Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 188

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
ད་པ་ན་ཆོས་གཞན་འབྲེལ་པར་རུང་བ་དག་ལས་ཡང་བཏང་སྙོམས་སུ་འགྱུར་བ་ཡིན་ཏེ། འདི་གཞན་དུ་གྱུར་ཏམ་མ་གྱུར་ཀྱང་རུང་སྟེ། མི་རྟག་པ་ཉིད་དུ་རེ་ཞིག་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་བཏང་སྙོམས་སོ། །མ་བྱས་པ་མ་ཡིན་ནོ་ཞེས་ཆོས་འགའ་ཞིག་འགོག་ན་དེའི་དབེན་པ་སྟེ།
དེས་སྟོང་པར་གྱུར་པའི་ཆོས་ཅན་ཞེས་འབྲེལ་ཏོ། །འདིར་ཡང་ལྟ་བུའི་སྒྲ་ལྟ་བར་བྱའོ། །གང་གི་ཕྱིར་སྒྲ་དང་གཞི་གཅིག་པའི་མ་བྱས་པ་ཉིད་རྗེས་སུ་བརྗོད་ནས་འགོག་པ་ཡིན་པ་དེའི་ཕྱིར། སྔར་རང་བཞིན་དེ་དང་ལྡན་པ་ཕྱིས་འགག་པ་དང་འབྲེལ་པ་དབེན་པ་ལྟ་བུར་སྣང་བར་ནི་ཆོས་ཅན་ཡིན་ནོ། །དེ་ལས་
གཞན་པའི་ཆོས་དག་ལ་ནི་ལྟོས་པར་བྱ་སྟེ། མ་བྱས་པ་ཉིད་འགོག་པ་ན་བྱས་པ་ཉིད་ལ་ལྟོས་པ་ཡིན་ནོ། །སྒྲུབ་པའི་དུས་སུ་ནི་གཅིག་བསྒྲུབ་ན་ཆོས་གཞན་ལ་གདོན་མི་ཟ་བར་ལྟོས་པར་བྱ་བ་མ་ཡིན་གྱི། འགོག་པ་ལ་ནི་དགག་པར་བྱ་བ་དང་འགལ་བའི་ཆོས་གཞན་ལས་ལྟོས་པར་བྱ་བ་ཁོ་ནའོ། །གང་ན་
བཏང་སྙོམས་ཞེས་འདོན་པ་དེར་ནི་དགག་པར་བྱ་བ་གཞན་བཏང་སྙོམས་སུ་གྱུར་པ་ཞེས་བྱ་བའི་དོན་དུ་སྦྱར་རོ། །རེ་ཞིག་ཆོས་གཅིག་ནི་དགག་པར་བྱ་བ་ཡིན་ལ། གཞན་དག་ནི་བཏང་སྙོམས་སུ་བྱ་བའམ། སྒྲུབ་པ་ལ་ལྟོས་པར་བྱ་བ་ཉིད་དོ། །ཁོ་བོ་ཅག་གི་ཆོས་དང་ཆོས་ཅན་གྱི་ཐ་སྙད་དེ་ལྟ་བུར་
གྱུར་པ་ཡིད་ནོ་ཞེས་དོན་གཅིག་བཤད་པ་ཡིན་ནོ། །ད་ནི་ཆོས་དང་ཆོས་ཅན་གྱི་ཐ་སྙད་སྒྲོ་བཏགས་པ་ལ་བདེན་པའི་ཤེས་པས་གནོད་པ་མེད་དོ་ཞེས་བསྟན་པའི་དོན་དུ་སྨྲས་པ། ཅི་ལྟར་ཆོས་ཅན་གཅིག་ལ་བརྟེན་ནས་དོན་རྣམས་ཀྱི་ཐ་སྙད་རྟོགས་པར་བྱ་བ་དེ་བཞིན་དུ། ཐ་སྙད་བྱེད་པ་པོས་ཀྱང་ཐ་

སྙད་དེ་མ་བརྟགས་པར་ཏེ། རྣམ་པར་མ་ཕྱེད་པར་ཁས་ལེན་པ་སྟེ་རྟོགས་པས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། རྣམ་པར་རྟོག་པ་ཉིད་རྣམ་པར་འབྱེད་པར་བྱེད་པ་ཡིན་ལ། དེ་ཡང་རྣམ་པར་བསླད་པར་གྱུར་པའི་ཕྱིར་གང་གིས་ཡུལ་རྣམ་པར་དབྱེ་བར་བྱ། འདི་སྙམ་དུ་ཅི་ལྟར་སྨིག་རྒྱུ་ལ་ཆུར་ཞེན་པ་
ནི། རང་ཉིད་སྐྱེས་པའི་བདེན་པའི་ཤེས་པས་བཟློག་པ་དེ་བཞིན་དུ། ཆོས་དང་ཆོས་ཅན་དུ་སྒྲོ་བཏགས་པ་འདི་ཡང་ཡིན་ནོ་ཞེས་དགོས་པ་ལ། ཐ་དད་དོན་རྟེན་ཞེས་སྨོས་སོ། །ཐ་སྙད་གང་ལ་ཐ་དད་པའི་དོན་ཕན་ཚུན་ལྡོག་པའི་རྟེན་ཡོད་པའོ། །སྨིག་རྒྱུ་ལ་ཆུར་ཤེས་པ་ནི་ཆུ་མ་ཡིན་པ་ལས་ལྡོག་
པའི་རྒྱུ་མཚན་ཅན་མ་ཡིན་ཏེ། དེས་ན་གནོད་པ་ཡིན་ནོ། །ཆོས་དང་ཆོས་ཅན་གྱི་ཐ་སྙད་ནི་ཕན་ཚུན་ལྡོག་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་གནོད་པ་མ་ཡིན་ནོ། །གལ་ཏེ་སྒྲོ་འདོགས་པ་འདི་རེས་འགའ་བ་ཡིན་ན་ནི་གནོད་པར་འགྱུར་བ་ཞིག་ན། རེས་འགའ་བ་ནི་མ་ཡིན་ནོ་ཞེས་རྣམ་པ་གཞན་གྱིས་
ཀྱང་བསྟན་པའི་ཕྱིར་བཤད་པ། འདི་ནི་ཐོག་མ་མེད་པ་ཡང་ཡིན་ལ་བག་ཆགས་ཀྱང་ཡིན་ཏེ། རྣམ་པར་རྟོག་པ་སྐྱེད་པའི་ནུས་པའོ། །དེ་ལས་བྱུང་བའི་ཆོས་དང་ཆོས་ཅན་གྱི་དོན་གང་ཡིན་པའོ། །འཇིག་རྟེན་དོན་ཏེ་འཇིག་རྟེན་པའི་རབ་ཏུ་གྲགས་པའི་དོན་དེ་ལ་ཐ་སྙད་དུ་བྱེད་པ་པོས་གནོད་པ་མིན་ཏེ།
གནོད་པར་བྱེད་པའི་ཤེས་པ་བདེན་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་རེས་འགའ་བ་ཉིད་མ་ཡིན་པའི་ཕྱིར་མི་གནོད་དོ། །ད་ནི་ཅི་ལྟར་ཐ་དད་པ་ལ་བརྟེན་པ་དང་། བསླད་པ་ཅི་ལྟར་མི་ལྡོག་པར་དེ་ལྟར་བསྟན་པའི་ཕྱིར་བཤད་པ། ཆུ་འཛིན་པ་ལ་སོགས་པ་དེའི་འབྲས་བུ་གང་ལ་ཡོད་པ་དང་། བགོ་
བ་ལ་སོགས་པ་སྣམ་བུའི་བསྒྲུབ་པར་བྱ་བའི་འབྲས་བུ་གང་ལ་མེད་པའི་དོན་དེ་ནི་གཅིག་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་ཆུ་འཛིན་པ་ལ་སོགས་པའི་རྒྱུ་ཉིད་ཀྱིས་དེ་རྒྱུ་མ་ཡིན་པ་དག་དང་། དེ་བཞིན་དུ་བགོ་བ་ལ་སོགས་པ་བྱེད་པའི་ནུས་པ་མེད་པས་དེ་མ་ཡིན་པ་དག་ལས་ཐ་དད་པ་ལྡོག་པའོ། །དོན་གཅིག་
ཅེས་བྱ་བ་འདིས་ནི་དོན་དམ་པར་ལྡོག་པ་དང་ལྡན་པའི་དོན་གཅིག་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེའི་ཕྱིར་ཐ་དད་པའི་རྟེན་ཅན་གྱི་བསླད་པ་གང་དག་ཡིན་པ་ཐ་དད་རྟེན་ཅན་ཏེ། དོན་དམ་པ་ལྡོག་པའི་རྒྱུ་མཚན་ཅན་གྱི་བསླད་པ་གང་དག་ཡིན་པའི་བསླད་པ་དེ་དག་གིས་དོན་དེ་མཐོང་བ་ཉིད་ལ་སྦྱོར་རོ་

ཞེས་འབྲེལ་ཏོ། །དེ་དང་ངག་གིས་ཞེས་ཟློས་པས་ནི་ལྡོག་པ་མང་བའི་ཕྱིར་བསླད་པ་མང་བ་ཉིད་དུ་སྟོན་པ་ཡིན་ནོ། །བསླད་པ་གང་དག་གིས་དོན་གང་ཞིག་འཕེལ་བ་དང་འགྲིབ་པ་ལྟ་བུར་བྱེད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། ཆུ་འཛིན་པའི་རང་བཞིན་ཞེས་
དེ་ལྟར་དེའི་རྒྱུ་ཉིད་ཀྱིས་དེ་ལས་གཞན་དག་ལས་ལྡོག་པའི་བུམ་པ་སྒྲུབ་པའི་རྟོག་པས་ཡུལ་དུ་བྱས་པ་ནི་འཕེལ་བ་དང་ལྡན་པ་ཡིན་ལ། སྣམ་བུ་མ་ཡིན་ནོ་ཞེས་དེ་ལྟར་དེའི་དོན་གྱི་རྒྱུ་མ་ཡིན་པ་ཉིད་ཀྱིས་འགྲིབ་པ་དང་ལྡན་པ་ཡིན་ནོ། །དེ་ལྡན་ཉིད་མིན་ཡང་ཞེས་བྱ་བ་ནི་དོན་དམ་པ་ནི་མ་ཡིན་ཏེ། གང་གི་དེ་ལས་
འཕེལ་བའམ་འགྲིབ་པ་བྱེད་པར་འགྱུར་བ་དོན་དེ་ནི་ལྡན་པའི་ཆོས་འགའ་ཞིག་དང་བྲལ་བ་མེད་ལ། བྲལ་བ་དང་ཡང་ལྡན་པ་མེད་དེ། དེ་ལྟ་མོད་ཀྱི་དེ་དང་ལྡན་པ་མ་ཡིན་ཡང་དོན་དེ་མཐོང་བ་ངེས་པ་ཉིད་ལ་སྦྱར་རོ། །འབྲེལ་པ་འགའ་ལས་ཞེས་བྱ་བ་ནི་ཆོས་གཞན་འགའ་ཞིག་ལྡོག་པ་དོགས་པ་ན་ནི་སྒྲུབ་པ་ལྟ་བུར་
བྱེད་ལ། སྒྲུབ་པའི་ཆོས་དེས་ཀྱང་བུམ་པ་འཕེལ་བ་ལྟ་བུར་མངོན་པ་འབའ་ཞིག་ཏུ་ཟད་དོ། །གང་ཞིག་ཆོས་གཞན་མེད་པ་ཡོད་པར་དོགས་པ་དེ་བཟློག་པའི་དོན་དུ་བུམ་པ་ལ་ནི་འགེབས་པར་བྱེད་པ་ནུས་པ་མེད་དོ་ཞེས་བློ་གྲོས་རྨོངས་པའི་དོགས་པ་ལ་ལྟོས་ནས་འགེབས་པར་ནུས་པ་ཡོད་པ་བཞིན་དུ་
བརྟགས་ནས་གཞི་གཅིག་པ་ཉིད་དུ་བསྟན་པ་སེལ་བར་བྱེད་དོ། །དེས་ན་སྔར་ལྡན་ཞིང་ཕྱིས་བྲལ་བའི་ཆོས་དེས་འགྲིབ་པ་དང་ལྡན་པ་ལྟ་བུར་ངེས་པའི་ཐ་སྙད་ལ་སྦྱོར་བ་ཡིན་ནོ། །ཉེ་བར་བསླད་པ་དེ་ཡང་དེས་ན་བསླད་པར་ཤེས་པ་མ་ཡིན་ཏེ། བསླད་པ་ཉིད་དུ་མི་རིགས་སོ། །འདི་སྐད་བཤད་པ་ཡིན་ཏེ།
བསླད་པ་གང་ཡིན་པ་དེ་དག་ནི་དོན་རྣམས་ཀྱི་དོན་དམ་པ་ཐ་དད་པ་ལ་བརྟེན་ནས་འཇུག་པ་ཡིན་ཏེ། དེས་ན་དེ་དག་གི་བསླད་པ་ཉིད་ནི་ཤེས་པར་མི་ནུས་ཏེ། མི་སླུ་བ་ཡོད་པའི་ཕྱིར་རོ། །སྨིག་རྒྱུ་ལ་ཆུར་བསླད་པ་ལ་ནི་ལྡོག་པའི་ཁྱད་པར་མེད་པའི་ཕྱིར། སླུ་བ་སྲིད་པས་གནོད་པར་འགྱུར་བ་ཉིད་དོ། །དེས་ན་
ཉེ་བར་བསླད་པ་ཡིན་ཡང་བསླད་པར་ངོ་མ་ཤེས་པའི་རང་བཞིན་ནི་ལྡོག་པ་མ་ཡིན་ནོ། །སྒྲ་ཡང་དེའི་རྒྱུ་མཚན་ཅན་ཡིན་ནོ། །དེས་ན་སྒྲ་ལ་བསླད་པར་བསྟན་པ་ལ་ནི་དགོས་པ་ཅུང་ཟད་ཀྱང་མཐོང་ངོ་། །བསླད་པའི་དོན་ཉིད་ནི་སྒྲའི་དོན་ཡིན་པས་གང་གི་ཚེ་དེ་དག་གི་དོན་ལ་མི་གནོད་པ་དེའི་ཚེ་སྒྲ་ལ་ཡང་མི་

གནོད་པས་སྒྲོ་བཏགས་པ་ཅི་དགོས། །དེའི་ཕྱིར་དེ་ལྟར་སྒྲོ་བཏགས་པའི་སྒྲུབ་པ་དང་དགག་པ་ཁོ་ན་སྒྲའི་དོན་ཡིན་པས་མེད་པ་ལ་མེད་པ་ཉིད་འཐད་པ་ཡིན་ནོ། །དེའི་ཕྱིར་ན་གང་ཞིག་མཚན་ཉིད་དེ་དང་ལྡན་པའི་གཏན་ཚིགས་ནི་མི་དམིགས་པ་དང་བདག་དང་འབྲས་བུ་ཞེས་བྱ་བར་བརྗོད་པ་གང་ཡིན་པ་གསུམ་པོ་
དེ་ཁོ་ནའོ། །འདི་ཉིད་བཤད་པ་ནི་མི་དམིགས་པ་དང་རང་བཞིན་དང་འབྲས་བུའོ་ཞེས་བྱ་བ་ཡིན་ནོ། །རང་གི་སྒྲས་ནི་གསུམ་པོ་དེ་སྟོབས་མཚུངས་པར་སྟོན་ལ། འོའི་སྒྲས་ཀྱང་དེ་ཙམ་ཉིད་དུའོ། །དེ་ཉིད་དཔེར་བརྗོད་པ་སྟོན་པ་ནི། དཔེར་ན་ཕྱོགས་ཀྱི་ཁྱད་པར་དམིགས་ཀྱིས་གཟུང་བ་ལ་ལར་རོ། །འགའ་
ཞིག་ཏུ་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བའི་མངོན་སུམ་ནའོ། །བུམ་པ་མེད་དེ་ཞེས་བྱ་བ་ནི་བུམ་པ་མེད་པའི་ཐ་སྙད་བསྒྲུབ་པར་བྱའོ། །དམིགས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་སྟོན་ཏོ། །དམིགས་པའི་མཚན་ཉིད་ནི་རྒྱུའོ། །དེར་གྱུར་པ་ནི་ཚོགས་པའི་ནང་དུ་འདུས་པའི་དོན་
བརྗོད་པའོ། །ཡུལ་ནི་ཡུལ་ཉིད་ཀྱི་ནང་དུ་འདུས་པ་ཡིན་ཏེ། ཚོགས་པ་གཞན་དག་ནི་དམིགས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་ནི་མེད་པའི་ཐ་སྙད་དུ་གྲུབ་པ་ཡིན་ནོ། །ཡང་ཅི་ལྟར་ན་གང་ཞིག་མེད་པ་དེ་དམིགས་པའི་མཚན་ཉིད་ཀྱི་གྱུར་པ་ཤེས་པའི་ཡུལ་དུ་འགྱུར། ཤེས་པའི་ཡུལ་ཉིད་ཡིན་
ན་ཡང་ཇི་ལྟར་མེད་པར་བརྗོད་ཅེ་ན། དེའི་རང་བཞིན་དུ་བཏགས་ནས་འགོག་པ་ཡིན་ཏེ། དགག་པ་ཐམས་ཅད་ནི་སྒྲོ་བཏགས་པའི་ཡུལ་ཅན་ཡིན་ནོ། །དཔེར་ན་སྐྱེས་བུ་དཀར་ཤམ་འདི་ན་མེད་དོ་ཞེས་བྱ་བ་འདི་ལ། འདི་སྐད་ཅེས་དཀར་ཤམ་ཡིན་ན་ནི་དགག་ཏུ་མེད་ལ། འགོག་པ་ཡིན་ན་ཡང་དཀར་
ཤམ་མ་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་པ་དེ་བཞིན་དུ་འདི་ཡང་ཡིན་ནོ། །གལ་ཏེ་དེ་ལྟར་ན་མི་སྣང་ཡང་ཤ་ཟ་ལ་སོགས་པ་སྣང་བ་ཉིད་དུ་སྒྲོ་བཏགས་ནས་དགག་པར་འགྱུར་རོ་ཞེ་ན། གང་ལ་སྒྲོ་གདགས་པར་རུང་བ་དེ་ཉིད་ལ་སྒྲོ་འདོགས་པ་ཡིན་ནོ། །སྒྲོ་གདགས་པར་རུང་བ་ཡང་དོན་གང་ཞིག་ཡོད་ན་གདོན་མི་
ཟ་བར་དམིགས་པ་ཉིད་ཡིན་ན། ཤ་ཟ་ལ་སོགས་པ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེ་ལྟ་ན་ཡང་ཕྱོགས་འདི་ན་བུམ་པ་ཡོད་ན་གདོན་མི་ཟ་བར་དམིགས་པ་ཁོ་ནར་འགྱུར་གྱི། བུམ་པ་ཡོད་ཀྱང་རྒྱུ་འགའ་ཞིག་མ་ཚང་བས་མི་དམིགས་པ་ཡིན་ནོ་ཞེས་དོགས་པར་མི་འགྱུར་བ་དེ་ཉིད་ལ་སྒྲོ་འདོགས་པ་ཡིན་ནོ། །སྒྲོ་

