་པའི་ངོ་བོའི་དམ་བཅས་པའི་གནོད་པ་རྣམས་ག་ལ་སྲིད། དེ་ལ་འདི་སྙམ་དུ་དམ་བཅས་པ་ཙམ་སྦྱོར་བ་ལ་དམ་བཅས་པའི་ཉེས་པ་རྣམས་སྲིད་པར་འགྱུར་རོ། །སྙམ་དུ་སེམས་ན་དེའི་ཕྱིར། དམ་
བཅས་པ་འབའ་ཞིག་སྦྱོར་བ་ཡང་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་བཅས་པ་འབའ་ཞིག་ཀྱང་སྦྱོར་བ་མ་ཡིན་ཏེ། དེ་ལྟ་བས་ན་དམ་བཅས་པའི་ཉེས་པ་བརྗོད་པར་མི་བྱའོ། །འདི་ལྟར་དམ་བཅས་པ་ཙམ་གྱིས་དོན་འགྲུབ་པར་མི་འགྱུར་བས་གཏན་ཚིགས་དང་བྲལ་བའི་དམ་བཅས་པ་
སྦྱོར་བ་ཉིད་མེད་དོ། །དེའི་ཕྱིར་དམ་བཅས་པའི་ཉེས་པ་རྣམས་ཀྱི་གོ་སྐབས་ཡོད་པར་ལྟ་ག་ལ་འགྱུར། དེ་ལྟར་གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་གསལ་བས། མཚན་ཉིད་གཞན་གསལ་བའི་ཕྱིར། འདིས་ནི་གྲངས་གཅིག་བརྗོད་པར་འདོད་པ་ཅན་ཡང་གསལ་བ་ཡིན་ནོ་ཞེས་བྱ་བ་

སྨོས་ཏེ། གནོད་པར་མ་བྱས་པའི་ཡུལ་ཅན་ཉིད་བསལ་བ་ཁོ་ནས་གྲངས་གཅིག་བརྗོད་པར་འདོད་པ་ཅན་ཡང་གསལ་བ་རིག་པར་བྱའོ། །འདི་ཉིད་ཐ་དད་པའི་ཕྱིར་གཅིག་གསལ་བས་གཉིས་པ་སེལ་བ་མི་སྲིད་པར་བཟུང་ནས། ཇི་ལྟར་བུ་ཞེས་དྲིའོ། །གྲུབ་པའི་མཐའ་སྨྲ་བས།
བསལ་བའི་ཐབས་བསྟན་པའི་ཕྱིར། གཅིག་ནི་རང་གི་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གྲངས་གཅིག་བརྗོད་པ་ཙམ་གྱིས་ནི་འགལ་བར་འཁྲུལ་པ་མེད་པ་སེལ་བར་བྱེད་དོ། །འགལ་བ་འཁྲུལ་པ་མེད་པ་དེ་ལ་ཡང་གཏན་ཚིགས་གཅིག་ནི་རང་གི་བསྒྲུབ་པར་བྱ་བ་ཡོད་པ་
ཁོ་ནས་ཡོད་པའི་ཕྱིར། རང་གི་བསྒྲུབ་པར་བྱ་བ་དེར་འཁྲུལ་པ་མེད་པ་ཅན་ཡིན་ཏེ། དཔེར་ན་སྒྲ་ནི་མི་རྟག་པ་སྟེ། བྱས་པའི་ཕྱིར་སྒྲ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །སྒྲ་དེ་ཉིད་ལ་དེ་ལས་གཞན་པ་བྱས་པ་དེ་ལས་གཞན་པ་མཉན་པར་བྱ་བ་ཉིད་ལ་སོགས་པ་དེ་ལས་གནོད་པར་བྱེད་པ་མི་རྟག་པ་ཉིད་ལ་
གནོད་པ་བྱེད་པ་རྟག་པ་ཉིད་ཡོད་པ་ཁོ་ན་ཡང་ཡོད་པའི་ཕྱིར་བྱས་པ་ཉིད། དེ་དང་འགལ་བས་ན་གནོད་པ་དང་མཚུངས་ཏེ། དཔེར་ན་སྒྲ་ནི་རྟག་སྟེ་མཉན་པར་བྱ་བ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །གནོད་པ་ནི་མེད་ན་མི་འབྱུང་བ་ཡོད་ན་མི་འཐད་དོ། །མེད་ན་མི་འབྱུང་བ་ཡང་གནོད་པ་
ཡོད་ན་མི་འཐད་དོ། །འདིར་ཡང་མི་རྟག་པ་ཉིད་མེད་པ་མི་འབྱུང་བའི་བྱས་པ་ཉིད་སྲིད་ན་རྟག་པ་ཉིད་མི་འཐད་ལ། རྟག་པ་ཉིད་མེད་ན་མི་འབྱུང་བའི་མཉན་པར་བྱ་བ་ཉིད་སྲིད་ན་ཡང་མི་རྟག་པ་ཉིད་མི་འཐད་པས། གནོད་པ་དང་མཚུངས་པ་ཡིན་ནོ། །གཏན་ཚིགས་གཞན་བསྟན་པར་བྱ་བའི་ཕྱིར་
གཞན་ཡང་ཅི་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་གང་ཞིག་ལ་དངོས་སུ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པ་དེ་ཡང་དག་པའི་ཤེས་པའི་རྒྱུའམ་བཟློག་པའི་རྒྱུར་འདོད་དམ། འོན་ཏེ་གང་ཞིག་ལ་གཏན་ཚིགས་ཀྱི་ཟླ་བོ་རབ་ཏུ་མ་བསྟན་པ་ཞིག་ཡིན། ཕ་རོལ་པོས་གཉི་ག་ལྟར་
ཡང་ཉེས་པ་མ་མཐོང་ནས། ཅིར་འགྱུར་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཉི་ག་ལ་ཡང་ཉེས་པ་ཅི་ཡོད། གྲུབ་པའི་མཐའ་སྨྲ་བས། ཕྱོགས་དང་པོ་ལ་ཉེས་པ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་གཏན་ཚིགས་ཀྱི་ཟླ་བོ་མ་བསྟན་པ་ཞིག་ཡིན་ནོ་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གལ་ཏེ་གང་

