Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 189
Văn bản gốc(Tây Tạng)
Trang 11 / 22 (50.000 ký tự/trang)
ུ་བ་མ་ཡིན་པར་བསྐྱེད་པའི་ངོ་བོ་ཉིད་ལས་སྐྱེས་པ་ཡིན་དུ་ཆུག་ཀྱང་། འོན་ཀྱང་དུ་བ་དང་དུ་བ་མ་ཡིན་པའི་ངོ་བོ་ཉིད་དུ་གོ་ཅིའི་ཕྱིར་འགྱུར་ཞེ་ན། འབྲས་བུའི་ངོ་བོ་ཉིད་ རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། རྒྱུའི་ངོ་བོ་ཉིད་ཀྱིས་བྱས་པ་ཡིན་ནོ། །དེའི་ཕྱིར་དུ་བ་དང་དུ་བ་མ་ཡིན་པ་བསྐྱེད་པའི་ངོ་བོ་ཉིད་ལས་འབྱུང་ན། ཇི་ལྟར་དུ་བ་དང་དུ་བ་མ་ཡིན་པའི་ངོ་བོ་ཉིད་དུ་མི་འགྱུར། དེ་ལ་འདི་སྙམ་དུ་ འབྲས་བུ་རྣམས་ཀྱི་ངོ་བོ་ཉིད་ནི་རྒྱུའི་ངོ་བོ་ཉིད་ཀྱིས་བྱས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། རྒྱུ་ལ་མི་ལྟོས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲས་བུའི་ངོ་བོ་ཉིད་རྒྱུའི་ངོ་བོ་ཉིད་ལ་མི་ལྟོས་ན། དེའི་ཚེ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་ པ་ཅན་ཉིད་ཡིན་ན་ནི། ཡུལ་དང་དུས་དང་རྣམ་པ་སོ་སོར་ངེས་པར་མི་འགྱུར་རོ། །མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་དུ་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མེ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གང་ཞིག་དུ་བ་སྐྱེད་པར་བྱེད་ པ་དེ་ནི་མེ་ལ་སོགས་པའི་ཚོགས་པའི་ཁྱད་པར་ཡིན་ལ། དུ་བ་ཡང་མེ་ལ་སོགས་པའི་ཁྱད་པར་ལས་བྱུང་བ་གང་ཡིན་པ་དེ་ཁོ་ན་ཡིན་པར་བལྟའོ། །འདི་ལྟར་འཇིག་རྟེན་ན་གང་ཞིག་ཚ་བར་བྱེད་པ་དང་འཚེད་པར་བྱེད་པ་དང་། དུ་བ་སྐྱེད་པར་བྱེད་པ་དེ་ནི་མེ་ཡིན་པར་གྲགས་ལ། གང་ཞིག་མེས་བསྐྱེད་ཅིང་མིག་དག་ནས་མཆི་མ་འཛག་པར་བྱེད་པ་དང་། ནག་པོར་བྱེད་པ་དང་། གྲེ་བ་ལ་གནོད་པར་བྱེད་པ་ནི་དུ་བ་ཡིན་པར་གྲགས་སོ། །དེ་ལྟར་མེ་དང་དུ་བ་དག་ཕན་ཚུན་ལྟོས་པའི་ངོ་བོ་ཉིད་དུ་བསྟན་ནས། ཀླན་ཀ་སྔ་མ་ཡོངས་སུ་སྤང་བའི་ཕྱིར། དེ་ལྟར་ན་རྒྱུ་དང་ འབྲས་བུ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་རྒྱུ་དང་འབྲས་བུ་དག་གི་ངོ་བོ་ཉིད་ངེས་པ་དེའི་ཕྱིར། རིགས་མི་མཐུན་པ་ལས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་རིགས་མི་མཐུན་པ་ལས་འབྱུང་བར་མ་གྱུར་དུ་ཆུག་ན་ཡང་། དེས་ན་དངོས་སུ་ ཅི་ཞིག་གྲུབ་ཅེ་ན། དེའི་ཕྱིར། དེ་ལྟ་བས་ན་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རིགས་མི་མཐུན་པ་ལས་འབྱུང་བ་བཀག་པ་དེའི་ཕྱིར་འབྲས་བུས་རྒྱུ་འཁྲུལ་པ་མེད་དོ་ཞེས་བྱ་བར་གནས་སོ། །དེ་ལྟ་ཡིན་ན་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེས་རྒྱུ་ དང་འབྲས་བུའི་དངོས་པོ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་སྤྲོས་ཏེ་བཤད་པ་དེས་རྒྱུ་དང་འབྲས་བུའི་དངོས་པོ་འཁྲུལ་པ་མེད་པར་གྲུབ་ན། ཤེས་པར་བྱ་བ་དང་། ཤེས་པར་བྱེད་པ་བསམ་པ་ལ་དུ་བ་ལ་སོགས་པ་འབྲས་བུ་ལ་མེ་ལ་སོགས་པ་རྒྱུས་ཁྱབ་པ་གྲུབ་པ་ཡིན་ནོ། ། འདིར་གཞན་གྱི་འཁྲུལ་པ་ཀུན་དུ་བསྟན་པའི་ཕྱིར། རིགས་མི་མཐུན་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཡོངས་སུ་མཐོང་བ་ལ་མ་གཏོགས་པ་རྒྱུ་རིགས་མི་མཐུན་པ་ལས་ཀྱང་། འབྲས་བུ་ཅུང་ཟད་འབྱུང་བ་མཐོང་སྟེ། དེའི་ཕྱིར་འཁྲུལ་པ་སྲིད་ན། ཇི་ལྟར་འབྲས་བུ་ ལ་རྒྱུས་ཁྱབ་པ་གྲུབ་པར་འགྱུར། འཁྲུལ་པ་དེ་ཉིད་བསྟན་པའི་ཕྱིར། དཔེར་ན་བ་ལང་གི་ལྕི་བ་ལ་སོགས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤ་ལུ་ཀ་རང་གི་ས་བོན་ལས་རབ་ཏུ་སྐྱེ་བ་ཡང་བ་ལང་གི་ལྕི་བ་ལ་སོགས་པ་ལས་སྐྱེ་བ་མཐོང་ངོ་། །སོགས་པ་ཞེས་བྱ་བའི་སྒྲས་ནི། རྭ་ལས་ འདམ་བུ་དང་བ་ལང་གི་སྤུ་དང་། ལུག་གི་བལ་དག་ལས་རྩྭ་དཱུར་བ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་བསྡུའོ། །གྲུབ་པའི་མཐའ་སྨྲ་བས། རིགས་མི་མཐུན་པ་ལས་འབྱུང་བ་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། བ་ལང་གི་ལྕི་བ་ལ་སོགས་པ་ལས་ཤ་ལུ་ཀ་ལ་སོགས་པ་འབྱུང་བ་ནི། རིགས་མི་མཐུན་པ་ ལས་འབྱུང་བ་མ་ཡིན་ནོ། །གང་གི་ཕྱིར་བ་ལང་གི་ལྕི་བ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་ཁོ་ན་ཤ་ལུ་ཀ་ལ་སོགས་པ་དང་པོར་འབྱུང་བ་དེ་འདྲ་བ་རྣམས་ཀྱི་དང་པོའི་རྒྱུ་མཚན་ཉིད་ཡིན་པ་དེའི་ཕྱིར་བ་ལང་གི་ལྕི་བ་ལ་སོགས་པ་རྒྱུ་རིགས་མི་མཐུན་པ་ཉིད་ཀྱི་ཐ་དད་པ་མ་ཡིན་ནོ། །ཅི་སྟེ་ཐམས་ ཅད་དུ་རྭ་ལས་འདམ་བུ་མི་འབྱུང་ཞེ་ན། དེའི་ཕྱིར་རྒྱུན་གྱིས་འབྱུང་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདམ་བུ་དང་པོ་ཉིད་དུ་འབྱུང་བའི་རྒྱུ་ནི་རྭ་ཁོ་ན་ཡིན་ནོ། །དེ་ལྟར་བྱུང་བ་ཕྱིས་རྒྱུན་ཆགས་པར་འབྱུང་བ་ནི་རྭ་ལས་བྱུང་བ་མ་ཡིན་ནོ། །འདི་སྐད་དུ། འདམ་བུ་རྣམས་ཀྱི་དང་པོའི་རྒྱུ་མཚན་ ནི་རྣམ་པ་ཐམས་ཅད་དུ་རྭ་ཁོ་ན་ཡིན་ལ། ཕྱིས་ན་དེ་དག་རིགས་མཐུན་པ་སྔ་མ་སྔ་མ་དག་ལས་ཕྱི་མ་ཕྱི་མ་འབྱུང་སྟེ། དཔེར་ན་དུ་བ་དང་པོ་ནི་མེ་ལས་ཉེ་བར་འབྱུང་ལ། དེའི་འོག་རོལ་གྱི་དུས་སུ་འབྱུང་བ་སྐད་ཅིག་མ་རྣམས་ནི། རིགས་མཐུན་པའི་སྐད་ཅིག་མའི་རྒྱུ་མཚན་ཅན་མ་ཡིན་པ་ལྟ་ བུའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་རེ་ཞིག་རྒྱུ་རིགས་མི་མཐུན་པ་ཉིད་བཀག་པ་ཡིན་ནོ། །ད་ནི་རིགས་མི་མཐུན་པ་ཉིད་ཁས་བླངས་ནས་འཁྲུལ་པ་ཡོངས་སུ་སྤང་བའི་ཕྱིར། ཡང་ན་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེས་པ་ཅན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་གི་ལྕི་བ་ དང་ཅིག་ཤོས་ལས་སྐྱེས་པའི་ཤ་ལུ་ཀ་དག་རྣམ་པ་འདྲ་མོད་ཀྱི། འོན་ཀྱང་དེ་གཉིས་ཀྱི་ངོ་བོ་ཉིད་རོ་དང་། ནུས་པ་དག་རྣམ་པར་སྨིན་པ་ཐ་དད་པ་ཡོད་པ་ཁོ་ནའོ། །གང་དག་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེ་བ་ཡོད་པ་དེ་དག་ནི་བ་ལང་གི་ལྕི་བ་དང་ཅིག་ཤོས་ལས་སྐྱེ་བ་ཅན་དག་གོ། །ཅིག་ཤོས་ཞེས་བྱ་ བའི་སྒྲས་ནི། རང་གི་ས་བོན་ཡོངས་སུ་བཟུང་ངོ་། །རྣམ་པ་འདྲ་བ་རྣམས་ངོ་བོ་ཉིད་ཀྱང་འདྲ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། དངོས་པོ་རྣམས་ཀྱི་རྣམ་པར་མཚུངས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་མཚུངས་པ་དག་གིས་ཐམས་ཅད་ངོ་བོ་ཉིད་མཚུངས་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་ གང་ཡིན་པ་འདི་ནི་མེད་དོ། །དེ་ཉིད་ཀྱི་རྒྱུ་ཞེས་བྱ་བ་ནི་ངོ་བོ་ཉིད་གཅིག་པའི་རྒྱུའོ། །ཅིའི་ཕྱིར་རྒྱུ་མ་ཡིན་ཞེ་ན། རྣམ་པ་ཐ་དད་པ་མ་ཡིན་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དངོས་པོ་ཁ་ཅིག་རྣམ་པ་མཚུངས་ཀྱང་ཁྱད་པར་འགའ་ཞིག་གིས་རིགས་ཐ་དད་པ་མཐོང་ངོ་། །འདི་ལྟར་ལ་ ལ་ལ་ནི་མེ་ཏོག་ལས་ཐ་དད་པར་མཐོང་སྟེ། ཤུར་པ་ཀ་མེ་ཏོག་སྔོན་པོ་དང་། ཅིག་ཤོས་ཅན་དག་ལྟ་བུའོ། །ལ་ལ་ལ་ནི་འབྲས་བུ་ལས་ཏེ་ཀར་ཀོ་ཏ་འབྲས་བུ་མེད་པ་དང་ཅིག་ཤོས་ལྟ་བུའོ། །ལ་ལ་ལ་ནི་རོ་ལས་ཏེ་ནགས་ཀྱི་དང་ཅིག་ཤོས་ཀྱི་རྒྱལ་མོ་ག་གོན་དག་ལྟ་བུའོ། །ལ་ལ་ལ་ནི་དྲི་ལས་ཏེ་ཤིང་ ལྗོན་པ་དང་ཅིག་ཤོས་ལས་སྐྱེ་བའི་ཙམ་པ་ཀ་དག་ལྟ་བུའོ། །ལ་ལ་ལ་ནི་མཐུ་ལས་ཏེ་རེག་པ་དང་སྤྱད་པས་འཁྲུ་བའི་ཨ་རུ་ར་དག་ལྟ་བུའོ། །ཡང་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེ་བ་དག་ངོ་བོ་ཉིད་གཅིག་པ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟ་མ་ཡིན་ཏེ། ཚོགས་པ་མཚན་ཉིད་མི་འདྲ་བ་ལས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུའི་ཚོགས་མཚན་ཉིད་མི་འདྲ་བ་ལས་ཀྱང་འབྲས་བུའི་མཚན་ཉིད་མི་འདྲ་བ་མ་ཡིན་པ་ཁས་ལེན་ན། དེའི་ཚེ་རྒྱུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ལས་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་མི་འགྲུབ་བོ། །དེའི་ཕྱིར་ཁམས་ གསུམ་གྱི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་རྒྱུ་མཚན་མེད་པ་ཅན་དུ་འགྱུར་རོ། །གལ་ཏེ་རྒྱུ་མཚན་ཉིད་མི་འདྲ་བ་ལས་འབྲས་བུ་མཚན་ཉིད་མི་འདྲ་བ་མ་ཡིན་པ་འབྱུང་ན་རྒྱུའི་ཐ་དད་པ་ལས་འབྲས་བུའི་ཐ་དད་པར་མི་འགྱུར་དུ་ཆུག་ན་ཡང་། མཚན་ཉིད་མི་འདྲ་བ་མ་ཡིན་པ་ལས་འབྱུང་བ་གོ་ཅིའི་ཕྱིར་ ཐ་དད་པར་མ་ཡིན་པར་མི་འགྱུར་ཞེ་ན། དེའི་ཕྱིར། འདི་ལྟར་ཐ་དད་པ་ལས་ཐ་དད་པ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་མི་འགྲུབ་པ་དེའི་ཚེ་རྒྱུ་ཐ་དད་པ་མ་ཡིན་པ་ལས་ཀྱང་། འབྲས་བུ་ཐ་དད་པ་མ་ཡིན་པ་མི་འགྲུབ་བོ། །ཡང་ཐ་དད་པ་ དང་ཐ་དད་པ་མ་ཡིན་པ་དེ་དག་རྒྱུ་མེད་པ་ཅན་ཡིན་ན་ཡང་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། དེ་ལ་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཁོ་ནར་ཟད་ཀྱི། དེ་ལ་མ་གཏོགས་པའི་དངོས་པོ་གཞན་ནི་མེད་དོ། །གལ་ཏེ་དེ་གཉིས་རྒྱུ་མེད་པ་ཅན་ཡིན་ ན། དེའི་ཚེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཅན་དུ་འགྱུར་རོ། །རྒྱུ་མེད་པ་ཅན་ཉིད་གཅིག་ཡིན་ན་ནི་དངོས་པོ་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ། །འདིར་གཏན་ཚིགས་སུ། ལྟོས་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་བསྟན་པའི་ཕྱིར། དངོས་པོ་རྣམས་ནི་ལྟོས་པའི་ཕྱིར་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་རེས་འགའ་བ་གང་ཡིན་པ་འདི་ནི་ལྟོས་པར་བྱས་པ་ཡིན་ཏེ། འདི་ལྟར་དེ་དག་ཅུང་ཟད་ཅིག་ལ་ལྟོས་ན། དུས་གཞན་དུ་ཤོལ་བར་འགྱུར་རོ། །རེས་འགའ་ཡོད་པ་ནི་རེས་འགའ་བ་དག་སྟེ། རེས་འགའ་བ་སྨོས་པ་ནི་ཉེ་བར་མཚོན་པར་ཟད་པས་ཡུལ་དང་ངོ་ བོ་ཉིད་སོ་སོར་ངེས་པ་ཡང་བལྟ་བར་བྱའོ། །འདི་སྐད་དུ་ཇི་ལྟར་རྒྱུ་ཡོད་ན་འབྲས་བུ་ཡོད་ལ། རྒྱུ་མེད་ན་མེད་པ་དེ་བཞིན་དུ་རྒྱུ་ཐ་དད་པས། འབྲས་བུ་ཐ་དད་ལ་ཐ་དད་པ་མ་ཡིན་ན་ཐ་དད་པ་མ་ཡིན་པར་གདོན་མི་ཟ་བར་ཁས་བླང་དགོས་སོ། །གཏན་ཚིགས་གཞན་བསྒྲུབ་པར་བྱ་བ་དག་ལ་སྒྲུབ་པ་ཉེ་བར་སྦྱོར་ བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ཅན་ཉིད་ཡིན་ནོ། །བསྒྲུབ་པར་བྱ་བ་དག་ལ་སྒྲུབ་པ་རྣམས་ཀྱི་སྦྱོར་བ་སོ་སོར་ངེས་པ། ནས་ཀྱི་མྱུ་གུ་ལ་ནས་ཁོ་ན། སཱ་ལུའི་མྱུ་གུ་རྣམས་ཁོ་ན་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེར་ཡང་མི་འགྱུར། ཅིའི་ཕྱིར་མི་འགྱུར་ཞེ་ན། རྒྱུའི་ནུས་པ་སོ་སོར་ངེས་ན་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུ་རྣམས་ཀྱི་ནུས་པ་སོ་སོར་ངེས་པ་དག་ཡིན་ན་དེའི་ཚེ། འགའ་ཞིག་འགའ་སྒྲུབ་པར་བྱེད་པ་གཟུང་བར་རིགས་ཀྱི་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་གཞན་མ་ཡིན་ཞེ་ན། དེ་ཁོ་ན་དེ་ལ་ནུས་པའི་ཕྱིར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ནས་ཀྱི་ས་བོན་ ཁོ་ན་ནས་ཀྱི་མྱུ་གུ་ལ་ནུས་ཀྱི། སཱ་ལུའི་ས་བོན་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་དེའི་ཚོགས་པ་ཞེས་བྱ་བའི་རྒྱུ་ཁོ་ན་དེ་ལ་ནུས་ཀྱི། གཞན་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར། དེ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སཱ་ལུ་དང་ནས་ཀྱི་ས་བོན་དེ་དག་ནི་སཱ་ལུ་དང་ནས་ཀྱི་མྱུ་གུ་སྐྱེད་པར་བྱེད་པ་ཉིད་ཀྱིས་ ཐ་དད་པར་རྣམ་པར་གནས་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་གལ་ཏེ་མཚན་ཉིད་མི་འདྲ་བ་ལས་ཀྱང་སྐྱེ་བར་འགྱུར་ན་འགྱུར་དུ་ཟད་མོད། ཉེས་པ་ཅི་ཡོད་ཅེ་ན། དེ་བསྐྱེད་པའི་ངོ་བོ་ཉིད་དང་མཚན་ཉིད་མི་འདྲ་བ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དུ་བ་སྐྱེད་པའི་ངོ་བོ་ཉིད་དང་མཚན་ཉིད་མི་ མཐུན་པ། བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་དུ་བ་འབྱུང་བ་ཁས་ལེན་ན། དེའི་ཚེ་མེ་ཁོ་ན་དུ་བ་སྐྱེད་པར་ནུས་སོ་ཞེས་བྱ་བའི་ནུས་པ་འདིར་མི་འགྱུར་རོ། །ངེས་པ་མེད་ན་ནི། དུ་བ་གང་ཡང་རུང་བ་ལས་འབྱུང་བར་འགྱུར་རོ། །དེ་ལྟ་ཡིན་ན་ནི་དངོས་པོ་ཐམས་ཅད་གང་ཡང་རུང་བ་ལས་སྐྱེ་བར་འགྱུར་རོ། །དེ་ ལ་འདི་སྙམ་དུ་གཞན་ཡང་དེ་སྐྱེད་པར་ནུས་སུ་ཟད་མོད། ཁོ་བོ་ལ་གནོད་པ་ཅི་ཡོད་སྙམ་ན། དེའི་ཕྱིར། དེ་སྐྱེད་པར་ནུས་པར་མཚུངས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་ལ་ཡང་དུ་བ་སྐྱེད་པར་ནུས་པ་ཡོད་ན་ནི། །དེའི་ཚེ་དེ་ཡང་མེ་ཁོ་ན་ཡིན་ནོ། །དེའི་ཕྱིར་ལེགས་ པར་རྣམ་པར་ཕྱེ་བའི་འབྲས་བུས་ནི། རྒྱུ་འཁྲུལ་པ་མེད་པས་ཁྱབ་པ་གྲུབ་བོ། །ཁ་ཅིག་ན་རེ། དུ་བ་ལས་ཀྱང་དུ་བ་འབྱུང་བ་ལས་འཁྲུལ་པའི་ཉེས་པ་དེའི་སོ་ན་འདུག་གོ་ཞེས་ཟེར་བ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ནི་དུ་བ་འདིའི་སྐད་ཅིག་མ་དང་པོ་ནི་འདིའོ་ཕྱི་མ་ནི་འདིའོ་ ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་སྐད་ཅིག་མ་རྣམ་པར་དབྱེ་བ་ནི་མི་ཤེས་སོ། །མི་ཤེས་པས་སྐད་ཅིག་མ་ཐམས་ཅད་གཅིག་པ་ཉིད་དུ་འཛིན་ལ། གཅིག་པ་ཉིད་དུ་བཟུང་ནས་དུ་བ་ཐམས་ཅད་མེ་ལས་རབ་ཏུ་འབྱུང་བར་ཤེས་ཏེ། རྗེས་སུ་དཔག་པ་དང་། རྗེས་སུ་དཔག་པར་བྱ་ བའི་ཐ་སྙད་ཀྱང་ཇི་ལྟར་གྲགས་པ་ཡིན་པར་ཟད་མོད་ཀྱི། དངོས་པོ་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ། །འོན་ཏེ་མཁས་པ་བློ་གྲོས་ཅན་འགའ་ཞིག་གིས་སྐད་ཅིག་མའི་རྣམ་པར་དབྱེ་བ་ཤེས་པར་གྱུར་ན། དེས་ཀྱང་ཡོངས་སུ་སྣང་བའི་དུ་བའི་རྒྱུན་དང་པོ་མེ་ལས་རབ་ཏུ་འབྱུང་བ་ཁོ་ནའོ་ཞེས་ཤེས་པས། འདི་ལྟར་ འདི་ན་དུ་བའི་སྐད་ཅིག་མ་སྣང་བ་གང་ཡིན་པ་འདི་ནི་མེ་ལས་བརྒྱུད་དེ་བྱུང་བ་ཡིན་ནོ་སྙམ་དུ་རྗེས་སུ་དཔོག་པར་བྱེད་པ་ལ། མེ་ཡང་མངོན་སུམ་དང་བརྒྱུད་པས་དུ་བ་ཐམས་ཅད་ཀྱི་རྒྱུར་འདོད་དེ། གལ་ཏེ་མེ་དེ་མེད་པར་གྱུར་ན་དུ་བའི་སྐད་ཅིག་མའི་རྒྱུན་འཇུག་པ་རྣམས་འབྱུང་བར་མི་འགྱུར་རོ། །དེ་ལྟར་རེ་ ཞིག་རྗེས་སུ་དཔག་པ་རྣམ་པར་གཞག་པ་ཡིན་ནོ། །དངོས་པོའི་སྒོ་ནས་ཀྱང་འཁྲུལ་པ་མེད་པ་ཁོ་ན་སྟེ། ཇི་ལྟར་མེའི་རྒྱུ་མཚན་ཅན་གྱི་སྐད་ཅིག་མ་དང་པོ་གང་ཡིན་པ་དེ་ནི་གཞན་ལས་མི་འབྱུང་ལ་དུས་ཕྱིས་འབྱུང་བ་ཅན་གང་དག་ཡིན་པ་དེ་དག་ཀྱང་ནམ་ཡང་མེ་ལས་མངོན་སུམ་དུ་མི་འབྱུང་ངོ་། །དེ་ ལྟར་ན་རེ་ཞིག་ནི་འབྲས་བུའི་གཏན་ཚིགས་འཁྲུལ་པ་མེད་པར་བསྟན་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱི་སྐབས་རྫོགས་སོ།། །།མི་དམིགས་པའི་དབང་དུ་བྱས་ནས། །དམིགས་པའི་རིག་བྱར་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ཞིག་དམིགས་པའི་རིག་བྱར་གྱུར་པ་ཡིན་ ན། དེ་མི་དམིགས་པ་ནི་དངོས་པོ་མེད་པའམ། དངོས་པོ་མེད་པར་ཐ་སྙད་གདགས་པ་བསྒྲུབ་པར་བྱ་བའི་གཏན་ཚིགས་ཏེ། འམ་ཞེས་བྱ་བའི་སྒྲ་ནི་གང་དུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཐ་དད་པ་དེར་ནི་དངོས་པོ་མེད་པའི་གཏན་ཚིགས་ཡིན་ལ། གང་དུ་ཐ་དད་པ་མ་ཡིན་པ་དེར་ནི་མེད་པར་ཐ་ སྙད་གདགས་པའི་གཏན་ཚིགས་ཡིན་ནོ་ཞེས་རྣམ་པར་རྟོག་པ་ཤེས་པར་བྱ་བའི་ཕྱིར་རོ། །དམིགས་པ་ནི་དམིགས་པར་བྱེད་པ་སྟེ། ཡོངས་སུ་གཅོད་པ་དང་། ཤེས་པར་བྱེད་པའི་མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པའི་རིག་བྱ་ནི་དམིགས་པའི་རིག་བྱའོ། །ཤེས་པར་བྱ་ བ་ཡིན་པས། རིག་བྱ་སྟེ་དམིགས་པའི་རིག་བྱ་ཉིད་དུ་གྱུར་པ་ནི་དམིགས་པའི་རིག་བྱར་འགྱུར་པ་སྟེ། དམིགས་པའི་རིག་བྱ་ཉིད་ཡུལ་ཉིད་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །ངོ་བོའི་རྐྱེན་མེད་ཀྱང་ངོ་བོ་གཙོ་ཆེར་བསྟན་པར་རུང་བ་ཉིད་དེ། དཔེར་ན་གཉིས་དང་གཅིག་དག་ལ་གཉིས་སུ་སྨོས་པ་ དང་། གཅིག་ཏུ་སྨོས་པར་བྱ་བ་ཞེས་བྱ་བ་འདིར་མདོའི་དོན་གཉིས་ཉིད་དང་གཅིག་ཉིད་དག་ཅེས་བྱ་བར་བཤད་པ་ལྟ་བུའོ། །དམིགས་པའི་རིག་བྱར་གྱུར་པ་ནི། དམིགས་པའི་རྐྱེན་མ་གཏོགས་པ་དེ་ལས་གཞན་པའི་རྐྱེན་གཞན་མཐའ་དག་དང་དངོས་ལྟར་རུང་བའི་ངོ་བོ་ཉིད་དང་། ཡུལ་དང་། དུས་དང་། ངོ་བོ་ཉིད་ཀྱི་སྐལ་བ་དག་གིས་མ་བསྐལ་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དམིགས་པ་དེ་ནི་རྣམ་པ་གཉིས་ཏེ། ཤེས་པར་བྱེད་པའི་ཆོས་དང་ཤེས་པར་བྱ་བའི་དོན་གྱི་ཆོས་སོ། །རེ་ཞིག་ཤེས་པར་བྱེད་པའི་ཆོས་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། གང་གི་ཚེ་དམིགས་པ་དང་དམིགས་པར་བྱེད་པའི་ཆོས་ཡིན་པར་བརྗོད་པར་འདོད་པ་དེའི་ཚེ་དམིགས་པར་བྱེད་པ་དེའི་ཤེས་པ་མངོན་སུམ་ཞེས་བྱ་བ་གང་ཡིན་པ་དེ་འདིར་དམིགས་པའི་སྒྲར་བརྗོད་དོ། འདིའི་དགག་པའི་དོན་བསྟན་པའི་ཕྱིར། དེ་ལས་གཞན་པའི་དམིགས་པ་ནི་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། དམིགས་པར་བྱེད་པའི་ཆོས་ཉིད་དུ་བརྗོད་པར་འདོད་པའི་བུམ་པ་ལ་སོགས་པ་འཛིན་པའི་ཤེས་པ་དེ་ལས་གཞན་པ་བུམ་པས་དབེན་པའི་ས་གཞི་འཛིན་པར་བྱེད་པའི་དམིགས་པ་གང་ཡིན་པ་དེ་ནི་འདིར་མི་དམིགས་པའི་སྒྲར་བརྗོད་དོ། །ཡང་དམིགས་པ་ཁོ་ན་ཡིན་ན། ཇི་ ལྟར་མི་དམིགས་པའི་སྒྲར་བརྗོད་ཅེ་ན། བརྗོད་པར་འདོད་པའི་དམིགས་པ་ལས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པ་བུམ་པ་འཛིན་པར་བྱེད་པའི་དམིགས་པ་གང་ཡིན་པ་དེ་ལས་བུམ་པས་དེ་དབེན་པའི་ས་གཞི་འཛིན་པར་བྱེད་པའི་དམིགས་པ་འདི་གཞན་ ཡིན་པའི་ཕྱིར་མི་དམིགས་པ་ཞེས་བྱ་སྟེ། མ་ཡིན་པར་འཇུག་པས། དཔེར་ན་བཟར་རུང་བ་ལས་གཞན་བཟར་མི་རུང་བ་མི་གཙང་བ་ལ་སོགས་པ་ལྟ་བུ་དང་། རེག་ཏུ་རུང་བ་ལས་གཞན་པ་རེག་ཏུ་མི་རུང་བ་གདོལ་བ་དང་རོ་མྱགས་ལ་སོགས་པ་ལྟ་བུའོ། །མ་ཡིན་པར་ འཇུག་པ་ནི་མ་ཡིན་པར་འཇུག་པ་སྟེ། དགག་པར་བྱ་བའི་དོན་མ་ཡིན་པ་བོར་ནས་དོན་ཁྱད་པར་ཅན་ལ་འཇུག་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། མ་ཡིན་པར་འཇུག་པ་དེ་ལྟ་བུ་དེས་འདིར་དགག་པ་རབ་ཏུ་སྦྱར་བ་ཡིན་ནོ། །མ་ཡིན་པ་ནི་གང་དུ་བསྒྲུབ་ པ་ནི་གཙོ་ཆེ་ལ། དགག་པ་ནི་དོན་གྱིས་གོ་བ་དེ་ལྟ་བུ་ཡིན་པར་བལྟ་བར་བྱའོ། །བརྗོད་པར་འདོད་པའི་དམིགས་པ་ལས་གཞན་པའི་དམིགས་པ་ཡིན་པས་བསྒྲུབ་པ་ནི་གཙོ་བོ་ཉིད་ཡིན་ཏེ། དེ་ལྟར་ན་དམིགས་པ་གཞན་ཡོད་པར་བསྒྲུབ་པའི་ཤུགས་ཁོ་ནས་བརྗོད་པར་འདོད་པའི་དམིགས་པ་དགག་ པའི་ཤེས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་མེད་པར་དགག་པ་ཡིན་པར་བལྟ་བར་བྱ་སྟེ་དེར་ནི་དགག་པ་གཙོ་བོ་ཉིད་ཡིན་ནོ། །དེ་ལྟར་མི་དམིགས་པར་ཤེས་པར་བྱེད་པའི་ཆོས་ཉིད་ཡིན་པ་བསྟན་ནས། དམིགས་པ་ཤེས་པར་བྱ་བའི་དོན་གྱི་ཆོས་ཉིད་ཡིན་པ་བསྟན་པར་བྱ་བའི་ཕྱིར། དམིགས་ པར་བྱ་བའི་ཆོས་ཉིད་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དམིགས་པ་དམིགས་པར་བྱ་བའི་དངོས་པོའི་ཆོས་ཡིན་པར་བརྗོད་པར་འདོད་པ་དེའི་ཚེ་དམིགས་པ་ཡུལ་གྱི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །ཡུལ་གྱི་ངོ་བོ་ཉིད་ཇི་ལྟ་བུ་ཞིག་ལ་དམིགས་པ་ཞེས་བྱ་ཞེ་ན། རང་གི་ ཡུལ་ཅན་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པར་བྱ་བ་བུམ་པ་ལ་སོགས་པའི་རང་གི་ངོ་བོའི་ཡུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་བསྐྱེད་པར་རུང་བ་ཉིད་དེ། དེའི་མཚན་ཉིད་ཅན་གྱི་ཡུལ་གྱི་ངོ་བོ་ཉིད་ནི་དམིགས་པའི་སྒྲར་བརྗོད་དོ། །ཤེས་པ་འདི་ལ་བུམ་པ་ལ་ སོགས་པའི་བདག་ཉིད་ཀྱི་ཡུལ་ཡོད་པས་ན་འདི་ནི་རང་གི་ཡུལ་ཅན་ནོ། །དེ་ནི་རང་གི་ཡུལ་ཅན་ཡང་ཡིན་ལ། རྣམ་པར་ཤེས་པ་གང་ཡིན་པས་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྟེ། དེ་སྐྱེ་བ་ལ་དེ་སྐད་ཅེས་བྱའོ། །རང་གི་ཡུལ་ཅན་རྣམ་པར་ཤེས་པ་སྐྱེད་པར་རུང་བ་ཉིད་ཅེས་བྱ་བར་ ཚིག་རྣམ་པར་སྦྱར་ཏེ། །ཡུལ་གྱི་ངོ་བོ་ཉིད་འདི་ལ་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་བསྐྱེད་པར་རུང་བ་ཉིད་ཀྱི་མཚན་ཉིད་ཡོད་པས། འདི་ནི་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་བསྐྱེད་པར་རུང་བ་ཉིད་ཀྱི་མཚན་ཉིད་ཅན་ནོ། །གལ་ཏེ་འདིར་དམིགས་པ་ཡུལ་གྱི་ངོ་བོ་ཉིད་ནི་ཇི་ལྟར་ རུང་བ་ཉིད་ཀྱི་མཚན་ཉིད་ཡིན། འདི་ལྟར་རུང་བ་ཉིད་ཀྱི་ཆོས་ཉིད་ཡིན་ལ། ཆོས་དང་ཆོས་ཅན་དག་ནི་ཐ་དད་པ་ཁོ་ནའོ་ཞེ་ན། དེའི་ཕྱིར། རུང་བ་ཉིད་ནི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རུང་བ་ཉིད་ནི་དངོས་སུ་ན། དངོས་པོའི་ངོ་བོ་ཉིད་ཁོ་ན་ཡིན་གྱི། དོན་ དམ་པར་དངོས་པོའི་རང་གི་ངོ་བོ་ལས་ཐ་དད་པ་ནི་མ་ཡིན་ནོ། །དེ་ལྟར་དམིགས་པ་ཡུལ་གྱི་ཆོས་ཉིད་ཡིན་པ་བསྟན་ནས། དགག་པ་འཇུག་པ་བསྟན་པའི་ཕྱིར། དེ་ལས་གཞན་པའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པར་བྱ་བ་བུམ་པ་ལ་སོགས་པ་རང་གི་ཡུལ་ ཅན་གྱི་རྣམ་པར་ཤེས་པ་བསྐྱེད་པར་རུང་བ། དེ་ལས་གཞན་པ་བུམ་པས་དབེན་པའི་ཕྱོགས་དམིགས་པ་བསྐྱེད་པར་རུང་བ་གང་ཡིན་པ་དེ་ཉིད། འདིར་མི་དམིགས་པའི་སྒྲར་བརྗོད་དོ། །ཚུལ་གོང་མ་དང་མཐུན་པར་བསྒྲེ་བའི་ཕྱིར། སྔ་མ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། བརྗོད་པར་ འདོད་པའི་དམིགས་པ་ལ་གཞན་ཡིན་པའི་ཕྱིར། མ་ཡིན་པར་འཇུག་པས་བཟར་མི་རུང་བ་དང་། རེག་ཏུ་མི་རུང་བ་བཞིན་ནོ་ཞེས་བྱ་བ་དོན་ཐམས་ཅད་ཐལ་ཟིན་ནོ། །ཡང་གཞན་ཞེས་བྱ་བའི་སྒྲ་ནི་སྤྱིའི་སྒྲ་ཡིན་ན། ཇི་ལྟར་མི་དམིགས་པ་ཉིད་མ་ཡིན་པར་འཇུག་པས། བུམ་པས་ དབེན་པའི་ཕྱོགས་ཤེས་པ་ཁོ་ནའམ། བུམ་པས་དབེན་པའི་ཕྱོགས་ཁོ་ན་ཡིན་པར་རབ་ཏུ་བརྟག་ལ། ཁྱད་པར་མེད་པར་གཞན་གྱི་སྒྲར་བརྗོད་པར་བྱ་བ་ཐམས་ཅད་ཁོ་ན་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར། རུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་གང་དུ་གང་ཞིག་དམིགས་ན་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། ཕྱོགས་ལ་སོགས་པའི་གནས་སྐབས་གང་དུ་གཟུགས་ལ་སོགས་པ་གང་ཞིག་དམིགས་ན། དངོས་པོ་གཞན་གང་ཞིག་ངེས་པར་དམིགས་པར་འགྱུར་བའི་དངོས་པོ་དེ་ནི་གཟུགས་ལ་སོགས་པ་དེ་དང་འབྲེལ་པ་བརྗོད་དོ། །རུང་བ་ཉིད་དུ་ཁྱད་པར་མེད་པ་ ནི་ངེས་པར་དམིགས་པའི་རྒྱུ་ཡིན་ཏེ། འདི་ལྟར་གཟུགས་ལ་སོགས་པ་དམིགས་ན་རུང་བ་ཉིད་ཀྱི་ངོ་བོར་མཚུངས་པའི་ཕྱིར། གཉིས་པ་ཡང་གདོན་མི་ཟ་བར་དམིགས་པར་འགྱུར་རོ། །དེ་ཉིད་ཇི་ལྟར་འབྲེལ་ཅེ་ན། ཤེས་པ་གཅིག་དང་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཉི་ ག་ཡང་ཤེས་པ་གཅིག་དང་འབྲེལ་ཏེ། འདི་ལྟར་ཤེས་པ་དེ་དངོས་པོ་གཉིས་ཀྱི་རྣམ་པར་བསྐྱེད་པ་ན་དེ་གཉིས་བདག་ཉིད་དང་འབྲེལ་པར་སྟོན་པར་བྱེད་དོ། །ཅིའི་ཕྱིར་ཤེས་པ་དེ་གདོན་མི་ཟ་བར་དངོས་པོ་གཉིས་ཀྱི་རྣམ་པར་འགྱུར་ཞེ་ན། དེའི་ཕྱིར། དེ་ གཉིས་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རུང་བ་ཉིད་ཀྱི་ངོ་བོར་མཚུངས་པ་གང་དག་ཡིན་པ་དེ་དག་ཡོད་པ་ཡིན་ནོ། །དེའི་ཚེ་གཅིག་ངེས་པར་རྟོགས་པར་མི་འགྱུར་རོ། །འདིར་གཏན་ཚིགས་སུ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གང་གིས་ན་དེ་གཉིས་ལ་གཅིག་ ཁོ་ན་སྣང་བར་འགྱུར་གྱི། ཅིག་ཤོས་ནི་མ་ཡིན་པ་འདི་ནི་མི་སྲིད་དོ། །ཀླན་ཀ་གཉུག་མ་ཡོངས་སུ་སྤང་བར་བཞེད་ནས། མཇུག་བསྡུ་བར། དེ་ལྟ་བས་ན་འདིར་རུང་བ་ཉིད་ཀྱི་ངོ་བོ་ཁྱད་པར་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་གཉིས་ རུང་བ་ཉིད་ཀྱི་ཕྱིར་ངོ་བོར་མཚུངས་པས་ཤེས་པ་གཅིག་དང་འབྲེལ་པ་དེའི་ཕྱིར་མི་དམིགས་པའི་སྐབས་འདིར་དེ་གཉིས་ཉེ་བའི་ཕྱིར་རུང་བ་ཉིད་ཀྱི་ངོ་བོ་ཁྱད་པར་མེད་པ་ཅན་དག་ཕན་ཚུན་ལྟོས་པ་ཁོ་ནས་གཞན་ཉིད་ཡིན་པར་བལྟ་བར་བྱའི་ཁྱད་པར་མེད་པར་གཞན་གྱི་སྒྲར་ བརྗོད་པར་བྱ་བའི་དངོས་པོ་ལ་ལྟོས་ནས་ནི་མ་ཡིན་ནོ། །གང་དག་ལ་རུང་བ་ཉིད་ཀྱི་ངོ་བོར་ཁྱད་པར་མེད་པ་ཡོད་པ་དེ་དག་ནི་རུང་བ་ཉིད་ཀྱི་ངོ་བོ་ཁྱད་པར་མེད་པ་ཅན་དག་གོ། །གང་དག་ལ་ཤེས་པ་གཅིག་དང་འབྲེལ་པའི་ངང་ཚུལ་ཡོད་པ་དེ་དག་ནི། ཤེས་པ་གཅིག་ དང་འབྲེལ་པ་ཅན་དག་གོ། །འདིར་ཞེས་བྱ་བ་འདིས་ནི་མི་དམིགས་པ་སྟོན་པར་བྱེད་དོ། །དེ་ལྟར་འདིར་ཤེས་པ་གཅིག་པ་དང་འབྲེལ་པ་ཅན་དག་ཕན་ཚུན་ལྟོས་པ་ཁོ་ནས་གཞན་ཉིད་དུ་ཐ་སྙད་གདགས་སོ་ཞེས་བསྟན་ནས། མི་དམིགས་པ་བསྟན་པར་བྱ་བའི་ ཕྱིར། དེ་འབའ་ཞིག་དེ་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཕྱོགས་དེ་འབའ་ཞིག་ཁོ་ན་ཇི་སྐད་བཤད་པའི་བུམ་པ་ལ་ལྟོས་ནས། བུམ་པ་དེ་ལས་གཞན་ཡིན་ནོ་ཞེས་བྱ་བ་དེའི་ཚེ་མི་དམིགས་པ་ནི་བུམ་པས་དབེན་པའི་ཕྱོགས་ཤེས་པའམ། བུམ་པས་ དབེན་པའི་ཕྱོགས་ཀྱི་ངོ་བོ་ཉིད་ཡིན་ཏེ། གང་གི་ཚེ་དེ་ཤེས་པ་ཡིན་པ་དེའི་ཚེ་ནི་མི་དམིགས་པ་ཤེས་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །གང་གི་ཚེ་དེའི་ངོ་བོ་ཉིད་ཡིན་པ་དེའི་ཚེ་ནི་ཤེས་བྱའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །འདི་སྐད་དུ་མི་དམིགས་པ་ནི། བྱེད་པ་པོ་ལ་གནས་པའི་བྱ་བའམ། ལས་ལ་གནས་པའི་བྱ་བ་ཡིན་པར་འགྱུར་ཏེ། བྱེད་པ་པོ་ལ་གནས་པ་ཡིན་ན་ནི་མི་དམིགས་པ་ཤེས་པ་ཡིན་ནོ། །ལས་ལ་གནས་པ་ཡིན་ན་ནི་མི་དམིགས་པ་ཡུལ་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་འཇུག་པས་མི་དམིགས་པ་རྣམ་པར་བཞག་ནས། འདིའི་ བསྒྲུབ་པར་བྱ་བ་བསྟན་པའི་ཕྱིར། དེའི་ཟླ་བོ་དངོས་པོ་མེད་པའམ། དངོས་པོ་མེད་པར་ཐ་སྙད་གདགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པ་མ་ཡིན་པའི་ངོ་བོ་བཤད་པ་གང་ཡིན་པ་དེ་ནི་ཟླ་བོ་བུམ་པ་ལ་སོགས་པ་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པ་ཡིན་ཏེ། རྒྱུ་དང་། ཁྱབ་པར་བྱེད་པ་མི་དམིགས་པས་ནི་དངོས་པོ་མེད་པ་དང་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་ལ། རང་བཞིན་མི་དམིགས་པས་དངོས་པོ་མེད་པར་ཐ་སྙད་གདགས་པ་འབའ་ཞིག་གོ། །དངོས་པོ་མེད་པར་ཐ་སྙད་གདགས་པ་ནི། ཤེས་པ་དང་མངོན་པར་བརྗོད་པ་དང་འཇུག་པའི་ མཚན་ཉིད་དེ། དེ་ལ་འདི་ན་བུམ་པ་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་དང་། དེ་ལྟ་བུ་དངོས་པོ་མངོན་པར་རྗོད་པར་བྱེད་པའི་མངོན་པར་བརྗོད་པ་དང་། ཕྱོགས་དེར་དོགས་པ་མེད་པར་འགྲོ་བ་དང་འོང་བའི་མཚན་ཉིད་ཀྱི་འཇུག་པ་ཡིན་ནོ། །ཕ་རོལ་པོས་གང་གི་ཚེ་མི་དམིགས་པ་ ཡུལ་གྱི་ངོ་བོ་ཉིད་མ་ཡིན་པ་དེའི་ཚེ། མི་དམིགས་པར་མི་རུང་བ་ཉིད་དུ་བསྟན་པའི་ཕྱིར། ཇི་ལྟར་ན་གཞན་ཡོད་པ་དེ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཇི་ལྟར་བུམ་པ་མེད་པ་ཡིན། རྒྱུ་གང་གིས་ན་དངོས་པོ་མེད་པའི་ངོ་བོའི་མི་དམིགས་པས་དངོས་ པོ་མེད་པར་ཐ་སྙད་གདགས་པར་གྲུབ་པར་འགྱུར། འདིར་ཕ་རོལ་པོའི་བསམ་པ་ནི། གང་གི་ཚེ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དངོས་པོ་ཡོད་པའི་ངོ་བོ་དག་ལས་མི་དམིགས་པ་ལོགས་ཤིག་ཏུ་བྱེད་ན། དེའི་ཚེ་དེ་གདོན་མི་ཟ་བར་དངོས་པོ་མེད་པའི་ངོ་བོར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ལོགས་ཤིག་ ཤིག་ཏུ་བྱེད་པ་དོན་མེད་པ་ཉིད་ཡིན་ནོ། །ཁྱོད་ཀྱིས་ནི་གཞན་ཡོད་པའི་ངོ་བོ་མི་དམིགས་པར་བཤད་ན། དེ་ཅི་གཞན་དོན་ཡོད་པ་དེ་མེད་པ་ཡིན་པར་ངེས་ཏེ། དེས་ན་ཁྱོད་དེ་སྐད་དུ་འཆད་སྙམ་པ་འདི་ཡིན་ཏེ། དེའི་ཕྱིར། ཇི་ལྟར་ན་གཞན་ཡོད་ལ་ཞེས་བྱ་བ་ལ་སོགས་པའི་ཀླན་ཀ་ འདིར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། སྔར་བཤད་པ་དྲན་པར་བྱ་བའི་ཕྱིར། འདིར་ཇི་ལྟར་མ་ཡིན་པར་འཇུག་པས་ལྟོས་པའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རུང་བ་ཉིད་ཀྱི་ངོ་བོར་མཚུངས་པ་དག་མ་ཡིན་པར་འཇུག་པས་ལྟོས་པའི་སྒོ་ ནས་དངོས་པོ་མེད་པ་དང་། ལྟོས་པའི་སྒོ་ནས་མི་དམིགས་པ་ཡིན་གྱི། དགག་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་སྔར་བཤད་ཟིན་པ་ཉིད་དོ། །འདི་སྐད་དུ། གང་གི་ཚེ་མ་ཡིན་པའི་ངོ་བོར་དངོས་པོ་མེད་པ་དང་། མི་དམིགས་པ་དག་རྣམ་པར་འཇོག་པའི་ཚེ། བུམ་པས་དབེན་པའི་ཕྱོགས་ཀྱི་ སྒོ་ངོ་བོ་ཉིད་ཁོ་ན་བུམ་པ་མེད་པ་ཡིན་ནོ། །དེའི་ཕྱིར་བུམ་པ་མེད་པའི་ངོ་བོའི་མི་དམིགས་པ་དེ་ལྟ་བུས་དངོས་པོ་མེད་པར་ཐ་སྙད་གདགས་པ་གྲུབ་པ་ལ་ཉེས་པ་འགའ་ཡང་མེད་དོ། །ལོགས་ཤིག་ཏུ་སྨོས་པ་ནི་ཆུང་ཟད་ཙམ་ཞིག་ཁྱད་པར་ཡོད་པའི་ཕྱིར་རོ། །དོན་དམ་པར་ནི་མི་དམིགས་པ་ རང་བཞིན་གྱི་གཏན་ཚིགས་ཁོ་ན་ཡིན་ཏེ། འདི་ལྟར་དབེན་པའི་ངོ་བོ་ཉིད་ཀྱི་ཕྱོགས་ཀྱི་ཆོས་གཉིས་པ་དངོས་པོ་མེད་པར་ཐ་སྙད་གདགས་སུ་རུང་བ་ཉིད་ཀྱི་མཚན་ཉིད་སྒྲུབ་པར་བྱེད་དོ། །ཡང་ཅིའི་ཕྱིར་དངོས་པོ་མེད་པ་དང་མི་དམིགས་པ་དགག་པ་ཙམ་མ་ཡིན་ཞེ་ན། དེའི་ཕྱིར། དེ་གྲུབ་པར་མ་ གྲུབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དགག་པ་ཙམ་དེའི་ཚད་མ་ཉིད་ཆུང་ཟད་ཀྱང་མི་འགྲུབ་བོ། །འདི་ལྟར་ཁྱོད་ཀྱི་ཕྱོགས་ལྟར་དམིགས་པ་མེད་པ་མི་དམིགས་པ་ཡིན་ལ། དེས་དངོས་པོ་མེད་པའམ་དེར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་ན། དེ་ལ་རེ་ཞིག་མི་དམིགས་པ་དེ་ཉིད་ཇི་ལྟར་འགྲུབ། གལ་ཏེ་མི་ དམིགས་པ་གཞན་ཞིག་གིས་ན་ནི་དེའི་ཚེ་དེ་ཡང་ཇི་ལྟར་གྲུབ། དེ་ལས་གཞན་པ་ཡང་ཇི་ལྟར་གྲུབ་སྟེ། དེ་ལྟར་ན་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པར་ཐ་སྙད་གདགས་པ་ཉིད་གང་དུ་ཡང་གྲུབ་པར་མི་འགྱུར་རོ། །ཡང་དེ་ན་སྒྲུབ་པ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་འདི་དོན་གཞན་ཡིན་ཏེ། དགག་པ་ཙམ་དེ་གྲུབ་པ་ཉིད་ཡིན་པ་ཁོ་ནར་མི་འགྲུབ་བོ། །འདི་ལྟར་གྲུབ་པར་བྱེད་པ་སྒྲུབ་པ་ཞེས་བྱ་ན་དགག་པ་ཙམ་ནི་དངོས་པོ་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་མི་ནུས་ཏེ། དངོས་པོ་མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །འོན་ཏེ་དངོས་པོ་མེད་པ་ཡང་གྲུབ་པ་བསྐྱེད་པར་འདོད་ན་ནི་དེའི་ཚེ། ལྷན་ཅིག་ བྱེད་པ་ལ་མི་ལྟོས་པའི་ཕྱིར་རྟག་ཏུ་བསྐྱེད་པར་འགྱུར་ཏེ། ཤེས་པ་གཞན་གྱི་གོ་སྐབས་ཁོ་ན་ཡང་མེད་པར་འགྱུར་རོ། །དེ་ལྟ་ན་དགག་པ་ཙམ་གྱིས་གྲུབ་པ་སྐྱེད་པར་མི་ནུས་ན། དེའི་ཚེ་མེད་པར་ཐ་སྙད་གདགས་པ་ཡང་མི་འགྲུབ་པ་ཁོ་ནར་འགྱུར་རོ། །དེ་ལྟར་འདིར་དངོས་པོ་མེད་པར་དགག་པ་ཙམ་གྱི་ངོ་བོ་ཉིད་ ཡིན་པ་བསལ་ནས། རྒྱུ་གང་གིས་ན་གཞན་ཡོད་པ་ན་དེ་མེད་པ་ཡིན་ནོ་ཞེས་ཐ་སྙད་གདགས་པ་དེ་བསྟན་པའི་ཕྱིར། འབྲེལ་པ་མེད་པའི་ངོ་བོ་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར། བུམ་པ་དང་འབྲེལ་པ་མེད་པ་དེའི་ངོ་བོའི་ཕྱོགས་དེའི་རང་གི་ངོ་བོ་གྲུབ་པ་དེ་ཉིད་གཞན་བུམ་པ་མེད་པར་གྲུབ་པ་ཡིན་པ་ དེའི་ཕྱིར། གཞན་ཡོད་པ་ཡང་མི་དམིགས་པ་བཞིན་དུ། མེ་ཡིན་པའི་ངོ་བོས་དེ་མེད་པ་ཡིན་ནོ་ཞེས་ཐ་སྙད་གདགས་སོ། །འདིར་ཕ་རོལ་པོས་བུམ་པ་ལ་སོགས་པ་མེད་པ་ཡང་དངོས་པོ་མེད་པར་ཐ་སྙད་གདགས་པའི་རྒྱུ་ཉིད་དུ་ཉེས་པ་མེད་པར་མཐོང་ནས་གཞན་ཡོད་པའི་མཚན་ཉིད་ཀྱི་དངོས་པོ་མེད་པར་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པས་དབེན་པའི་ཕྱོགས་ནི་མཚན་ཉིད་ཀྱི་དངོས་པོ་མེད་པ་གང་ཡིན་པ་དེ་རང་གི་ངོ་བོར་མངོན་སུམ་ཞེས་བྱ་བའི་ཚད་མས་འགྲུབ་པར་འགྱུར་བས་བུམ་པ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པའམ། བུམ་པས་དབེན་པའི་ཕྱོགས་དེ་གྲུབ་པས་རྗེས་སུ་དཔག་པའི་བུམ་པ་ མེད་པ་བུམ་པ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་ཀྱང་རུང་བའི་འདིར་དངོས་པོ་མེད་པར་ཐ་སྙད་གདགས་པ་གྲུབ་པ་ལ་ཁྱད་པར་འགའ་ཡང་མེད་ན། ཁྱད་པར་གང་གིས་ནི་མི་དམིགས་པས་དངོས་པོ་མེད་པར་ཐ་སྙད་གདགས་པ་འགྲུབ་པ་འགལ་བར་འགྱུར། འདིར་གཅིག་གི་ལྟར་ན་ནི་བུམ་ པས་དབེན་པའི་ཕྱོགས་དམིགས་པའི་མི་དམིགས་པ་མངོན་སུམ་དུ་རྟགས་ཡིན་ལ། ཅིག་ཤོས་ཀྱི་ལྟར་ན་ནི། བུམ་པས་དབེན་པའི་ཕྱོགས་དམིགས་པས་རྗེས་སུ་དཔག་པའི་བུམ་པ་མེད་པ་དངོས་པོ་མེད་པར་ཐ་སྙད་གདགས་པའི་རྟགས་ཡིན་པས་ཁྱད་པར་ཡོད་པ་ཡིན་ནམ་ཞེ་ན། ཁྱད་པར་འདི་ནི་ཡོད་པ་བདེན་ ན་གང་གིས་ན་དགག་པར་བརྟགས་པ་བཞིན་དུ་མི་དམིགས་པ་ལས་སོ། །དངོས་པོ་མེད་པར་ཐ་སྙད་གདགས་པ་འགྲུབ་པ་འགལ་བར་འགྱུར་བའི་ཁྱད་པར་དེ་ནི་མེད་དེ་བརྒྱུད་དེ་མི་དམིགས་པས་རྗེས་སུ་དཔག་པའི་ཚུལ་གྱིས་གྲུབ་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ལས་གྲུབ་པར་ཟད་དོ། །གལ་ཏེ་ ཁྱད་པར་མེད་དུ་ཆུག་ན་ཡང་དེས་ན་ཅི་ཞེ་ན། དེའི་ཕྱིར། གཞན་ཡོད་པ་དེ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དེ་སྐད་དུ་བཤད་པའི་ཚུལ་གྱིས་དངོས་པོ་མེད་པར་ཐ་སྙད་གདགས་པ་སྒྲུབ་པ་ལ་ཁྱད་པར་མེད་པ་དེའི་ཚེ་བུམ་པས་དབེན་པའི་ཕྱོགས་དེ་ཉིད་དང་། དེའི་ཡུལ་ཅན་གྱི་དམིགས་པ་བུམ་པ་ དངོས་པོ་མེད་པའི་རྟགས་ཉིད་དུ་སྒྲུབ་པ་ཅི་སྟེ་མ་ཡིན། དེ་དེ་ལྟར་གྲུབ་པ་ནི་བུམ་པ་མེད་པར་ཐ་སྙད་གདགས་པ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ན། གཞན་ཡོད་པར་གྲུབ་པ་ཉིད་དེ་དེ་མེད་པར་གྲུབ་པ་ཡིན་ནོ་ཞེས་འཇིག་རྟེན་དང་འགལ་བར་བརྟགས་པས་ཅི་ཞིག་བྱ། འདིར་ཕ་རོལ་གྱི་བསམ་པ་ནི། ཇི་སྐད་ བཤད་པའི་ཉེས་པས་མི་དམིགས་པ་མ་ཡིན་པའི་ངོ་བོར་རྟོགས་པ་ལ་ནི་རིགས་ན། དངོས་པོ་མེད་པར་དགག་པའི་ངོ་བོར་ཡོངས་སུ་བཟུང་ན་དངོས་པོ་མེད་པར་ཐ་སྙད་གདགས་པ་གྲུབ་པ་ལ་འགལ་བ་ཅི་ཞིག་ཡོད། གང་གིས་གཞན་ཡོད་པ་ཉིད་དེ་མེད་པ་ཡིན། གཞན་ཡོད་པ་གྲུབ་པ་ཉིད་དེ་མེད་པར་གྲུབ་ པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་འཇིག་རྟེན་དང་འགལ་བ་རྣམ་པར་འཇོམས་པར་བྱེད། གྲུབ་པའི་མཐའ་སྨྲ་བས། རེ་ཞིག་གཞན་ཡོད་པ་དེ་མེད་པའི་སྒྲུབ་པ་ཉིད་ཡིན་པ་དགག་པར་བྱ་བའི་ཕྱིར། སོ་སོ་མ་གྲུབ་པའི་ཕྱིར་དང་ཞེས་བྱ་བ་སྨོས་ཏེ། བུམ་པ་མེད་པ་དང་ཕྱོགས་སོ་སོར་གྲུབ་པ་ནི་མེད་དོ། །འོན་ཀྱང་བུམ་ པས་དབེན་པའི་ངོ་བོས་ཕྱོགས་འཛིན་པར་བྱེད་པའི་ཤེས་པ་ཁོ་ནས་བུམ་པ་མེད་པ་ཤེས་ཏེ། དེའི་ཕྱིར་ཤེས་པ་གཅིག་གིས་གཟུང་བར་བྱ་བ་ཕྱོགས་དང་བུམ་པ་དག་ཇི་ལྟར་རྟགས་དང་རྟགས་ཅན་གྱི་དངོས་པོར་འགྱུར། གཏན་ཚིགས་གཞན་འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཕྱོགས་དང་བུམ་པ་ མེད་པ་འདི་གཉིས་ནི་ཕན་ཚུན་འབྲེལ་པ་འགའ་ཡང་མེད་དོ། །འབྲེལ་པ་མེད་ན་ཇི་ལྟར་རྟགས་དང་རྟགས་ཅན་གྱི་དངོས་པོར་འགྱུར། དེ་ཉིད་བསྟན་པར་བྱ་བའི་ཕྱིར། རེ་ཞིག་གཞན་ཡོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གཞན་ཡོད་པ་ནི་ཟླ་བོ་བུམ་པ་ལ་སོགས་པ་མེད་པའི་སྒྲུབ་པ་མ་ཡིན་ ནོ། །རེ་ཞིག་ཅེས་བྱ་བའི་སྒྲས་ནི། གོ་རིམས་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་ཏེ། གཞན་ཡོད་པའི་ཡུལ་ཅན་གྱི་དམིགས་པ་དངོས་པོ་མེད་པ་བསྒྲུབ་པ་ཡིན་པ་དགག་པ་ནི་ཕྱིས་བཤད་པར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟར་གཞན་ཡོད་པ་དངོས་པོ་མེད་པའི་བསྒྲུབ་པ་མ་ཡིན་ཞེ་ན། དེའི་ཕྱིར། གང་ཞིག་གྲུབ་པ་ན་གང་མི་འགྲུབ་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ཞིག་གྲུབ་པའི་ཚེ་དོན་གཞན་གང་ཞིག་མི་འགྲུབ་པ་དེ་གཉིས་ནི་རྟགས་དང་རྟགས་ཅན་ཡིན་ནོ། །འདིར་དཔེ་མེ་དང་དུ་བ་ལྟ་བུ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་ལ་ལར་དུ་བ་གྲུབ་པའི་ཚེ། མེ་མ་གྲུབ་པ་ཡིན་པ་དེའི་ ཚེ་མེ་གྲུབ་པར་བྱ་བའི་ཕྱིར། དུ་བ་རྟགས་ཉིད་དུ་གཟུང་གི །གང་གི་ཚེ་དུ་བ་གྲུབ་པའི་ཚེ་ཁོ་ན་ན་མེ་འགྲུབ་པ་དེའི་ཚེ་ནི། དེ་གཉིས་རྟགས་དང་རྟགས་ཅན་གྱི་དངོས་པོ་མ་ཡིན་ན། འདིར་ནི་བུམ་པས་དབེན་པའི་ཕྱོགས་རྟོག་པའི་ཚེ་ཉིད་ན་བུམ་པ་མེད་པ་ཤེས་ན། དེ་ཇི་ལྟར་འདི་གཉིས་རྟགས་དང་རྟགས་ ཅན་གྱི་དངོས་པོར་འགྱུར། འདི་ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་དང་འབྲེལ་པ་མེད་པའི་ངོ་བོ་ཅན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཕྱོགས་ཞེས་བྱ་བ་གཞན་ཡོད་པའོ། །དེ་ལས་གཞན་པ་དང་འབྲེལ་པ་མེད་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་ལ་ཕྱོགས་དེ་ལས་གཞན་པ་རུང་བ་ཉིད་ཀྱི་ངོ་ བོར་མཚུངས་པ་བུམ་པ་ལ་སོགས་པ་གང་ཡིན་པ་དེ་ནི། དེ་ལས་གཞན་པ་ཞེས་བྱ་བའི་སྒྲར་བརྗོད་དོ། །འདི་ལ་དེ་ལས་གཞན་པ་དང་འབྲེལ་པ་མེད་པའི་ངོ་བོ་ཡོད་པས་འདི་ནི་དེ་ལས་གཞན་པ་དང་འབྲེལ་པ་མེད་པའི་ངོ་བོ་ཅན་ཏེ། བུམ་པས་དབེན་པའི་ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་བུམ་ པ་དང་འབྲེལ་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱོགས་དེའི་དེ་ཉིད་རྣམ་པར་འཇོག་པར་བྱེད་པའི་ཚད་མ་གང་ཡིན་པ་གང་གིས་ན་བུམ་པས་དབེན་པ་ཉིད་ཀྱི་ཕྱོགས་ཤེས་པར་འགྱུར་བའི་རྣམ་པར་འཇོག་པར་བྱེད་པའི་ཚད་མ་དེ་ཁོ་ནས་ཕྱོགས་ཀྱི་གཞན་རྣམ་པར་བཅད་པ་འགྲུབ་སྟེ། བུམ་པས་དབེན་པའི་ཕྱོགས་ ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སོ་སོར་མ་གྲུབ་པས་གཞན་ཡོད་པ་དེ་ནི་དངོས་པོ་མེད་པའི་སྒྲུབ་པ་མ་ཡིན་ནོ། །གཏན་ཚིགས་གཞན་བཤད་པར་བཞེད་ནས། དེ་དེའི་རྟགས་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་དེ་དང་རྟགས་ཅན་དང་ལྡན་ན། རྟགས་དེ་རྟགས་ཅན་དེར་ལྷན་ ཅིག་འབྲེལ་པ་འགའ་ཞིག་ཏུ་འགྱུར་ཏེ། དཔེར་ན་བྱས་པ་ཉིད་ཅེས་བྱ་བའི་རྟག་དང་མི་རྟག་པ་ཉིད་ཅེས་བྱ་བའི་རྟགས་ཅན་དུ་ལྷན་ཅིག་དོན་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་ལྟ་བུ་ཞིག་ཡིན་གྲང་སྟེ། འདི་ལྟར་བྱས་པ་ཉིད་དང་མི་རྟག་པ་ཉིད་གཉིས་ནི་དོན་གཅིག་ལ་བསྡུ་བ་ཡིན་ནོ། ། འདི་གཉིས་དོན་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་ནི་གཞན་གྱི་གཞུང་ལ་ལྟོས་ནས་བཤད་པ་ཡིན་ནོ། །རང་གི་ལུགས་ལྟར་ན་ནི། འདི་གཉིས་དེའི་བདག་ཉིད་ཀྱིས་འབྲེལ་པ་ཡིན་ནོ། །འབྲེལ་པ་གཞན་བསྟན་པའི་ཕྱིར། དུ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་དང་རྟགས་ཅན་མེད་པར་ལྷན་ ཅིག་དོན་གཅིག་ལ་འདུ་བ་ལྟ་བུ་ཞིག་ཡིན་གྲང་སྟེ། འདི་ལྟར་དུ་བ་དང་མེ་གཉི་ག་ཡང་ཕྱོགས་གཅིག་ན་འདུ་བ་ཡིན་ནོ། །ལྡན་པ་ནི་འདིར་འདུ་བའི་སྒྲར་བཤད་དེ། གཞན་ནི་ཕྱོགས་ན་དེ་གཉིས་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པར་ཁས་མི་ལེན་ཏེ། ཡང་ན་མེ་ལ་དུ་བ་མཐོང་བའི་ཕྱིར་དེ་གཉིས་རྟེན་དང་བརྟེན་པའི་མཚན་ ཉིད་ཀྱི་འབྲེལ་པ་ཞིག་ཡིན་གྲང་འབྲེལ་པ་འདི་གཉི་ག་ཡང་གཞན་གྱི་ལུགས་ལ་ལྟོས་ནས་ཉེ་བར་བཀོད་པ་ཡིན་ནོ། །རང་གི་ལུགས་ལྟར་འདི་གཉིས་ཀྱི་འབྲེལ་པ་བསྟན་པའི་ཕྱིར། བསྐྱེད་པར་བྱ་བ་དང་བསྐྱེད་པའི་དངོས་པོ་ལྟ་བུ་ཞིག་ཡིན་གྲང་ཞེས་བྱ་བ་སྨོས་ཏེ། མེས་ནི་དུ་བ་བསྐྱེད་དོ། །དེའི་ཕྱིར་དེ་གཉིས་ནི་རྒྱུ་ དང་འབྲས་བུའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ནོ། །དེ་ལྟར་འབྲེལ་པ་རྣམ་པ་གསུམ་བརྗོད་ནས། དཀྱུས་མ་དང་སྦྱར་བར་བྱ་བའི་ཕྱིར། དངོས་པོ་ཡོད་པ་དང་མེད་པ་དག་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བྱས་པ་ཉིད་དང་མི་རྟག་པ་ཉིད་དག་དོན་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་དང་། ཇི་ལྟར་དུ་བ་དང་མེ་དག་འབྲེལ་པ་ཇི་སྐད་བཤད་པ་རྣམས་ལྟར་ཕྱོགས་དང་བུམ་པ་མེད་པ་དག་ལ་ནི་ཕན་ཚུན་རྒྱུ་གང་གིས་ན་གཞན་ཡོད་པ་ཕྱོགས་ཀྱི་མཚན་ཉིད་བུམ་པ་མེད་པ་དགག་པའི་མཚན་ཉིད་འདི་སྒྲུབ་པར་འགྱུར་བའི་འབྲེལ་པ་དེ་ལྟ་བུ་འགའ་ཡང་མེད་དེ། ཇི་ལྟར་བུམ་པ་མེད་པ་ནི་དངོས་པོ་མེད་པའི་ཕྱིར་གང་ དུ་ཡང་འདུ་བ་མེད་ལ། དངོས་པོ་མེད་པ་ཉིད་ཀྱི་ཕྱིར། འདི་རྟེན་འགའ་ཡང་མ་ཡིན་ནོ། །གཞན་གྱི་འདོད་པའི་དོགས་པ་བསུ་བར། གལ་ཏེ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་པ་དང་གཞན་ཡོད་པ་དག་ལ་ཡུལ་དང་ཡུལ་ཅན་གྱི་དངོས་པོའི་འབྲེལ་པ་ཡོད་པ་ཉིད་དེ། འདི་ལྟར་ཕྱོགས་ན་བུམ་པ་མེད་པར་ཤེས་སོ། །དེ་ལྟ་བས་ན་གཞན་ཡོད་པ་ནི་ཡུལ་ཡིན་ལ། བུམ་པ་མེད་པ་ནི་ཡུལ་ཅན་ཡིན་པ་ལ། འདི་གཉིས་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། དཔེར་ན་སྒྲ་དང་དོན་དག་ལྟ་བུའོ། །ཡལ་ག་ལ་སོགས་པ་དང་ལྡན་པའི་ཡུལ་ལ་ཤིང་ལྗོན་པའི་སྒྲ་སྦྱོར་ལ། དེ་གཉིས་ཀྱང་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་ཀྱིས་འབྲེལ་པ་ལྟར་འདིར་ཡང་དེ་དང་འགྲེའོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། སྒྲ་དང་དོན་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དང་དོན་དག་ནི་ཡལ་ག་ལ་སོགས་པ་དང་ལྡན་པའི་དོན་སྟོན་པར་སེམས་ན་ཤིང་ལྗོན་པའི་སྒྲ་སྦྱོར་ བས་འབྲེལ་པར་རིགས་ཏེ། འདི་ལྟར་སྒྲ་དེ་དང་ཡལ་ག་ལ་སོགས་པ་དང་ལྡན་པའི་དོན་དེར་ལྷན་ཅིག་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་དོ། །གང་གི་ཕྱིར་བརྗོད་པར་འདོད་པ་ཡལ་ག་ལ་སོགས་པ་དང་ལྡན་པའི་དོན་སྟོན་པར་སེམས་ན། ཤིང་ལྗོན་པའི་སྒྲ་སྦྱོར་བ་དེའི་ཕྱིར་དོན་དེ་ལྟ་བུ་བརྗོད་པར་ འདོད་ན། སྒྲ་སྦྱོར་བས་སྒྲ་ནི་འབྲས་བུ་ཡིན་ལ་རྒྱུ་ནི་བརྗོད་པར་འདོད་པ་ཡིན་ནོ་ཞེས་བྱ་བ་གྲུབ་ལ། དོན་དེ་ལྟ་བུར་བརྗོད་པར་འདོད་པ་མེད་ན། ཤིང་ལྗོན་པའི་སྒྲ་མི་སྦྱོར་བས་འདི་གཉིས་ལ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡང་སྲིད་དོ། །སྒྲ་དང་དོན་དག་གི་རྒྱུ་འབྲས་ཀྱི་དངོས་པོ་ཉིད་མེད་ན་མི་འབྱུང་ བ་ཉིད་མོད་ཀྱི། འོན་ཀྱང་གཞན་གྱི་བསམ་པའི་ངོར་བྱས་ནས་མེད་ན་མི་འབྱུང་བ་ལོགས་ཤིག་ཏུ་ཉེ་བར་བཀོད་དེ། གཞན་དག་ནི་མེད་ན་མི་འབྱུང་བ། རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱིས་འབྲེལ་པ་ལས་ལོགས་ཤིག་ཏུ་འདོད་དོ། །དེ་ལྟ་བས་ན་འདི་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཚེ་བརྗོད་པར་ འདོད་པ་ལ་གསལ་བར་སྣང་བའི་དོན་དེ་ན་ཡོད་པ་ཉིད་དུ་སྒྲོ་བཏགས་པ་ཕྱི་རོལ་གྱི་དོན་དང་ཐ་མི་དད་པར་བྱས་ནས་བརྗོད་པར་བྱ་བ་ཉིད་ཡིན་པ་དེའི་ཚེ་ནི་སྒྲ་དང་དོན་དག་དངོས་སུ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། འདི་ལྟར་བརྗོད་པར་འདོད་པ་ལ་གསལ་བར་སྣང་བའི་དོན་བསྟན་པར་བྱ་བའི་ཕྱིར་སྒྲ་སྦྱོར་བར་ འདོད་དོ་ཞེས་བྱ་བ་ནི་རང་གི་གཞུང་ཡིན་ནོ། །གང་གི་ཚེ་གཞན་གྱི་གཞུང་ལ་ལྟོས་ནས་ཕྱིའི་དོན་བརྗོད་པར་བྱ་བ་ཡིན་པར་འདོད་པ་དེའི་ཚེ་ཡང་བརྒྱུད་པས་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ཉིད་དོ། །འདི་ལྟར་དོན་ལས་ནི་མཐོང་བ་ཡིན་ནོ། །མཐོང་བ་ལས་ནི་བརྗོད་པར་འདོད་པ་ཡིན་ནོ། །བརྗོད་པར་འདོད་པ་ ལས་ནི་རྩོལ་བ་ཡིན་ནོ། །རྩོལ་བ་ལས་ནི་རླུང་ཡིན་ནོ། །རླུང་ལས་ནི་གནས་གཞན་དུ་ཐུག་པ་ཡིན་ནོ། །དེ་ལས་ནི་སྒྲ་འགྲུབ་པར་བརྒྱུད་པ་ཡིན་ནོ། །འདིར་བསྟན་བཅོས་མཛད་པའི་དགོངས་པའོ། །འདི་ལ་དངོས་སུ་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ཁོ་ནའོ། །དེ་ཡོད་ན་གཞན་དག་གིས་ གཞན་ཡོངས་སུ་བཏགས་པ་གང་ཡིན་པ་དེ་ཡང་ཡིན་ཏེ། མིང་ལ་ལོག་པར་རྟོགས་པ་འབའ་ཞིག་ཏུ་ཟད་དོ་སྙམ་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་དེ་མེད་པ་དང་གཞན་ཡོད་པ་དག་ཀྱང་དེ་ལྟ་བུ་ཡིན་པར་འགྱུར་རོ་སྙམ་ན། དེའི་ཕྱིར་རྣམ་པ་འདི་ཡང་འདི་ལ་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་དང་དོན་ དག་གི་འབྲེལ་པའི་རྣམ་པ་ཉེ་བར་བསྟན་པ་གང་ཡིན་པ་འདི་ནི་དེ་མེད་པ་དང་གཞན་ཡོད་པ་དག་ལ་མི་སྲིད་པ་ཁོ་ནའོ། །དེའི་ཕྱིར་ཇི་ལྟར་དེ་གཉིས་ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་ཀྱིས་འབྲེལ་པར་འགྱུར། ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་དེ་གཉིས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་དངོས་པོར་གྲུབ་ན་ནི་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དེ་མེད་པ་དང་གཞན་ཡོད་པ་དག་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་དངོས་པོར་གྲུབ་པ་ཡིན་པ་དེའི་ཚེ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་དངོས་པོའི་སྒོ་ནས་ཡུལ་དང་ཡུལ་ཅན་གྱི་དངོས་པོར་འགྱུར་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པའི་དངོས་པོ་དེ་ཉིད་ནི་འབྲེལ་པ་མེད་ པར་མི་འགྲུབ་བོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པའི་དངོས་པོ་དེ་མ་གྲུབ་ན། དེའི་རྒྱུ་ཅན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ལྟ་རྒྱངས་བཅད་དེ་བོར་བ་ཡིན་ནོ། །གལ་ཏེ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོས་བྱས་པ་ཉིད་ཀྱི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་དངོས་པོར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དེ་ལྟ་མ་ ཡིན་ན། འདི་གཅིག་ལ་གཅིག་བརྟེན་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། དེ་མེད་པ་དང་གཞན་ཡོད་པ་དག་ལ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་མ་གཏོགས་པ་འབྲེལ་པ་གཞན་མི་འདོད་ན། དེའི་ཚེ་གཅིག་ལ་གཅིག་བརྟེན་པའི་ཉེས་པར་འགྱུར་རོ། །འདི་ལྟར་ཡུལ་དང་ཡུལ་ཅན་ཡོད་པར་བསྒྲུབ་ པར་བྱ་བ་དང་སྒྲུབ་པ་ཡོད་ལ། བསྒྲུབ་པར་བྱ་བ་དང་སྒྲུབ་པ་ཡོད་པས་ཀྱང་ཡུལ་དང་ཡུལ་ཅན་ཡོད་པས་གཅིག་ལ་གཅིག་བརྟེན་པ་ཉིད་ཡིན་ནོ། །གཅིག་ལ་གཅིག་བརྟེན་པ་དག་ནི་ནུས་པ་མ་ཡིན་ཏེ། དཔེར་ན་གྲུ་ལ་གྲུ་བཅིངས་པ་གཅིག་ལ་གཅིག་སྐྱོབ་པར་མི་ནུས་པ་བཞིན་ནོ། །འཐད་པ་གཞན་ བསྟན་པའི་ཕྱིར། གཞན་ཡོད་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བུམ་པས་དབེན་པའི་ས་ཕྱོགས་ཀྱི་མཚན་ཉིད་ཀྱི་གཞན་ཡོད་པས་བུམ་པ་མེད་པར་སྒྲུབ་པར་བྱེད་པ་དེའི་ཚེ་ཆོས་འབའ་ཞིག་བསྒྲུབ་པ་ཡིན་པས། སྤྱི་བསྒྲུབ་པར་བྱ་བ་ཉིད་མ་ཡིན་པའི་ཉེས་པར་འགྱུར་རོ། ། འདི་ལྟར་ཡོན་ཏན་དང་གཙོ་བོས་དངོས་པོར་རྣམ་པར་གནས་པ་ཆོས་དང་ཆོས་ཅན་སྤྱི་བསྒྲུབ་པར་བྱ་བ་ཉིད་འདོད་ཀྱི། ཆོས་སམ་ཆོས་ཅན་འབའ་ཞིག་ནི་མ་ཡིན་ནོ། །གལ་ཏེ་བུམ་པ་མེད་པ་འབའ་ཞིག་བསྒྲུབ་པར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། དེ་ལྟ་ཡིན་ན་ནི་དེ་ལས་གཞན་པ་ཡོད་པའི་ཕྱིར་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབའ་ཞིག་བསྒྲུབ་པར་བྱ་བ་ཉིད་ཡིན་པར་འགྱུར་ན་དེའི་ཚེ་ཚིག་གི་དོན་འདི་རྣམ་པར་གནས་ཏེ། ས་ཕྱོགས་དབེན་པའི་ངོ་བོ་ཡིན་པའི་ཕྱིར། ཁམས་གསུམ་ན་བུམ་པ་ཞེས་བྱ་བ་འགའ་ཡང་མེད་དོ། །དེ་ལྟ་ན་བུམ་པ་ཡུལ་ཐམས་ཅད་ན་དུས་ཐམས་ཅད་དུ་མེད་པར་ འགྱུར་རོ། །བུམ་པའི་དངོས་པོ་ཉིད་མེད་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདིར་ཕ་རོལ་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་མ་ཡིན་ཏེ་ཕྱོགས་ལ་སོགས་པ་ཆོས་ཅན་གྱི་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་གྲོལ་བའི་ཕྱིར། འདི་སྙམ་དུ་ཕྱོགས་ལ་ སོགས་པ་ཆོས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཞེས་བྱ་བའི་ཆོས་ཅན་གང་ཡིན་པ་དེ་ཉིད་ཁྱད་པར་དུ་འགྱུར་བའི་བུམ་པ་མེད་པ་སྒྲུབ་པར་བྱེད་ཀྱི་འབའ་ཞིག་ནི་མ་ཡིན་ནོ། །དེའི་ཕྱིར་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་པའི་ཉེས་པར་མི་འགྱུར་ལ། ཕྱོགས་འདི་ལ་ནི་རྟགས་དང་རྟགས་ཅན་དག་འབྲེལ་པ་ མེད་པའི་ཉེས་པ་ཡང་མི་སྲིད་དེ། འདི་ལྟར་རྟགས་ཉིད་ཁས་བླངས་པ་གཞན་ཡོད་པ་དང་ཕྱོགས་ལ་སོགས་པ་ཆོས་ཅན་དུ་འབྲེལ་པར་ཡོད་པ་ཁོ་ན་སྟེ། དངོས་པོའི་ངོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ། ཕྱོགས་ལ་སོགས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཆོས་ཅན་གཞན་ལ་རྟགས་ཉིད་དུ་འདོད་པ་གཞན་ཡོད་པ་ཡང་གཞན་པ་ནི་མ་ཡིན་ནོ། །གཞན་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ཕྱོགས་གང་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་གང་ཁོ་ན་ན་བུམ་པ་མེད་དོ་ཞེས་བྱ་བའི་ཕྱོགས་དེ་ཉིད་བུམ་པ་དང་འདྲེས་པ་མེད་པའི་གཞན་ཡོད་ པ་ཉིད་དུ་འདོད་ཅིང་རྟགས་ཉིད་དུ་འདོད་དོ། །འདི་ལྟར་བུམ་པས་དབེན་པའི་ཕྱོགས་མཐོང་བ་ཁོ་ནས་རྟོགས་པར་བྱེད་པ་འདི་ཕྱོགས་ན་བུམ་པ་མེད་དོ་སྙམ་པའི་བློ་འབྱུང་ངོ་། །དེའི་ཕྱིར་ཇི་ལྟར་ཁྱད་པར་མེད་པ་ཐ་ན་ལྡོག་པའི་བྱེ་བྲག་གིས་ཀྱང་ཐ་དད་པ་མ་ཡིན་པའི་ཕྱོགས་དེ་ཁོ་ན་རྟགས་དང་ རྟགས་ཅན་གྱི་དངོས་པོར་རུང་། དེ་ལ་འདི་སྙམ་དུ་དངོས་སུ་ཐ་དད་པ་མེད་མོད་ཀྱི། འོན་ཀྱང་སྤྱི་དང་ཁྱད་པར་གྱི་དངོས་པོར་བརྟག་པས་རྟགས་དང་རྟགས་ཅན་གྱི་དངོས་པོར་འགྱུར་རོ་སྙམ་ན། དེའི་ཕྱིར་འདིར་གང་གིས་ན་སྤྱི་ནི་གཏན་ཚིགས་སུ་འགྱུར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་དེ་ལྟ་བུ་ལ་ནི་རྒྱུ་གང་ གིས་ན། སྤྱི་ནི་གཏན་ཚིགས་ཉིད་དུ་ཁས་ལེན་པ། ཁྱད་པར་ནི་ཆོས་ཅན་ཉིད་དུ་ཁས་ལེན་པར་འགྱུར་བའི་སྤྱི་དང་ཁྱད་པར་དུ་བརྟག་པ་ནི་མི་འཐད་དོ། །ཅིའི་ཕྱིར་སྤྱི་དང་ཁྱད་པར་དུ་ཡོངས་སུ་བརྟག་པ་མི་སྲིད་ཅེ་ན། དེའི་ཕྱིར། དེའི་ཁྱད་པར་རྟོགས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་དབེན་པའི་ ཕྱོགས་ཀྱི་ཁྱད་པར་ཆོས་ཅན་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པའི་ཕྱོགས་ཀྱི་ཁྱད་པར་དེ་ལྟ་བུ་རྟོགས་པ་ཁོ་ནས་བུམ་པ་མེད་པའི་རྟོགས་པའི་ཕྱིར་རྒྱུས་ཕྱོགས་ཀྱི་སྤྱི་གཏན་ཚིགས་ཀྱི་དངོས་པོ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཕྱོགས་ཀྱི་ཁྱད་པར་དེ་ཉིད་གཞན་དུ་ཡང་འཇུག་པའི་ཕྱིར་སྤྱི་ཡིན་པར་འགྱུར་རོ་སྙམ་དུ་ སེམས་ན། དེའི་ཕྱིར། དེ་ལ་རྗེས་སུ་འགྲོ་བ་ཡང་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བུམ་པས་དབེན་པའི་ཕྱོགས་ཡོངས་སུ་སྣང་བ་དེ་ལྟ་བུ་ལ་ནི་གཞན་དུ་རྗེས་སུ་འགྲོ་བ་མེད་དོ། །དེའི་ཕྱིར་ཇི་ལྟར་སྤྱི་དང་ཁྱད་པར་གྱི་དངོས་པོ་ཡིན། གཏན་ཚིགས་གཞན་དམ་བཅས་པའི་ཕྱིར་ཕྱོགས་གཅིག་ཡིན་པའི་ཕྱིར་ཡང་ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བུམ་པས་དབེན་པའི་ཕྱོགས་ཁོ་ན་ཆོས་ཅན་མ་ཡིན་ལ། དེ་ཉིད་རྟགས་ཉིད་དུ་ཡང་བརྗོད་པ་དེའི་ཚེ། དམ་བཅས་པའི་ཕྱོགས་གཅིག་ཡིན་པའི་ཕྱིར། འདི་རྟགས་ཉིད་ག་ལ་ཡིན། གལ་ཏེ་ཕྱོགས་ཀྱི་ཁྱད་པར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དང་། དམ་བཅས་པའི་ཕྱོགས་ གཅིག་ཡིན་པའི་ཕྱིར། རྟགས་ཡིན་པར་མི་འདོད་ན། འོན་ཏེ་ཕྱོགས་ཀྱི་སྤྱི་གཏན་ཚིགས་སུ་འགྱུར་རོ་སྙམ་ན། དེའི་ཕྱིར། གང་ན་ཕྱོགས་ཙམ་ཡོད་པ་དེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གང་ན་ཕྱོགས་ཙམ་ཡོད་པ་དེ་དང་དེ་ན་བུམ་པ་མེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འཁྲུལ་པའི་ཕྱིར། ཕྱོགས་ཀྱི་སྤྱི་ཡང་གཏན་ཚིགས་མ་ཡིན་ནོ། །ཕ་རོལ་གྱི་འདོད་པའི་དོགས་པ་བསུ་བར། གལ་ཏེ་ཕྱོགས་འབའ་ཞིག་ཡིན་པ་དེ་ལྟ་བུ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཙམ་ནི་ཧ་ཅང་སྤྱི་ཡིད་ཆེས་པས་འཁྲུལ་པ་ཡང་བདེན་ན། བུམ་པས་དབེན་པའི་ཕྱོགས་འབའ་ཞིག་ཡིན་པ་དེ་ ལྟ་བུ་གཞན་ཡང་ཡོད་པ་གང་ཡིན་པ་དེ་ན་བུམ་པ་མེད་པ་ཉིད་དུ་འཁྲུལ་པ་མེད་དོ། །དེའི་ཕྱིར་བུམ་པས་དབེན་པའི་ཕྱོགས་ཀྱི་སྤྱི་དེ་ལྟ་བུ་ནི་གཏན་ཚིགས་ཡིན་ཏེ། དེ་ལ་ནི་འཁྲུལ་པ་ཡང་མེད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་དེ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་འབའ་ཞིག་ཅེས་བྱ་བ་གང་ཡིན་པ་དེ་ཉིད་བུམ་པ་དང་བྲལ་བ་ཞེས་མི་བྱའམ། བྱར་ཟད་མོད། ཉེས་པ་ཅི་ཡོད་ཅེ་ན། འདིར་རྟགས་སུ་གྱུར་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པའི་སྦྱོར་བ་འདིར་རྟགས་ཉིད་དུ་འདོད་པ་བུམ་པ་དང་བྲལ་བའི་ཕྱོགས་དེ་ཡང་ཕྱོགས་རྟོགས་པའི་དུས་དེ་ཁོ་ ན་ན་གྲུབ་པ་ཡིན་ནོ། །དེའི་ཕྱིར་ཕྱོགས་འབའ་ཞིག་པོ་དེ་དག་གི་རྟགས་སུ་འདོད་པར་བྱ། འདི་ཉིད་ལ་གཏན་ཚིགས་གཞན་རྗེས་སུ་འགྲོ་བ་སྨོས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གང་ན་ཕྱོགས་འབའ་ཞིག་ཡོད་པ་དེ་དང་དེ་ན་བུམ་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་རྗེས་སུ་འགྲོ་བ་སྨོས་པ་གང་ཡིན་ པ་དེ་ཡང་དོན་མེད་པར་འགྱུར་རོ། །འདི་ལྟར་རྟགས་སུ་གྱུར་པའི་ཕྱོགས་རྟོགས་པ་ཁོ་ན་ན་བུམ་པ་དང་བྲལ་བ་གྲུབ་ན་རྗེས་སུ་འགྲོ་བས་ལྷག་པར་ཅི་ཞིག་བྱ། མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གཞན་ཡོད་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་འབྲེལ་པ་མེད་པ་དེའི་ ཕྱིར་དབེན་པའི་མཚན་ཉིད་ཀྱི་གཞན་ཡོད་པ་ནི་བུམ་པ་མེད་པའི་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཡང་གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་འགལ་བའི་འབྲེལ་པ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མེད་པ་དང་གཞན་ཡོད་པ་དག་ལ་འགལ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ ཉིད་དོ། །དེའི་ཕྱིར་འགལ་བའི་མཚན་ཉིད་ཀྱི་འབྲེལ་པས་འབྲེལ་པའི་ཕྱིར་གཞན་ཡོད་པ་ལས་དངོས་པོ་མེད་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་འགལ་བ་མི་སྲིད་པའི་ཕྱིར། དྲི་བར། གང་ཞིག་གང་དང་འགལ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བ་བུམ་པ་མེད་པ་ དང་གཏན་ཚིགས་ཕྱོགས་དག །གང་ཞིག་གང་དང་ལྷན་ཅིག་འགལ་བ་བརྗོད་དགོས་སོ། །ཕ་རོལ་པོས་འགལ་བ་བསྟན་པའི་ཕྱིར། གཞན་ཡོད་པ་དང་ཟླ་བོར་རོ་ཞེས་བྱ་བ་སྨོས་ཏེ། བུམ་པས་དབེན་པའི་ངོ་བོའི་ཕྱོགས་དང་ཟླ་བོ་བུམ་པ་དང་ལྷན་ཅིག་འགལ་ལོ། །གྲུབ་པའི་མཐའ་ སྨྲ་བས། ཅི་གང་གིས་ན་རྟགས་དང་རྟགས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་ཅི་འདིར་གང་གིས་ན་རྟགས་དང་རྟགས་ཅན་དག་འགལ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་པར་བརྗོད་པ། དབེན་པའི་ཕྱོགས་དམིགས་པ་ལ་བུམ་པ་ཡོད་པར་གཞལ་བར་འདོད་དམ། འདིར་ཟླ་བོ་བུམ་པ་མེད་པར་སྒྲུབ་ པར་བྱེད་པ་མ་ཡིན་ནམ། དེ་ནི་དབེན་པའི་ཕྱོགས་ཀྱི་མཚན་ཉིད་ཀྱི་གཞན་ཡོད་པ་དང་ལྷན་ཅིག་འགལ་བ་མེད་དོ། །ཅིའི་ཕྱིར་མི་འགལ་ཞེ་ན། ལྷན་ཅིག་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་བུམ་པས་དབེན་པའི་ཕྱོགས་དང་བུམ་པ་མེད་པ་དང་ལྷན་ཅིག་གནས་པ་མཐོང་ངོ་། །མཇུག་བསྡུ་བའི་ ཕྱིར། གཞལ་བྱ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འདིར་བུམ་པ་མེད་པ་ཁོ་ན་དབེན་པའི་ངོ་བོའི་ཕྱོགས་དམིགས་པས་འཇལ་བར་བྱེད་པ་དེའི་ཚེ། གཞལ་བྱ་དེ་ལ་རྟགས་དང་རྟགས་ཅན་དག་ཇི་ལྟར་འགལ། དེའི་ཕྱིར་འདིར་དེ་གཉིས་འབྲེལ་པ་མེད་པ་ཉིད་དོ། །དེ་ལྟར་འབྲེལ་པ་མེད་པར་བསྟན་ ནས། ཉེས་པ་གཞན་བསྟན་པའི་ཕྱིར། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགལ་བའི་མཚན་ཉིད་ཀྱི་འབྲེལ་པའི་ཕྱོགས་འདི་ལ་ཡང་སྤྱི་བསྒྲུབ་པར་བྱ་བ་ཉིད་མ་ཡིན་པའི་ཉེས་པ་ནི་དེའི་སོ་ན་འདུག་པ་ཉིད་དོ། །ཡང་ཕ་རོལ་པོས་མི་འདོད་པ་བརྗོད་པས་བརྒལ་བར་བྱ་བའི་ཕྱིར། དེ་མེད་པ་དང་གཞན་ ཡོད་པ་དག་འབྲེལ་པ་མེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་མེད་པ་དང་གཞན་ཡོད་པ་དག་ཕན་ཚུན་ཅུང་ཟད་ཀྱང་འབྲེལ་པར་མི་འདོད་ན། དེའི་ཚེ་གཞན་ཡོད་པ་རྟོགས་ཀྱང་དེ་མེད་པ་རྟོགས་པར་མི་འགྱུར་བ་ཞིག་ན། གཞན་ཡོད་པ་ནི་དེ་མེད་པའི་ཤེས་པར་བྱེད་པ་ཡིན་པར་ནི་འདོད་དོ། །གྲུབ་ པའི་མཐའ་སྨྲ་བས། འབྲེལ་པ་གང་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ན་ཉེས་པ་མཉམ་པ་ཉིད་དུ་འགྱུར་བ་མེད་ན་མི་འབྱུང་བའམ། འགལ་བའམ། གཞན་ཡང་རུང་སྟེ། འབྲེལ་པ་གང་ལས་ཀྱང་གཞན་ཡོད་པ་དེ་དེ་མེད་པའི་ཤེས་པར་བྱེད་པ་ཡིན་པར་མི་འདོད་དོ། །གལ་ཏེ་འབྲེལ་པའི་ སྒོ་ནས་ཤེས་པར་བྱེད་པ་ཡིན་པར་མི་འདོད་ན། འོ་ན་ཇི་ལྟར་ཤེས་པར་བྱེད་པ་ཡིན་ཞེ་ན། འོན་ཀྱང་གཞན་ཡོད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པས་དབེན་པའི་ཕྱོགས་ཡོད་པ་ཉིད་དུ་བུམ་པ་མེད་པ་ཡིན་ཏེ། འདི་ནི་དེ་ལས་གཞན་པ་དང་འབྲེལ་པ་མེད་པའི་ངོ་བོ་ཅན་དེའི་དེ་ཉིད་རྣམ་ པར་འཇོག་པར་བྱེད་པའི་ཚད་མ་ཁོ་ནས་གཞན་རྣམ་པར་བཅད་པ་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་བར་སྐབས་འདིར་བཤད་ཟིན་ཏོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། གཞན་དང་འབྲེལ་པ་མེད་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ལ་སོགས་པ་གཞན་ཡོད་པ་བུམ་པ་དང་འབྲེལ་པ་མེད་ པའི་ངོ་བོ་དེའོ། །འབའ་ཞིག་ཅེས་བྱ་བ་ནི་དབེན་པའི་ངོ་བོའོ། །བདག་ཉིད་གཅིག་ཏུ་རྣམ་པར་གནས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་སོ་སོར་ངེས་པ་ལ་རྣམ་པར་གནས་པ་སྟེ། ཚིག་འདི་གཉིས་ཀྱིས་ནི་འབྲེལ་པ་མེད་པའི་ངོ་བོ་ཉིད་རྣམ་པར་བཤད་དོ། །དེ་ལྟ་བུར་གྱུར་པ་དེ་ཇི་སྐད་བཤད་པ་དེའི་བདག་ཉིད་དུ་ ཡོངས་སུ་གཅོད་པ་གང་ཡིན་པ་དེ་ཉིད་བུམ་པ་ལ་སོགས་པ་གཞན་རྣམ་པར་གཅོད་པ་དགག་པ་ཡིན་ནོ། །དེ་ལྟར་བྱས་ན་ཕྱོགས་དེ་འབའ་ཞིག་པ་དེ་ཉིད་གཞན་བུམ་པ་དང་བྲལ་བ་མེད་པ་ཡིན་ནོ། །དེ་ལྟ་བས་ན་གཞན་པ་ཡོད་པ་ཉིད་དུ་ཕྱོགས་ཡོད་པ་ཉིད་དེ་མེད་པ་བུམ་པ་མེད་པ་ཞེས་བྱ་ལ། དེ་ལས་གཞན་ པ་རྟོགས་པ་ཉིད་ཕྱོགས་རྟོགས་པ་ཉིད་དེ་མེད་པར་རྟོགས་པ་བུམ་པ་མེད་པར་རྟོགས་པ་ཡིན་གྱི། བུམ་པ་ཤེས་པ་མེད་པ་ཙམ་གྱིས་བུམ་པ་མེད་པར་རྟོགས་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་དེ་ལྟར་མི་འདོད་ན། ཉེས་པ་ཅིར་འགྱུར་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་ཡོངས་སུ་བཅད་པས་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། གལ་ཏེ་བུམ་པས་དབེན་པའི་ཕྱོགས་ཡོངས་སུ་བཅད་པས་བུམ་པས་རྣམ་པར་མི་གཅོད་མི་འགོག་ན་དེའི་ཚེ་བུམ་པས་དབེན་པའི་ཕྱོགས་ཡོངས་སུ་བཅད་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་མ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་དང་དེ་མ་ཡིན་པ་ནི་དེ་དང་དེ་དག་གོ། །དེ་དང་དེ་མ་ཡིན་པ་དག་གི་ངོ་བོ་ནི། དེ་དང་དེ་མ་ཡིན་པའི་ངོ་བོ་དག་སྟེ། དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་མ་ཕྱེ་བའི་ཕྱིར་ལོགས་ཤིག་ཏུ་མ་བྱས་པའི་ཕྱིར་རོ། །འདི་སྐད་དུ་བུམ་པས་དབེན་པའི་ས་གཞིའི་ངོ་བོ་དེ་དང་བུམ་པའི་ངོ་བོ་དེ་མ་ཡིན་པ་འདི་ གཉིས་གང་གི་ཕྱིར་རྣམ་པར་དབྱེ་བ་མ་བྱས་པ་ཡིན་པ་དེའི་ཕྱིར་ཡོངས་སུ་གཅོད་པ་མི་འགྱུར་རོ། །གལ་ཏེ་རྣམ་པར་ཕྱེ་ནས་དེ་ཡོངས་སུ་གཅོད་པ་མ་བྱས་པར་ཆུད་ན་ཡང་། དེ་ནི་ཅི་ཞེ་ན། ལ་ལར་འགའ་ཞིག་མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ལམ་དུས་སམ་ གནས་སྐབས་ཀྱི་བྱེ་བྲག་ལ་ལར་དངོས་པོ་འགའ་ཞིག་མཐོང་བའི་འོག་ཏུ་ཐོབ་པར་བྱ་བའི་དོན་དམ་པ་ཡོངས་སུ་སྤང་བར་བྱ་བའི་དོན་གྱི་ཐ་སྙད་གང་ཡིན་པ་དེར་མི་འགྱུར་རོ། །ཅིའི་ཕྱིར་མི་འགྱུར་ཞེ་ན། མེ་མཐོང་ཡང་གང་གིས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར་བྱེད་པ་འདིས་མེ་ མཐོང་ཡང་རྒྱུ་གང་གིས་ན་ཆུ་དོན་དུ་གཉེར་བ་མེ་ལ་འཇུག་པར་མི་འགྱུར་བ་མེ་འབའ་ཞིག་མཐོང་བ་ནི་མ་ཡིན་ནོ། །འདི་སྐད་དུ་གང་གི་ཚེ་དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་དབྱེ་བ་མི་བྱེད་པ་དེའི་ཚེ་མེ་མཐོང་ཡང་ཆུའི་ངོ་བོ་རྣམ་པར་མ་བཅད་པའི་ཕྱིར། མེ་འབའ་ཞིག་ཁོ་ན་མཐོང་བ་ནི་མ་ཡིན་ནོ། ། དེའི་ཕྱིར་ཆུ་དོན་དུ་གཉེར་བ་མེ་དེ་ལ་འཇུག་པར་འགྱུར་ཏེ། འདིས་ཆུ་མེ་ལས་རྣམ་པར་ཕྱེ་བ་ནི་མ་ཡིན་ནོ། །འཇུག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རང་གི་ངོ་བོ་སོ་སོར་ངེས་པའི་མེ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པ་དེ་ཉིད་ཀྱིས་ཆུ་རྣམ་པར་བཅད་པ་ཡང་བྱས་པར་ཁས་བླངས་དགོས་སོ་ཞེས་བཤད་ པ་ཡིན་ནོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་མི་དམིགས་པས་ཆུ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་མེ་མཐོང་ན་དེ་ན་ཆུ་མི་དམིགས་པ་དེའི་ཚེ་ཆུ་མི་དམིགས་པས་མེ་ལ་ཆུ་མེད་པར་ཤེས་སོ། །དེའི་ཕྱིར་ཆུ་དོན་དུ་གཉེར་བ་དེ་ལ་མི་འཇུག་གོ་ཞེས་བྱ་བ་ནི་ ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། མི་དམིགས་པ་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དམིགས་པའི་སྒྲས་ཅི་ཞིག་ཡིན་པ་ཤེས་པར་བྱ། རེ་ཞིག་གལ་ཏེ་ཆུ་དམིགས་པ་མེད་པ་ཡིན་ནོ་ཞེ་ན། དེའི་ཚེ་མེད་པ་དེ་དངོས་པོ་མེད་པའི་ཕྱིར། ཇི་ལྟར་འགའ་ ཞིག་རྟོགས་པ་ཡིན་ཏེ། ཇི་ལྟར་འགའ་ཞིག་ཡོངས་སུ་གཅོད་པར་བྱེད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདི་སྙམ་དུ་འདི་ནི་འགའ་ཡང་ཡོངས་སུ་གཅོད་པར་བྱེད་པར་མི་འདོད་པ་ཉིད་དོ། །འོ་ན་ཅི་ཞེ་ན། ཡོངས་སུ་གཅོད་པའི་རྒྱུ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། རྟོགས་པའི་རྒྱུ་ཡིན་ཞེས་ བྱ་བ་སྨོས་ཏེ། མེད་པ་ནི་དངོས་པོ་མེད་པའི་ཕྱིར་རྟོགས་པའི་རྒྱུ་ཉིད་དུ་ཡང་རུང་བ་མ་ཡིན་ནོ། །འདི་སྐད་དུ་གལ་ཏེ་མི་དམིགས་པ་མ་ཡིན་པའི་ངོ་བོར་བརྟེན་ན་ནི། དེའི་ཚེ་ཁོ་བོ་ཅག་གི་ཕྱོགས་ཁས་བླངས་པར་འགྱུར་རོ། །འོན་ཏེ་མེད་པར་དགག་པའི་ངོ་བོ་ན་ནི། དེའི་ཚེ་དངོས་པོ་མེད་པའི་ཕྱིར་འགའ་ ཡོངས་སུ་གཅོད་པའམ། ཡོངས་སུ་གཅོད་པའི་རྒྱུ་ཡང་མ་ཡིན་ནོ། །མི་དམིགས་པ་མེད་པའི་ངོ་བོར་ཡོངས་སུ་གཟུང་ན་ཚུལ་གྱིས་ཐུག་པ་མེད་པར་བསྟན་པའི་ཕྱིར། དེ་ཡང་ཇི་ལྟར་རྟོགས་ཞེས་བྱ་བ་སྨོས་ཏེ། ཆུ་དམིགས་པ་མེད་པ་དེ་ཡང་ཇི་ལྟར་རྟོགས། རེ་ཞིག་མ་རྟོགས་པ་ནི་འགའི་སྒྲུབ་པ་ ཡང་མ་ཡིན་ཏེ། ཤེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཡང་དེ་ལས་གཞན་པའི་མི་དམིགས་པས་རྟོགས་སོ་ཞེ་ན་ནི། མི་དམིགས་པ་གཉིས་པ་དེ་ཡང་ཇི་ལྟར་རྟོགས། དེ་བཞིན་དུ་དེ་ལས་གཞན་པ་ཡང་ཞེས་བྱ་བ་ཐུག་པ་མེད་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་མི་དམིགས་པ་ནི་ཤེས་པ་ མེད་པའི་ངོ་བོ་ཡིན་ལ། དེ་ནི་རང་གི་ངོ་བོ་ཙམ་ཁོ་ནས་ཤེས་བྱ་མེད་པར་སྟོན་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར། དེའམ་དེ་ལས་གཞན་པ་ཡང་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པར་འདོད་པའམ་དེ་ལ་མ་གཏོགས་པ་གཞན་ཡང་རུང་སྟེ། འགའ་ ཡང་མ་གཏོགས་པར་ཡང་དངོས་པོ་མེད་པ་རྟོགས་པ་ཡིན་ན། དེའི་ཚེ་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་དག་ཏུ་འགྲོ་བ་ཐམས་ཅད་ཀྱིས་ཇི་སྟེ་དངོས་པོ་མེད་པ་རྟོགས་པར་མི་འགྱུར། འདི་ལྟར་དངོས་པོ་ཐམས་ཅད་ནི་དེ་དང་དེ་མ་ཡིན་པའི་ངོ་བོར་ཕུང་པོར་གཉིས་སུ་རྣམ་པར་གཞག་པ། གལ་ཏེ་ མི་དམིགས་པས་ཀྱང་དེའམ་དེ་ལས་གཞན་པ་མ་གཏོགས་པར་ཡང་དངོས་པོ་མེད་པ་རྟོགས་ན། དེའི་ཚེ་ཐལ་བ་འདིས་འགྱུར་ཏེ། འདི་ནི་ཚད་མ་རྣམ་པར་གཏན་ལ་དབབ་པར་དཔྱད་ཟིན་ཏོ། །གཉིད་ལོག་པ་དང་མྱོས་པ་དང་བརྒྱལ་བ་དང་ཆོད་པ་དང་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ ཏེ། དེ་དག་གི་གནས་སྐབས་ལ་དེ་སྐད་ཅེས་བྱའོ། །དེ་ལ་གཉིད་ལོག་པའི་གནས་སྐབས་ན་གཉིད་མཐུག་པོས་ནོན་པ་ལ་ཡུལ་འཛིན་པའི་ནུས་པ་མེད་དོ། །མྱོས་པའི་གནས་སྐབས་ན་མྱོས་པར་འགྱུར་བའི་རྫས་སྤྱད་པས་དེའི་སྟོབས་ཀྱིས་སེམས་ལ་ཡུལ་རྟོགས་པའི་ནུས་པ་དང་བྲལ་ལོ། །བརྒྱལ་ བའི་གནས་སྐབས་ན་གནད་དུ་རྒྱབ་པས་སམ། རླུང་ལ་སོགས་པ་མ་མཉམ་པས་ཡུལ་འཛིན་པའི་ནུས་པ་མེད་དོ། །ཆོད་པའི་གནས་སྐབས་ན་ཡུལ་གྱིས་བསྐལ་པས་སམ་ཐོགས་པར་བྱེད་པའི་རྫས་ཀྱིས་བསྒྲིབས་པས་ཡུལ་འཛིན་པའི་ནུས་པ་དང་བྲལ་ལོ། །རྒྱབ་ཀྱིས་ ཕྱོགས་པའི་གནས་སྐབས་ན་བརྗོད་པར་འདོད་པའི་ཡུལ་འཛིན་པར་ནུས་པ་མེད་དོ། །སོགས་པ་སྨོས་པས་ནི། མུན་ནག་ལ་སོགས་པའི་གནས་སྐབས་ན་ཡུལ་འཛིན་པའི་ནུས་པ་མེད་པར་བལྟ་བར་བྱའོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་འདིས་མེ་མཐོང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ གི་ཕྱིར་དེ་ལྟར་དེ་དང་དེ་མ་ཡིན་པའི་ངོ་བོ་དག་རྣམ་པར་དབྱེ་བ་མི་བྱེད་པ་དེའི་ཕྱིར། རྟོགས་པར་བྱེད་པ་འདིས་མེ་མཐོང་ཡང་འདི་ནི་མེ་ཁོ་ན་ཡིན་གྱི། འདི་ནི་ཆུ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་རྣམ་པར་ཕྱེ་ནས་མ་རྟོགས་པས། མེ་དོན་དུ་གཉེར་བ་འདུག་པར་ཡང་མི་བྱའོ། །འོ་ན་ཅི་ཞེ་ན་ཆུ་མ་བརྩལ་བའི་ཕྱིར་ཡུལ་དེ་ ལ་འཇུག་པར་བྱའོ། །ཆུར་མ་ངེས་པའི་ཕྱིར་འགྲོ་བར་ཡང་མི་བྱ་འཕགས་པར་མི་བྱའོ། །དེ་ལྟར་ན་འཇལ་བར་བྱེད་པ་ཕན་ཚུན་འགལ་བའི་བྱ་བ་དང་འབྲེལ་པའི་ཕྱིར་ཉོན་མོངས་འདི། ཅི་འགྲོ་ན་རུང་ངམ་འོན་ཏེ་འདུག་ན་རུང་གཏོལ་མེད་དེ། རྒལ་དཀའ་བའི་སྐབས་སུ་ཆུད་པར་གྱུར་ཏོ། །གཞན་གྱི་འདོད་པའི་དོགས་ པ་བསུ་བར། གལ་ཏེ་གཅིག་མཐོང་བ་དེ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཆུས་དབེན་པའི་མེ་གཅིག་པུ་དེ་ཁོ་ན་མཐོང་བ་དེའི་ཕྱིར་དེ་ལ་ཆུ་མེད་པར་རྟོགས་པར་འགྱུར་ཏེ། རྣམ་པ་གཞན་མེད་པའི་ཕྱིར་རོ། །གྲུབ་པའི་མཐའ་སྨྲ་བས། རང་གི་ཚིག་ཁོ་ནས་ཕ་རོལ་པོ་རང་གི་ཕྱོགས་ལ་གཞག་ པར་བྱ་བའི་ཕྱིར། ཇི་ལྟར་གཅིག་མཐོང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དངོས་པོ་གཅིག་མཐོང་བས་གཞན་མེད་པར་རྟོགས་པར་ནུས། ཡང་གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་དེ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཆུ་དང་འབྲེལ་པ་མེད་པའི་ ངོ་བོ་མེ་འབའ་ཞིག་ཁོ་ན་རྟོགས་པ་དེའི་ཕྱིར། ཆུ་མེད་པར་ཁོང་དུ་ཆུད་དོ་ཞེས་བྱ་བ་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཅོ་དྲི་བར། འདི་ཉིད་ཁོ་བོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཁོ་བོས་དང་པོ་ཁོ་ནར་བཤད་ཟིན་ན། ཅི་སྟེ་ཁྱོད་དེ་ལ་མ་རངས་པ་ལྟར་སྟོན། གདོན་མི་ཟ་ བར་ཁྱོད་ལ་འབྲོས་ཁུང་གཞན་མེད་དེ། དེ་ན་ཁྱེད་ཕུག་རྡུགས་པས་འདི་ཁས་ལེན་པར་ཟད་ཀྱི། གཟུ་བོར་གྱུར་པས་ནི་མ་ཡིན་ཏེ། གོང་དུ་གཞན་ཉིད་ནི་ཞེས་གཅིག་དང་འབྲེལ་པ་དག་ཕན་ཚུན་ལྟོས་པ་ཡིན་ནོ། །དེའི་ཕྱིར་དེ་ལས་གཞན་པ་ཡོད་པ་ཉིད་དེ་མེད་པ་ཡིན་ལ། དེ་ལས་གཞན་པ་ དམིགས་པ་ཉིད་དེ། མི་དམིགས་པ་ཡིན་ནོ་ཞེས་བཤད་ན། དེར་ནི་ཁྱེད་ཀྱིས་རངས་པར་མ་བྱས་ལ། དེ་ནི་ཕུག་རྡུགས་པའི་ཕྱིར་ཁས་ལེན་པས་འདི་ནི་གཟུ་བོའི་ཚུལ་ཆགས་པ་མ་ཡིན་ནོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་འགྲམ་མ་མཐོང་བའི་བྱ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ གྲུ་བོ་ཆེར་ཞུགས་པའི་ཚོང་པ་རྣམས་ཀྱིས་འགྲམ་མཐོང་ཡང་ཅི་མ་རུང་སྙམ་ནས། བྱ་སྤུར་ཏེ་གཏོར་བར་བྱེད་པ་དེ་གང་གི་ཚེ་ཐམས་ཅད་དུ་བྱུགས་ཏེ་འགྲམ་མ་རྙེད་པ་དེའི་ཚེ་གྲུ་ཁོ་ནར་འདུག་པར་བྱ་བའི་ཕྱིར་འོང་ངོ་ཞེས་གྲགས་པ་ལྟར་འདི་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གང་གི་ཕྱིར་རིང་དུ་ཡང་སོང་། ཕ་རོལ་དུ་ཡང་སོང་ཡང་གདོན་མི་ཟ་བར་ཁོ་བོའི་ཕྱོགས་ཁས་བླང་དགོས་པ་དེའི་ཕྱིར། གཏིང་ཚུགས་པ་མེད་པ་ཅན་གྱི་ཕྱོགས་གྲུབ་པ་ནི་ཆུང་ཟད་ཀྱང་མི་དགོས་སོ། །གང་ལ་གཏིང་ཚུགས་པ་མེད་པ་ཡོད་པ་དེ་ནི་གཏིང་མི་ཚུགས་པ་ཅན་གྱི་ཕྱོགས་བསྒྲུབ་པའོ། །གཏིང་མི་ཚུགས་པ་ཞེས་བྱ་བ་ནི་མ་ ངེས་པ་དང་མཐར་ཕྱིན་པ་མ་ཡིན་པའོ། །ཕ་རོལ་པོས་གལ་ཏེ་ལྷན་ཅིག་ཡོངས་སུ་བཅད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་གཞན་དང་འབྲེལ་པ་མེད་པའི་ལུས་ཅན་གྱི་དངོས་པོ་གཅིག་ཡོངས་སུ་བཅད་པ་ཁོ་ནས། གཞན་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པར་འདོད་པ་རྣམ་པར་ བཅད་པ་འགྲུབ། དགག་པ་གྲུབ་པ་ཡིན་ན། དེའི་ཚེ་ས་གཞི་ལ་སོགས་པ་ཡོངས་སུ་སྣང་བ་དེ་ན་ཁྱད་པར་མེད་པར་དམིགས་པའི་རིག་བྱར་གྱུར་པ་ཡང་རུང་། དངོས་པོ་སྣང་བ་ལ་མ་གཏོགས་པ་གཞན་ཡང་རུང་སྟེ། ཐམས་ཅད་མེད་པར་འགྲུབ་པར་འགྱུར་གྱི། ཤེས་པ་གཅིག་དང་འབྲེལ་པ་ཉིད་ཀྱིས་ རུང་བའི་ངོ་བོ་ཉིད་དུ་མཚུངས་པ་བུམ་པ་ལ་སོགས་པ་གང་ཡིན་པ་དེ་འབའ་ཞིག་ཁོ་ན་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་དངོས་པོ་མེད་པ་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་དུ་བྱེད་པ་གང་ཡིན་པ་དེ་ཡང་བརྗོད་མི་དགོས་ཏེ། གང་གི་ཕྱིར་ ས་གཞི་ལ་སོགས་པ་ཡོངས་སུ་སྣང་བ་དེར་དམིགས་པའི་རིག་བྱར་མ་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་རྣམ་པར་བཅད་པ་དེའི་ཕྱིར་ཁྱད་པར་འདིས་ཅི་ཞིག་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། དེའི་བདག་ཉིད་གཅིག་ཡོངས་སུ་བཅད་པས་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། གང་གི་ཕྱིར་ཕྱོགས་ཀྱི་རང་བཞིན་དབེན་པའི་ངོ་བོ་ཉིད་གཅིག་ཁོ་ན་ཡོངས་སུ་བཅད་པ་ཡིན་པ་དེའི་ཕྱིར་ཕྱོགས་དེའི་ངོ་བོ་ཉིད་གཞན་བཀག་པ་ཡིན་ནོ། །བུམ་པས་དབེན་པའི་ཕྱོགས་འདི་ཡང་དངོས་པོ་གཞན་གྱི་ངོ་བོ་ཉིད་མ་ཡིན་ལ། ཕྱོགས་དེར་ཁྱད་པར་མེད་པར་གཞན་ཐམས་ཅད་ མེད་པར་སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །ཅི་ཕྱོགས་ཀྱི་དེ་ལས་གཞན་པའི་བདག་ཉིད་རྣམ་པར་གཅོད་པར་བྱེད་ཅེ་ན། དེའི་ཕྱིར། དེའི་བདག་ཉིད་དུ་ངེས་པར་སྣང་བ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཕྱོགས་ཀྱི་རྣམ་པ་སོ་སོར་ངེས་པའི་རྣམ་པ་སོ་སོར་ཉམས་སུ་མྱོང་བ། དེའི་ ཕྱིར་དེའི་གཞན་གྱི་བདག་ཉིད་རྣམ་པར་གཅོད་པར་བྱེད་དོ། །ལེགས་ཏེ་ཕྱོགས་འབའ་ཞིག་གི་རྣམ་པར་ཤེས་པ་ཡིན་པར་ཆུག་ན་ཡང་། འོན་ཀྱང་ཅིའི་ཕྱིར་དེ་ལས་གཞན་པའི་བདག་ཉིད་རྣམ་པར་གཅོད་པ་ཡིན་ཞེ་ན། དེའི་ཕྱིར་དེའི་བདག་ཉིད་ནི་དེ་ལས་གཞན་པའི་བདག་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨོས་ ཏེ། ཕྱོགས་དེའི་བདག་ཉིད་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་མ་ཡིན་ནོ། །གལ་ཏེ་ཡང་གཞན་གྱི་བདག་ཉིད་རྣམ་པར་བཅད་པར་མ་གྱུར་ན། ཉེས་པ་ཅིར་འགྱུར་ཞེ་ན། དེའི་ཕྱིར། གཞན་གྱི་བདག་ཉིད་རྣམ་པར་མ་ཆད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ ཏེ་ཕྱོགས་ཀྱི་ངོ་བོ་ཉིད་ལས་གཞན་གྱི་བདག་ཉིད་རྣམ་པར་མ་ཆད་ན་དེའི་ཚེ་འཇུག་པ་དང་ལྡོག་པ་དག་མེད་པར་འགྱུར་རོ། །འདི་ལྟར་གང་གི་ཚེ་ཕྱོགས་ཀྱི་ངོ་བོ་ལ་དངོས་པོ་གཞན་གྱི་རང་གི་ངོ་བོ་མ་བཀག་པ་ཡིན་པ་དེའི་ཚེ་དངོས་པོ་གཞན་དོན་དུ་གཉེར་བ་རྣམས་འདུག་པར་ཡང་མི་བྱ་ལ། འགྲོ་བར་མི་བྱ་བ་ ཡིན་པས་སྔ་མ་ཐམས་ཅད་བརྗོད་པར་བྱའོ། །དེ་ལྟར་དངོས་སུ་གཞན་གྱི་བདག་ཉིད་རྣམ་པར་བཅད་པ་བསྟན་ནས། གཞན་གྱི་བདག་ཉིད་རྣམ་པར་བཅད་པར་བྱ་བ་ལ་བློའི་བྱེད་པ་བསྟན་པར་བྱ་བའི་ཕྱིར། ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དུ་ངེས་པ་ དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་ཀྱི་བྱེ་བྲག་ཏུ་ངེས་པའི་དངོས་པོ་སྔོན་པོ་ལ་སོགས་པ་དེ་བློས་ཡུལ་དང་དུས་དང་ངོ་བོ་ཉིད་གནས་སྐབས་ཀྱི་བྱེ་བྲག་ཏུ་སོ་སོར་ངེས་པའི་བདག་ཉིད་དུ་ཡོངས་སུ་གཅོད་ན་དངོས་པོ་སྣང་བ་ལས་བཟློག་པ་དངོས་པོ་གཞན་འགོག་པར་བྱེད་དོ། །ཡུལ་དང་དུས་དང་ངོ་བོ་ཉིད་ གནས་སྐབས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ་དེ་དག་ཏུ་ངེས་པ་ལ་དེ་སྐད་ཅེས་བྱའོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ནི་ཡུལ་ལ་སོགས་པར་ངེས་པའི་བདག་ཉིད་དུའོ། །དེའི་དེ་ཁོ་ན་ཉིད་མེད་པ་ཞེས་བྱ་བ་ལ་དེ་ཁོ་ནའི་ངོ་བོ་ནི་དེ་ཁོ་ན་ཉིད་དེ་ཡུལ་ལ་སོགས་པའི་སོ་སོར་ངེས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་མེད་པ་ནི་ ཡུལ་གཞན་ལ་སོགས་པའི་ངོ་བོ་ཉིད་དོ། །འདི་སྐད་དུ་ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་ངེས་པའི་སྔོན་པོ་ལ་སོགས་པའི་ངོ་བོ་གཞན་གང་ཡིན་པ་དེ་རྣམ་པར་གཅོད་དོ་ཞེས་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་དེ་ཁོ་ན་ཉིད་མེད་པ་རྣམ་པར་གཅོད་ཅེ་ན། དེའི་ཕྱིར། གལ་ཏེ་གཞན་གྱི་དངོས་ པོ་རྣམ་པར་བཅད་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་གཞན་གང་ཡིན་པ་དེ་བཀག་པ་ཡིན་ན། དེ་ལྟ་ན་ཡུལ་ལ་སོགས་པ་ངེས་པའི་སྔོན་པོ་འདི་བློ་དེས་ཡོངས་སུ་བཅད་པ་ཡང་ཡིན་ལ། ཡུལ་ལ་སོགས་པ་ངེས་པའི་མཚན་ཉིད་ཀྱི་དེ་ ཁོ་ན་ཉིད་ཀྱང་དེ་ཁོ་ནའི་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པ་ཡིན་ནོ། །འདི་ལྟར་དངོས་པོ་གཞན་དུ་གྱུར་པ་ཇི་སྐད་བཤད་པའི་ཡུལ་ལ་སོགས་པ་དང་། བྲལ་བའི་ངོ་བོ་ཉིད་འགོག་པའི་བློ་ཉིད་ཡུལ་དང་དུས་དང་ངོ་བོ་ཉིད་དང་གནས་སྐབས་ངེས་པའི་དངོས་པོ་གཟུགས་ལ་ སོགས་པ་ཡོངས་སུ་གཅོད་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ཞེས་བྱ་བ་ཚད་མ་གཅིག་འཇུག་པའི་དངོས་པོ་ཐམས་ཅད་ཕུང་པོ་གཉིས་སུ་རྣམ་པར་འཇོག་པར་བྱེད་པ་ཁོ་ན་ཡིན་ནོ། །དེ་ལ་ཕུང་པོ་གཉིས་ནི་འདི་ཡིན་ཏེ། གཅིག་ཡོངས་སུ་སྣང་བ་གང་ཡིན་པ་དང་། དེ་ལ་མ་གཏོགས་པ་གཞན་ ཐམས་ཅད་མི་སྣང་བ་ཉིད་དུ་རྣམ་པར་འཇོག་པར་བྱེད་པའོ། །འདི་སྐད་དུ་དངོས་པོ་ཐམས་ཅད་སྣང་བ་དང་མི་སྣང་བ་ཉིད་དུ་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་ན་ནི་སྣང་བའོ། །དེ་ལ་མ་གཏོགས་པ་འདི་ནི་མི་སྣང་བའོ་ཞེས་བྱ་བ་རྣམ་པར་རྟོག་པའི་བྱེད་པ་འདི་མངོན་སུམ་རྣམ་ པར་རྟོག་པ་མེད་པ་ལ་མེད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར། དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་དེ་ནི་ཡོད་པ་དང་དགག་པའི་རྣམ་པར་རྟོག་པའི་རྒྱུ་ཉིད་ཡིན་པ་ཁོ་ནས་འབྲས་བུ་དང་བཅས་པ་ཡིན་ནོ། །རྗེས་སུ་འགྲོ་བའི་བློ་ནི་ཡོད་ པའི་རྣམ་པར་རྟོག་པའོ། །ལྡོག་པའི་བློ་ནི་དགག་པའི་རྣམ་པར་རྟོག་པའོ། །འདི་སྐད་དུ་མངོན་སུམ་ནི་མདུན་ན་གནས་པའི་དངོས་པོ་རང་གི་ངོ་བོ་ཙམ་མཐུན་པར་བྱེད་ཅིང་སྐྱེ་ལ། དངོས་པོ་དེ་ནི་དངོས་སུ་ན་ཡོད་པའི་ངོ་བོས་སྔོན་པོའི་ངོ་བོ་གཅིག་པུ་དང་། དེ་ལས་གཞན་པའི་དངོས་པོ་མཐའ་དག་ལས་ ལོག་པའི་ངོ་བོ་ཉིད་ཡིན་ནོ། །གང་གི་ཕྱིར་དངོས་པོ་ཡོད་པའི་ངོ་བོས་སྔོན་པོ་དེ་དེའི་རྣམ་པར་སྐྱེས་པའི་མངོན་སུམ་གྱིས་བཟུང་བ་དེའི་ཕྱིར་འདིར་མངོན་སུམ་གྱི་སྟོབས་ཀྱིས་གང་གིས་ན་འདི་ནི་སྔོན་པོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་ཤེས་པར་འགྱུར་བ་ཡོད་པའི་རྣམ་པར་རྟོག་པ་སྔོན་པོ་ལྟ་བུར་སྣང་བ་འབྱུང་ ངོ་།