གདགས་པ་ག་ལས་དེས་ཤེ་ན། དེ་ལྟ་ན་ནི་འོ་ན་རྒྱུ་མ་ཚང་བ་མེད་པར་འགྱུར་བ་ན་བུམ་པ་ཡོད་ན་དམིགས་པར་རུང་བར་རྟོགས་ཀྱི། ཤ་ཟ་ལ་སོགས་པ་ནི་མ་ཡིན་ནོ། །འོ་ན་རྒྱུ་མ་ཚང་བ་མེད་པ་ཉིད་ག་ལས་ཤེས་ཤེ་ན། སྨྲས་པ། དོན་འགའ་ཞིག་མཐོང་བ་ན་གང་ཞིག་དོན་དེ་དང་
ཤེས་པ་གཅིག་ལ་གདོན་མི་ཟ་བར་འདྲེ་བའི་དོན་དེ་གཉིས་ནི་དམིགས་པའི་རྒྱུ་ཁྱད་པར་མེད་པ་ཡིན་ནོ། །དེས་ན་ཤེས་པ་གཅིག་ལ་འདྲེ་བའི་ས་ཕྱོགས་ལ་སོགས་པ་དམིགས་པ་ན། གདོན་མི་ཟ་བར་དམིགས་པའི་བུམ་པ་གང་ཡིན་པ་དེ་ཉིད་ནི་དམིགས་པའི་ཚོགས་པ་ཅན་སྒྲོ་གདགས་པར་རུང་བ་ཡིན་ནོ། །
གང་ཞིག་ཡུལ་དེ་ཉིད་ལ་བརྟེན་པར་བརྟགས་པའི་བུམ་པ་གང་ཡིན་པ་དེ་ཉིད་ཡུལ་དེ་དང་ཤེས་པ་གཅིག་ལ་འདུ་བ་ཡིན་གྱི། ཡུལ་གཞན་ན་གནས་པ་ནི་མ་ཡིན་ཏེ། དེས་ན་དེ་ཉིད་སྒྲོ་གདགས་པར་རུང་བ་ཡིན་ནོ། །དེས་ན་ཤེས་པ་གཅིག་ལ་ཚོགས་པའི་དངོས་པོ་གཞན་དམིགས་པ་ཉིད། རུང་བ་ཉིད་དུ་སྲིད་
པའི་བུམ་པ་མི་དམིགས་པ་ཡིན་ཏེ། དེའི་ཕྱིར་རུང་བ་ཉིད་དུ་སྲིད་པ་དམིགས་པའི་མཚན་ཉིད་དུ་གྱུར་པའི་མི་དམིགས་པ་ལས་ངེས་པར་འགྱུར་བ་ཡིན་གྱི། གཞན་ལས་ནི་མ་ཡིན་ནོ། །དེའི་ཕྱིར་ཤེས་པ་གཅིག་ལ་འདུ་བའི་དོན་གཞན་དམིགས་པ་ཉིད་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པར་
རིགས་པས་ཐོབ་པ་ཡིན་གྱི་ཚིག་ཙམ་གྱིས་བརྟགས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིའི་མཚན་ཉིད་མ་བརྗོད་དེ། དཔེར་བརྗོད་པ་ཉིད་ཀྱི་མཚན་ཉིད་གྲུབ་པའི་ཕྱིར་རོ། །དོན་དེའི་རྗེས་སུ་འབྲངས་ན་ནི་གཞུང་མངས་པ་འབའ་ཞིག་ཏུ་ཟད་དོ། །ཤེས་པ་གཅིག་ལ་འདྲེར་རུང་བ་ཉིད་ཀྱིས་སྣང་བ་ཉིད་ཡིན་པ་དེ་ཉིད་
བསྟན་པའི་ཕྱིར་བཤད་པ། བུམ་པ་ལ་སོགས་པ་གལ་ཏེ་ཡོད་ན་དམིགས་པ་སྣང་བའི་ཡོད་པ་དེ་ནི་དེ་ལྟ་བུར་འགྱུར་བ་ཉིད་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ཏེ། བུམ་པ་ནི་དེའི་རང་བཞིན་ཉིད་དུ་གྲུབ་པའི་ཕྱིར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་དཔེར་བརྗོད་པ་ཡང་། འདི་ནི་ཞེས་བྱ་བ་ནི་ཆོས་ཅན་སྟོན་
པའོ། །ཤིང་སྟེ་ཤིང་གི་ཐ་སྙད་དུ་རུང་བ་ནི་བསྒྲུབ་པར་བྱ་བའོ། །ཤིང་ཤ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །ཤིང་ཤ་པ་མང་པོ་ཡོད་པའི་ཡུལ་དུ་ཤིང་ཤ་པའི་ཐ་སྙད་ཤེས་པའི་བླུན་པོ་ལོ་མ་ལ་སོགས་པ་དང་ལྡན་པ་ལ་ཤིང་གི་ཐ་སྙད་བྱེད་པ་ཤེས་ཀྱང་ལོ་མ་ལ་སོགས་པ་དང་ལྡན་པ་ཙམ་རྒྱུ་མཚན་

ཡིན་པར་མ་རྟོགས་པར་མཐོང་བའི་ཁྱད་པར་གཞན་ཐ་སྙད་ཀྱི་རྒྱུར་སྒྲོ་བཏགས་ནས། སྒྲོ་བཏགས་པ་དེ་མ་མཐོང་བའི་ཤིང་ཤ་པ་ལ་ཤིང་གི་ཐ་སྙད་མི་འཇུག་པ་དེ་ལ། ཁྱོད་ཀྱིས་སྔར་ལོ་མ་ལ་སོགས་པ་དང་ལྡན་པ་ཙམ་གྱི་རྒྱུ་མཚན་གྱིས་ཤིང་གི་ཐ་སྙད་བྱས་པ་དེ་ཅི་ལྟར་བརྗོད་པར་གྱུར་ཅེས་སྔར་ཞུགས་
པའི་བརྡ་དྲན་པར་བྱེད་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱིས་དཔེར་བརྗོད་པ་ནི་འདི་ན་ཞེས་བྱ་བ་ནི་ཆོས་ཅན་བསྟན་པའོ། །མེ་ཡོད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །དུ་བ་ལ་ནི་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཅིའི་ཕྱིར་ཚུལ་གསུམ་པ། ཁྱད་པར་མེད་པ་ལས་གསུམ་ཉིད་ཡིན་ཞེ་ན། བཤད་པ།
གཏན་ཚིགས་གསུམ་པ་དེ་ལ་གཉིས་ནི་དངོས་པོ་སྟེ་བསྒྲུབ་པ་སྒྲུབ་པ་སྟེ་གོ་བར་བྱེད་པ་ཡིན་ལ། མི་དམིགས་པ་ཞེས་བྱ་བ་གཅིག་ནི་དགག་པ་སྟེ། དགག་པའི་ཐ་སྙད་གོ་བར་བྱེད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ལ་ལྟོས་ནས་གཏན་ཚིགས་རྣམ་པར་འཇོག་པ་ན། དེ་ཐ་དད་པས་ཐ་དད་པ་
ཡིན་ནོ། །ཡུལ་ཡང་སྒྲུབ་པ་དང་དགག་པ་ཕན་ཚུན་འགལ་བས་དེ་དག་ཐ་དད་པའི་ཕྱིར་གཏན་ཚིགས་གཉིས་ཡིན་ལ། སྒྲུབ་པའི་དོན་ཡང་གཏན་ཚིགས་ལས་ཐ་དད་པ་དང་། ཐ་མི་དད་པ་ཡིན་པས་དེ་དག་འགལ་བ་ཡིན་ལ། དེ་ལས་ཀྱང་དེ་ཐ་དད་པས་གཏན་ཚིགས་གཉིས་སོ། །དེའི་ཕྱིར་དེ་ལྟར་ཡུལ་ཐ་
དད་པའི་ཕྱིར་གཏན་ཚིགས་གསུམ་དུ་འགྱུར་བ་ཡིན་ནོ། །ཅི་སྟེ་ཡུལ་འགལ་བའི་ཕྱིར་གཏན་ཚིགས་གསུམ་པ་ཡིན་ཡང་། གང་ཡོད་པས་རང་བཞིན་ལ་སོགས་པ་གོ་བར་བྱེད་པ་ཡིན་ལ། མེད་པའི་ཕྱིར་ནི་གཞན་དག་གོ་བར་བྱེད་པ་མ་ཡིན་པའི་རང་བཞིན་འབྲེལ་པ་དེར་བསྟན་པའི་ཕྱིར་བཤད་པ། རང་བཞིན་འབྲེལ་
པ་ནི་རང་བཞིན་གྱིས་འབྲེལ་པ་སྟེ། འབྲེལ་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་དོན་གྱིས་དོན་གཞན་བསྒྲུབ་པར་བྱ་བ་ལ་འཁྲུལ་པ་མེད་ལ། མི་འཁྲུལ་བ་ལས་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡིན་ནོ། །ན་ཞེས་བྱ་བ་ནི་གང་གི་ཕྱིར་འཁྲུལ་པ་མེད་པ་ནི་རང་བཞིན་འབྲེལ་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེའི་ཕྱིར།
འབྲེལ་པ་དང་ལྡན་པ་འདི་དག་ཁོ་ན་གོ་བར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་གིས་རང་བཞིན་འབྲེལ་ཅེ་ན་སྨྲས་པ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲུབ་པར་བྱེད་པ་དེ་བསྒྲུབ་པར་བྱ་བའི་རང་བཞིན་ཉིད་ཡིན་པ་དེས་ན་དེ་བསྒྲུབ་པར་བྱ་བ་ལ་རང་བཞིན་འབྲེལ་པ་ཡིན་ནོ། །སྒྲུབ་པར་བྱེད་པ་

བསྒྲུབ་པར་བྱ་བ་དེའི་བདག་ཉིད་ཡིན་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཁྱད་པར་མེད་པར་འགྱུར་ལ། དེས་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེས་གཞན་དག་དོགས་ན། མ་ཡིན་ཏེ་ཞེས་སྨོས་སོ། །རྣམ་པར་རྟོག་པའི་ཤེས་པའི་ཡུལ་གྱི་རང་
བཞིན་ལྡོག་པའི་རྒྱུ་མཚན་ཅན་ནི་ཆོས་སོ། །དེའི་བྱེ་བྲག་ཀུན་བརྟགས་པའི་ཕྱིར་ཏེ། སྒྲོ་བཏགས་པའི་ཕྱིར་རོ། །འདི་སྐད་དུ་ཆོས་ཀྱི་བྱེ་བྲག་སྒྲོ་བཏགས་པས་དེས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གོ་བར་བྱ་བ་དང་གོ་བར་བྱེད་པ་ནི་ངེས་པའི་ཡུལ་ཉིད་ཡིན་གྱི།
དངོས་པོའི་རང་བཞིན་ནི་མ་ཡིན་ནོ། །འདི་ལྟར་གོ་བར་བྱ་བ་ནི་ངེས་པར་བྱ་བ་ཉིད་ཡིན་ལ། གོ་བར་བྱེད་པ་ཡང་ངེས་པར་འགྱུར་བ་ངེས་པར་བྱེད་པ་ཡིན་ནོ། །ངེས་པ་ཡང་སྒྲོ་བཏགས་པ་ཡིན་ཏེ། དེས་ན་ངེས་པའི་ཡུལ་གྱི་ཐ་དད་པ་ཡང་སྒྲོ་བཏགས་པ་ཡིན་ནོ། །དོན་འདི་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་
ཚིག་ཚད་མ་ཉིད་དུ་སྟོན་པ་ནི། འདི་རྗེས་སུ་དཔོག་པས་ན་རྗེས་སུ་དཔག་པ་སྟེ་རྟགས་སོ། །རྗེས་སུ་དཔག་པར་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་དུ་ཆོས་ཅན་ལ། ཁྱབ་པའི་ཡུལ་དུ་ནི་རྗེས་སུ་དཔག་པར་བྱ་བ་བསྒྲུབ་པར་བྱ་བའི་ཆོས་སོ། །རྟགས་དང་བསྒྲུབ་བྱའི་ཆོས་ཅན་དེ་དག་གི་ཐ་སྙད་ཐ་དད་པ་ལྡོག་
པའི་རང་བཞིན་དེ་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཐ་དད་པའི་རང་བཞིན་གྱི་རྗེས་སུ་འགྲོ་བ་ཁོ་ན་སྟེ། བློ་ལ་བརྟེན་པའི་རང་བཞིན་དེས་ཐ་དད་པའི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །གལ་ཏེ་ཆོས་དང་ཆོས་ཅན་གྱི་ཐ་སྙད་བློས་བརྟགས་པ་ཡིན་ན། དེ་ལྟ་ན་ནི་འོ་ན་བརྟགས་པའི་གཏན་ཚིགས་
ཀྱིས་བསྒྲུབ་བྱ་བསྒྲུབ་པར་ཐལ་ལོ་ཞེ་ན། བཤད་པ། འདི་ནི་ཆོས་སོ་འདི་ནི་ཆོས་ཅན་ནོ་ཞེས་བྱ་བའི་ཆོས་ཅན་ཉིད་གང་ཡིན་པ་དེ་ཁོ་ན་བློས་ཀུན་བཏགས་པ་ཡིན་གྱི་ལྡོག་པའི་རང་བཞིན་གྱི་དོན་ཀྱང་ནི་མ་ཡིན་ཏེ། བློའི་བྱེ་བྲག་རང་དགའ་བ་དོན་ལ་མི་ལྟོས་པ་རྣམས་ནི་དོན་གྱི་རྟེན་མ་ཡིན་པ་སྟེ། དོན་གྱི་གཞི་མ་
ཡིན་པའི་ཕྱིར་རོ། །དེ་དག་གིས་བརྟགས་པའི་ཡུལ་གང་ཡིན་པ་དེ་ལས་དོན་གོ་བར་ཁས་ལེན་ན་ནི་དོན་ཏེ། དངོས་པོ་མི་འཐོབ་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་འདི་ནི་རྟེན་ཆོས་ཅན་ཡིན་ལ། འདི་ནི་རྟེན་པ་ཆོས་ཡིན་ནོ་ཞེས་བྱ་བ་དང་། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དུ་མ་ཙམ་ཞིག་