ལ་གཏན་ཚིགས་ཀྱི་ཟླ་བོ་མི་སྲིད་པ་ཉིད་ཡིན་པ་དེ་འདོད་ན་དེའི་ཚེ་གཏན་ཚིགས་ཀྱི་ཟླ་བོ་མེད་པ་ཉིད་ཅེས་བྱ་བའི་མཚན་ཉིད་དུ་འདོད་པ་གང་ཡིན་པ་དེ། མཚན་ཉིད་མ་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། ངེས་པར་བྱ་བར་མི་ནུས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དོན་དེ་ལྟ་བུ་ལ་ནི་འདི་ལ་གཏན་ཚིགས་ཀྱི་
ཟླ་བོ་མི་སྲིད་པ་ཁོ་ནའོ་ཞེས་ངེས་པར་བྱ་བར་མི་ནུས་སོ། །དེ་ལྟ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། གཏན་ཚིགས་མེད་པ་ཡང་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡིན་ན། གཏན་ཚིགས་མེད་པར་ཡང་འགྱུར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་སྒོ་ནས་འཐད་པ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་
ཚིག་གི་དོན་ནི་དེའི་ཕྱིར་གཏན་ཚིགས་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །འདིར་གཏན་ཚིགས་སུ་སྒྲུབ་པར་བྱེད་པའི་ཆོས་མ་ངེས་པའི་བདག་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པར་བྱེད་པའི་ཆོས་མ་ངེས་པའི་རང་གི་ངོ་བོ་ནི་རྒྱུ་སྒྲུབ་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ཡིན་པར་མི་སྲིད་དོ། །
ཅི་དང་འདྲ་ཞེ་ན། ཕྱོགས་ཀྱི་ཆོས་ཐེ་ཚོམ་ཅན་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཕྱོགས་ཀྱི་ཆོས་ཐེ་ཚོམ་ཅན་ལ་ཕྱོགས་ཀྱི་ཆོས་ཉིད་དུ་ཐ་སྙད་མི་འདོགས་པ་བཞིན་ནོ། །གལ་ཏེ་མཚན་ཉིད་ལ་ཐེ་ཚོམ་ཟ་བར་ཆུག་ན་ཡང་གཏན་ཚིགས་གོ་ཅིའི་ཕྱིར་མ་ཡིན་ཞེ་ན། ཐེ་ཚོམ་ཅན་གྱི་མཚན་ཉིད་
ནི་གཏན་ཚིགས་ཀྱང་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེ་ཚོམ་ཅན་གྱི་མཚན་ཉིད་ནི་གཏན་ཚིགས་སུ་རྣམ་པར་མི་གཞག་སྟེ། དེའི་ཕྱིར་ཡང་གཏན་ཚིགས་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མཚན་ཉིད་མཚུངས་པ་ལ། ཟླ་བོ་སྲིད་པ་མཐོང་ན་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གང་གི་མཚན་ཉིད་དུ་མཐུན་པའི་གཏན་ཚིགས་གཅིག་ལ་ཟླ་བོ་མཐོང་བ་དེའི་ཚེ། ཟླ་བོ་མ་མཐོང་བ་དག་ལས་ཡང་དོགས་པ་སྐྱེད་པར་བྱེད་དེ། གང་དག་ལ་ཟླ་བོ་མ་མཐོང་བ་དེ་དག་ལ་ཡང་དོགས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཏན་ཚིགས་སུ་ཁྱད་པར་
མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདིར་ཚུལ་གསུམ་པ་ལས་ནི་ཁྱད་པར་འགའ་ཡང་མེད་དོ། །བརྒྱ་ལ་ཕ་རོལ་པོ་ཁྱད་པར་ཁས་ལེན་པར་འགྱུར་ན། དེའི་ཕྱིར་ཁྱད་པར་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་བདག་ཉིད་དམ་དེ་ལས་བྱུང་བའི་ཁྱད་པར་ཞིག་ཡོད་ན་དེའི་ཚེ་ཁྱད་པར་

དེ་ཉིད་གཏན་ཚིགས་ཀྱི་མཚན་ཉིད་ཡིན་པར་འགྱུར་རོ། །ཁྱད་པར་དེ་ཉིད་གཏན་ཚིགས་ཀྱི་མཚན་ཉིད་ཡིན་དུ་ཟད་མོད་ཀྱི་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དེས་གཉེན་པོ་གཅིག་ཏུ་བསལ་བའི་གཏན་ཚིགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་དེ་དང་ལྡན་