བློས་བརྟགས་པ་ཡིན་གྱི། ཕྱི་རོལ་ཏུ་ངེས་པའི་དོན་གྱི་བདག་ཉིད་དེ་དང་དེ་ལས་ལྡོག་པ་ཡང་བརྟགས་པ་ཉིད་ནི་མ་ཡིན་ནོ། །ཡང་ཅི་ལྟར་གཅིག་ལ་ཐ་དད་པར་བརྟགས་པར་ནུས་ཤེ་ན། ཐ་དད་པར་རྟོག་པའི་རྒྱུ་མཚན་བསྟན་པའི་ཕྱིར་བཤད་པ། གང་གི་ཕྱིར་དངོས་ཀུན་ཏེ་འགའ་ཞིག་ནི་མ་ཡིན་ནོ། །
མཐུན་དངོས་ནི་རིགས་མཐུན་པའོ། །གཞན་གྱི་དངོས་ནི་རིགས་མི་མཐུན་པ་སྟེ། དེ་དག་ལས་རང་བཞིན་གྱིས་ཏེ་བརྟགས་པ་མ་ཡིན་པའི་རང་གི་མཚན་ཉིད་ཀྱིས་ལྡོག་པ་ལ་ནི་རྟེན་པ་ཅན་ཞེས་འབྲེལ་ཏོ། །ཅིའི་ཕྱིར་རང་བཞིན་གྱིས་ལྡོག་ཅེ་ན། རང་རང་ལ་ངོ་བོ་ལ་གནས་པའི་རྒྱུའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ།
གང་གི་ཕྱིར་དངོས་པོ་ཐམས་ཅད་རང་གི་ངོ་བོ་ཉིད་ལ་གནས་པ་ཡིན་གྱི། ཕན་ཚུན་འདྲེ་བ་མ་ཡིན་པ་དེའི་ཕྱིར་ན། ངོ་བོ་ཉིད་ཀྱིས་མ་འབྲེལ་པས་རིགས་མཐུན་པ་དང་མི་མཐུན་པ་ལས་ལྡོག་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ལྡོག་མཚམས་ཀྱི་དོན་གང་དང་གང་ལས་དེ་ལྡོག་པ་དོན་གཞན་གྱི་ལྡོག་པ་དེའི་རྒྱུ་ཅན་
ལྡོག་མཚམས་ཁྱད་པར་ཅན་གྱི་ཡུལ་གྱི་ལྡོག་པའི་རྒྱུ་ཅན་རིགས་ཀྱི་དབྱེ་བ་རིགས་ཀྱི་ཁྱད་པར་སྒྲའི་བརྗོད་པར་བྱ་བ་རབ་ཏུ་འབྱེད་ཅིང་རབ་ཏུ་འཇོག་གོ། །འདི་ལྟར་དཔེར་ན་བུམ་པ་གཅིག་བུམ་པ་མ་ཡིན་པ་ལས་ལྡོག་པ་དེ་བཞིན་དུ་བུམ་པ་གཞན་རྣམས་ཀྱང་ཡིན་ལ། ཐུན་མོང་བའི་ལྡོག་པ་དེ་ཡང་སྒྲའི་བརྗོད་པར་བྱ་
བའི་རིགས་སུ་བརྗོད་པ་ཡིན་ནོ། །རང་གི་མཚན་ཉིད་དེའི་ཁྱད་པར་གང་ཡིན་པ་དེ་རྟོགས་འགྱུར་ཞེས་བྱ་བ་ནི་སྒྲོ་བཏགས་པའི་རིགས་རྟོགས་ན་རང་གི་མཚན་ཉིད་ཁྱད་པར་ངེས་པར་འགྱུར་བའི་ཕྱིར་དེ་རྟོགས་པ་ཡིན་ནོ། །དེས་ན་ལྡོག་མཚམས་གཞན་དང་གཞན་ལ་ལྟོས་ནས་ཀུན་བརྟགས་པའི་ལྡོག་པའི་བྱེ་བྲག་རྣམ་པར་
རྟོག་པས་ཡུལ་དུ་བྱེད་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་བཞིན་དུ་དུ་མ་ལས་ལྡོག་པ་ཅན་གྱི་དངོས་པོའི་རང་བཞིན་གཅིག་ནི་རྣམ་པར་རྟོག་པས་ཡུལ་དུ་བྱ་བར་ནུས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ལྡོག་མཚམས་གཞན་གྱི་རྒྱུ་མཚན་ཅན་རང་གི་མཚན་ཉིད་ཀྱི་ཁྱད་
པར་གང་ཞིག་སྒྲའི་ཆོས་གང་གིས་གོ་བར་འགྱུར་བ་དེའི་སྒྲ་ཡང་བརྗོད་པར་བྱ་བ་ལ་བརྟེན་པའི་ཕྱིར་ཆོས་དང་འདྲ་བས་ཆོས་ཞེས་བརྗོད་དོ། །ལྡོག་པ་གཞན་གྱི་ཡུལ་ཅན་གྱི་སྒྲ་དེ་ལས་གཞན་གྱིས་ནི་གོ་བར་ནུས་པ་མ་ཡིན་ནོ། །རྒྱུ་དེས་ན་རྣམ་པར་རྟོག་པ་དང་སྒྲ་དག་རྣམ་གྲངས་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་ཡུལ་

ཐ་དད་པ་ཡིན་ནོ་ཞེས་སྨྲས་པ་ནི་ཐ་དད་རྣམ་པར་གནས་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ངེས་པའི་ཡུལ་སྒྲོ་བཏགས་པའི་རང་བཞིན་དག་ཉིད་ཐ་དད་པ་དང་གོ་བྱ་གོ་བྱེད་ཡིན་ན། དེ་དག་ལ་ནི་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲེལ་པ་མེད་དོ། །གང་ལ་འབྲེལ་པ་ཡོད་པ་དེ་དག་ནི་གོ་བྱ་གོ་
བྱེད་ཀྱི་དངོས་པོ་མ་ཡིན་ཏེ། རང་གི་མཚན་ཉིད་ལ་གོ་བྱ་གོ་བྱེད་མི་འཐད་པའི་ཕྱིར་རོ། །དེས་ན་བསྒྲུབ་བྱ་སྒྲུབ་བྱེད་དག་དེའི་བདག་ཉིད་ཅི་ལྟར་འགྱུར་ཞེ་ན། བདེན་ཏེ་འོན་ཀྱང་ངེས་པ་ལ་གནས་པ་སྒྲོ་བཏགས་ཀྱི་རང་བཞིན་དུ་ངེས་པ་ནི་གོ་བར་བྱེད་པ་མ་ཡིན་ཏེ། དེ་ལྟ་བུར་གྱུར་པ་ནི་སུ་ཡང་དོན་དུ་གཉེར་བ་མེད་པའི་ཕྱིར་
རོ། །གོ་བར་བྱ་བ་དང་གོ་བར་བྱེད་པ་ནི་རང་གི་མཚན་ཉིད་དུ་ལྷག་པར་བརློམས་པ་ཉིད་ཡིན་ཏེ། རང་གི་མཚན་ཉིད་ལ་དོན་དུ་གཉེར་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེས་ན་གོ་བར་བྱ་བ་དང་གོ་བར་བྱེད་པ་ནི་རང་གི་མཚན་ཉིད་ཁོ་ན་ཉིད་ཡིན་ལ། དེ་ལ་ནི་དེའི་བདག་ཉིད་ཡོད་པ་ཉིད་དོ། །འོན་ཀྱང་མངོན་སུམ་གྱིས་
ནི་རང་གི་མཚན་ཉིད་དེ་ཐ་མི་དད་པར་འཛིན་ལ། རྣམ་པར་རྟོག་པས་ནི་སྒྲོ་བཏགས་ཀྱི་རང་བཞིན་གྱིས་ཉེ་བར་ཟིན་པ་ཐ་དད་པ་ལྟ་བུར་སྟོན་པ་ཡིན་ནོ། །ལྡོག་མཚམས་གཅིག་གི་རྒྱུ་མཚན་ཅན་ལྷག་པར་སྒྲོ་བཏགས་པའི་རང་བཞིན་གྱིས་བར་དུ་གཅོད་པ་རང་གི་མཚན་ཉིད་དེ་རྟོགས་པ་ན། ལྡོག་མཚམས་
གཞན་ལས་ལྡོག་པ་ནི་ངེས་པར་མི་འགྱུར་རོ། །གང་ཞིག་ངེས་པས་མ་ངེས་པ་དེ་ནི་ངེས་པའི་ཡུལ་མ་ཡིན་ནོ། །དེས་ན་མངོན་སུམ་ནི་དེའི་རྣམ་པ་ཅན་ཡིན་པས་རང་བཞིན་ཐམས་ཅད་འཛིན་ལ། རྣམ་པར་རྟོག་པ་ནི་སྒྲོ་བཏགས་ཀྱི་རྗེས་སུ་འབྲངས་ནས་རང་གི་མཚན་ཉིད་ངེས་པ་ཡིན་ཡང་ལྡོག་པ་
གཅིག་གི་རང་བཞིན་དུ་ཞེན་པ་ཡིན་ནོ། །དེས་ན་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་གང་ཡིན་པ་དེ་དག་ཉིད་དེའི་བདག་ཉིད་དུ་གྱུར་པ་ཉིད་ཡིན་ཏེ། སྒྲོ་བཏགས་པའི་རང་བཞིན་གྱིས་ཉེ་བར་ཟིན་པ་དག་ངེས་པ་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་པ་དང་འབྲེལ་པའི་ཐ་དད་པ་ངེས་པས་རང་གི་མཚན་ཉིད་
ཀྱིས་ཡུལ་གསལ་བར་བྱེད་པ་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་རང་གི་མཚན་ཉིད་དུ་གྱུར་པ་དག་ཀྱང་ཐ་དད་པར་སྟོན་པར་བྱེད་དོ། །དེའི་དོན་ནི་འདི་ཡིན་ཏེ། སྒྲོ་གདགས་པར་བྱ་བའི་རང་བཞིན་ཐ་དད་པར་སྒྲོ་བཏགས་པ་ཡིན་ལ། རང་གི་མཚན་ཉིད་ཀྱང་སྒྲོ་བཏགས་པ་དང་འདྲ་བ་ཡིན་ཏེ། དེས་ན་

སྒྲོ་བཏགས་ཀྱི་རང་བཞིན་གྱིས་རྗེས་སུ་རྟོགས་པ་ན་ཐ་དད་པར་ཞེན་པ་ཡིན་ནོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡང་ཞེན་པར་བྱས་པའི་ཐ་དད་པའི་རྒྱུ་མཚན་གྱིས་ཡིན་ཏེ། དེས་ན་རང་གིས་དེའི་བདག་ཉིད་ཡིན་ནོ། །དེའི་བདག་ཉིད་ཀྱིས་འབྲེལ་པའི་རང་བཞིན་འདི་ཡང་རང་བཞིན་གྱི་གཏན་ཚིགས་སུ་
བརྗོད་པ་ཡིན་ནོ། །གང་གིས་འབྲས་བུ་ཡང་རང་བཞིན་འབྲེལ་པར་འགྱུར་བ་དེ་སྟོན་པར་བྱེད་པ་ནི་འབྲས་བུ་ཡང་དེ་ལས་བྱུང་བའི་རྒྱུའི་ཕྱིར་རོ། །གང་གི་ཕྱིར་དེ་ལས་བྱུང་བ་ཡིན་པའི་ཕྱིར་འབྲས་བུ་ཡང་དེ་རང་བཞིན་འབྲེལ་པ་ཡིན་ནོ། །དེའི་ཕྱིར་གང་ཞིག་རང་བཞིན་འབྲེལ་པ་འབྲས་བུ་དང་རང་བཞིན་
ལས་སྐྱེས་པའི་རྗེས་སུ་དཔག་པར་བྱ་བ་ཤེས་པ་འདི་གཉིས་ནི་ཚད་མ་ཡིན་ཏེ། དེར་འཁྲུལ་པ་མེད་པ་དག་ཡིན་པ་དེས་ན་སྟེ། རྗེས་སུ་དཔག་པར་བྱ་བའི་དོན་ལ་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་མངོན་སུམ་སྣང་ཡང་འཁྲུལ་པ་མེད་པས་ཚད་མ་ཡིན་པ་དེ་བཞིན་ནོ། །ཅིའི་ཕྱིར་
དེ་ལ་འཁྲུལ་པ་མེད་ཅེ་ན། བཤད་པ། རྗེས་སུ་དཔག་པར་བྱ་བའི་དོན་དེ་ལས་སྐྱེས་པའི་ཕྱིར་རོ། །དེ་ལས་སྐྱེས་པ་ཉིད་ནི། དངོས་གང་ཡང་དག་ཇི་བཞིན་པ། །ཞེས་བྱ་བ་དེར་གཏན་ལ་ཕབ་ཟིན་ཏོ། །འོ་ན་འདི་མངོན་སུམ་ལས་ཁྱད་ཅི་ཡོད་ཅེ་ན། སྨྲས་པ་དེ་སྣང་བ་ཉིད་མ་ཡིན་པའི་ཕྱིར་ནི་
མངོན་སུམ་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། དོན་རྣམ་པ་མེད་པས་མངོན་སུམ་མ་ཡིན་ལ། མངོན་སུམ་མ་ཡིན་ན་ཡང་འཁྲུལ་པ་མེད་པའི་ཕྱིར་ཚད་མ་ནི་ཡིན། ཡང་ཅི་ལྟར་དེ་སྣང་བ་ཉིད་མ་ཡིན་ཞེ་ན། བཤད་པ། དངོས་ལས་མ་སྐྱེས་པའི་ཕྱིར་རོ། །གང་གི་ཕྱིར་དོན་ལས་དངོས་སུ་སྐྱེས་
པའི་ཤེས་པ་ནི་དེའི་རྣམ་པའི་རྗེས་སུ་བྱེད་པ་ཡིན་ནོ། །གཟུང་བར་བྱ་བའི་དོན་གྱི་རང་བཞིན་ཡང་འཁྲུལ་པའི་རྒྱུ་མེད་ན་ངེས་པར་རྣམ་པར་འཇོག་པར་བྱེད་པས་ཤེས་པའི་རྒྱུར་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་མིག་བཞིན་དུ་གཟུང་བར་བྱ་བ་ཉིད་དུ་མི་འགྱུར་རོ། །རྗེས་སུ་དཔག་པ་ནི་རྗེས་སུ་དཔག་པར་བྱ་བ་
ལས་དངོས་སུ་མ་སྐྱེས་པའི་ཕྱིར་དེའི་རྣམ་པ་ཡོད་པ་མ་ཡིན་ནོ། །ད་ནི་དོན་གང་ལ་མི་དམིགས་པ་ཚད་མ་ཡིན་པ་དེ་བསྟན་པའི་ཕྱིར་བཤད་པ། མེད་པར་ངེས་པ་ནི་མེད་པའི་ཐ་སྙད་དེ་འབྲས་བུ་དེ་ཉིད་མི་དམིགས་པ་གང་ལ་ཡོད་པའོ། །མི་དམིགས་པ་དེ་ནི་དེ་ལ་མི་འཁྲུལ་བ་ཡིན་ཏེ། མེད་པའི་ཐ་སྙད་

ལ་མི་འཁྲུལ་བ་ཡིན་ནོ། །གལ་ཏེ་ཐ་སྙད་ནི་འབྲས་བུ་ཡིན་ལ། མི་དམིགས་པ་ནི་རྒྱུ་མ་ཡིན་ནམ། རྒྱུ་ནི་འབྲས་བུ་ལ་མི་འཁྲུལ་པར་བརྗོད་མི་ནུས་སོ་ཞེ་ན། བཤད་པ། སྔོན་ཞུགས་པའི་ཐ་སྙད་གྲུབ་པ་ལ་ཡུལ་ཡོད་པ་བདོག་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །འདི་
སྐད་བརྗོད་པ་ཡིན་ཏེ། གང་དུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོས་རྒྱུ་མཚན་དང་རྒྱུ་མཚན་གྱི་དངོས་པོ་ཉིད་ཡིན་པ་དེར་རྒྱུ་འབྲས་བུ་ལ་འཁྲུལ་པ་ཡིན་ཡང་། འདིར་ནི་ངེས་པར་སྦྱར་བའི་རྒྱུ་མཚན་གྱི་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ཡིན་ནོ། །འདི་ལྟར་ཤེས་པ་དང་ཤེས་བྱའི་བདག་ཉིད་སྣང་བ་
མི་དམིགས་པའི་ཡུལ་ལ་ཡུལ་ཅན་མེད་པའི་ཐ་སྙད་རང་འདོད་ཀྱིས་བཅུག་པ་ཡིན་ཞིང་། ལན་ཅིག་ཞུགས་པ་ཉིད་ལས་ཀྱང་འབྲེལ་པ་ཤེས་པས་ཡུལ་དེ་ལ་རང་གི་འདོད་པ་ཐ་སྙད་འཇུག་པར་བྱ་བ་ཡིན་ནོ། །དེ་ལ་གལ་ཏེ་ཡུལ་གཞན་ལ་དེའི་རྒྱུ་མཚན་ཅན་གྱི་ཐ་སྙད་ཞུགས་པར་མ་གྱུར་ན་ནི་དེ་འདོད་པ་
དང་འབྲེལ་པ་ཡིན་ཡང་འདིར་མི་འཇུག་པར་ནུས་པ་ཞིག་ན། གང་གི་ཕྱིར་གཞན་དག་ཏུ་དེ་ཙམ་གྱི་རྒྱུ་མཚན་གྱིས་རབ་ཏུ་ཞུགས་པ་དེའི་ཕྱིར་འདིར་ཡང་དེ་ཙམ་ལ་ལྟོས་ནས་འཇུག་པར་བྱ་བ་ཉིད་དོ། །འདོད་པས་སྤྱོད་པ་ལས་མ་གཏོགས་པར་ནི་གཞན་དག་ཏུ་དེ་ཙམ་ལ་ལྟོས་ནས་འཇུག་པ་ཡིན་ལ། འདིར་
ནི་མི་འཇུག་གོ་ཞེས་བྱ་བའི་རྒྱུ་མཚན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེས་ན་ཡུལ་ཡོད་པ་ལ་དེ་ཙམ་གྱི་རྒྱུ་མཚན་གྱིས་ཐ་སྙད་ཞུགས་པར་སྔར་གཏན་ལ་ཕེབས་པ་ཉིད་དོ། །དེས་ན་རྒྱུ་འབྲས་བུ་ལ་མི་འཁྲུལ་པ་ཡིན་ནོ། །འདིར་ནི་ཐ་སྙད་ཅེས་བྱ་བའི་འབྲས་བུ་ཉིད་ནི་སྒྲུབ་པ་མ་ཡིན་ཏེ། དེ་ནི་འདོད་པ་
ལ་རག་ལས་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ནི་རུང་བ་ཙམ་ཡིན་ནོ། །ཡང་ཅིའི་ཕྱིར་མི་དམིགས་པས་དངོས་པོ་མེད་པ་ཉིད་མི་བསྒྲུབ་ཅེ་ན། བཤད་པ། མི་དམིགས་པ་ཉིད་ནི་རྟགས་ཏེ། དེས་མེད་པ་བསྒྲུབ་པར་བྱ་བ་ཡིན་ན། ཅི་ལྟར་དོན་མེད་པ་ཤེས་པ་མེད་པས་བསྒྲུབ་པ་དེ་བཞིན་དུ་ཤེས་པ་མེད་པ་
ཡང་ཤེས་པ་གཞན་མེད་པས་བསྒྲུབ་པར་བྱ་དགོས་སོ། །དེས་ན་དེའི་དམིགས་པ་མེད་པ་ཡང་དམིགས་པ་གཞན་མེད་པའི་མི་དམིགས་པ་གཞན་གྱིས་ཡིན་པས་ཐུག་པ་མེད་པར་འགྱུར་ཏེ། མི་དམིགས་པ་རྣམས་ཀྱི་རང་བཞིན་རྟོགས་པ་མཐར་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐུག་པ་

མེད་པ་དེའི་ཕྱིར་ནི་གཞི་བའི་དོན་གྱི་དངོས་པོ་མི་རྟོག་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཕ་རོལ་གྱི་བསམ་པ་ཇི་ལྟར་དོན་ནི་གཞན་ལ་རག་ལས་ནས་བསལ་བ་ཡིན་ལ། ཤེས་པ་ནི་རང་ཉིད་གསལ་བ་ཡིན་པ་དེ་བཞིན་དུ། དོན་མེད་པ་ཡང་གཞན་གྱིས་གསལ་ལ། ཤེས་པ་མེད་པ་ནི་རང་ཉིད་གསལ་ལ་ཞེས་བྱ་བ་
ཡིན་ནོ་ཞེས་སྨྲས་པ་ནི་ཇི་སྟེ་དམིགས་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དམིགས་པའི་རང་བཞིན་གྱི་ཤེས་པ་ནི་དོན་ལས་ཐ་དད་པའི་ཕྱིར་རང་ཉིད་གསལ་བར་འཐད་པ་ཡིན་ན། མེད་པ་དག་ནི་ཕན་ཚུན་ཁྱད་པར་མེད་པའི་ཕྱིར་གཅིག་རང་ཉིད་གསལ་ན་གཉིས་པ་ལ་ཡང་དེའི་རང་བཞིན་བཟློག་ཏུ་མེད་དོ་ཞེས་
བྱ་བའི་བསམ་པ་འདི་སྨྲས་པ་ནི། དེ་བཞིན་དུ་ཡོད་པ་མེད་པ་ཡང་འགྱུར་བས་མི་དམིགས་པ་དངོས་པོ་མེད་པའི་སྒྲུབ་བྱེད་དུ་ཉེ་བར་གཞག་པ་དོན་མེད་དོ། །ཅི་སྟེ་ཡང་དེ་དག་གཞན་དམིགས་པས་ཡུལ་མི་དམིགས་པ་འགྲུབ་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དོན་གཞན་གྱི་ཡུལ་ཅན་གྱི་ཤེས་པ་
གང་ཡིན་པ་དེ་ངེས་པའི་རང་བཞིན་ཉིད་དུ་གྲུབ་ན་ནི་དོན་གཞན་དམིགས་པ་མེད་པ་ཡང་འགྲུབ་པར་འགྱུར་རོ། །དེའི་ཕྱིར་མི་དམིགས་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་གྱི། མི་དམིགས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །དེའི་ཡུལ་ནི་དེས་གྲུབ་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་དོན་གཞན་ཡོད་པར་གྲུབ་པས་བུམ་
པ་ལ་སོགས་པ་གཞན་མེད་པ་ཅི་སྟེ་མི་འགྲུབ། ཅི་ལྟར་ཤེས་པ་གཞན་གྲུབ་པས་དེ་མ་ཡིན་པའི་ཤེས་པ་མེད་པར་གྲུབ་པ་དེ་བཞིན་དུ། དེ་ལས་གཞན་ཡོད་པས་མེད་པ་གྲུབ་པའི་ཕྱིར་མི་དམིགས་པ་ཉེ་བར་བླངས་པས་ཅི་ཞིག་བྱ། མེད་པ་ནི་མི་དམིགས་པས་གྲུབ་པ་ཡང་མ་ཡིན་ནོ། །གལ་ཏེ་མེད་པ་བསྒྲུབ་པར་
བྱ་བ་མ་ཡིན་ནོ། །འོ་ན་ནི་དེ་མ་གྲུབ་ན་མེད་པའི་ཐ་སྙད་ཀྱང་མི་འགྲུབ་པོ། །ཡུལ་བསྒྲུབ་པར་མི་ནུས་པ་དེ་བཞིན་དུ། མེད་པའི་ཐ་སྙད་ཀྱང་མི་དམིགས་པས་རྟོགས་པར་མི་ནུས་སོ་ཞེ་ན། གང་གི་ཚེ་ཞེས་སྨོས་སོ། །གལ་ཏེ་མི་དམིགས་པ་ལས་མེད་པ་གཞན་ཡིན་ན་ནི། དེའི་ཚེ་དེ་མ་གྲུབ་ན་མི་དམིགས་པས་
ཐ་སྙད་རྟོགས་པར་མི་འགྱུར་བ་ཞིག་ན། གང་གི་ཚེ་མེད་པ་མི་དམིགས་པ་ལས་ཐ་དད་པ་ཉིད་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་རྣམ་པ་འདི་ལྟ་བུ་ཞེས་བྱ་བ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་མི་དམིགས་པ་ཉིད་དོན་མེད་པ་རྣམས་ཀྱི་མེད་པ་ཡིན་གྱི་གཞན་ནི་མ་ཡིན་པ་དེའི་ཚེ་མེད་པའི་མཚན་ཉིད་ཀྱི་ཡུལ་

གྲུབ་པས་ཡུལ་ཅན་མེད་དོ་སྙམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་། མེད་དོ་ཞེས་བྱ་བ་དེ་ལྟ་བུའི་སྒྲ་དང་། དོགས་པ་མེད་པར་འགྲོ་བ་དང་འོང་བའི་མཚན་ཉིད་ཀྱི་འཇུག་པའི་ཐ་སྙད་དེ་དག་རང་ཉིད་རྟོགས་པའམ། གཞན་གྱིས་སྒྲུབ་པར་བྱེད་པ་ཡིན་ནོ། །གང་
གི་ཕྱིར་འདི་ཐ་སྙད་ཉིད་ལ་མ་ཞུགས་ན་གཞན་གྱིས་ཇི་ལྟར་སྒྲུབ་པར་བྱེད་ཅེ་ན། བཤད་པ། ཡུལ་ཏེ་མེད་པའི་ཐ་སྙད་དང་འབྲེལ་པ་བུམ་པས་དབེན་པར་དམིགས་པའི་ཕྱོགས་རབ་ཏུ་བསྟན་པས་སོ། །བུམ་པས་དབེན་པའི་ས་ཕྱོགས་དེ་ཉིད་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ལ། དེའི་ཡུལ་ཅན་གྱི་ཤེས་པ་
མི་དམིགས་པ་ནི་རྒྱུ་ཡིན་ནོ། །སློབ་དཔོན་ནི་ལ་ལར་རྒྱུར་ཐ་སྙད་བྱེད་དེ། རྒྱུ་མཚན་གྱིས་རྒྱུ་མཚན་ཅན་རབ་ཏུ་བསྒྲུབ་པའི་ཕྱིར་རོ་ཞེས་སོ། །ལ་ལར་ནི་ཡུལ་དུ་སྟེ་དཔེར་ན་ཡུལ་བསྟན་པས་ཡུལ་ཅན་དྲན་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུའོ། །བརྡ་ནི་ངེས་པ་སྟེ། དངོས་པོ་མེད་པའི་བརྡ་ལ་འཇུག་པའི་ཕྱིར་
རོ། །སུ་ཞེ་ན། རྨོངས་པའོ། །ཅི་ཐ་སྙད་རབ་ཏུ་ཞུགས་པའི་ཡུལ་རྟོགས་ཀྱང་གང་ཞིག་ཡུལ་ཅན་ཐ་སྙད་མ་རྟོགས་པ་འགའ་ཞིག་ཡོད་དམ་ཞེ་ན་ཡོད་དོ་ཞེས་བཤད་པ་ནི་དཔེར་ན་འདི་ནི་བ་ལང་ཡིན་ཏེ། འདུས་པ་འདི་ནི་བ་ལང་གི་ཐ་སྙད་དུ་རུང་བ་ཡིན་ནོ། །ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་
པའི་ཕྱིར་ཏེ། བ་ལང་གི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་བློ་གྲོས་བླུན་པོ་བ་ལང་ཆུང་ངུ་ལ་བ་ལང་གི་ཐ་སྙད་ཞུགས་ཀྱང་མི་འདྲ་བར་མཐོང་ནས་བ་ལང་ཆེན་པོ་ལ་ཐ་སྙད་འཇུག་པར་མི་བྱེད་པ་དེ་ལ་རྒྱུ་མཚན་རབ་ཏུ་བསྟན་པས་བ་ལང་གི་ཐ་སྙད་ལ་འཇུག་པར་བྱེད་དེ། བ་ལང་
གི་ཐ་སྙད་ནི་ལྐོག་ཤལ་ལ་སོགས་པ་འདུས་པའི་རྒྱུ་མཚན་ཅན་ཡིན་གྱི་ཆུང་ངུའི་རྒྱུ་མཚན་ཅན་ནི་མ་ཡིན་ནོ། །དེས་ན་འདི་ལ་ཡང་རྒྱུ་མཚན་ཡོད་པའི་ཕྱིར་ཅི་ལྟར་ན་འཇུག་པར་མི་བྱེད། དེ་བཞིན་དུ་མི་དམིགས་པ་ལ་ཡང་རྒྱུ་མཚན་ཉིད་རབ་ཏུ་བསྟན་པས་བརྡ་ལ་འཇུག་པ་ཡིན་ཏེ། འདིའི་རྒྱུ་མཚན་ཅན་གྱིས་
ཐ་སྙད་འདི་ལ་ཁྱོད་ཀྱིས་སྔར་ཞུགས་པ་ཡིན་ཞིང་། འདི་ལ་ཡང་རྒྱུ་མཚན་ཡོད་པས་འཇུག་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེས་ན་དཔེ་མ་གྲུབ་པར་རྒོལ་བ་ཁྱབ་པར་བྱེད་པའི་དངོས་པོ་འགར་ཡང་རབ་ཏུ་གྲུབ་པ་མེད་དེ། དེའི་སྒྲུབ་པར་བྱེད་པ་ནི་མི་དམིགས་པ་ཁོ་ནར་ཟད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ཡང་

བསལ་བ་ཡིན་ཏེ། སྤངས་པ་ཡིན་པར་བལྟ་སྟེ། རབ་ཏུ་ཞུགས་པའི་ཐ་སྙད་ཡིན་ཡང་བརྡ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཤིང་གི་ཁྱད་པར་ཤིང་ཤ་པ་ཆེན་པོ་འགའ་ཞིག་ལ་ཤིང་གི་ཐ་སྙད་རབ་ཏུ་ཞུགས་པར་གྱུར་ཀྱང་། བློ་གྲོས་བླུན་པོ་ཤིང་ཤ་པ་ཆུང་ངུ་ལ་རྒྱུ་མཚན་མེད་པས་ཐ་སྙད་མི་རྟོགས་
པ་ལ། འདི་ནི་ཤིང་ཡིན་ཏེ་ཤ་པ་ཡིན་པའི་ཕྱིར་རོ་ཞེས་འཇུག་པར་བྱེད་དོ། །འདི་ལྟ་བུ་ལ་སོགས་པ་མངོན་སུམ་སྔོན་དུ་འགྲོ་བའི་ཐ་སྙད་ནི་ཐམས་ཅད་དུ་རྗེས་སུ་དཔག་པ་ཁོ་ནས་རྟོགས་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་གང་གི་ཚེ་རྒྱུ་མཚན་ལ་རྨོངས་པ་དེའི་ཚེ་རྗེས་སུ་དཔག་པས་རྟོགས་པར་བྱེད་དོ། །རྒྱུ་མཚན་
ལ་རྨོངས་ན་ནི་མངོན་སུམ་ཉིད་ལས་དོན་རྟོགས་པར་འགྱུར་རོ། །མེད་པའི་ཐ་སྙད་ནི་ནམ་ཡང་མངོན་སུམ་ལས་རྟོགས་པ་མེད་དེ་དངོས་པོ་མེད་པའི་ཡུལ་ལ་མངོན་སུམ་མེད་པའི་ཕྱིར་རོ། །མེད་པའི་ཐ་སྙད་ནི་ཐམས་ཅད་ཀྱི་ཚེ་རྟོགས་པ་པོས་ཤེས་མོད་ཀྱི་འོན་ཀྱང་མེད་པའི་ཐ་སྙད་ཀྱི་ཡུལ་རིགས་སྣ་ཚོགས་ཀྱི་ཕྱིར།
གང་གི་ཚེ་རྒྱུ་མཚན་ལ་རྨོངས་པ་དེའི་ཚེ་རང་བཞིན་གྱི་གཏན་ཚིགས་ཀྱི་སྒོ་ནས་རང་ཉིད་རྟོགས་པ་འམ། གཞན་གྱིས་རྟོགས་པར་བྱེད་པ་ཡིན་ནོ། །མ་རྨོངས་པ་ནི་ཐམས་ཅད་དུ་ཁྱབ་བྱེད་མི་དམིགས་པ་ཁོ་ནས་རྟོགས་པ་ཡིན་ལ། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ལ་རྨོངས་པ་ནི་རང་བཞིན་གྱི་
གཏན་ཚིགས་ལས་ཡིན་ནོ། །འདི་ནི་ཤིན་ཏུ་རྒྱས་པ་སྐྱེད་པར་བྱེད་པར་བརྗོད་པ་ལ་ཕ་ཉིད་བཞིན་ཞེས་བྱ་བ་དེར་བསྟན་ཟིན་ཏོ། །དེས་ན་འདིར་རྒྱ་མི་སྐྱེད་དོ། །གང་གིས་ན་དཔེ་མ་གྲུབ་པར་རྒོལ་བ་བསལ་ཞེ་ན། བཤད་པ་མེད་པའི་ཐ་སྙད་འབྲེལ་པར་འགྱུར་བའི་ཡུལ་རྟོགས་ཀྱང་གང་དག་གིས་ཡུལ་ཅན་
མ་རྟོགས་པའི་ཐ་སྙད་བྱེད་པ་པོ་དེ་དག་སྣང་བའི་ཕྱིར་རོ། །ཇི་ལྟར་རྟོགས་པར་བྱེད་པས་ཡུལ་འགའ་ལ་བ་ལང་གི་ཐ་སྙད་ཞུགས་སུ་ཟིན་ཀྱང་། ཐ་སྙད་ཀྱི་ཡུལ་རྟོགས་པ་ལ་ཡང་ཐ་སྙད་འཇུག་པར་མི་ནུས་ཏེ། འདི་ལྟར་དེས་བ་ལང་ཆེན་པོ་ལ་བ་ལང་གི་ཐ་སྙད་ཞུགས་པར་བྱས་ལ། རང་བཞིན་མི་འདྲ་བའི་
ཆུང་ངུ་ལ་ནི་ཐ་སྙད་ཀྱི་རྒྱུ་མཚན་མེད་པར་རྟོགས་པས་མི་འཇུག་པ་དེ་རྒྱུ་མཚན་བསྟན་པས་འཇུག་པ་དེས་ན་དཔེ་ཡོད་པ་དེ་བཞིན་དུ་མེད་པའི་ཐ་སྙད་ལ་ཞུགས་པ་ཡིན་ཡང་རྒྱུ་མཚན་གཏན་ལ་ཕེབས་པ་མེད་པའི་ཕྱིར་འཇུག་པར་མི་བྱེད་པ་ལ་མི་དམིགས་པ་རྒྱུ་མཚན་དུ་ཉེ་བར་བསྟན་པས་འཇུག་པར་བྱེད་དེ། དེས་

ན་དཔེ་ཡོད་པ་ཡིན་ནོ། །དངོས་པོ་ལྡོག་པ་བཀག་པ་ནི་དངོས་པོ་མེད་པ་ཡིན་ལ། མི་དམིགས་པ་དམིགས་པ་ལ་སོགས་པ་ཡིན་ན་ཞེས་བྱ་བ་ལ་ནི་གང་ཕྱིར་གྱི་དོན་ཏེ། དེ་ནི་འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་དངོས་པོ་མེད་པ་ནི་དངོས་མེད་ཡིན་ལ། ཤེས་པ་མེད་པ་ནི་མི་དམིགས་པ་
ཡིན་པ་དེའི་ཕྱིར་མི་དམིགས་པ་དེ་ཉིད་ཇི་ལྟར་ན་བུམ་པ་ལ་སོགས་པའི་དངོས་པོ་མེད་པ་ཡིན། འདི་གཉིས་སྤྱི་དང་ཁྱད་པར་གྱི་དངོས་པོ་ཡིན་པའི་ཕྱིར་དམིགས་པ་ལོག་པས་དོན་དངོས་པོ་མེད་པར་ཡང་ཅི་ལྟར་འགྱུར། ཡང་སྨོས་པ་ནི་གཉིས་པ་གཞན་སྡུད་པའོ། །དོན་ལས་གཞན་དུ་གྱུར་པའི་ཤེས་པ་ནི་
དེའི་འབྲས་བུ་ཡིན་ལ། འབྲས་བུ་ལྡོག་པས་ནི་རྒྱུ་གདོན་མི་ཟ་བར་ལྡོག་པ་ཡང་མ་ཡིན་ནོ་ཞེས་གང་སྨྲས་པ་ནི་འབྲས་བུ་ལོག་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡུལ་དེ་ལ་ཐ་མའི་གནས་སྐབས་སུ་གྱུར་པའི་འབྲས་བུ་མེད་པ་རྒྱུ་མེད་པ་ཡང་མ་ཡིན་ཏེ། གནས་སྐབས་ཐ་མ་ཐོབ་པའི་ཤེས་པར་ངེས་པ་
མེད་པའི་ཕྱིར་རོ། །རེ་ཞིག་མི་དམིགས་པ་ཡང་དོན་མེད་པ་ཉིད་དུ་ཇི་ལྟར་བརྗོད་པར་བྱ་བ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། ཡོད་པར་གཞག་པ་གང་ལ་རྒྱུ་མཚན་དམིགས་པ་ཡོད་པའོ། །དེ་འདྲ་བའི་ཞེས་བྱ་བ་ནི་སྣང་དུ་རུང་བའིའོ། །གང་གི་ཕྱིར་སྣང་བ་ཡོད་པར་རྣམ་པར་གཞག་པའི་རྒྱུ་མཚན་ནི་མཐོང་བ་ཡིན་ཏེ།
རྣམ་པ་དེ་ལྟ་བུའི་དངོས་པོ་ནི་མཐོང་བ་མེད་ན་ཡོད་པར་རྣམ་པར་གཞག་མི་ནུས་པ་དེའི་ཕྱིར་དམིགས་པའི་ཤེས་པ་ལ་དོན་གྱི་ཡོད་པར་སྟོན་པ་ཡིན་ནོ། །འདི་སྐད་ཅེས་སྣང་དུ་རུང་བ་ཡོད་པར་རྣམ་པར་འཇོག་པའི་རྒྱུ་མཚན་མཐོང་བ་ཡིན་པའི་ཕྱིར་དེ་ཉིད་ཉེ་བར་བཏགས་ནས་ཡོད་པར་ཐ་སྙད་བྱེད་པ་ཡིན་ནོ་ཞེས་བརྗོད་
པར་འགྱུར་རོ། །ཉེ་བར་འདོགས་པའི་རྒྱུ་གཉིས་པ་བསྟན་པའི་ཕྱིར་བཤད་པ། རྒྱུ་གཞན་ཚང་ན་སྟེ། དམིགས་པའི་རྐྱེན་གཞན་ཚང་ན་སྣང་བ་གང་ལ་དམིགས་པར་རུང་བའི་རང་བཞིན་དེ་ཡོད་པ་དེ་ནི་ཤེས་པ་དེ་ལ་མི་འཁྲུལ་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། མཐོང་བའི་རྒྱུ་གཞན་ཚང་ན་སྣང་
བའི་དངོས་པོ་ཡོད་པ་ཙམ་རྒྱུ་མཚན་ཡིན་ཏེ། གལ་ཏེ་དེ་ཡོད་ཀྱང་མི་སྐྱེ་ན་ནི་ནམ་ཡང་སྐྱེ་བར་མི་འགྱུར་རོ། །གཏན་ཚིགས་དེས་ན་དོན་གྱི་ཡོད་པ་གང་ཡིན་པ་དེ་ཉིད་ལ་དམིགས་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཉེ་བར་བཏགས་ནས་ཤེས་པ་ཉིད་ལ་སྣང་བའི་དོན་ཡོད་པར་བརྗོད་པའམ། ཉེ་བར་