པས་གཉེན་པོ་གཅིག་ཏུ་བསལ་བའི་གཏན་ཚིགས་དེས་རང་གི་བསྒྲུབ་པར་བྱ་བ་ངེས་པར་བྱེད་དོ། །དེའི་ཕྱིར་དེའི་མཚན་ཉིད་ཅན་མ་ཡིན་པ་ཁྱད་པར་དེ་ལྟ་བུ་དང་ལྡན་པ་མ་ཡིན་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་པར་མི་འགྱུར་རོ། །གང་ལ་ཟླ་བོ་མེད་པ་ཁོ་ན་ཡིན་པ་དེ་ནི་གཉེན་པོ་གཅིག་ཏུ་བསལ་བ་ཞེས་
བྱའོ། །དེའི་མཚན་ཉིད་ཅན་མ་ཡིན་པ་ཞེས་བྱ་བ་འདི་ལ་ཁྱད་པར་དེའི་མཚན་ཉིད་ཡོད་པས་འདི་ནི་དེའི་མཚན་ཉིད་ཅན་ནོ། །དེའི་མཚན་ཉིད་ཅན་མ་ཡིན་པ་ནི་དེའི་མཚན་ཉིད་ཅན་མ་ཡིན་པའོ། །དེའི་མཚན་ཉིད་ཅན་མ་ཡིན་པའི་གཏན་ཚིགས་ཉིད་མ་ཡིན་ན་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། དེའི་
ཕྱིར་དེ་ལྟ་ན་གྲངས་གཅིག་བརྗོད་པར་འདོད་པ་ཅན་དོན་མེད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཟླ་བོ་གཉིས་པ་དེའི་མཚན་ཉིད་ཅན་མ་ཡིན་ནོ། །དེའི་ཚེ་འདི་གཏན་ཚིགས་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་གྲངས་གཅིག་ཉིད་བརྗོད་པར་འདོད་པ་ཅན་གྱིས་གང་ཞིག་རྣམ་པར་གཅོད་པར་བྱེད་དེ།
གྲངས་གཅིག་བརྗོད་པར་འདོད་པ་ཅན་ཉིད་དོན་མེད་པ་ཡིན་ནོ། །དེའི་མཚན་ཉིད་ཅན་མ་ཡིན་པ་དང་ལྡན་པ་གཏན་ཚིགས་ཉིད་མ་ཡིན་ན་ཡང་། ཉེས་པ་བསྟན་པར་བྱ་བའི་ཕྱིར། འདིའི་ཕྱིར་འགལ་བར་འཁྲུལ་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དེའི་མཚན་ཉིད་
ཅན་མ་ཡིན་པ་ལ། གཏན་ཚིགས་ཉིད་མེད་པ་དེའི་ཚེ་འགལ་བར་འཁྲུལ་པ་མེད་པའི་མཚན་ཉིད་བསལ་བར་འགྱུར་རོ། །འདི་ལྟར་རང་གི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་དག་ཆོས་ཅན་གཅིག་ལ་བསྒྲུབ་པར་བྱ་བའི་ཆོས་ཕན་ཚུན་འགལ་བ་སྒྲུབ་པར་བྱེད་པ་ཉིད་ཀྱི་འགལ་བར་འདུ་ན། འགལ་
བར་འཁྲུལ་པ་མེད་པ་ཞེས་བྱ་བ་སྟེ། དེའི་མཚན་ཉིད་ཅེས་བྱ་ན། དེ་ཡང་དེ་ལྟ་ཡིན་པ་བསལ་བར་འགྱུར་རོ། །དེ་ལ་འདི་སྙམ་དུ་གང་དུ་ཁྱད་པར་དེ་ཡོད་པ་དེར་འགལ་བར་འཁྲུལ་པ་མེད་པ་ཡོད་པར་མ་གྱུར་དུ་ཆུག་ན་ཡང་། གཞན་དུ་གོ་སུ་ཞིག་གིས་ཟློག་པར་བྱེད་ཅེ་ན། གང་ཞིག་རྟོགས་ནས་ཟླ་བོ་

སྲིད་དམ་མི་སྲིད་པ་དག་བལྟ་བར་བྱ་བ་ཁྱད་པར་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་གང་ཞིག་རྟོགས་ནས་གཏན་ཚིགས་རྣམས་ཀྱི་ཟླ་བོ་སྲིད་དམ་མི་སྲིད་པ་དག་བལྟ་བར་བྱ་བ་སྟེ། འདི་ལ་ནི་ཁྱད་པར་འདི་ཡོད་དེ། དེ་ལྟ་བས་ན་འདི་ལ་ནི་ཟླ་བོ་ཡོད་པར་མི་འགྱུར་རོ། །འདི་ལ་ནི་ཁྱད་པར་མེད་
པས་འདི་ལ་ནི་ཟླ་བོ་ཡོད་པར་འགྱུར་རོ་ཞེས་དེ་ལྟར་གཏན་ལ་དབབ་པར་བྱ་བ་ཁུ་ཚུར་བཅངས་པའི་ཚུལ་དུ་སྨྲས་པའི་ཁྱད་པར་གང་ཡིན་པའི་ཁྱད་པར་དེའི་རང་གི་ངོ་བོ་མི་སྟོན་ཏམ། མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཁྱད་པར་མེད་པ་ཁོ་ན་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ཁོ་བོ་གཞན་དུ་ཁྱད་
པར་གྱི་ངོ་བོ་མི་སྟོན་པ་དེའི་ཕྱིར་ཁྱད་པར་མེད་པ་ཁོ་ན་ཡིན་ནོ། །ཁྱད་པར་མེད་པའི་ཕྱིར། ཐམས་ཅད་དུ་ཟླ་བོ་ཡོད་དམ་མེད་ཅེས་དོགས་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་གང་ལ་ཟླ་བོའི་གཏན་ཚིགས་མཐོང་བ་དེ་ཉིད་གཏན་ཚིགས་མ་ཡིན་གྱི། གང་ལ་མ་མཐོང་བ་དེ་ཉིད་གཏན་ཚིགས་ཡིན་པར་འགྱུར་རོ་སྙམ་དུ་