བཏགས་པ་ཁོ་ནས་དོན་ཡོད་པ་ལ་ཡང་ཤེས་པར་བརྗོད་པ་ཡིན་ནོ། །ཡོད་པ་ལ་དམིགས་པ་ཡིན་པར་བརྗོད་པ་འམ་དམིགས་པ་ཡང་ཡོད་པར་བརྗོད་པ་འདིས་ནི་འབྲས་བུ་ཉིད་ཡིན་ཡང་དམིགས་པ་དེ་ལྟ་བུ་ནི་དོན་གྱི་ཁྱབ་བྱེད་དུ་བསྟན་པ་ཡིན་ཏེ། ནུས་པ་ཐོགས་པ་མེད་པ་ཅན་གྱི་འབྲས་བུ་ནི་རང་བཞིན་ཉིད་དོ་ཞེས་
འཆད་པར་འགྱུར་བ་བཞིན་ནོ། །དོན་གྱི་རང་བཞིན་སྣང་དུ་རུང་བ་ཡང་དོན་ཡོད་པའི་ཁྱབ་པར་བྱེད་པ་ཡིན་ཏེ། དེས་ན་དེ་ལྟ་བུར་གྱུར་པའི་དོན་གྱི་ཡོད་པ་ཉིད་ནི་དམིགས་པའི་ཡུལ་གྱི་རང་བཞིན་སྣང་དུ་རུང་བ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །རྒྱུ་ཐམས་ཅད་ཡོད་པ་ན་དངོས་པོ་ཡོད་པ་ཡིན་ཡང་ཚོགས་པ་ཡོངས་སུ་འགྱུར་བ་
ལ་ལྟོས་པའི་ཕྱིར་ཤེས་པ་མི་སྐྱེ་སྟེ། དཔེར་ན་ས་བོན་ལ་སོགས་པའི་ཚོགས་པ་ཡོད་ཀྱང་ཡོངས་སུ་གྱུར་པ་ལ་ལྟོས་པའི་ཕྱིར་མྱུ་གུ་མི་སྐྱེ་བས་ན་འཁྲུལ་པ་སྲིད་པ་བཞིན་ཏེ། དེས་ན་དེ་ལྟ་བུར་གྱུར་པའི་དངོས་པོ་ནི་མ་མཐོང་བས་མེད་པའི་ཐ་སྙད་དུ་བྱ་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་སྨོས་ཏེ། སྣང་བའི་དོན་དེའི་
འབྲས་བུའི་དུས་ཤེས་པ་སྐྱེད་པའི་དུས་ན་མེད་པར་རྟོགས་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གིས་འཁྲུལ་པར་དོགས་པ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་དུས་སུ་ནི་དངོས་པོ་མེད་པར་རྟོགས་པ་མ་ཡིན་ཏེ། འོན་ཀྱང་འབྲས་བུའི་དུས་སུ་ཡིན་ནོ། །འབྲས་བུའི་སྐྱེ་བའི་དུས་དེའི་ཚེ་ནི་འཁྲུལ་པར་
དོགས་པ་ཡོད་པ་མ་ཡིན་ནོ། །དེས་ན་གང་གི་དངོས་པོ་མེད་པ་མི་དམིགས་པར་བརྗོད་པ་དངོས་པོ་ཅི་འདྲ་བ་ཞིག་འབྲས་བུ་དུས་སུ་ཉེ་བར་གནས་པའི་ཡོད་པ་དམིགས་པར་བརྗོད་པ་དེ་ནི་ཤེས་པ་ལ་འཁྲུལ་པ་མེད་པ་ཉིད་དོ། །ཅི་ལྟར་དེའི་འབྲས་བུའི་དུས་ཡིན་པར་ངེས་པར་ནུས་ཤེ་ན། གཞན་དམིགས་པ་ན་ཞེས་སྨོས་ཏེ།
ཤེས་པ་གཅིག་ལ་འདུ་བ་གཞན་དམིགས་པའི་དུས་ན་དེ་མི་དམིགས་པར་འགྲུབ་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཤེས་པ་གཅིག་ལ་འདུ་བ་དམིགས་པར་གྱུར་པ་ན་ཅིག་ཤོས་ཀྱི་ཡུལ་ཅན་གྱི་ཤེས་པ་བསྐྱེད་པར་ནུས་པའི་ཚོགས་པ་ཡོད་པར་རྟོགས་པ་དེས་ན་དེའི་འབྲས་བུའི་དུས་ཡིན་པར་ངེས་པ་
ཡིན་ནོ། །གལ་ཏེ་མཐུ་དང་ལྡན་པའི་རྣལ་འབྱོར་པས་སམ། ཤ་ཟ་ལ་སོགས་པས་བྱིན་གྱིས་བརླབས་ཏེ། ལྷག་པར་མོས་པའི་ཕྱིར་ཤེས་པ་གཅིག་ལ་འདྲེ་བས་ཕྱོགས་ལ་སོགས་པ་དམིགས་པའི་འབྲས་བུའི་དུས་སུ་ཡང་བུམ་པ་ཡོད་པར་མི་དམིགས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཞེས་སྨོས་སོ། །

ཡུལ་དང་དབང་པོ་དག་ལས་གང་ཡང་རུང་བ་ཞིག་གཞན་དུ་གྱུར་པ་ཉིད་མེད་པར་ཏེ་འདུས་བྱས་པ་མ་བསྒྲུབས་པར་ནི་བྱིན་གྱིས་བརླབས་པ་ཉིད་ལྷག་པར་བསྒྲུབ་པ་ཉིད་མི་འཐད་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དབང་པོའམ་ཡུལ་བྱིན་གྱིས་བརླབས་པས་ནི་ཡུལ་ཉིད་བྱིན་
གྱིས་བརླབས་པ་ཡིན་ཏེ། དབང་པོ་ཡུལ་ཅན་མ་ཡིན་པར་བྱས་པས་ཀྱང་ཡུལ་བྱིན་གྱིས་བརླབས་པར་འགྱུར་བ་ཡིན་ནོ། །དེས་ན་བཤད་པ། དབང་པོ་དང་ཡུལ་དེ་དག་གཅིག་གམ་གཉིས་འདུས་བྱས་ན་ནི་མི་དམིགས་པར་འགྱུར་རོ། །འདི་ཉིད་འཁྲུལ་པའི་ཡུལ་ཡིན་ནོ་སྙམ་ན་བཤད་པ། དེའི་ཚེ་ཡང་འཁྲུལ་
པ་མེད་དོ་ཞེས་བྱ་བ་ལ་ལྟོས་པར་བྱའོ། །གང་གི་ཕྱིར་རྣམ་པ་དེ་ལྟ་བུའི་དབང་པོས་གཟུང་བར་བྱ་བའི་བུམ་པ་གང་ཡིན་པའི་མེད་པ་ནི་དོན་ཡོད་པ་ཉིད་དོ། །དེ་ལྟར་ན་ཡང་གཏན་ཚིགས་ཀྱི་དོན་ནི་ས་ཕྱོགས་འདི་དང་ཤེས་པ་གཅིག་ལ་འདུ་བའི་བུམ་པ་ནི་འདི་ན་མེད་ལ། མཐུས་གཞན་དུ་བསྒྱུར་བ་དེ་ནི་མི་དགག་གོ། །
གང་གི་ཚེ་དབང་པོ་དེ་ལྟ་བུར་གྱུར་པའི་དོན་འཛིན་པར་མི་ནུས་པར་བྱས་པ་དེའི་ཚེ་ཡང་མཐོང་བའི་ས་ཕྱོགས་དང་ཤེས་པ་གཅིག་ལ་འདུ་བ་མེད་པ་ནི་ཡོད་པ་ཉིད་དོ། །དེས་ན་འཁྲུལ་པ་མེད་པའི་ཕྱིར་ཤེས་པ་ཉིད་ལ་དོན་ཡོད་པ་ཡིན་པར་བཏགས་པ་དེའི་ཕྱིར་ཤེས་པ་དེར་རུང་བ་ཉིད་ཀྱི་དོན་གང་ཡིན་པ་དེ་ནི་དངོས་སུ་
ཡོད་པ་ཡིན་ལ། ཉེ་བར་བཏགས་ནས་ནི་ཤེས་པ་ལ་ཡང་དེར་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཡོད་པའི་བདག་ཉིད་ཀྱི་ཤེས་པ་ལྡོག་པ་དང་། ཤེས་པའི་བདག་ཉིད་ཀྱི་ཤེས་བྱ་མེད་པ་མི་དམིགས་པ་དང་དོན་གྱི་མེད་པར་ཡང་བརྗོད་པ་ཡིན་ནོ། །འདི་ནི་མ་ཡིན་པར་དགག་པ་འཇུག་པས་ཤེས་པ་གཅིག་ལ་འདུ་
བའི་དོན་སྣང་བའམ། དེའི་ཤེས་པ་ལ་མི་དམིགས་པ་དང་མེད་པར་བརྗོད་པ་ཡིན་ནོ། །ལྡོག་པ་ཙམ་ནི་མ་ཡིན་ནོ། །ཤེས་པ་གཅིག་ལ་འདུ་བའི་དོན་ནམ་དེའི་ཤེས་པ་ལས་སྣང་བའི་རང་བཞིན་དང་། ཤེས་པ་མེད་པར་ངེས་པ་ཡིན་གྱི་ལྡོག་པ་ཙམ་ལས་ནི་མ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །དེས་ཀྱང་དེ་ལྟ་
བུར་གྱུར་པ་མེད་པའི་ཡུལ་ཅན་གྱི་མེད་པའི་ཐ་སྙད་སྒྲུབ་པར་བྱེད་དོ། །ཤེས་བྱ་ཡོད་པ་ཤེས་པ་ལ་མི་འཁྲུལ་པར་བསྟན་པ་འདི་ནི་རྒྱུ་འབྲས་བུ་ལ་འཁྲུལ་པ་དེས་ན་འབྲས་བུ་མེད་པས་རྒྱུ་མེད་པ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་གསལ་བ་ཡིན་ནོ། །གང་གིས་གདོན་མི་ཟ་བར་བྱ་བའི་འབྲས་བུ་དེ་ལ་

ནི་འཁྲུལ་པ་མེད་དོ། །དེ་ལྟར་གྱུར་པའི་དོན་གྱིས་ནི་ཤེས་པ་གདོན་མི་ཟ་བར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་སྣང་བ་ཉིད་ནི་ཡོད་པའི་ཁྱབ་པར་བྱེད་པ་ཡིན་ཏེ། དེས་ན་འདི་ལ་འབྲས་བུ་མེད་པས་རྒྱུ་མེད་པར་ངེས་པ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་རྒྱུ་མེད་པ་ལ་མི་འཁྲུལ་བའི་འབྲས་བུ་མེད་པ་ལ་ཡང་འབྲས་བུ་
མེད་པས་རྒྱུ་མེད་པ་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེ་ནི་མངོན་སུམ་གྱི་སྟོབས་ཀྱིས་ངེས་པའི་ཕྱིར་རོ། །འོན་ཀྱང་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལ་ཡང་མི་དམིགས་པའི་རྒྱུ་མཚན་ཅན་ཡིན་པར་གྲུབ་པ་ཉིད་དོ། །མེད་པའི་ཐ་སྙད་མི་བྱེད་པའི་ཐ་སྙད་དུ་བྱེད་པ་པོ་གང་ཡིན་པ་དེ་ནི་འཇིག་
རྟེན་འགའ་ཡང་མེད་ལ། མེད་པའི་ཐ་སྙད་དེ་ཡང་ཐམས་ཅད་དུ་མི་དམིགས་པའི་རྒྱུ་མཚན་ཅན་ཁོ་ན་ཡིན་ནོ། །འོན་ཀྱང་མེད་པའི་ཐ་སྙད་ཀྱི་ཡུལ་མི་འདྲ་བས་གང་གི་ཚེ་རྒྱུ་མཚན་ལ་རྨོངས་པ་དེའི་ཚེ། སྔར་མེད་པའི་ཐ་སྙད་དུ་ཞུགས་པའི་ཡུལ་དང་ཆོས་མཐུན་པའི་སྒོ་ནས་མི་དམིགས་པ་རྒྱུ་
མཚན་དུ་བྱས་ཏེ། རང་ཉིད་རྟོགས་པར་འགྱུར་བའམ་གཞན་གྱིས་རྟོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མི་དམིགས་པས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་རྒྱུ་ཡོད་པའི་སྒོ་ནས་རབ་ཏུ་གྲུབ་པའི་ཐ་སྙད་ཉིད་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུ་མཚན་ཅན་གཞན་བཞིན་ནོ། །དཔེར་ན་བ་ལང་ཆེན་
པོ་དང་ཆུང་ངུ་དག་གམ་རིང་པོ་དང་ཐུང་ངུའི་ཤིང་དག་གི་ཁྱད་པར་མཐོང་ནས་བརྡའི་དུས་སུ་མཐོང་བ་བ་ལང་དང་ཤིང་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་ངེས་པ་ལ་རྨོངས་པ་རང་ཉིད་མཐོང་བ་དང་ཆོས་མཐུན་པའི་སྒོ་ནས་རྟོགས་པར་འགྱུར་བའམ་གཞན་གྱིས་རྟོགས་པར་བྱེད་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ། །གལ་ཏེ་
མི་དམིགས་པ་ཉིད་མ་གྲུབ་པར་ནི་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་མ་ཡིན་པ་དེས་ན་རེ་ཞིག་དེ་སྒྲུབ་པར་བྱེད་པའི་ཚད་མ་བརྗོད་དགོས་སོ་ཞེ་ན། བཤད་པ། འདི་ནི་འོག་ཏུ་དེའི་ཕྱིར་མི་དམིགས་པ་འདི་ནི་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ཞེས་འཆད་པར་འགྱུར་རོ། །བཤད་མ་ཐག་པའི་མཚན་ཉིད་ཀྱི་མི་དམིགས་པ་
དེ་ལ་ཡང་ངོ་། །འཇུག་པ་ནི་སྒྲའི་བྱེད་པ་སྟེ། དེའི་བྱེ་བྲག་གིས་རྣམ་པ་བཞི་གང་ལ་ཡོད་པའོ། །སྦྱོར་བའི་བྱེ་བྲག་གིས་ཞེས་གང་འཆད་པར་འགྱུར་རོ། །ཡང་ན་འཇུག་པ་ནི་མི་དམིགས་པ་ཉིད་ཀྱི་བྱེད་པ་ཡིན་པས་དེའི་བྱེ་བྲག་ཡིན་ཏེ། སྦྱོར་བའི་བྱེ་བྲག་ཀྱང་དེ་ཉིད་ལ་བརྗོད་པ་ཡིན་ནོ། །མི་དམིགས་པ་དེ་ཡང་