སེམས་ན་དེའི་ཕྱིར། ཟླ་བོའི་གཏན་ཚིགས་མཐོང་བའི་གཏན་ཚིགས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ཟླ་བོའི་གཏན་ཚིགས་མཐོང་བ་དེ་ཡང་དང་པོ་ཉིད་དུ་ཟླ་བོའི་གཏན་ཚིགས་མཐོང་བ་དང་། ལྷན་ཅིག་གང་གི་ན་འདི་ནི་གཏན་ཚིགས་ཡིན་ནོ། །འདི་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་
ངེས་པར་འགྱུར་བའི་ཁྱད་པར་ནི་འགའ་ཡང་མི་དམིགས་སོ། །དེ་ལ་འདི་སྙམ་དུ་གང་དག་ལ་ཟླ་བོའི་གཏན་ཚིགས་སྲིད་པ་དེ་དག་ནི་གདོན་མི་ཟ་བར་དམིགས་པར་འགྱུར་རོ། །དེའི་ཕྱིར་དེ་དག་ཁོ་ན་གཏན་ཚིགས་ཉིད་དུ་འགྱུར་གྱི། གཞན་དག་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་ཟླ་བོའི་གཏན་
ཚིགས་སྲིད་པ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ལ་ཟླ་བོའི་གཏན་ཚིགས་སྲིད་པ་དེ་དག་གི་ཡང་དེ་དག་གདོན་མི་ཟ་བར་དམིགས་པ་ནི་མ་ཡིན་ནོ། །གལ་ཏེ་མི་དམིགས་ན་འོ་ན་ནི་དེ་མེད་པ་ཁོ་ན་ཡིན་མོད་ཅེ་ན། དེའི་ཕྱིར། ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཕུལ་དུ་གྱུར་པ་གང་ཡིན་པ་དེ་ཁོ་ནས་བརྟགས་ནས་མཐོང་གི། གཞན་གྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཟླ་བོའི་གཏན་ཚིགས་སྲིད་དམ་མི་སྲིད་པ་དག་ངེས་པ་མེད་དོ། །དེའི་ཕྱིར། གཏན་ཚིགས་ཀྱི་མཚན་ཉིད་མ་ངེས་པའི་ཕྱིར།

འགའ་ཡང་གཏན་ཚིགས་སུ་མི་འགྱུར་རོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །དེ་ལྟར་ཟླ་བོའི་གཏན་ཚིགས་ཉིད་མི་སྲིད་པ་བསལ་ནས་རྣམ་པར་རྟོག་པ་གཉིས་པ་བསལ་བར་བྱ་བའི་ཕྱིར། འོན་ཏེ་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་ཞིག་ཡིན་ན་ཏེ་ཞེས་བྱ་བ་སྨོས་ཏེ། འོན་ཏེ་གོང་དུ་བཤད་པའི་ཉེས་
པས་འཇིགས་པའི་ཕྱིར། ཟླ་བོའི་གཏན་ཚིགས་ཉིད་མ་བསྟན་པའི་ཕྱོགས་ཁས་ལེན་པར་བྱེད་ནའོ། །ཕྱོགས་འདི་ཁས་བླང་བར་བྱ་བ་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དཔང་པོར་ཉེ་བར་བསྟན་པའི་ཕྱིར། ཇི་ལྟར་བཤད་པ་ལྟ་བུའོ་ཞེས་བྱ་བ་སྨོས་སོ། །ཇི་སྐད་དུ་བཤད་ཅེ་ན། འོ་ན་ནི་གང་གི་ཚེ་སྒྲ་ཉིད་རྟག་པར་ཁས་ལེན་པ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཉན་པར་བྱ་བ་ཉིད་ནི། ཇི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་མ་ཡིན་ནོ་ཞེས་བཤད་པ་དང་། ཕ་རོལ་པོས་འོ་ན་ནི་གང་གི་ཚེ་བརྡ་སྤྲོད་པ་པ་སྤྱིའི་ཁྱད་པར་སྒྲ་ཉིད་རྟག་པར་ཁས་ལེན་པ་དེའི་ཚེ། མཉན་པར་བྱ་བའི་མཚན་ཉིད་ཀྱི་ཕྱོགས་ཀྱི་ཆོས་འདི་
གཏན་ཚིགས་ཡིན་པ་ཁོ་ནར་འགྱུར་ཏེ། སྒྲ་ནི་རྟག་པ་སྟེ་མཉན་པར་བྱ་བ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་ནོ་ཞེས་སྨྲས་སོ། །ཕ་རོལ་པོས་འདི་སྐད་དུ་སྨྲས་པ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་བློ་གྲོས་མཁས་པ་དང་ལྡན་པའི་ཞལ་སྔ་ནས་ཀྱིས། གལ་ཏེ་སྒྲ་ཞེས་བྱ་བའི་ཆོས་ཅན་འདི་ལ་བྱེ་བྲག་པས་མི་རྟག་པ་ཉིད་ཀྱི་གཏན་
ཚིགས་བྱས་པ་ཉིད་དམ། བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ལ་སོགས་པའི་མཚན་ཉིད་གཅིག་བསྟན་པར་མ་གྱུར་ན་ནི། དེའི་ཚེ་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་འདི་གཏན་ཚིགས་ཡིན་པ་ཁོ་ནར་འགྱུར་རོ་ཞེས་བཤད་དོ། །འདི་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་དཔང་པོར་གསོལ་པ་དང་ལག་པ་གཉིས་
ཀྱིས་མགོ་ལ་བཙིར་ནས་ཀུས་འདེབས་ཤིང་། འདི་ནི་དེ་བསྒྲགས་སུ་ཡང་མི་རུང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་མ་ཀྱི་ཧུད་བླ་མ་རྣམས་ཀྱི་ཉེས་པ་བསྒྲགས་པར་རིགས་པ་མ་ཡིན་པས་ན། བླ་མས་སྨྲས་པའི་ཕྱིར་བསྒྲགས་སུ་ཡང་མི་རུང་ལ། ཧ་ཅང་རྔམས་པོ་ཆེ་བཅབ་པར་མི་ནུས་པས་ན་ཧ་ཅང་རྔམས་ཆེ་བའི་ཕྱིར།
བཅབ་ཏུ་ཡང་མི་རུང་བས་ཅི་བླ་མ་སུན་དབྱུང་ངམ། འོན་ཏེ་རིགས་པ་ལ་ཡལ་བར་དོར། ཇི་ལྟར་བྱ་གཏོལ་མེད་པ་ཤིན་ཏུ་སྐོབས་ཆེན་པོར་ཆུད་པ་ཡིན་ན་ཇི་ལྟ་ཞིག་ཏུ་རྒོལ་བར་ནུས། མ་ཤེས་སོ། །འདི་ལ་ཉེས་པ་ཅི་ཞིག་ཡོད་ན། གང་གིས་ན་འདི་མི་བཟད་ཅེ་ན། གཏན་ཚིགས་འདིས་ཇེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

མཉན་པར་བྱ་བ་ཉིད་ཀྱི་གཏན་ཚིགས་གང་ཡིན་པ་འདིས་སོ། །དངོས་པོ་རྣམས་ཀྱང་རང་གི་བསྒྲུབ་པར་བྱ་བའི་དེ་ཉིད་ཀྱི་རང་བཞིན་དུ་བྱས་ཤིང་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་དངོས་པོ་རྣམས་རྟག་པའི་རང་གི་ངོ་བོར་བསྒྲུབས་ཤིང་ངོ་། །དེའི་ཚད་མ་ཅན་གྱི་སྐྱེས་བུ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་
སྤྱོད་པ་དང་། བརྡའ་སྤྲོད་པ་ལ་སོགས་པ་སྐྱེས་བུ་གང་དག་ལ་མཉན་པར་བྱ་བ་ཉིད་དེའི་ཚད་མ་ཡོད་པ་དེ་དག་ནི་དེའི་ཚད་མ་ཅན་རྣམས་ཏེ་དེ་དག་མངོན་པར་མཐོ་བ་མཐོ་རིས་དང་། ངེས་པར་ལེགས་པར་བྱང་གྲོལ་བར་སྦྱར་ནས་སོ། །འདི་ལྟར་དངོས་པོ་དེ་ཉིད་བསྒོམ་པ་ན་ཇི་སྲིད་དུ་ཉོན་
མོངས་པ་རྣམས་ལ་མི་སྤོང་བ་དེ་སྲིད་དུ་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ། །ཉོན་མོངས་པ་རྣམས་སྤོང་ན་ནི་མྱ་ངན་ལས་འདས་པར་འགྲོ་བར་འགྱུར། ཁྱོད་ཀྱིས་སྐྱེས་བུས་གཏན་ཚིགས་གཞན་ཞེས་བྱ་བ་ལ་སོགས་པ་ནི་ཡང་དུས་གཞན་ཕྱིར་ཁྱོད་ཀྱིས་སྐྱེས་བུ་ཤེས་རབ་ཀྱི་རང་བཞིན་ཅན་བྱེ་བྲག་པས་
གཏན་ཚིགས་གཞན་བྱས་པ་ཉིད་བསྟན་ནས། མཉན་པར་བྱ་བ་ཉིད་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་བསྒྲུབ་པའི་ནུས་པ་ལ་གགས་བྱས་པ་ཡིན་ནོ། །དངོས་པོ་དེ་དག་དང་ཞེས་བྱ་བ་ལ་སོགས་པ་ནི། སྒྲ་ལ་སོགས་པ་དངོས་པོ་དེ་དག་དང་། དེའི་ཚད་མ་ཅན་གྱི་སྐྱེས་བུ་དེ་དག་ཀྱང་མངོན་པར་མཐོ་
བ་དང་། ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་ལས་བསྐྱེད་ནས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར། །ཞེས་བྱ་བ་ལ་སོགས་པ་ནི། གང་གི་ཚེ་རྒྱལ་པོ་དབང་ཤོར་བ་ཡིན་པ་དེའི་ཚེ་དཀའ་ཐུབ་ཀྱི་ནགས་ཚལ་ལ་ཀུན་དུ་རྟེན་པར་བྱེད་དོ། །དེ་བཞིན་དུ་མཉན་པར་བྱ་བའི་
མཚན་ཉིད་ཀྱི་གཏན་ཚིགས་འདི་ཡང་གང་གི་ཚེ་བསྒྲུབ་པའི་ནུས་པ་མེད་པར་བྱས་པ་ཡིན་པ་དེའི་ཚེ་འདི་ལྟར་བཞིན་དུ་སྒྲ་ལ་སོགས་པ་དངོས་པོ་དེ་དག་དང་། དེའི་ཚད་མ་ཅན་གྱི་སྐྱེས་བུ་དེ་དག་ཀྱང་དངོས་པོ་དེ་ཉིད་དང་མཐོ་རིས་དང་བྱང་གྲོལ་དག་ལས་འདྲེན་པར་བྱེད། དེ་དག་གིས་ཀྱང་ལག་པ་བརྐྱང་