ལ་ལར་ནི་དོན་གཞན་སྒྲུབ་པའི་སྒོ་ནས་དངོས་པོ་མེད་པ་སྒྲུབ་པར་སྦྱོར་བ་ཡིན། ལ་ལར་ནི་གཞན་འགོག་པའི་སྒོ་ནས་སྦྱོར་བ་ཡིན། སྦྱར་བར་བྱ་ཞིང་རབ་ཏུ་འཇུག་པར་བྱ་བ་དེའི་བྱེད་པ་ཐ་དད་པ་ནི་འཇུག་པའི་བྱེ་བྲག་གོ། །གང་དུ་འགལ་བ་སྒྲུབ་པས་གཞན་འགོག་པ་དེར་འགལ་བའི་དོན་སྒྲུབས་
པ་ཉིད་ཟློག་པར་བྱེད་པ་ཡིན་གྱི། མི་དམིགས་པ་ནི་མ་ཡིན་ན་དེ་ཅི་ལྟར་སྦྱོར་བའི་བྱེ་བྲག་གིས་མི་དམིགས་པ་རྣམ་པ་བཞིར་བརྗོད་ཅེ་ན། དགག་པ་གང་ཇི་སྙེད་པ་ཞེས་སྨོས་སོ། །འདི་ནི་ཁྱབ་པ་བརྗོད་པ་ཡིན་ཏེ། དེས་ན་མི་དམིགས་པ་མེད་པར་བྱ་བར་ནུས་པ་མེད་པའི་ཐ་སྙད་དེ་ནི་འགའ་ཡང་མེད་དོ། །དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་མི་
དམིགས་པ་ལས་ཇི་ལྟར་ཡིན་པ་དེ་ལྟར་ནི་ལེའུ་དང་པོར་བཤད་ཟིན་ཏོ། །ཁྱབ་པ་དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བ་ཡིན་ནོ། །དགག་པ་དེ་ནི་རྣམ་པ་གཉིས་ཀྱིས་བྱེད་ཅིང་ཐ་སྙད་འདོགས་ཏེ། དོན་གཞན་སྒྲུབ་པ་དང་དགག་པས་སོ། །དེ་ལ་གང་གི་ཚེ་འགའ་ཞིག་བསྒྲུབ་པས་དགག་པ་བྱེད་པའི་དོན་གཞན་བསྒྲུབས་པ་དེ་མི་
འགལ་བ་ཡིན་ན་ནི། དེའི་ཚེ་ཡུལ་གཅིག་ན་གནས་པ་ལ་འགལ་བ་མེད་པའི་ཕྱིར་ཏེ། གང་ཞིག་བརྗོད་པའི་དོན་དེ་ཡང་ཡོད་ལ་དགག་པར་བྱ་བ་དེ་ཡང་ཡོད་པས་འགའ་བ་མེད་པའི་ཕྱིར་དགག་པར་བྱ་བ་འགའ་ཡང་མེད་པར་ངེས་པ་མ་ཡིན་ནོ། །འགལ་བས་ནི་གཞན་འགོག་པར་འགྱུར་ན། དེ་ལྟ་མོད་ཀྱི་འགལ་བ་དེ་
ཡང་མི་དམིགས་པ་མེད་པའི་ཕྱིར་འགལ་བར་མི་ངེས་ཀྱི། འོན་ཀྱང་མི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཉིད་དོ། །དེ་བསྟན་པའི་ཕྱིར་འདི་ལྟར་ཞེས་སྨོས་སོ། །གང་ལ་རྒྱུ་མ་གཏུགས་ཤིང་མ་ཟད་པ་ཡོད་པའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་རྒྱུ་མ་ཟད་པར་ནི་འབྲས་བུ་མི་ལྡོག་ལ། རྒྱུ་ཟད་ན་ཡང་དེ་ཉིད་
ཀྱིས་འབྲས་བུ་ལྡོག་པའི་ཕྱིར་གང་ཞིག་གཞན་དང་ལྷན་ཅིག་འགལ་བར་ངེས་པར་འགྱུར་བ་ཟློག་པར་བྱེད་པ་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་གང་གི་ཚེ་རྒྱུ་གེགས་མེད་པ་ཅན་ཉེ་བར་གྱུར་ལ། དེ་དག་གི་གེགས་གཞན་ཡང་མ་མཐོང་བ་དེར་དངོས་པོ་གང་ཞིག་ཉེ་བར་གྱུར་ན་གང་གི་རྒྱུ་མཐར་ཐུག་པར་
འགྱུར་བའི་དངོས་པོ་གཞན་དེ་ནི་རྒྱུ་ཟད་པར་བྱེད་པའི་སྒོ་ནས་དངོས་པོ་དེའི་ཟློག་པར་བྱེད་པ་ཡིན་གྱི། རྒྱུ་བཟློག་པ་མེད་པར་ནི་འགའ་ཞིག་ཀྱང་འགའི་ཡང་ཟློག་པར་བྱེད་པ་ཞེས་བྱ་བར་མི་འགྱུར་རོ། །དེས་ན་གང་ཞིག་གང་གིས་ཟློག་པར་བྱེད་པ་ཡིན་པ་དེ་ནི་དེ་ལྟར་མྱུར་ན་སྐད་ཅིག་མ་གསུམ་པ་ལ་དེ་ཟློག་པར་བྱེད་

དོ། །སྐད་ཅིག་དང་པོ་ལ་ནི་རེ་ཞིག་རྒྱུ་ཚོགས་པ་མ་ཚང་བ་མེད་པ་ཡིན་ནོ། །སྐད་ཅིག་གཉིས་པ་ལ་ནི་སྔར་གྱི་ཚོགས་པ་དང་ལྷན་ཅིག་བྱེད་པ་སྣང་བ་དེ་ལ་མུན་པ་གཞན་སྐྱེད་པར་ནུས་པ་དང་བྲལ་བའི་ཚོགས་བསྐྱེད་པར་བྱེད་དེ། དེས་ན་སྐད་ཅིག་མ་གསུམ་པ་ལ་མུན་པ་ལ་ལྡོག་པ་ཡིན་ནོ། །སྣང་བ་དང་མུན་པའི་སྐད་
ཅིག་མ་གཉིས་ལྷན་ཅིག་གནས་པར་ཐལ་ལོ་ཞེ་ན། རྡུལ་ཕྲ་རབ་ཐམས་ཅད་རང་གི་ཡུལ་དུ་གཞན་སྐྱེ་བའི་གགས་བྱེད་པའི་ཕྱིར་ལྷན་ཅིག་གནས་པ་མ་ཡིན་ནོ། །འོན་ཏེ་ཉེ་བ་ན་གནས་པར་འདོད་ན་དེ་ནི་ཁོ་བོ་ཅག་ཀྱང་འདོད་པ་ཉིད་དོ། །འདི་ལྟར་མུན་ཁང་གི་ཕྱོགས་སུ་ཞུགས་པ་སྒོ་ན་གནས་པའི་མར་མེའི་
འོད་ནི་ཕྱོགས་གཅིག་ན་གནས་པའི་མུན་པ་དང་ཤིན་ཏུ་ཉེ་བར་གནས་པའི་ཕྱིར་འདོད་པ་ཉིད་དོ། །གལ་ཏེ་སྣང་བ་དང་མུན་པའི་རྡུལ་ཕྲ་རབ་དག་འདྲེན་མར་སྐད་ཅིག་གཉིས་གནས་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། རིམ་པ་དང་ལྡན་པའི་སྒྲོན་མའི་འོད་ཀྱིས་རིམ་གྱིས་མུན་པ་བཟློག་པའི་ཕྱིར་རོ། །རྡུལ་ཕྲ་རབ་འཕོ་
བའི་དུས་ནི་སྐད་ཅིག་གི་ཚད་དུ་བརྗོད་དེ། དེས་ན་རིམ་གྱིས་ཉེ་བར་འགྲོ་བའི་སྒྲོན་མའི་འོད་ནི་ཅིག་ཅར་མུན་ཁང་ཁྱབ་པ་མ་ཡིན་ནོ། །དེའི་ཕྱིར་སྣང་བའི་ཆ་གང་གིས་མུན་པའི་ཆ་ཤས་བཟློག་པའི་སྣང་བའི་ཆ་དེ་ནི་ཉེ་བར་འགྲོ་བ་ཉིད་ཀྱིས་མུན་པ་སྐྱེད་པའི་ཚོགས་པའི་གེགས་ཡིན་ནོ། །དེས་ན་མི་འཇུག་པའི་མུན་པའི་
ཡུལ་དུ་ནི་དེས་ཚོགས་པ་ནུས་པ་མེད་པར་མི་བསྐྱེད་དོ། །དེ་ཅིའི་ཕྱིར་སྐད་ཅིག་གསུམ་པ་ལ་མུན་པ་མ་སྐྱེས་པ་དང་ཡུལ་དེར་སྣང་བ་སྐྱེས་པ་ཡིན་ནོ། །དེ་ལྟར་རིམ་གྱིས་སྣང་བའི་ཆ་ཐག་རིང་པོར་གནས་པ་དག་གིས་ཚོགས་པ་དེ་ལ་གནོད་པར་བྱས་པས་སྐད་ཅིག་གསུམ་པ་ལ་མུན་པ་ལོག་པ་ལ་ཡུལ་དེར་གནོད་
པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་རྒྱུ་མེད་པར་བྱེད་པའི་རྒྱུ་མཚན་ཉིད་འགལ་བ་ཡིན་པར་བལྟ་བར་བྱའོ། །དེ་ཉིད་ཀྱིས་ན་འགལ་བ་སྐད་ཅིག་མའི་ཡུལ་ཅན་ནི་མ་ཡིན་གྱི། འོན་ཀྱང་རྒྱུན་གྱི་ཡུལ་ཅན་ཡིན་ཏེ། རྒྱུ་དང་འབྲས་བུ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་བསྟན་
པའི་ཕྱིར་འབྱུང་ལ་ཞེས་སྨོས་ཏེ། རྒྱུན་གྱིས་འཇུག་པ་འགལ་བར་རྟོགས་པ་ཡིན་ནོ། །རྒྱུན་ཡང་རྒྱུན་ཅན་དག་ལས་ཐ་དད་པ་གཅིག་པ་ཉིད་ནི་དགག་པ་ཡིན་གྱི། སྐད་ཅིག་དུ་མའི་བདག་ཉིད་དུ་འགྱུར་བའི་རྒྱུན་ནི་དགག་པར་ནུས་པ་མ་ཡིན་ནོ། །དུ་མ་གང་ཇི་སྙེད་པ་

མཐའ་དག་མེད་པ་ནི་མ་ཡིན་ཏེ། དེས་ན་རྒྱུན་གྱི་ཡུལ་ཅན་གྱི་འགལ་བ་གང་ཡིན་པ་དེ་ནི་ཡུལ་ཅན་གྱི་དོན་གྱི་ཡུལ་ཅན་ཡིན་གྱི། དངོས་པོ་མེད་པའི་ཡུལ་ཅན་ནི་མ་ཡིན་ཏེ། རྒྱུ་ཅན་རྣམས་དངོས་པོ་ཡིན་པའི་ཕྱིར་རོ། །སྔ་མ་དང་ཕྱི་མའི་སྐད་ཅིག་མ་རྒྱུ་དང་འབྲས་བུའི་དངོས་པོར་
གྱུར་པ་གང་ཡིན་པ་དེ་དག་ཉིད་ནི་འགལ་བ་མ་ཡིན་གྱི། འོན་ཀྱང་རྒྱུ་དང་འབྲས་བུ་སྔོན་དུ་འགྲོ་བ་ཅན་སྐད་ཅིག་ཕྱི་མའི་སྐད་ཅིག་གཞན་དང་མཚམས་སྦྱོར་མི་ནུས་པ་ཞེས་བྱ་བ་སྣང་བས་བྱས་པ་གང་ཡིན་པ་དེ་ཉིད་འགལ་བ་ཡིན་ཏེ། དེ་ཉིད་ཀྱིས་མུན་པ་དེ་རྒྱུན་ཆད་པ་ཡིན་ནོ། །དེས་ན་འགལ་བ་ནི་དངོས་
པོའི་ཡུལ་ཅན་ཁོ་ནའོ། །རྒྱུ་དང་འབྲས་བུ་ཡང་སྐད་ཅིག་གཅིག་ལ་ནི་ངེས་པར་ནུས་པ་མ་ཡིན་ཏེ་འོན་ཀྱང་རྒྱུ་ཉིད་ལ་ཡིན་ན། ཅི་དེ་ཙམ་གྱིས་དེ་ཡང་དངོས་པོ་མེད་པའི་ཡུལ་ཅན་ཉིད་ཡིན་ནམ། དེ་བཞིན་དུ་སྐད་ཅིག་ཕྱི་མ་ལ་ནུས་པ་མེད་པ་ཞེས་བྱ་བ་སྣང་བས་བྱས་པ་གང་ཡིན་པ་དེ་ཉིད་འགལ་བ་ཡིན་ལ།
དེ་ཡང་རྒྱུན་ལ་ཤེས་ཀྱི་སྐད་ཅིག་གཅིག་ལ་མ་ཡིན་པ་དེ་ཙམ་གྱིས་ཅི་དངོས་པོ་མེད་པའི་ཡུལ་ཅན་དུ་འགྱུར་རམ། དེས་ན་དེ་ལྟར་རྒྱུའི་གགས་བྱེད་པའི་སྒོ་ནས་འགལ་བར་ངེས་པ། དེ་ཡང་དངོས་པོ་མེད་པའི་ཡུལ་ཅན་ནི་མ་ཡིན་ནོ། །འགལ་བའི་རྒྱུ་མཚན་དོན་གཞན་མེད་པ་དེ་ཡང་མི་དམིགས་པ་ལས་ཡིན་
ཏེ། མི་དམིགས་པ་ཐ་སྙད་དུ་བྱེད་དོ། །འགལ་བ་གཉིས་པ་ཡང་ཕན་ཚུན་སྤངས་པ་ནི་ལྡོག་པའོ། །ལྡོག་པ་དེས་གནས་པའི་མཚན་ཉིད་དེ་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ན་ལས་འགལ་བ་ཡིན་ནོ། །འདི་ནི་མཚན་ཉིད་པའི་འགལ་བའི་མཚན་ཉིད་ཀྱི་རང་
བཞིན་ལ་རྣམ་པར་གནས་པ་ཡིན་ནོ། །གང་གི་ཕྱིར་བདག་ཉིད་གཅིག་པར་འགལ་བ་དེའི་ཕྱིར་དེའི་རང་བཞིན་གྱི་ཡུལ་ཅན་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །དེ་ལ་མི་རྟག་པ་ཉིད་ནི་རྟག་པ་ཡོངས་སུ་སྤངས་པས་གནས་པའི་ངོ་བོ་ཡིན་ལ། རྟག་པ་ཡང་མི་རྟག་པ་ཉིད་ཡོངས་སུ་སྤངས་པ་ཡིན་ནོ། །
འདིར་ཡང་དེ་ཡང་མི་དམིགས་པ་ལས་ཡིན་ནོ་ཞེས་བྱ་བ་ལ་ལྟོས་པར་བྱས་ཏེ། འགལ་བའི་རྒྱུ་ཕན་ཚུན་སྤངས་པ་དེ་ཡང་མི་དམིགས་པ་ཉིད་ལས་ངེས་པར་བྱ་བ་ཡིན་ནོ། །ཅི་ལྟར་ན་ཕན་ཚུན་སྤངས་པ་འགལ་བའི་རྒྱུ་ཡིན་ཞིང་། མི་དམིགས་པ་ལས་ངེས་པར་བྱ་བ་ཡང་ཇི་ལྟར་ཡིན་ཞེ་ན་སྨྲས་པ། འདི་ལ་གང་ཡོངས་

སུ་གཅོད་པ་ན་གང་ཞིག་རྣམ་པར་བཅད་པར་འགྱུར་བའི་ཡོངས་སུ་བཅད་པའི་དེའི་རང་བཞིན་ནི་རྣམ་པར་བཅད་པ་ཡོངས་སུ་སྤངས་པས་གནས་པ་ཡིན་ནོ། །རང་བཞིན་འགའ་ཞིག་ཡོངས་སུ་གཅོད་པ་ན་ཡང་དེའི་རང་བཞིན་ཉམས་པ་རྣམ་པར་གཅོད་པ་ཡིན་ཏེ། དེས་ན་དེའི་རང་བཞིན་ནི་དེའི་རང་བཞིན་ཉམས་པ་
ཡོངས་སུ་སྤངས་པས་གནས་པ་ཡིན་ནོ། །ཇི་ལྟར་དེའི་ངོ་བོ་ཉམས་པ་ཡོངས་སུ་སྤངས་པས་གནས་པ་བཞིན་དུ། དེའི་ངོ་བོ་ཉམས་པ་དང་ལྡན་པའི་དངོས་པོ་ཡང་ཡོངས་སུ་སྤངས་པས་གནས་པ་ཡིན་ནོ། །དེས་ན་དངོས་པོ་དང་དངོས་པོ་མེད་པ་དག་ནི་གཅིག་ལ་འགལ་ལ། དངོས་པོ་ནི་གང་དག་གཅིག་ལ་གཅིག་མེད་
པར་མི་འཁྲུལ་པ་དེ་དག་གཅིག་ལ་གཅིག་མེད་པ་མི་འཁྲུལ་པའི་རྒྱུ་མཚན་གྱིས་འགལ་བ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །དེ་ལྟར་འགལ་བའི་རྒྱུ་ནི་ཐམས་ཅད་དུ་ཕན་ཚུན་སྤངས་པ་ཉིད་ཡིན་ནོ། །དེ་ཡང་མི་དམིགས་པ་ཉིད་ལས་ངེས་པར་བྱ་བ་ཡིན་ཏེ། གང་ཞིག་གང་དུ་མི་དམིགས་པ་དེ་ནི་དེ་ན་མེད་པར་
ངེས་ནུས་ཀྱི། གཞན་དུ་ནི་མ་ཡིན་ནོ། །མི་དམིགས་པས་ངེས་པ་ཉིད་ཀྱང་དངོས་པོ་གང་ཞིག་རྣམ་པར་ངེས་པ་དེ་ཡིན་ཏེ། དཔེར་ན་སེར་པོ་ལ་རྣམ་པར་ངེས་པར་གྱུར་པའི་སྔོན་པོ་བཞིན་ནོ། །གང་ཞིག་མ་ངེས་པའི་ངོ་བོ་དེ་ནི་ཐམས་ཅད་ལ་ཡོད་པར་ཐེ་ཚོམ་ཟ་སྟེ། དཔེར་ན་སྐད་ཅིག་མ་ཡིན་ནོ། །
དེ་ནི་སྔོན་པོ་ལ་སོགས་པ་དག་ལས་རྣམ་པ་ཐ་དད་པར་མི་འདོད་དོ། །དེས་ན་དེ་ནི་ཐམས་ཅད་ལ་དམིགས་པར་ཐེ་ཚོམ་ཟ་སྟེ་ཇི་སྲིད་རྗེས་སུ་དཔག་པ་མེད་པ་དེ་ཉིད་དུ་མི་དམིགས་པར་ངེས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འགའ་ཡང་སྐད་ཅིག་མ་ཉིད་ཡོངས་སུ་སྤངས་ནས་གནས་པར་རྟོགས་པ་ནི་མེད་དེ།
དེས་ན་རྣམ་པར་ངེས་པར་ཤེས་པའི་རང་བཞིན་གཞན་དུ་མི་དམིགས་པ་ལས་མེད་པའི་ཐ་སྙད་དུ་འགྱུར་རོ། །གལ་ཏེ་སྣང་དུ་རུང་བའི་རྣམ་པ་ངེས་པ་ཉིད་མི་དམིགས་པ་ལས་མེད་པའི་ཐ་སྙད་དུ་འགྱུར་བ་མ་ཡིན་ནམ། དེས་ན་བུམ་པ་ལ་ཤ་ཟ་ལ་སོགས་པའམ། མི་རྟག་པ་ལ་རྟག་པ་སྣང་དུ་མི་རུང་བ་མི་
སྣང་བ་མི་དམིགས་པ་ལས་ཅི་ལྟར་འགོག །འདི་ལྟར་སྣང་དུ་རུང་བར་འགྱུར་བ་རྟག་པ་ཉིད་ནི་འགའ་ཡང་མེད་དེ། དེ་ཉིད་ཀྱི་ཕྱིར་མ་ངེས་པའི་རྣམ་པ་གཞན་གང་ལ་འགོག་ཅེ་ན། སྨྲས་པ། ཐམས་ཅད་དུ་མི་དམིགས་པ་ཁོ་ན་ལས་ཡིན་ནོ། །ཅི་ལྟར་ཞེ་ན། འདི་ལ་གང་གི་ཕྱིར་མི་སྣང་བ་མི་དམིགས་

པར་འགྱུར་བ་བུམ་པ་ལ་ཐ་དད་པའི་ཤ་ཟ་མེད་པར་བསྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་ཐ་མི་དད་པ་སྟེ། སྣང་བའི་བུམ་པ་འདི་ནི་ཤ་ཟའི་རང་བཞིན་མ་ཡིན་ནོ་ཞེས་དེ་ལྟར་སྣང་བ་ཉིད་དུ་ཁས་བླངས་ནས་ཤ་ཟ་དགག་པར་བྱེད་པའི་ཕྱིར་སྣང་བ་མི་དམིགས་པ་ཉིད་ཡིན་ཏེ། དཔེར་ན་གལ་ཏེ་འདི་
ནི་བུམ་པ་ཡོད་ན་ནི་སྣང་བ་ཁོ་ནར་འགྱུར་རོ་ཞེས་བུམ་པ་སྣང་བ་ཉིད་ཁས་བླངས་ནས་ཡིན་པ་དེ་བཞིན་དུ། གལ་ཏེ་འདི་ཤ་ཟ་ཡིན་ན་ནི་སྣང་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་སྣང་བའི་རང་བཞིན་ཉིད་དུ་ཁས་བླངས་ནས་རྟག་པ་ཉིད་འགོག་པའི་ཕྱིར་སྣང་བ་མི་དམིགས་པ་ཉིད་ལས་ཡིན་ནོ། །རྟག་པ་ཉིད་ནི་རྣམ་
པར་ཤེས་པར་གྱུར་པ་མ་ཡིན་ནོ་ཞེས་གང་བརྗོད་པ་ཤ་ཟ་ཡང་རྣམ་པར་ཤེས་པར་གྱུར་པ་ནི་མ་ཡིན་གྱི། འོན་ཀྱང་ཅི་སྲིད་དུ་སྣང་བའི་རང་བཞིན་གྱིས་བུམ་པ་ལས་ཤ་ཟ་རྣམ་པ་གཞན་ཉིད་དུ་བརྟགས་པ་དེ་ནི་རྟོགས་པས་བྱས་པའི་གཞན་ཉིད་ཡིན་ནོ། །དེ་བཞིན་དུ་རྟག་པ་ཉིད་ཀྱང་མི་རྟག་པ་ཉམས་པའི་
ངོ་བོ་ཡིན་ཏེ། དེས་ན་རྣམ་པ་གཞན་དུ་བརྟགས་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་མེད་པ་ལས་ཡང་དངོས་པོ་བཀག་པའི་རང་བཞིན་བཟློག་པའི་རྣམ་པ་བརྟགས་པའི་ཕྱིར་རྣམ་པ་ཐ་དད་པར་སྣང་བའི་དངོས་པོའམ་ཐ་དད་པར་བརྟགས་པའི་དངོས་པོ་མེད་པ་ཡིན་ཡང་རུང་སྟེ། སྣང་དུ་རུང་བ་ཉིད་ཁས་བླངས་ནས་
དགག་པར་བྱེད་པ་ན། སྣང་བ་མི་དམིགས་པ་ཁོ་ནས་བྱས་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་ཐིགས་པར་ཁྱད་པར་མ་བརྗོད་དོ། །ཐ་དད་པ་འགོག་པ་ལ་ནི་འཁྲུལ་བའི་ཕྱིར་སྣང་བ་ཉིད་དུ་རུང་བ་ཞེས་ཁྱད་པར་དུ་བྱ་དགོས་ཀྱི། ཐ་མི་དད་པ་ཉིད་དུ་ཁས་བླངས་པ་འགོག་པ་ལ་ནི་འཁྲུལ་པ་མེད་པའི་
ཕྱིར་ཁྱད་པར་དོན་མེད་པ་ཉིད་དོ། །དེ་ལྟར་ན་བདག་ཉིད་གཅིག་པ་འགོག་པ་ལ་སྣང་བ་མི་དམིགས་པ་ཁོ་ནས་བྱས་པར་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་དང་ངེས་པར་འགྱུར་བ་མེད་དེ་ཞེས་བྱ་བའི་སྦྱོར་བ་སྣང་བ་མི་དམིགས་པ་ཁོ་ནའི་ནང་དུ་འདུས་པར་འགྱུར་བ་ཡིན་ནོ། །གལ་ཏེ་དེ་ཡོངས་སུ་གཅོད་པ་དང་དེ་ལས་
གཞན་རྣམ་པར་གཅོད་པ་དང་ཕུང་པོ་གསུམ་པ་ཡང་མེད་པར་སྟོན་པ་ཞེས་བྱ་བ་དང་། དེ་བཞིན་དུ་བསྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པའི་རྒྱུ་ཉིད་ཀྱིས་འབྲས་བུ་དང་བཅས་པའི་ཕྱིར་རོ་ཞེས་བཤད་པའི་ཕྱིར། དངོས་པོ་མེད་པ་མངོན་སུམ་ཉིད་ཀྱིས་གྲུབ་པར་བཤད་པ་མ་ཡིན་ཞེ་ན། བདེན་

ཏེ། དངོས་པོ་མེད་པ་ནི་མངོན་སུམ་གྱིས་གྲུབ་མོད་ཀྱི། འོན་ཀྱང་དེ་ཐ་སྙད་ནི་སྣང་བ་མི་དམིགས་པ་ལས་ཡིན་ནོ། །གལ་ཏེ་སྣང་བ་མི་དམིགས་པ་ཉིད་ལས་མེད་པའི་ཐ་སྙད་དུ་འགྱུར་ན། འདི་ནི་ཡོད་དོ། །འདི་ནི་མེད་དོ་ཞེས་བྱ་བའི་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པའི་རྒྱུ་ཡིན་པ་ཉིད་ཀྱིས་འབྲས་
བུ་དང་བཅས་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་བ་ཅི་ལྟར་ཞེ་ན། དམིགས་པ་འདི་ནི་ཡོད་དོ། །མ་དམིགས་པ་འདི་ནི་མེད་དོ་ཞེས་དམིགས་པ་བསྒྲུབ་པ་དང་། དགག་པའི་རྣམ་པར་རྟོག་པ་ཁོ་ནས་འབྲས་བུ་དང་བཅས་པར་དགོངས་ནས་དེ་སྐད་དུ་བཤད་དོ། །དེ་ཉིད་ཀྱིས་ན་འདི་ནི་དམིགས་སོ་ཞེས་
རྣམ་པར་རྟོག་པ་ཅན་གྱི་བློ་སྐྱེ་བར་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །གལ་ཏེ་དམིགས་པ་གཞན་མེད་པའི་ཐ་སྙད་ཀྱང་སྣང་བ་མི་དམིགས་པ་ཁོ་ན་ལས་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་དམིགས་པ་མེད་པའི་ཐ་སྙད་ཀྱང་མངོན་སུམ་གྱིས་ཇི་ལྟར་འགྲུབ་ཅེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་གང་ལ་
དམིགས་པ་ལས་ཐ་དད་པའི་རང་བཞིན་ཡོད་པ་དེ་ནི་མ་དམིགས་པར་ངེས་ཀྱང་ཡོད་པར་ཐེ་ཚོམ་ཟ་བའི་ཕྱིར། རྨོངས་པ་ལ་མི་དམིགས་པ་ལས་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་གྱི། གང་ལ་དམིགས་པ་ལས་ཐ་དད་པའི་རང་བཞིན་མེད་པ་དེ་ལ་ནི་དམིགས་པ་མེད་པར་ངེས་པ་ཉིད་མེད་པའི་ཐ་
སྙད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་གཞན་ཅི་ཞིག་ཡོད་དེ། དེ་ཉིད་ཅིའི་ཕྱིར་ཞེ་ན། རྣམ་པ་གཅིག་ཏུ་ངེས་པར་དམིགས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ངེས་པ་ཉིད་དམིགས་པ་ངེས་པ་ན་ཅིག་ཤོས་དམིགས་པ་མེད་པར་ངེས་པར་འགྱུར་རོ། །ཇི་སྲིད་དུ་ཤེས་པ་གཞན་མེད་པར་མ་ངེས་པ་དེ་སྲིད་དུ་ནི་ངེས་
པའི་ངོ་བོའི་ཤེས་པ་ངེས་པར་མི་འགྱུར་བ་ཡིན་ཏེ། ཤེས་པ་ནི་བདག་ཉིད་ཤེས་པ་གཞན་ལས་རྣམ་པར་གཅོད་དོ་ཞེས་གང་འཆད་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་གཞན་མེད་པའི་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་མངོན་སུམ་ཉིད་མ་ཡིན་པར་དགག་པ་འཇུག་པའི་སྒོ་ནས་མི་དམིགས་པར་བཤད་པ་
ཡིན་ནོ། །སློབ་དཔོན་གྱིས་ཀྱང་དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་མི་དམིགས་པ་ལས་ཡིན་ནོ་ཞེས་བཤད་པ་ན། དམིགས་པ་ལས་གཞན་གྱི་མེད་པའི་ཐ་སྙད་མི་དམིགས་པའི་རྒྱུ་མཚན་ཅན་དུ་བཤད་པ་ཡིན་གྱི། དམིགས་པ་ཉིད་ནི་མ་ཡིན་ནོ། །དམིགས་པ་མེད་པའི་ཐ་སྙད་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་

ན། མངོན་སུམ་གྱིས་སྣང་བའི་དངོས་པོ་མེད་པར་དོན་གྱིས་ངེས་པར་བརྗོད་དོ། །འདི་ལྟར་མངོན་སུམ་བདག་ཉིད་ཀྱི་རང་བཞིན་ངེས་པ་ངེས་པར་བྱེད་པ་ནི་ཤེས་པ་གཞན་མེད་པར་ངེས་པར་བྱེད་པ་གང་ཡིན་པ་ཉིད་ཡིན་ལ། སྣང་བའི་དངོས་པོ་ཡོད་ན་ནི་མངོན་སུམ་གྱིས་བྱས་པའི་
ཤེས་པ་གཞན་མེད་པར་ངེས་པ་མི་འཐད་དོ། །དེའི་ཕྱིར་དོན་གྱིས་ཤེས་པ་གཞན་མེད་པར་ངེས་པར་བྱེད་པའི་མངོན་སུམ་ཉིད་ནི་དངོས་པོ་མེད་པར་ངེས་པར་བྱེད་པ་ཉིད་ཡིན་ནོ། །དོན་གྱིས་དངོས་པོ་མེད་པར་ངེས་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཤེས་པ་དེ་ཉིད་ཉེ་བར་བཏགས་ནས་དོན་གྱིས་མེད་པར་བརྗོད་པ་ཡིན་ནོ། །
དམིགས་པ་མེད་པར་ངེས་ཀྱང་ཡོད་པ་མཐོང་བའི་ཕྱིར་སྣང་བ་མི་དམིགས་པ་ཐ་སྙད་དུ་བྱ་བ་ཡིན་ནོ། །དེའི་ཕྱིར་ཤེས་པ་མེད་པའི་ཐ་སྙད་ནི་མངོན་སུམ་གྱིས་བྱས་པ་ཉིད་དོ། །དེས་ན་མངོན་སུམ་ནི་དམིགས་པ་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་དག་གིས་འབྲས་བུ་དང་བཅས་པ་ཡིན་ནོ། །ཡང་
ན་དངོས་པོ་མེད་པ་སྣང་བ་མི་དམིགས་པས་ཐ་སྙད་དུ་བྱ་བ་ཡིན་གྱི། ངེས་པ་ནི་མངོན་སུམ་ཉིད་ཀྱིས་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པའི་རྣམ་རྟོག་པས་ཀྱང་འབྲས་བུ་དང་བཅས་པར་བརྗོད་པ་དེ་ལྟར་ན་ཡང་འགལ་བ་མེད་དོ། །དམིགས་པ་མེད་པར་ངེས་པའི་བྱེད་པ་ཉིད་ཀྱིས་ན། དེ་ཡོངས་
སུ་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་ཚད་མའི་བྱ་བ་རྣམ་པ་གསུམ་ཡང་རྗེས་སུ་རྟོགས་པར་བྱའོ། །དེ་ལྟར་འགལ་བ་རྣམ་པ་གཉི་ག་ལ་ཡང་འགལ་བ་རྣམ་པར་འཇོག་པའི་རྒྱུ་དངོས་པོ་མེད་པ་ནི་མི་དམིགས་པ་ཉིད་ལས་ཐ་དད་དུ་བྱའོ། །རྣམ་པ་གཉི་ག་ལ་ཡང་ཞེས་ཅིའི་ཕྱིར་བརྗོད། འདི་ལྟར་ལྷན་
ཅིག་མི་གནས་པར་འགལ་བ་ལ་ནི་མི་དམིགས་པ་ལས་མེད་པའི་ཐ་སྙད་དུ་འགྱུར་ཏེ། སྣང་བའི་དོན་ལ་དོན་གཞན་འགོག་པའི་ཕྱིར་རོ། །ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ལ་ནི་ངེས་པའི་ངོ་བོ་གཅིག་དམིགས་པ་ཉིད་ཀྱིས་གཞན་མེད་པའི་ཐ་སྙད་དུ་འགྱུར་རོ། །དེར་ནི་བདག་ཉིད་གཅིག་པར་
དགག་པར་བྱ་བ་ཡིན་ལ། དེ་ཡང་གཅིག་གི་ངོ་བོར་དམིགས་པ་ཉིད་ཀྱིས་ནུས་སོ་ཞེ་ན་མི་ནུས་ཏེ། གང་གི་ཕྱིར་ཕན་ཚུན་སྤངས་ཏེ། གནས་པའི་འགལ་བ་དེ་ལ་ཡང་ཅིག་ཤོས་མེད་པའི་ཐ་སྙད་ཀྱི་རྒྱུ་གཅིག་གི་ངོ་བོ་ངེས་པ་དམིགས་པ་ཁྱོད་ཀྱིས་བཤད་པ་གང་ཡིན་པ་གཅིག་དམིགས་པ་དེས་ན་ངོ་བོ་