སྟེ་མཉན་དུ་རུང་བ་ཉིད་སྐྱོབས་ཤིག་མཉན་དུ་རུང་བ་ཉིད་སྐྱོབས་ཤིག་ཅེས་འོ་དོད་འབོད་པར་བྱེད་ལ། གཏན་ཚིགས་དེས་ཀྱང་དེ་དག་ཡོངས་སུ་བསྐྱབ་པར་མི་ནུས་ཏེ། རང་གི་ཉེས་པར་སྤྱད་པ་དག་གིས་དབང་ཤོར་བའི་ཕྱིར་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བས་འདིར་ཁོ་བོས་ཇི་སྐད་དུ་སྨྲ་བར་བྱ།

དེ་ལྟར་ཅོ་དྲིས་པའི་ཕྱོགས་འདི་ལ་ཉེས་པ་ཉེ་བར་བསྟན་པར་བྱ་བའི་ཕྱིར། སྒྲུབ་པ་ཉིད་སྐྱེས་བུའི་སྤོབས་པས་བྱས་པ་ཡང་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པའི་གཏན་ཚིགས་གཏན་ཚིགས་ཉིད་དུ་ཁས་ལེན་ན་གཏན་ཚིགས་ཀྱི་སྒྲུབ་པ་ཉིད་སྐྱེས་བུའི་སྤོབས་
པས་བྱས་པར་འགྱུར་ཏེ། དེའི་ཕྱིར་དངོས་སུ་ན་ཆུང་ཟད་ཀྱང་སྒྲུབ་པའམ། སྒྲུབ་པ་མ་ཡིན་པར་མི་འགྱུར་རོ། །འདི་ལྟར་གང་གི་ཚེ་ཟླ་བོའི་གཏན་ཚིགས་ཉེ་བར་མི་སྟོན་པ་དེའི་ཚེ་ནི་སྒྲུབ་པ་ཡིན་ལ། གང་གི་ཚེ་ཉེ་བར་སྟོན་པ་དེའི་ཚེ་ནི་སྒྲུབ་པ་མ་ཡིན་པས། སྒྲུབ་པ་ཉིད་སྐྱེས་བུའི་སྤོབས་པས་བྱས་པར་འགྱུར་རོ། །ཟླ་བོའི་
གཏན་ཚིགས་རབ་ཏུ་མ་བསྟན་པའི་གཏན་ཚིགས་ཉིད་དུ་ཁས་ལེན་ན། ཅི་གཏན་ཚིགས་དེ་དངོས་པོ་ཆོས་སུ་ཆོས་དེ་ཡོད་པ་ཅན་ཞིག་གམ། འོན་ཏེ་ཆོས་དེ་ཡོད་པ་ཅན་མ་ཡིན་པ་ཞིག་ཅེས་བྱ་བ་རྣམ་པར་བརྟག་པ་གཉིས་སོ། །རྣམ་པར་བརྟག་པ་དང་པོའི་དབང་དུ་བྱས་ནས། གཏན་ཚིགས་དེ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། དང་པོར་གཏན་ཚིགས་སུ་བཟུང་བ་གང་ཡིན་པ་དེ་གལ་ཏེ་ངོ་བོ་ཉིད་ཁོ་ནས། བསྒྲུབ་པར་བྱ་བའི་ཆོས་དེ་ཡོད་པ་ཁོ་ནས་ཡོད་པའམ། བསྒྲུབ་པར་བྱ་བའི་ཆོས་དེ་ཡོད་པར་བྱེད་པ་སྒྲུབ་པར་བྱེད་པ་དེ་ལྟ་བུའི་ངང་ཚུལ་ཅན་ཞིག་ཡིན་ན་ནི། དེའི་ཚེ་རྒྱུ་གང་གིས་ནི་བསྒྲུབ་པར་བྱ་བའི་ཆོས་མེད་པར་ཡང་ཡོད་པར་
འགྱུར་བའམ། བསྒྲུབ་པར་བྱ་བའི་ཆོས་སྒྲུབ་པར་མི་འགྱུར་བ་གཏན་ཚིགས་གཞན་གྱིས་གཞན་དུ་བྱེད་པར་འགྱུར། ཅིའི་ཕྱིར་གཞན་ཉིད་དུ་མི་བྱེད་ཅེ་ན། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་གཞན་དུ་འགྱུར་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་གཞན་དུ་
མི་འགྱུར་ལ། ངོ་བོ་ཉིད་འགལ་བ་གཉིས་གང་ཡིན་པ་དེ་ཡང་དངོས་པོ་རྣམས་ཀྱི་རེ་རེ་ལ་ཡོད་པར་མི་འགྱུར་རོ། །འདི་སྐད་དུ་གལ་ཏེ་གཏན་ཚིགས་དོན་དམ་པར་བསྒྲུབ་པའི་ཆོས་མེད་ན་མི་འབྱུང་བ་ཡིན་ན། དེ་ཇི་ལྟར་གཏན་ཚིགས་གཞན་གྱིས་གཞན་དུ་བྱེད་པར་འགྱུར་ཞེས་བཤད་པ་ཡིན་ནོ། །རྣམ་པར་བརྟག་པ་
གཉིས་པ་བསྟན་པའི་ཕྱིར། ཆོས་དེ་ཡོད་པ་ཅན་མ་ཡིན་པ་ཞིག་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཏན་ཚིགས་ཆོས་དེ་ཡོད་པ་ཅན་མ་ཡིན་པ་ཞིག་ཏུ་འདོད་ན་དེའི་ཚེ། གཞན་དུ་ཡང་ཇི་ལྟར་དངོས་པོ་འགའ་ཞིག་གི་སྒྲུབ་པ་ཡིན། གཞན་དུ་ཡང་ཞེས་བྱ་བ་ནི་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་ན་ཡང་

ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་གལ་ཏེ་གཏན་ཚིགས་བསྒྲུབ་པར་བྱ་བའི་ཆོས་མེད་པ་ཡང་ཡོད་ན་ནི་དེའི་ཚེ་ཟླ་བོའི་གཏན་ཚིགས་རབ་ཏུ་མ་བསྟན་པ་ཡང་འདི་ཇི་ལྟར་འགའ་ཞིག་གི་སྒྲུབ་པ་ཡིན་ཞེས་བཤད་པ་ཡིན་ནོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་
དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་གཞན་དུ་བྱ་བར་མི་ནུས་ལ། ངོ་བོ་ཉིད་འགལ་བ་གཉིས་གཅིག་ཏུ་མི་སྲིད་པ་དེའི་ཕྱིར། དོན་དམ་པར་ན་རང་རང་གི་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཇི་སྐད་བཤད་པའི་མཚན་ཉིད་ཅན་འབྲས་བུ་དང་རང་བཞིན་དག་གི་དེའི་མཚན་ཉིད་ལ་འབྲས་བུ་རང་བཞིན་གྱི་མཚན་ཉིད་ལ། ཟླ་བོའི་
གཏན་ཚིགས་མི་སྲིད་པའི་ཕྱིར་གྲངས་གཅིག་བརྗོད་པར་འདོད་པ་ཅན་ནི་མཚན་ཉིད་མ་ཡིན་ཏེ། གྲངས་གཅིག་བརྗོད་པར་འདོད་པ་ཅན་ཉིད་ཀྱི་མཚན་ཉིད་གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདིས་རྣམ་པར་གཅད་པར་བྱ་བ་
ཅུང་ཟད་ཀྱང་མེད་དོ། །ཕྱོགས་ཀྱི་ཆོས་ཉིད་ཀྱིས་ནི་མ་གྲུབ་པ་རྣམ་པར་གཅོད་པར་བྱེད། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱིས་ནི་འགལ་བ་དང་ཐུན་མོང་མ་ཡིན་པ་སེལ་བར་བྱེད། མི་མཐུན་པའི་ཕྱོགས་ལས་ལོག་པས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་ངེས་པ་སེལ་བར་བྱེད་ན། གྲངས་གཅིག་བརྗོད་པར་
འདོད་པ་ཅན་ཉིད་ཀྱིས་རྣམ་པར་གཅད་པར་བྱ་བ་ནི་འགའ་ཡང་མེད་དོ། །འགལ་བར་འཁྲུལ་པར་མེད་པ་ཞིག་རྣམ་པར་གཅོད་པར་འགྱུར་དུ་ནི། དེ་ཇི་སྐད་བཤད་པའི་ཚུལ་གྱིས་ན་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་མི་སྲིད་པས་དེ་ལྟ་བས་ན་གྲངས་གཅིག་བརྗོད་པར་འདོད་པ་ནི་དོན་མེད་
པ་ཡིན་ནོ། །ཤེས་པ་ཉིད་བསལ་བར་བྱ་བའི་ཕྱིར། ཤེས་པ་ཉིད་ནི་རྟགས་ཀྱི་ཆོས་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ནི་རྟོག་པར་བྱེད་པའི་ཆོས་ཡིན་གྱི་རྟགས་ཀྱི་ཆོས་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་རྟགས་ཀྱི་མཚན་ཉིད་དུ་འགྱུར་ཏེ། རྟགས་ཀྱི་ཆོས་ཁོ་ན་རྟགས་ཀྱི་མཚན་ཉིད་དུ་འགྱུར་བར་འོས་
སོ་སྙམ་དུ་འགྱུར་བ་ཡིན་ནོ། །རྟགས་ཀྱི་ཆོས་ཁོ་ན་རྟགས་ཀྱི་མཚན་ཉིད་དུ་རིགས་པའི་ངོ་བོ་བསྟན་པར་བྱ་བའི་ཕྱིར། རྟགས་ཀྱི་ངོ་བོ་ཇི་ལྟ་བུ་ཞིག་ལས་དོན་རྟོགས་པར་བྱ་ཞེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ངོ་བོ་ཇི་ལྟ་བུ་ཞིག་ལས་གཞལ་བྱའི་དོན་རྟོགས་པར་བྱ་ཞེས་བསམ་པར་བྱ་བ་ལ་སྐབས་སུ་བབ་

པ་ལ་རྟོགས་པར་བྱེད་པ་ལྷ་སྦྱིན་ལ་སོགས་པ་ལ་སླུ་བར་མི་བྱེད་པ་གང་ཡིན་པ་དེའི་ངོ་བོ་ལ་རྟགས་དེའི་ངོ་བོ་འདི་ལྟ་བུ་ཡིན་ནོ་ཞེས་བྱ་སྟེ། ངོ་བོ་གང་ཞིག་མཐོང་ནས་རྟོགས་པར་བྱེད་པ་འདིས་འདི་བསྒྲུབ་པ་ཡིན་ནོ། །འདི་ནི་བསྒྲུབ་པ་མ་ཡིན་ནོ་ཞེས་རབ་ཏུ་རྣམ་པར་ཕྱེ་སྟེ་བཞག་ནས། དེ་ལ་འདོད་
པའི་དོན་ཉེ་བར་འཇོག་པར་བྱེད་པའི་བསྒྲུབ་པ་གང་ཡིན་པའི་བསྒྲུབ་པ་དེ་འདོད་པའི་དོན་ཉེ་བར་འཇོག་པར་བྱེད་པ་ཡིན་པར་ཡིད་ཆེས་ནས་འཇུག་པར་འགྱུར་རོ། །ཚུལ་དེ་ལྟ་བུར་རྣམ་པར་གནས་པ་དེ་ལ་རྟགས་འདིའི་བདག་གི་ངོ་བོ་གང་ཡིན་པ་དེ་རྟགས་ཀྱི་མཚན་ཉིད་དུ་འགྱུར་བར་འོས་ཀྱི། གཞན་གྱི་ངོ་
བོ་ནི་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཤེས་པ་ནི་རྟགས་ཤེས་པའི་ཤེས་པར་བྱེད་པ་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་གྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་ཏེ། དེའི་ཕྱིར་འདི་རྟགས་ཀྱི་མཚན་ཉིད་དུ་རིགས་སོ་སྙམ་དུ་སེམས་ན། དེའི་ཕྱིར་རྟོག་པ་སྐྱེ་བ་ལ་ཉེ་བར་སྦྱོར་བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་ཡིན་
པའི་ཕྱིར། གཞལ་བྱ་རྟོག་པ་སྐྱེ་བ་ལ་ཉེ་བར་སྦྱོར་བ་དེ་ཙམ་གྱིས་རྟགས་སུ་འདོད་ན་དེའི་ཚེ་ཧང་ཐལ་བར་འགྱུར་རོ། །ཧ་ཅང་ཐལ་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ན་ནི་གཞལ་བྱ་དང་སྐྱེས་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱ་དོན་དང་སྐྱེས་བུ་འཇལ་བར་བྱེད་པ་དང་། སོགས་པའི་སྒྲས་
ལྡན་པ་དང་། འདུ་བ་ལ་སོགས་པ་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཡང་རྟགས་ཀྱི་མཚན་ཉིད་ཉིད་དུ་འགྱུར་རོ། །འདིར་གཏན་ཚིགས་སུ་དེ་དག་མེད་པར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱ་ལ་སོགས་པ་མེད་པར་ནི་རྟགས་ཅན་ལ་རེས་འགའ་ཡང་ཤེས་པ་སྐྱེ་བར་མི་འགྱུར་རོ། །ཤེས་པ་ལ་ལྟོས་པའི་
ལས་ཀྱི་ངོ་བོའི་ཤེས་པ་ཉིད་མ་ཡིན་ནམ། དེ་ཡང་རྟགས་ཀྱི་ཆོས་ཁོ་ན་ཡིན་ན། ཇི་སྟེ་གཞན་གྱི་ངོ་བོ་ཞེས་བྱ་ཞེ་ན། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཤེས་པའི་དབང་གིས་འདིའི་ཆོས་འདིར་འགྱུར་གྱི། རང་གིས་ནི་མ་ཡིན་ཏེ་འདི་ལྟར་གང་གི་ཚེ་ཤེས་པས་ཡུལ་དུ་བྱས་པ་དེའི་ཚེ་དེའི་ཆོས་སུ་འགྱུར་གྱི། གཞན་དུ་ནི་
མ་ཡིན་ནོ་གང་ཞིག་གང་གི་ཆོས་ཡིན་པ་དེ་ནི་རང་གི་རྒྱུ་དག་ལས་འགྲུབ་པ་ཁོ་ནར་འགྱུར་གྱི་ཕྱིས་ནི་མ་ཡིན་ནོ། །འདིར་ཕ་རོལ་པོས། འོ་ན་ནི་ངེས་པ་སྨོས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཉིད་ངོ་བོ་གཞན་དུ་མི་འདོད་ན། འོ་ན་ནི་ཀྱེ་བསྟན་བཅོས་ལས་ངེས་པ་སྨོས་པ་བྱས་པ་གང་

ཡིན་པ་དེ་མི་བྱ་དགོས་སོ། །གྲུབ་པའི་མཐའ་སྨྲ་བས། མི་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་གཞན་གྱི་དོན་ཁོ་ནར་བྱེད་པ་ཡིན་ནོ། །གཞན་གྱི་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། མཐོང་བ་དང་མ་མཐོང་བ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་མཐུན་པའི་ཕྱོགས་
ལ་མཐོང་བ་དང་མི་མཐུན་པའི་ཕྱོགས་ལ་མ་མཐོང་བས་གཏན་ཚིགས་ཤེས་པར་བྱེད་པ་ཉིད་དུ་འདོད་པ་དེ་དག་གི་མཐོང་བ་དང་མ་མཐོང་བས་གཏན་ཚིགས་ནུས་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ངེས་པ་སྨོས་པ་བྱས་པ་ཡིན་ནོ། །འདི་ལྟར་མཐོང་བ་དང་མ་མཐོང་བ་དག་ཡོད་བཞིན་དུ་ཡང་
གཏན་ཚིགས་ཤེས་པར་བྱེད་པ་ཉིད་མ་ཡིན་པ་མཐོང་སྟེ། ལོག་པའི་ཤེས་པས་ཀྱང་དེའི་བུ་ཡིན་པའི་ཕྱིར། སྔོ་བསངས་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་མཐུན་པའི་ཕྱོགས་ལ་མཐོང་བ་ཡང་ཡོད། སྔོ་བསངས་མ་ཡིན་པ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཡང་ཡོད་མོད་ཀྱི། ཙམ་གྱིས་
ནི་གཏན་ཚིགས་ཤེས་པར་བྱེད་པ་ཉིད་མ་ཡིན་ནོ། །དེ་བས་ན་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པས་གཏན་ཚིགས་ཤེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཤེས་པར་བྱ་བའི་ཕྱིར། མཚན་ཉིད་བརྗོད་པར་ངེས་པ་སྨོས་པར་ཁོང་དུ་ཆུད་པར་བྱའོ། །འདི་སྐད་དུ།
མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ། ཡོད་པ་དང་མེད