གཞན་མི་དམིགས་པར་བརྗོད་པ་ཡིན་ཏེ། རང་བཞིན་ངེས་པ་གཅིག་དམིགས་པའི་ཕྱིར་ཡིན་གྱི། དེ་ཡང་སྤངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གདོན་མི་ཟ་བར་འདི་ལྟར་ཤེས་པར་བྱ་དགོས་ཏེ། དེ་ལྟར་མ་ཡིན་ན་ནི་གལ་ཏེ་གཅིག་དམིགས་པས་གཞན་མི་དམིགས་པར་མི་བརྗོད་དོ། །ཅིག་ཤོས་ཀྱི་ངོ་བོ་
དམིགས་པ་མི་འགོག་ན་ནི་དེའི་ཚེ། དམིགས་པ་མ་བཀག་པ་ཅན་གང་ཡིན་པ་དེ་མེད་པ་མི་འགྲུབ་པར་འགྱུར་རོ། །དམིགས་པར་དོགས་པ་ན་མེད་དོ་ཞེས་ངེས་པར་ནུས་པ་ནི་མ་ཡིན་ནོ། །དེས་ན་དམིགས་པ་ལ་མ་བཀག་པ་ཅན་མེད་པ་མི་འགྲུབ་པའི་རྒྱུའི་ཕྱིར་གཅིག་དམིགས་པས་གཞན་མི་དམིགས་པར་བརྗོད་པ་
ཉིད་དོ། །ཅིག་ཤོས་མེད་པར་ཐེ་ཚོམ་ཟ་བ་ཡིན་ན་ནི་གཅིག་གི་རང་བཞིན་ངེས་པ་དམིགས་པར་ངེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཅིག་གི་རང་བཞིན་དམིགས་པས་ཅིག་ཤོས་མེད་པར་ངེས་པར་འཕངས་པ་ཡིན་ན་ཅིག་ཤོས་མ་དམིགས་པ་འཕེན་པར་འགྱུར་ཏེ། དམིགས་པ་མ་བཀག་ན་དངོས་པོ་དགག་པར་མི་
ནུས་པའི་ཕྱིར་རོ། །གལ་ཏེ་དམིགས་པ་མ་བཀག་པ་ཅན་མེད་པར་མི་འགྲུབ་ན། འོ་ན་དེ་མ་ཐག་པ་ཁོ་ནར་རྣམ་པ་གཅིག་མྱོང་བ་ལས་གཞན་དམིགས་པ་མེད་པའི་ཐ་སྙད་དུ་འགྱུར་རོ་ཞེས་གང་བཤད་པ་དེ་ཅི་ལྟར་ཡིན་ཏེ། དམིགས་པ་མ་བཀག་པ་ཅན་གྱི་དམིགས་པ་ཡང་མེད་པར་མི་འགྲུབ་པའི་ཕྱིར་རྣམ་པ་
གཅིག་ཉམས་སུ་མྱོང་བར་མ་གྲུབ་པར་ཐལ་བའི་ཕྱིར་རོ། །དམིགས་པ་བཀག་ན་ཡང་དེ་ཉིད་ལས་མེད་པའི་ཐ་སྙད་ཡིན་གྱི་རྣམ་པ་གཅིག་ཉམས་སུ་མྱོང་བ་ལ་ལས་ནི་མ་ཡིན་ནོ་ཞེ་ན། བདེན་ཏེ། དམིགས་པ་མ་བཀག་པར་ནི་ཤེས་པ་ཡང་དགག་པར་མི་ནུས་སོ། །ཁྱད་པར་ནི་འདི་ཡོད་དོ། །ཤེས་པ་ནི་དམིགས་
པ་ལས་རང་བཞིན་གཞན་མ་ཡིན་ཏེ། དེས་ན་མི་དམིགས་པར་ངེས་པ་ཉིད་མེད་པའི་ཐ་སྙད་ཡིན་གྱི། མི་དམིགས་པའི་རྟགས་ལས་འགྱུར་བ་ནི་མ་ཡིན་ནོ། །མི་དམིགས་པར་ངེས་པ་ཡང་མངོན་སུམ་ཉིད་ལས་ཡིན་ནོ། །དེར་ཡང་གང་གིས་སྔ་མ་དང་ཕྱི་མར་སྐྱེ་བར་བསམ་པར་བྱ་བ་རྣམ་པ་གཅིག་དང་གཞན་མེད་པའི་
ཐ་སྙད་དག་ཐ་དད་པ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པ་གཅིག་ངེས་པ་ཉིད་ཤེས་པ་གཞན་དམིགས་པ་མེད་པར་ངེས་པ་ཡིན་ནོ། །རྣམ་པ་གཅིག་ངེས་པ་དེ་ཡང་མངོན་སུམ་ལས་ཡིན་ཏེ། དེས་ན་ཤེས་པ་གཞན་མེད་པའི་ཐ་སྙད་ནི་མངོན་སུམ་ཉིད་ལས་ཡིན་གྱི། མི་དམིགས་པ་ལས་ནི་མ་ཡིན་ཏེ། རྣམ་པ་གཅིག་

ཏུ་ངེས་པ་ལས་མ་གཏོགས་པའི་ཤེས་པ་དམིགས་པ་མེད་པའི་ཐ་སྙད་མེད་པའི་ཕྱིར་དང་། དམིགས་པ་དམིགས་པ་མེད་པའི་ཐ་སྙད་ལས་ཀྱང་དམིགས་པ་མེད་པའི་ཐ་སྙད་གཞན་མེད་པའི་ཕྱིར་རོ། །དེས་ན་ཤེས་པ་འགོག་པ་ལ་ཡང་དམིགས་པ་དགག་པར་བྱ་བ་ཡིན་ནོ། །དེ་ལ་མི་དམིགས་པས་ནི་མེད་པའི་
ཐ་སྙད་བྱེད་པ་མ་ཡིན་གྱི། འོན་ཀྱང་མངོན་སུམ་ཉིད་ལས་ཡིན་པའི་ཕྱིར་ཉེས་པའི་གོ་སྐབས་མེད་དོ། །དེ་ལྟར་དོན་གཞན་སྒྲུབ་པ་ལ་ཡང་དགག་པའི་གོ་བར་བྱེད་པ་མི་དམིགས་པ་ཡིན་པར་བསྒྲུབས་ནས། དོན་གཞན་དགག་པ་ལ་ཡང་བསྒྲུབ་པའི་ཕྱིར་གཅིག་བཀག་པས་ཞེས་སྨོས་སོ། །གང་དུ་གཅིག་བཀག་པས་གཞན་
མེད་པ་སྒྲུབ་པ་དེ་ལ་ནི། མི་དམིགས་པའི་གཏན་ཚིགས་ཀྱིས་རང་བཞིན་དུ་རབ་ཏུ་གྲུབ་པ་ཉིད་དེ། དགག་པ་ནི་མི་དམིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགག་པ་ནི་སྣང་བ་མི་དམིགས་པའི་ངོ་བོ་ཉིད་ཡིན་ལ། དེ་ཡང་གཏན་ཚིགས་སུ་བཀོད་པ་ཡིན་ཏེ། དེས་ན་མི་དམིགས་པ་གོ་བར་བྱེད་པ་ཡིན་པར་གྲུབ་
པོ། །དོན་གཞན་བཀག་པས་དོན་གཞན་འགོག་པ་ལ་ཧ་ཅང་ཐལ་བར་ཡང་མི་འགྱུར་ཏེ། གང་གི་ཕྱིར་དོན་གཞན་འགོག་པའི་གཏན་ཚིགས་དེ་ལ་ཡང་གང་ཞིག་བཀག་པ་གཏན་ཚིགས་སུ་འགྱུར་བ་དེ་དགག་པར་བྱ་བའི་རྒྱུ་དང་འབྲས་བུ་དག་གམ་གཉི་ག་མ་ཡིན་པར་འགྱུར་གྲང་ན། གསུམ་པོ་དེ་ལ་རེ་ཞིག་གཉི་ག་
མ་ཡིན་པ་མེད་པས་ནི་གཞན་མེད་པར་མི་རིགས་ཏེ། དེ་ནི་མ་འབྲེལ་པའི་ཕྱིར་རོ། །གཉིས་པོ་ཕན་ཚུན་འབྲེལ་ན་ནི་འགོག་པར་བྱེད་པ་ལོག་ན་ཅིག་ཤོས་ལྡོག་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །འབྲས་བུ་མ་དམིགས་ཀྱང་རྒྱུ་དེ་མེད་པར་ག་ལ་འགྱུར་ཏེ་མི་འགྱུར་བ་ཉིད་དོ། །གང་གི་ཕྱིར་རྒྱུ་ནི་ངེས་པ་ཁོ་
ནར་འབྲས་བུ་དང་འབྲེལ་པར་མ་ཡིན་པའི་ཕྱིར་ཏེ། མེ་ཡོད་ཀྱང་རྒྱུ་གཞན་མེད་པས་དུ་བ་མི་སྐྱེད་པའི་ཕྱིར་རོ། །འདི་བཟློག་པའི་ཕྱིར་བཤད་པ། ནུས་པ་མཐུ་དང་ལྡན་པ་རྒྱུ་ཡིན་གྱི་མི་ནུས་པ་ནི་མ་ཡིན་ཏེ། དེས་ན་གནས་སྐབས་གང་ན་མེ་ནུས་པ་མེད་པ་དེའི་ཚེ་ནི་རྒྱུ་མ་ཡིན་ལ། གང་གི་ཚེ་ནུས་པ་དེའི་ཚེ་ནི་སྐྱེད་
པར་བྱེད་པ་ཁོ་ན་ཡིན་ནོ། །དེས་ན་གདོན་མི་ཟ་བར་དེ་དང་ལྡན་པ་མ་ཡིན་ནོ་ཞེས་ཅི་སྟེ་བརྗོད། འདི་སྙམ་དུ་ནུས་པ་ཡང་འགའ་ཞིག་གིས་ནུས་པ་འཇོམས་པ་དེའི་ཕྱིར་འབྲས་བུ་མེད་པར་འགྱུར་རོ་ཞེ་ན། ནུས་པ་ལ་ནི་ཞེས་སྨོས་སོ། །གལ་ཏེ་ནུས་པ་ཉེ་བ་ཅན་གྱི་ས་བོན་ལ་སོགས་པ་ཡང་གང་གི་ཚེ་

བྱ་རོག་ལ་སོགས་པས་ས་བོན་ལ་སོགས་པ་ཟོས་པ་ན་རེས་འགའ་དགག་བྱར་ཡོད་པ་ཡིན་ནོ་ཞེ་ན། ཐ་མའི་གནས་སྐབས་ན་ཡོངས་སུ་འགྱུར་བ་མེད་པའི་ཕྱིར་རོ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། ས་བོན་ལ་སོགས་པ་ནི་ཐ་མའི་གནས་སྐབས་ཉིད་ན་ནུས་པ་ཡོད་པ་ཡིན་ལ། དེ་ལ་ནི་ཡོངས་སུ་འགྱུར་བའི་ལྷན་ཅིག་
བྱེད་པའི་རྐྱེན་དང་འབྲེལ་པ་ངོ་བོ་ཉིད་གཞན་དུ་གྱུར་པའི་སྐྱེད་པར་བྱེད་པ་མེད་པའི་ཕྱིར་ཏེ། སྐྱེས་མ་ཐག་ཁོ་ནར་འབྲས་བུ་སྐྱེད་པར་བྱེད་པས་གེགས་མེད་པ་ཡིན་ནོ། །གནས་སྐབས་སྔ་མ་རྣམས་སུ་ནི་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར་ནུས་པ་མེད་པར་འགྱུར་རོ། །འདི་སྙམ་དུ་ཐ་མའི་སྐད་ཅིག་ཉིད་ལ་གེགས་བྱེད་དོ་སྙམ་
ན། བཤད་པ་སྐད་ཅིག་གཅིག་ལ་ཆ་ཤས་མེད་པའི་ཕྱིར་ཏེ། གང་གིས་སྔར་ནུས་པ་མེད་པའི་རྒྱུ་འབྲས་བུ་སྐྱེད་པ་ལ་སྡོད་པ་ན་འགའ་ཞིག་གིས་བསྒྲགས་པར་འགྱུར་བ་སྔ་ཕྱི་ནི་ཡོད་པ་མ་ཡིན་ནོ། །དེ་སྐྱེས་པ་ན་བར་མ་ཆོད་པ་ཁོ་ནར་ཅི་ཙམ་དུ་གེགས་བྱེད་པ་ཉེ་བར་གནས་པ་དེ་ཙམ་ཉིད་ན་འབྲས་བུ་སྐྱེས་ཟིན་པའི་ཕྱིར་
གང་གིས་གང་ལ་གེགས་བྱ། འདི་སྙམ་དུ་གལ་ཏེ་མཚན་ཉིད་གཅིག་ལ་དབྱེ་བ་མེད་པ་དེ་ལྟ་ན་ཡང་རང་བཞིན་གྱི་ཁྱབ་པ་ཁོ་ནས་གཞན་གེགས་བྱེད་པ་ཉིད་ཡིན་ནོ་སྙམ་ན། བཤད་པ། འབྲས་བུ་སྐྱེད་པ་ལ་མི་མཐུན་པ་བསྐྱེད་པ་སྒྲུབ་པ་ནི་གེགས་གང་ཡིན་པའི་མཚན་ཉིད་ཡིན་ནོ། །གེགས་བྱེད་པ་ནི་ཅུང་ཞིག་བྱེད་པ་ཡིན་
ལ། དེ་ཡང་རང་བཞིན་ཁྱད་པར་བྱེད་པ་ཡིན་ནོ། །དེ་ནི་བདག་ཉིད་ཐམས་ཅད་གྲུབ་པ་གཅིག་ལ་མི་འཐད་དེ། དངོས་པོ་ཐ་དད་པ་ནི་རང་བཞིན་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་གཞན་བྱེད་པ་ཡིན་ན་ཡང་སྔ་མ་སྐྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་རང་བཞིན་གྱི་
ཁྱད་པར་གེགས་སུ་ཁས་མི་ལེན་གྱི། འོན་ཀྱང་ཐ་དད་པའམ་དངོས་པོ་མེད་པ་ཡིན་པ་དེའི་ཚེ་གེགས་བྱེད་པ་ཞེས་བྱ་བ་ཅུང་ཟད་མི་བྱེད་པར་འགྱུར་ལ། ཅུང་ཟད་མི་བྱེད་པ་དེ་ནི་གེགས་ཡིན་པར་མི་འཐད་དེ། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཅུང་ཟད་མི་བྱེད་པ་ནི་གགས་མ་ཡིན་པའི་ཕྱིར་རང་བཞིན་གྱི་
ཁྱད་པར་ཉིད་གགས་ཡིན་པས། དེ་ཅིའི་ཕྱིར་འབྲས་བུ་མེད་པས་རྒྱུ་མེད་པ་མ་ཡིན་ནོ་ཞེས་བརྗོད་ཅེས་བྱ་བའི་ཕ་རོལ་གྱི་ཚིག་གི་དོགས་པ་འདི་བསུ་ནས་ཁས་བླངས་པའི་ཕྱིར་བཤད་པ། དེ་འདྲ་བའི་རྒྱུ་ནི་མེད་པར་རྟོགས་པར་འགྱུར་བ་ཉིད་དེ་ཞེས་འབྲེལ་ཏོ། །དེ་འདྲ་བའི་ཞེས་བྱ་བ་ནི་སྐད་ཅིག་མ་ཐ་མར་གྱུར་པ་ནུས་པ་ཡོད་

པའོ། །འབྲས་བུ་མེད་པ་ལས་ཏེ་ལྡོག་པ་ལས་སོ། །དཔེར་ན་ཞེས་བྱ་བ་ནི་དཔེ་ཉེ་བར་བསྟན་པའི་དོན་དུའོ། །འདི་ན་ཞེས་བྱ་བའི་ཆོས་ཅན་ནོ། །ཁྱིམ་གྱི་དག་ར་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་གང་ཡིན་པ་དེ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་
ནི་གཏན་ཚིགས་སོ། །དངོས་པོ་མེད་པ་སྒྲུབ་པའི་སྦྱོར་བ་འདི་ཡང་། གང་གི་ཚེ་རྒྱུ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པ་དེའི་ཚེ་སྦྱར་བར་བྱའོ། །འདི་ལྟར་བླ་གབ་མེད་པ་ན་འདུག་པས་དུ་བའི་རྒྱུ་ཁྱིམ་གྱི་དག་ར་ན་ཡོད་ཀྱང་བལྟ་བར་མི་ནུས་ལ། དེས་བསྐྱེད་པའི་དུ་བ་ཡང་བླ་གབ་མེད་པའི་ཡུལ་དེ་ན་འཐུལ་བ་
ཡིན་པ་ན་ཁྱིམ་གྱི་དག་ར་དེ་ཉིད་ཀྱི་དབང་དུ་བྱས་པ་བླ་གབ་མེད་པ་ན་འདུག་པས་མཐོང་བའི་སྟེང་གི་ཆ་དང་ལྡན་པ་ཆོས་ཅན་དུ་བཞག་ནས་དུ་བ་མེད་པ་སྒྲུབ་བྱེད་དུ་ཉེ་བར་བླངས་ཏེ། སྣང་བའི་ནམ་མཁའི་ཡུལ་ན་གནས་པའི་དུ་བ་སྐྱེད་པར་བྱེད་པའི་རྒྱུ་ཁྱིམ་གྱི་དག་ར་ན་མེད་པར་རྟོགས་པར་བྱེད་དོ། །དེ་ལྟ་བུར་གྱུར་པའི་འབྲས་
བུ་དེ་ནི་རྒྱུ་ཁྱབ་པར་བྱེད་པའི་ཁྱབ་པ་དང་ལྡོག་པ་མེད་པ་ལྷག་པ་མེད་པ་ཡིན་པ་དེའི་ཕྱིར་རོ། །ཇི་ལྟར་རྒྱུའི་རང་གི་རང་བཞིན་ནི་ཁྱབ་པར་བྱེད་པ་ཡང་ཡིན་ཏེ། རང་བཞིན་མེད་པར་རྒྱུ་མེད་པའི་ཕྱིར་རོ། །ལྡོག་པ་མེད་ཅིང་ལྷག་པ་མེད་པ་ཡང་ཡིན་པ་དེ་བཞིན་དུ་འབྲས་བུ་ཡང་རྒྱུ་ཁྱབ་པར་བྱེད་པ་དང་། རྒྱུ་མེད་པར་
མི་འཇུག་པས་རྒྱུ་ལས་ལྡོག་པ་མེད་པ་ཡིན་པ་དེའི་ཕྱིར་རང་གི་ངོ་བོ་དང་ཁྱད་པར་མེད་པས་ཉེ་བར་བཏགས་ནས་རང་བཞིན་དུ་ཐ་སྙད་བྱེད་དོ། །དེ་ལྟ་བུར་གྱུར་པ་དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པ་ཉིད་དུ་བཤད་དོ། །འབྲས་བུ་མི་དམིགས་པ་ཇི་ལྟ་བ་དེ་བཞིན་དུ་འབྲས་བུ་དེ་དང་འགལ་བ་གང་ཡིན་པ་དེ་
དམིགས་པ་ནི་རང་བཞིན་མི་དམིགས་པ་ཉིད་དུ་བཤད་དོ་ཞེས་འབྲེལ་ཏོ། །དེ་ཉིད་ཀྱི་དཔེར་བརྗོད་པའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཆོས་ཅན་ཁྱད་པར་ཅན་གང་ལ་གྲང་བའི་རྒྱུ་ནི་ཡོད་ཀྱང་རྟོགས་པ་པོའི་མངོན་སུམ་མ་ཡིན་ལ། གྲང་བའི་རེག་པ་ཡང་མི་དམིགས་ཀ