Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 188
Văn bản gốc(Tây Tạng)
Trang 13 / 20 (50.000 ký tự/trang)
། །གང་གི་ཕྱིར་རང་ཉིད་ལས་དོན་དེ་རྟོགས་པ་ཡིན་གྱི། གཞན་རྟགས་ལས་ནི་མ་ཡིན་པ་དེའི་ཕྱིར་ཁྱད་པར་ངེས་པ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྟོགས་པ་གང་ལ་རྒྱུའི་ཡན་ ལག་གཞན་ཡོད་པ་གཞན་དང་འབྲེལ་པ་ལས་རྟོགས་པ་དེ་ནི་ཁྱད་པར་ངེས་པའི་ཡུལ་ཅན་མ་ཡིན་ཏེ། སྒྲུབ་པར་བྱེད་པ་གཞན་དེ་ཉིད་ལ་ནུས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ནུས་པ་མེད་ཅེ་ན། གང་གི་ཕྱིར་ཐུན་མོང་གི་རང་བཞིན་གྱིས་རྟགས་ཐུན་མོང་གི་རང་བཞིན་དང་འབྲེལ་པ་ཤེས་ཤིང་དཔེའི་ཆོས་ཅན་ དང་ཐུན་མོང་པའི་རང་བཞིན་དུ་ཁྱབ་པ་ཡང་ཤེས་ནས་བསྒྲུབ་པར་བྱ་བ་རྟོགས་པར་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རྟགས་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་ནི་བསྒྲུབ་བྱ་རྟོགས་པ་ཡིན་ནོ། །རྟགས་ནི་སྒྲོན་མ་བཞིན་དུ་ལྐོག་ཏུ་གྱུར་པའི་དོན་གསལ་བར་བྱེད་པ་ནི་མ་ཡིན་ ནོ། །དེའི་ཕྱིར་རྟགས་གཞན་དེ་ཉིད་ནི་ཁྱད་པར་ཉེ་བར་འཇོག་པར་ནུས་པ་མ་ཡིན་ནོ། །འོ་ན་དེ་ཅི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཞེ་ན། བཤད་པ། རང་གི་མཚན་ཉིད་ཀྱི་དོན་ལ་མི་སླུ་བ་ནི་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཐོབ་པར་བྱེད་པ་སྟེ། མི་སླུ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཡང་ མཚུངས་པའི་ཕྱིར་གཉི་གའི་ཚད་མ་ནི་དངོས་པོའི་ཡུལ་ཅན་ཉིད་དོ། །དེའི་ཕྱིར་དེ་ལྟར་མངོན་སུམ་གྱི་གཟུང་བ་ནི་རང་གི་མཚན་ཉིད་ཡིན་ལ་རྗེས་སུ་དཔག་པའི་ནི་སྤྱི་ཡིན་ནོ། །ཇི་ལྟར་གཟུང་བ་དང་དངོས་པོ་མ་ཡིན་པའི་ཕྱིར་དེ་ལ་ལྟོས་ནས་ཚད་མ་མ་ཡིན་པ་དེ་བཞིན་དུ། མངོན་སུམ་ཡང་གཟུང་བའི་ཡུལ་སྐད་ཅིག་མ་ཅིག་ ལ་ཚད་མ་མ་ཡིན་ཏེ། དེ་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་གཉི་ག་ཡང་ངེས་པར་བྱས་པའི་རྒྱུན་ལ་ལྟོས་ན་རང་གི་མཚན་ཉིད་ཀྱིས་ཡུལ་ཅན་དུ་མཚུངས་སོ། །འོན་ཀྱང་སོ་སོར་ངེས་པའི་རྒྱུད་བདག་ཉིད་ཀྱི་རང་བཞིན་གྱིས་དོན་བྱེད་པ་རྒྱུད་གཞན་གྱིས་དབེན་པར་ཉེ་བར་འཇོག་པར་བྱེད་པའི་ཕྱིར་མངོན་སུམ་ རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ལ། རྗེས་སུ་དཔག་པས་ནི་རྒྱུན་གཞན་ལས་རྣམ་པར་བཅད་པའི་སོ་སོར་ངེས་པའི་ཁྱད་པར་གཅིག་ཉིད་འཇོག་པར་མི་ནུས་པའི་ཕྱིར་སྤྱིའི་ཡུལ་ཅན་ཡིན་ནོ། །ཡུལ་ལ་ལོག་པར་རྟོགས་པའི་ལྷག་མ་བསལ་ནས། ཚུལ་གསུམ་རྟགས་ལས་ཞེས་གང་བཤད་པའི་ཚུལ་གསུམ་པ་དེ་ཉིད་ བསྟན་པའི་ཕྱིར་བཤད་པ། འཆད་པར་འགྱུར་བའི་རྗེས་སུ་དཔག་པར་བྱ་བའི་རང་བཞིན་ལ་ཡོད་པ་དང་། དེ་དང་མཚུངས་པ་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པ་དང་། མེད་པ་མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ཡང་གང་ཞེ་ན། བཤད་པ། ཤེས་པར་འདོད་པ་སྟེ། ཤེས་པར་བྱ་བའི་དོན་དུ་འདོད་པའི་བྱེ་བྲག་གང་ལ་ཡོད་པ། དེ་ལ་དེ་སྐད་ཅེས་བྱ་སྟེ། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཅན་ཡིན་ནོ། །རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་རྣམ་པ་གསུམ་ལ་ཡིན་ཏེ། སྒྲུབ་པར་བྱེད་པ་ལས་རྟོགས་པ་ཆོས་དང་ཆོས་ཅན་གྱི་སྤྱི་གང་ཡིན་པ་དེ་ནི་དངོས་སུ་རྗེས་སུ་དཔག་པར་བྱ་བ་ ཡིན་ཞིང་། ཁྱབ་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་དང་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་ཆོས་ཅན་ནི་བཏགས་ནས་རྗེས་སུ་དཔག་པ་ཡིན་ནོ། །འདིའི་ཡུལ་ལ་སྤྱིའི་ནི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། དེ་ལྟ་བུའི་སྤྱི་ལ་རྟགས་མ་གྲུབ་པའི་ཕྱིར་རོ། །དེ་མ་གྲུབ་ན་ཡང་རྟགས་ཉིད་མ་ཡིན་ཏེ། བསྒྲུབ་པར་ བྱ་བ་མེད་པའི་ཕྱིར་རོ། །ཆོས་ཙམ་ཡང་འདིར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དེ་ལྟ་བུའི་ཆོས་ཙམ་ལ་ཡོད་པར་འཆད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་ཉིད་རྗེས་སུ་དཔག་པར་བྱ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །འདིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ ཉིད་ཀྱི་སྐབས་འདིར་རོ། །རྗེས་སུ་དཔག་པར་བྱ་བ་དེ་ལ་མཐོང་བ་ནི་ངེས་པ་སྟེ། ས་ཕྱོགས་སུ་དུ་བ་ནི་མངོན་སུམ་གྱིས་ཡིན་ལ། སྒྲ་ལ་བྱས་པ་ཉིད་ནི་རྗེས་སུ་དཔག་པས་ཡིན་ནོ། །དེ་ལ་ཡོད་པ་ཚད་མ་ལས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་བཞིན་དུ་དེ་དང་མཚུངས་པ་ཉིད་དེ་མཐུན་པའི་ཕྱོགས་ལ་ ཡང་ངོ་། །ཉིད་ཀྱི་སྒྲས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྟོན་པ་ཡིན་ལ། ཡང་གི་སྒྲ་ནི་སྡུད་པའོ། །རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་གྱི་ཁྱད་པར་དུ་བྱས་པ་ནི་རྣམ་པར་བཅད་པར་གཞན་དཔེའི་ཆོས་ཅན་ལ་ཡོད་པ་སྲིད་པ་ནི་འགལ་ལོ། །དེ་སྟེ་ཡང་ཆོས་ཅན་གྱིས་ཁྱད་པར་དུ་མི་བྱེད་ན་ནི་དེའི་ཚེ་རྗེས་ སུ་དཔག་པར་བྱ་བའི་ཆོས་གཏན་ཚིགས་ཡིན་ནོ་ཞེས་གཏན་ཚིགས་རྗེས་སུ་དཔག་པར་བྱ་བའི་ཆོས་མ་ཡིན་པར་འགྱུར་ན་འདོད་པ་ནི་ཡིན་ནོ། །དོན་ནི་འདི་ཡིན་ཏེ། དཔེར་ན་རྒྱལ་པོའི་སྐྱེས་བུ་གཞན་ལས་རྣམ་པར་གཅད་པ་དེ་བཞིན་དུ་རྗེས་སུ་དཔག་པར་བྱ་བས་ཀྱང་ཆོས་ཆོས་ཅན་གཞན་ ལ་རྣམ་པར་གཅོད་པ་ཡིན་ནོ་ཞེས་གཞན་དོགས་པ་ལ་མ་ཡིན་ཏེ་ཞེས་སྨོས་ཏེ། གཞན་ལ་ཡོད་པ་འགལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་ལྡན་པ་མ་འབྲེལ་པ་རྣམ་པར་གཅོད་པ་བཟློག་པའི་རྒྱུས་ནི་ཆོས་ཁྱད་པར་བྱས་པའི་ཕྱིར་རོ། །འདི་སྐད་བཤད་པ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅད་པ་ཉིད་བྱས་ ནས་ཆོས་ཅན་གྱི་ཆོས་རྣམ་པར་གཅད་ཀྱི། གཞན་དང་ལྡན་པ་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །ཅི་གང་གིས་མ་འབྲེལ་པ་རྣམ་པར་གཅོད་པ་ཞེས་ཁྱད་པར་དུ་བརྗོད་པ་རྣམ་པར་གཅོད་པ་རྣམ་པ་དུ་མ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བརྗོད་དོ། །ཆོས་ཅན་གྱི་གཞན་གྱི་དབང་བརྟེན་པ་ཆོས་ཀྱི་ཚིག་ཕྲད་ཉིད་ཅེས་བྱ་ བའི་སྒྲ་ཐ་དད་པར་བྱེད་པ་ཡིན་པས་མི་ལྡན་པ་མ་འབྲེལ་པ་དང་། གཞན་དང་ལྡན་པ་གཞན་དང་འབྲེལ་པ་དང་། གཏན་མི་ལྡན་པ་ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་བྱེད་ཟློག་པར་བྱེད་དོ། །ཉིད་ཀྱི་སྒྲ་ནི་རྣམ་པར་གཅོད་པ་ནི་འདི་ཙམ་མོ་ཞེས་རྣམ་པར་གཅོད་པ་ངེས་པར་སྟོན་ཏོ། །དང་གི་སྒྲས་ནི་ཡོད་པའི་ དངོས་པོ་སྡུད་པའོ། །ཡང་ཇི་ལྟར་ན་ཚིག་ཕྲད་གཅིག་གིས་བརྗོད་པར་བྱ་བའི་དོན་ཕན་ཚུན་འགལ་བ་གསུམ་འཇོག་པར་ནུས་ཤེ་ན། རྒྱུ་མཚན་བསྟན་པའི་ཕྱིར་སྨྲས་པ་ནི་ཁྱད་པར་དང་ཁྱད་པར་ཅན་ཏེ། དེ་དག་གི་རྗོད་པར་བྱེད་པ་དག་དང་ལྷན་ཅིག་བརྗོད་པ་དང་། བྱ་བ་ཞེས་བྱ་བའི་ཚིག་དང་ལྷན་ཅིག་བརྗོད་པའོ། ། འདི་ལ་བསམ་པ་ནི་འདི་ཡིན་ཏེ། ཚིག་ཕྲད་ནི་གསལ་བར་བྱེད་པ་ཡིན་ལ། གསལ་བར་བྱེད་པ་ལས་ནི་ཚིག་གཞན་གྱིས་བརྗོད་པར་བྱ་བའི་དོན་ཕྱིས་འབྱུང་བའི་ཁྱད་པར་གང་ཡིན་པ་དེ་གསལ་བར་བྱེད་པ་ཡིན་གྱི། རང་དབང་དུ་ནི་བརྗོད་པར་བྱ་བའི་དོན་དང་ལྡན་པ་མ་ཡིན་ནོ། །དེས་ན་གསལ་བར་བྱེད་པའི་ཚིག་གང་ དང་འབྲེལ་པར་བརྗོད་པ་དེས་ནི་ཚིགས་དེར་གཏོགས་པའི་ཁྱད་པར་གསལ་བར་བྱ་བ་མ་ཡིན་གྱི། གཞན་ནི་འགའ་ཡང་མ་ཡིན་ནོ། །དེའི་ཕྱིར་འདིའི་དོན་ནི་ཚིག་གཞན་དང་འབྲེལ་བས་རྣམ་པར་འཇོག་པར་བྱེད་དོ། །ཁྱད་པར་ནི་འདིར་བརྟེན་པ་སྟེ་ཆོས་ལ་བྱའོ། །ཁྱད་པར་ཅན་ནི་ཆོས་ཅན་ལ་བརྗོད་དོ། །དེས་ན་རྗེས་སུ་དཔག་ པར་བྱ་བ་ལ་ཞེས་བདུན་པའི་མཐའ་ཅན་ཡིན་ཡང་ཁྱད་པར་ཅན་ཉིད་དོ། །རྟེན་ཡིན་པའི་ཕྱིར་རོ། །ཆོས་ནི་དང་པོའི་མཐའ་ཅན་ཡིན་ཡང་ཁྱད་པར་ཉིད་དེ་བརྟེན་པའི་ཕྱིར་རོ། །འོ་ན་ནི་གང་གི་ཚེ་ཚིག་ཕྲད་མ་སྦྱར་བ་དེའི་ཚེ་ཇི་ལྟར་རྣམ་པར་བཅད་པ་རྟོགས་པར་བྱ་ཞེ་ན། སྨྲས་པ། དེ་སྦྱར་མེད་ཀྱང་བརྗོད་འདོད་དེ་བརྗོད་པར་འདོད་པ་ལས་ཚིག་ཕྲད་ དེའི་དོན་གང་ཡིན་པ་རྟོགས་པར་འགྱུར་ཏེ། གང་གིས་གང་སྦྱར་བ་དེ་ལས་དོན་དེ་རྟོགས་པར་འགྱུར་རོ། །གང་གི་ཕྱིར་གལ་ཏེ་དོན་དེ་སྟོན་པར་མི་འདོད་ན་ནི་ངག་སྦྱར་བ་དོན་མེད་པར་འགྱུར་རོ། །ཅི་ལྟར་དོན་མེད་ཅེ་ན། བཤད་པ། གང་ཕྱིར་ཏེ་གང་གི་ཕྱིར་དག་གང་ལ་འབྲས་བུ་རྣམ་པར་གཅོད་པ་ཡོད་པ་སྟེ་དེའི་ཕྱིར་རོ། ། དཔེར་ན་ཆུ་འོན་ཅིག་ཅེས་སྨྲས་པ་ན། གལ་ཏེ་ཆུའམ་གཞན་ཡང་རུང་བ་ཞིག་ཁྱེར་ཏེ་འོང་བར་འདོད་ན་ནི་ཆུ་སྨོས་པ་དོན་མེད་པར་འགྱུར་རོ། །ཅི་སྟེ་ཡང་ཁྱེར་ཏེ་འོང་བར་མི་འདོད་ན་ནི། འོན་ཅིག་ཅེས་སྨོས་པ་དོན་མེད་པར་འགྱུར་རོ། །དེ་བཞིན་དུ་ཚིག་གི་དོན་དུ་མ་བསྡུས་པའི་བདག་ཉིད་ངག་གི་དོན་ཀྱང་སྐབས་ཀྱི་དབང་གིས་ རྣམ་པ་ཅི་ཞིག་ལྟར་རྣམ་པར་གཅད་པ་སྨྲ་བ་པོ་དག་གི་འབྲས་བུར་འདོད་པ་ཡིན་ནོ། །འདི་ལྟར་གལ་ཏེ་ནག་པ་འཕོང་མི་སྐྱེན་ན། འཕོང་སྐྱེན་ཞེས་མི་བརྗོད་ཅིང་། དེ་བཞིན་དུ་འཕོང་སྐྱེན་པ་ཕུལ་དུ་བྱུང་བ་གཞན་ཡང་ཡོད་ན་སྲིད་སྒྲུབ་འཕོང་སྐྱེན་པར་བརྗོད་པར་མི་བྱ་སྟེ། དེ་འཕོང་སྐྱེན་པ་ནི་གྲུབ་པའི་ཕྱིར་རོ། ། གལ་ཏེ་སྔོན་པོ་པདྨ་མི་སྲིད་ན་ནི་སྔོན་པོ་ཞེས་བརྗོད་པར་མི་བྱའོ། །དེས་ན་གང་གི་དོན་བསྟན་པར་འདོད་པའི་བརྗོད་པར་འདོད་པ་གང་ཡིན་པ་དེ་ལས་ངེས་པར་གཟུང་བའི་དོན་རྟོགས་པ་ཉིད་དོ། །རྣམ་པར་གཅོད་པ་རྣམ་པ་གསུམ་ཀ་ལ་ཡང་དཔེ་སྟོན་པ་ནི་དཔེར་ན་ནག་པ་འཕོང་སྐྱེན་པའམ་ཞེས་བྱ་བ་ལ་སོགས་ པའོ། །འདི་ལ་གཞན་རྟོགས་པའི་དོན་དུ་ངག་སྦྱོར་བ་ན་ཕ་རོལ་པོས་རྨོངས་པ་གང་དོགས་པར་བྱས་པ་དེ་ཉིད་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །ནག་པ་ནི་འཕོང་སྐྱེན་པར་འཇིག་རྟེན་ན་གྲགས་པ་མེད་དོ། །དེས་ན་ནག་པ་འཕོང་མི་སྐྱེན་པར་དོགས་པ་རྣམ་པར་གཅད་པར་བྱ་བའི་དོན་དུ་འཕོང་སྐྱེན་པ་བསྒྲུབ་པའི་ ཕྱིར་ངག་སྦྱོར་བ་ཡིན་ནོ། །དེས་ན་ངག་གི་རྣམ་པར་གཅད་པའི་འབྲས་བུ་འདི་འདྲ་བ་ཡིན་ནོ། །སྲིད་སྒྲུབ་ནི་འཕོང་སྐྱེན་པར་གྲགས་པའི་ཕྱིར་འགལ་བ་ཡང་དོགས་པ་མེད་དོ། །དེའི་ཕྱིར་འཕོང་སྐྱེན་པ་ཉིད་ཕུལ་དུ་བྱུང་བ་གང་ཡིན་པ་དེ་སྐྱེས་བུ་གཞན་དང་ཐུན་མོང་དུ་རྟོགས་པའི་ཕྱིར་དེ་རྣམ་པར་གཅད་པའི་ དོན་དུ་སྲིད་སྒྲུབ་ཉིད་འཕོང་སྐྱེན་ནོ་ཞེས་རྣམ་པར་གཅོད་པ་དག་གི་འབྲས་བུ་ཡིན་ནོ། །སྔོན་པོའི་ཁ་དོག་གི་དབྱེན་པའི་པདྨ་ནི་རབ་ཏུ་གྲུབ་ལ། ཅི་འདིའི་རང་བཞིན་ཅན་ལ་སྔོན་པོ་ཉིད་སྲིད་དམ་མི་སྲིད་ཅེས་དོགས་པ་དེའི་ཚེ། དེ་རྣམ་པར་གཅད་པའི་དོན་དུ་སྔོན་པོ་མཚོ་སྐྱེས་སྲིད་པ་ཉིད་དོ་ཞེས་ བྱ་བའི་ངག་ཡིན་ནོ། །གལ་ཏེ་ནག་པའི་དོན་འཕོང་སྐྱེན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའི་ངག་ལ་འཕང་སྐྱེན་པ་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བར་མ་གྱུར་པ་དེ་དག་ཀྱང་འཕོང་སྐྱེན་པ་ཉིད་ལ་སོགས་པར་སྒྲའི་བརྗོད་པར་བྱ་བ་དག་ལས་གཞན་ཡིན་པས་ཐ་དད་པར་བྱེད་པའི་ཚིག་གི་ཕྲད་ལས་ལྡོག་པར་རྟོགས་ན། འོ་ན་ནི་གཞན་ཡོད་པར་ཁྱད་པར་མེད་པའི་ཕྱིར་གཏོང་ཕོད་ལ་སོགས་པའི་ཆོས་གཞན་དག་ཀྱང་ལྡོག་པར་རྟོགས་པར་འགྱུར་རོ་ཞེས་དོགས་པ་ལ། བཤད་པ། རྣམ་པར་གཅོད་པར་བྱེད་པ་གསུམ་པོ་དེར་ཡང་ཟླ་བོ་འགལ་ཟླ་རྣམ་པར་གཅོད་པ་ལྡོག་པ་དོན་དེ་དག་གི་དོན་རྣམས་ལ་ནི་རྟོགས་པར་འགྱུར་ཏེ། ཆོས་འགའ་ ཞིག་ངེས་པ་གང་ཡིན་པ་དེ་ལས་བཟློག་པ་ཉིད་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཕོང་སྐྱེན་པ་བསྒྲུབས་ན་འགལ་ཟླ་འཕོང་མི་སྐྱེན་པ་རྣམ་པར་གཅོད་ཀྱི། གཞན་ཙམ་ནི་མ་ཡིན་ལ། སྲིད་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་འཕོང་སྐྱེན་པ་བསྒྲུབས་པས་ན་འགལ་ཟླ་འགྲོ་བ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་ འཕོང་སྐྱེན་པ་རྣམ་པར་གཅོད་ཀྱི་གཏོང་ཕོད་ལ་སོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ཉིད་སྲིད་པར་བསྒྲུབས་ན་མི་སྲིད་པར་རྣམ་པར་གཅོད་ཀྱི་གཞན་ནི་མ་ཡིན་ནོ། །ཕྱོགས་འདིས་ངག་ཐམས་ཅད་ལ་འབྲས་བུ་རྣམ་པར་གཅོད་པ་གསུམ་བལྟ་བར་བྱ་སྟེ། སྲོག་ནར་འགྲོ་བའི་ལམ་ནི་འདིའོ་ཞེས་སྨྲས་པ་ ནི། རྨོངས་པའི་དོགས་པའི་ཁྱད་པར་གྱི་རྣམ་པར་གཅོད་པ་རྣམ་པ་གསུམ་ཀ་ཡང་སྲིད་པ་ཡིན་ནོ། །ལམ་གཉིས་ལས་འདི་ཉིད་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བ་གཞན་དང་ལྡན་པ་རྣམ་པར་གཅོད་པའོ། །ཅི་འདི་སྲོག་ནར་འགྲོ་བ་ཡིན་ནམ་འོན་ཏེ་གྲོང་གཞན་དུ་འགྲོ་བ་ཡིན་ཞེས་ཐེ་ཚོམ་ཟ་ན་སྲོག་ནར་འགྲོ་བ་ ཉིད་དོ་ཞེས་མ་འབྲེལ་པ་རྣམ་པར་གཅོད་པ་ཡིན་ནོ། །ཅི་འགྲོ་འམ་འོན་ཏེ་མི་འགྲོ་ཞེས་ཐེ་ཚོམ་ཟ་ལ་འགྲོ་བ་ཉིད་དོ་ཞེས་གཏན་མི་ལྡན་པ་རྣམ་པར་གཅོད་པ་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་སྦྱར་རོ། །ཡང་ཅིའི་ཕྱིར་འགལ་ཟླ་ཉིད་བཟློག་པའི་གཞན་ཙམ་མ་ཡིན་ཞེ་ན། དེ་ལྟར་གྲགས་དང་ཞེས་སྨོས་ཏེ། འཇིག་ རྟེན་ཐ་དད་པར་བྱེད་པའི་ཚིག་ཕྲད་ཀྱི་འགལ་བ་ཉིད་ཟློག་གི་གཞན་ཙམ་ནི་མ་ཡིན་ནོ་ཞེས་གྲགས་པ་ཡིན་ཏེ། དེས་ན་དེ་ལྟར་གྲགས་ཕྱིར་ཏེ། དེ་ཉིད་ཟློག་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དཔེར་ན་སྒྲའི་དོན་རྟོགས་པ་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་བ་ལས་རྒྱུ་མཚན་གཞན་མེད་པ་དེ་བཞིན་དུ། སྒྲའི་དོན་ལས་གཞན་བཟློག་པ་ཡང་གྲགས་པ་ལས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སྒྲའི་བརྗོད་བྱ་མ་ཡིན་པར་ཁྱད་པར་མེད་པ་ལས་ཅིའི་ཕྱིར་འགའ་ཞིག་ཉིད་བཟློག་པར་གྲགས་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཁྱོད་ལ་དྲིས་པ་མ་ཡིན་ནམ་ཞེ་ན། ནུས་པ་དང་ཞེས་སྨོས་ཏེ། སྒྲའི་ དོན་མ་ཡིན་པ་ཡང་། བཟློག་པར་གྲགས་པ་རྒྱུ་མཚན་མེད་པ་མ་ཡིན་གྱི། འོན་ཀྱང་སྒྲའི་ནུས་པ་ལས་སོ། །གལ་ཏེ་འཕོང་མི་སྐྱེན་པ་ཉིད་རྣམ་པར་མི་གཅོད་ན་ནི་འཕོང་སྐྱེན་པའི་ཚིག་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཤུགས་ཀྱིས་འཕོང་སྐྱེན་པ་ཉིད་ཀྱིས་འཕོང་མི་སྐྱེན་པ་རྣམ་པར་གཅོད་པ་ཡིན་གྱི། དེ་ལྟར་ གཏོང་ཕོད་པ་ཉིད་རྣམ་པར་མི་གཅོད་ན་འཕོང་སྐྱེན་པའི་ཚིག་དོན་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་གཞན་ཙམ་རྣམ་པར་གཅད་པ་ལ་ནི་སྒྲའི་ནུས་པ་ཡོད་པ་མ་ཡིན་པས་གཞན་ཙམ་རྣམ་པར་གཅོད་པར་མ་གྲགས་པ་ཡིན་ནོ། །སྒྲའི་ནུས་པའི་ཕྱིར་རོ་ཞེས་སྤྱིའི་ཕྱིར་བརྗོད་དེ། སྒྲ་སྦྱར་བ་ཅི་སྙེད་ པ་ནི་རང་གི་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ན་འདིར་ཟླ་བོའི་ཆོས་ནི་བརྗོད་བྱ་བ་མ་ཡིན་ནོ་ཞེ་ན། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཞིང་། །ཞེས་སྨོས་ཏེ། སྒྲ་ནི་ངག་གི་དོན་བསྟན་པར་འདོད་པའི་བསམ་པ་བརྗོད་པར་འདོད་པ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་སྐད་བརྗོད་པ་ཡིན་ཏེ། བརྗོད་པར་འདོད་པ་ལ་ སྣང་བ་ཉིད་སྒྲས་བརྗོད་ཀྱི་མི་སྣང་བ་ནི་མ་ཡིན་ལ། བརྗོད་པར་འདོད་པ་ལ་ཡང་ཟླ་བོ་རྣམ་པར་བཅད་པ་ལ་འཇུག་པ་ཡིན་ནོ། །འདི་ལྟར་བློ་གྲོས་རྨོངས་པའི་དོགས་པའི་གནས་གཅོད་པར་བྱེད་པས། དོན་འགའ་ཞིག་བརྗོད་པར་འདོད་པ་ཡིན་ཏེ། དེས་ན་སྨྲ་བ་པོའི་བརྗོད་པར་འདོད་པ་ལ་སྣང་བའི་དོན་བརྗོད་པའི་སྒྲ་ བརྗོད་པར་འདོད་པའི་བརྗོད་བྱ་དོན་འགའ་ཞིག་བཟློག་པར་འདོད་པ་ཡིན་ལ། དེ་ཡང་འགལ་ཟླ་ཡིན་ནོ། །འདི་ལྟར་འགལ་ཟླ་ཅིག་ཤོས་མི་ཟློགས་ན་ནི་བརྗོད་བྱ་བརྗོད་པར་འདོད་པའི་དོན་མེད་པར་འགྱུར་གྱི། གཞན་ཙམ་མི་ཟློགས་པས་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲ་རྣམས་ཀྱི་དོན་ནི་བརྗོད་པར་འདོད་པའི་རྗེས་སུ་འབྲང་བ་ ཡིན་ལ། བརྗོད་པར་འདོད་པ་ཡང་འགལ་ཟླ་ཟློག་པར་བྱེད་པར་མི་འཐད་པས་སྒྲ་རྣམས་ནི་རྗོད་པར་བྱེད་པ་ཡིན་པའི་ཤུགས་ཀྱིས་བརྗོད་བྱ་མ་ཡིན་ཡང་འགལ་ཟླའི་ཆོས་ཉིད་ཐ་དད་པར་བྱེད་པའི་ཚིག་ཕྲད་ཀྱིས་བཟློག་པར་བྱ་བ་ཡིན་པར་གྲགས་ཀྱི་གཞན་ཙམ་ནི་མ་ཡིན་ནོ། །གལ་ཏེ་རྣམ་ འགྲེལ་ལས་དེ་ལྟར་གྲགས་པའི་ཕྱིར་དང་། ནུས་པའི་ཕྱིར་དང་། སྒྲ་ནི་བརྗོད་པར་འདོད་པའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ་ཞེས་གཏན་ཚིགས་གསུམ་ལ་བསྡུ་བ་བྱས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། བསྡུ་བ་ནི་ཡི་གེ་དུ་མ་ཆུད་པ་དང་། མི་འཚམ་པ་ཡིན་ནོ། །དེས་ན་སློབ་དཔོན་གྱིས་བཞེད་པ་ནི་མ་ཡིན་ ནོ། །དཔེར་ན། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཞེས་བྱ་བ་ལ། བདག་མེད་པ་ལ་མཐོང་བ་ནི་འཚེ་བ་མེད་པ་དང་། ཡང་དག་པའི་དོན་ཤེས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་སློབ་དཔོན་གྱི་བཤད་པ་བོར་ནས་འགྲེལ་པ་བྱེད་པས་འཚེ་བ་མེད་པའི་ངོ་བོ་ཉིད་དང་། ཡང་དག་པའི་དོན་གྱི་ངོ་བོ་ཉིད་ཅེས་ བཤད་པ་དེ་བཞིན་དུ་གཞན་དུ་ཡང་འདོད་པ་མ་ཡིན་པ་སྲིད་དོ་ཞེས་རྟོགས་སོ། །གང་གི་ཕྱིར་གཞན་ལས་རྣམ་པར་གཅོད་པར་འགྱུར་བ་ཇི་ལྟར་སྲིད་སྒྲུབ་འཕོང་སྐྱེན་པ་གྲགས་པ་གཞན་ལས་རྣམ་པར་གཅད་པར་བྱ་བ་དེ་ལྟར་ནི་གཏན་ཚིགས་རྗེས་སུ་དཔག་པར་བྱ་བའི་ཆོས་སུ་མ་གྲགས་ཏེ། བསྟན་བཅོས་ཀྱི་ མཚན་ཉིད་ཀྱི་ཚིག་གཞན་མེད་པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པར་བྱ་བའི་ཆོས་སུ་སྒྲུབ་པ་ཡིན་པའི་ཕྱིར་འདིར་མི་ལྡན་པ་ཉིད་རྣམ་པར་གཅོད་པ་ཡིན་ནོ་ཞེས་འཆད་པ་ནི། དེས་ན་མི་ལྡན་པ་རྣམས་གཅོད་པའི་རྒྱུ་དེས་ན་ཆོས་ཅན་ཆོས་ཀྱི་ཁྱད་པར་ཡིན་ཏེ། རྣམ་པར་གཅོད་པར་བྱེད་པ་བལྟ་བར་བྱའོ། ། དེས་ན་ཆོས་ཅན་གྱི་ཁྱད་པར་ཅན་གྱི་ཆོས་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་བརྟེན་པ་མ་ཡིན་ནོ། །གཞན་དང་ལྡན་པ་རྣམ་པར་གཅད་པས་ཁྱད་པར་ཡིན་པར་ཁས་ལེན་ན་སྐྱོན་བསྟན་པའི་ཕྱིར་བཤད་པ། སྒྲ་ལ་སོགས་པ་དང་འབྲེལ་པའི་བྱ་བ་གཅིག་གཏན་ཚིགས་ཉིད་དེར་འགྱུར་ན་ཆོས་ཅན་གཞན་དང་འབྲེལ་ པའི་བྱས་པ་གཞན་དེ་ཉིད་མ་ཡིན་པ་ཞེས་བྱ་བ་གཏན་ཚིགས་ཉིད་མ་ཡིན་པར་འགྱུར་རོ། །འདི་ལྟར་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཆོས་གཏན་ཚིགས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ངག་འདིར་འགྱུར་ན། དེ་ལྟར་ན་མི་འཐད་དེ་རང་བཞིན་མཚུངས་པ་དག་ལས་གཅིག་གཏན་ཚིགས་ཉིད་ཡིན་ན། གཞན་གཏན་ཚིགས་མ་ཡིན་པར་ཇི་ལྟར་འགྱུར། སྒྲ་གཅིག་བྱས་པ་ཉིད་ཡིན་ན་གཞན་བུམ་པ་མ་བྱས་པ་ཉིད་དུ་ཐལ་ལོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ཏེ། འདི་ལྟར་གང་ཞིག་རྗེས་སུ་དཔག་པར་བྱ་བ་ཉིད་དུ་ཡོད་པ་དེ་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདི་དག་གི་དོན་ཡིན་གྱི། གང་གིས་གཞན་མ་བྱས་པ་ ཉིད་དུ་འགྱུར་བ་གང་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་དེ་ནི་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ནོ། །གཏན་ཚིགས་མ་ཡིན་པ་ཉིད་དུ་ནི་ཐལ་བར་འགྱུར་ཏེ། འདི་ལྟར་གང་གི་ཚེ་རྟག་པའི་དངོས་པོ་ལས་ལྡོག་པས་མི་རྟག་པ་ཉིད་དུ་གཟུང་བ་དེའི་ཚེ་སྤྱིར་གཅིག་ཏུ་འགྱུར་བ་ཡིན་ལ། གང་གི་ཚེ་ལྡོག་པ་ གཞན་གྱི་ཁྱད་པར་དུ་བྱས་པ་དེའི་ཚེ་ནི་གཞི་སོ་སོ་ལ་ཐ་དད་པས་དུ་མར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་བྱས་པ་ཉིད་ཀྱང་དུ་མ་ཡིན་ནོ། །དེས་ན་གཅིག་གཏན་ཚིགས་ཉིད་ལ་གཞན་ནི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །སྐྱོན་འདིར་མ་ཟད་དེ། འོན་ཀྱང་ཁྱད་པར་དང་ཁྱད་པར་ཅན་དང་འབྲེལ་པའི་ཚིག་ཕྲད་ཀྱང་ སྟེ། དེ་དག་གི་ཚིག་ཕྲད་ཁྱད་པར་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པར་རྣམ་པར་བཅད་པའི་སྒོ་ནས་གཏན་ཚིགས་ཀྱི་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པར་བཤད་པ་འདིས་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཡང་མ་འབྲེལ་པ་རྣམ་པར་གཅོད་པའི་རྒྱུ་མཚན་གྱིས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་ ངེས་པར་བྱའོ། །དེས་ན་དེ་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་སྤང་བར་འགྱུར་རོ། །འདི་ཉིད་སྟོན་པ་ནི་དེས་ན་རྗེས་སུ་འགྲོ་བ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ནི་དམ་བཅའ་བ་སྦྱོར་བ་ཡིན་ན་བརྗོད་པར་བྱ་བ་མ་ཡིན་གྱི། དམ་བཅའ་བ་སྦྱོར་བ་མེད་ན་རྗེས་སུ་འགྲོ་བའི་དུས་སུ་ཆོས་ཅན་ཉིད་མེད་པའི་ཕྱིར་ རྗེས་སུ་འགྲོ་བ་མེད་པའི་སྐྱོན་གྱི་རྟོགས་པ་ཡོད་པ་མ་ཡིན་ནོ། །མ་འབྲེལ་པར་རྣམ་པར་གཅོད་པ་ལ་ཡོན་ཏན་གཞན་ཡང་སྟོན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །མི་རྟག་པ་ཉིད་ཀྱི་རང་བཞིན་ནམ། མེའི་རང་བཞིན་གྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་ཡང་འདི་སྐད་ཅེས་མེ་ཙམ་དང་མི་རྟག་པ་ཙམ་བསྒྲུབ་པ་ན་གྲུབ་པ་ ལ་སྒྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་ནི་བརྗོད་པར་ནུས་པ་མ་ཡིན་ན། གང་གི་ཕྱིར་སྤྱིའི་རང་བཞིན་མེ་ཙམ་དང་མི་རྟག་པ་ཙམ་རབ་ཏུ་གྲུབ་ན། མ་འབྲེལ་པ་རྣམ་པར་གཅོད་པའི་མཚན་ཉིད་ཁྱད་པར་ཅན་གྱི་ཕྱོགས་སམ། སྒྲ་དང་འབྲེལ་པར་འགྲུབ་པར་འགྱུར། མ་འབྲེལ་པ་རྣམ་པར་གཅོད་པ་དེ་ནི་མ་གྲུབ་པ་སྒྲུབ་པར་ འགྱུར་བ་ཡིན་ནོ། །དེའི་ཕྱིར་ཁྱབ་པའི་ཚུལ་སྤྱིས་ཡིན་ཡང་མེད་ན་མི་འབྱུང་བའི་ཁྱད་པར་རྟོག་པར་འགྱུར་བ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །དེ་ཉིད་སྟོན་པར་བྱེད་པ་ནི། སྒྲ་དེ་དང་མ་འབྲེལ་པ་རྣམ་པར་བཅད་པ་མ་གྲུབ་པའི་ཕྱིར་རོ། །མི་ལྡན་པ་རྣམ་པར་བཅད་པ་ནི་ལྡན་པ་སྟེ། འབྲེལ་པ་ ལ་བྱའོ། །འབྲེལ་པ་ཡང་འབྲེལ་པ་ཅན་ལས་ཐ་དད་པ་མེད་དེ། དེས་ན་མ་འབྲེལ་པ་རྣམ་པར་བཅད་པ་ནི་ཆོས་དང་ཆོས་ཅན་བསྡུས་པ་ཉིད་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཆོས་ཅན་ཆོས་ཀྱི་སྤྱིའི་ཕྱོགས་གཅིག་ཆོས་ལ་ཁྱབ་པའི་དུས་ན་ཉེ་བར་བརྟགས་ནས་བསྒྲུབ་བྱར་བརྗོད་པ་དེ་བཞིན་དུ། མ་འབྲེལ་པར་རྣམ་པར་ བཅད་པའི་ཆོས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་ཡིན་དང་ཅིའི་ཕྱོགས་གཅིག་ཆོས་ཙམ་ཁྱད་པར་མེད་པ་ལ། བསྒྲུབ་བྱར་བརྗོད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། ཆོས་དང་ཆོས་ཅན་བསྡུས་པ་ལས་མི་ལྡན་པ་རྣམ་པར་གཅོད་པ་གཞན་མེད་པའི་ཕྱིར་རོ། །སྤྱིའི་ཕྱོགས་གཅིག་ནི་མི་ལྡན་པ་རྣམ་ པར་བཅད་པའི་ཁྱད་པར་ཅན་ཉིད་མ་ཡིན་གྱི། འོན་ཀྱང་ཁྱད་པར་དང་འབྲེལ་པ་ཉིད་དུ་གྱུར་པ་ཡིན་པའི་དུས་སུ་བསྒྲུབ་བྱར་ཉེ་བར་བརྟགས་ནས་བརྗོད་པ་ཡིན་ལ། སྤྱི་ཡང་དེ་ཉིད་ཡིན་ནོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་ངེས་པར་གཟུང་བ་དེའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་ལ་མེད་པར་ཏེ་མི་ལྡོག་པར་ འགྱུར་རོ། །འདི་ལྟར་ངེས་པར་གཟུང་བས་ནི་གཏན་ཚིགས་གཞན་ལས་ལྡོག་པར་བརྗོད་པ་ཡིན་ལ་མི་མཐུན་པའི་ཕྱོགས་དང་རྗེས་སུ་དཔག་པ་དག་ཀྱང་མཐུན་པའི་ཕྱོགས་ལས་གཞན་པར་ཁྱད་པར་མེད་དོ། །དེས་ན་གཉིས་ལས་ཀྱང་ལྡོག་པར་བརྗོད་པ་ཡིན་ནོ་ཞེས་ཕ་རོལ་དག་དོགས་པ་ལ་བཤད་པ་དེ་ལྟར་ ནི་མ་ཡིན་ཏེ། ཆོས་ཅན་ལ་མེད་པར་ཐལ་བ་མ་ཡིན་ནོ། །གཞན་དགག་པའི་ཁྱད་པར་དོན་གྱི་ཕྱིར་རོ་ཞེས་བྱ་བ་ནི་གཞན་མི་མཐུན་པའི་ཕྱོགས་ལ་དགག་པའི་དོན་དགོས་པ་ངེས་པར་གཟུང་བ་གང་ལ་ཡོད་པ་སྟེ། མི་མཐུན་པའི་ཕྱོགས་ལས་བཟློག་པའི་དོན་དུ་ངེས་པར་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ ཏེ་འདི་སྙམ་དུ་དོན་འདི་འདོད་པ་དེ་ལྟ་ན་ཡང་ངེས་པ་ཁྱད་པར་མེད་པ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་འདི་ག་ལས་ཡིན་ཞེ་ན། བཤད་པ། བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་སྔར་ཡོད་པར་གྲུབ་པའི་ངེས་པར་གཟུང་བ་ངེས་པར་བརྗོད་པའི་སྒྲས་ནི་འཇུག་པའི་ཡུལ་གཞན་དེ་མ་ཡིན་པ་རྣམ་པར་གཅོད་པ་ཡིན་ནོ། ། འདི་སྙམ་དུ་ཡོད་པར་གྲུབ་ན་ཡང་ཕྱིས་ངེས་པར་བྱས་པས་སྔར་གྱི་ཡོད་པ་དང་གཞན་ཁྱད་པར་མེད་པར་བཟློག་པར་འགྱུར་རོ་སྙམ་ན་སྡུད་པའི་ཞེས་སྨོས་སོ། །བསམ་པ་ནི་འདི་ཡིན་ཏེ། འདིར་གཞན་བསྒྲུབ་བྱའི་ཆོས་ཅན་ལ་ཡོད་པ་ཉིད་དུ་སྡུད་པའི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པ་ཡིན་ནོ། །གལ་ཏེ་ངེས་ པའི་བསྒྲུབ་བྱའི་ཆོས་ཅན་ལ་ཡོད་པ་ཉིད་བཟློག་ན་ནི་དེའི་ཚེ་བསྡུ་བ་ཉམས་པར་འགྱུར་རོ། །སྒྲའི་དོན་གང་གི་ཁྱད་པར་གསལ་བར་བྱེད་པའི་སྒྲ་སྨོས་པ་དེ་ཉིད་ཀྱིས་གསལ་བར་བྱ་བའི་ཁྱད་པར་གྱི་དོན་གྱི་རང་བཞིན་བཟློག་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གསལ་བར་བྱེད་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་དོན་གྱི་ ཁྱད་པར་ཅི་འདྲ་བ་ཞིག་གི་གསལ་བྱེད་དུ་ཉེ་བར་བླང་པའི་ཚིག་ཕྲད་དེ་ནི་དེའི་རང་བཞིན་ལ་མི་གནོད་པར་ཁྱད་པར་གསལ་བར་བྱེད་པ་ཡིན་ནོ། །ཁྱད་པར་གསལ་བར་བྱེད་པ་སྨོས་པ་འདི་ནི་སྡུད་པ་ཡིན་ཏེ། དེས་ན་བསྡུ་བ་ཉིད་རྗེས་སུ་བརྗོད་ནས་ཁྱད་པར་གསལ་བར་བྱེད་པར་འོས་པ་ཡིན་ཞིང་། དེ་ལས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཅན་ ལ་ཡོད་པ་ཉིད་མ་བཀག་པར་ངེས་པ་ཡིན་ཏེ། སྡུད་པའི་རང་བཞིན་རྗེས་སུ་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་སྡུད་པའི་ངེས་པར་གཟུང་བ་ཞེས་བརྗོད་པ་ཡིན་ནོ། །སྒྲའི་དོན་ནི་འཇིག་རྟེན་པར་རྟོགས་པར་བྱ་བ་ཡིན་ནོ་ཞེས་དེ་ལྟ་བུའི་རང་བཞིན་ཅན་འཇིག་རྟེན་པ་ཉིད་ཀྱི་དཔེ་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །འདིར་དོན་ཡིན་ ཏེ། ན་ར་དང་ལྷན་ཅིག་ཏུ་བསྡུས་པའི་སྲེད་མེད་ཀྱི་བུའི་ངེས་པར་གཟུང་བ་གང་ཡིན་པ་དེས་ནི་བུ་གཞན་ཉིད་རྣམ་པར་གཅོད་ཀྱི་ན་ར་ཉིད་ནི་རྣམ་པར་གཅོད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་ཏུ་བསྡུས་པའི་ངོ་བོ་བཀག་པར་ཐལ་བའི་ཕྱིར་རོ། །ཚིགས་སུ་བཅད་པ་འདི་འབའ་ཞིག་གི་དོན་འདི་ལྟར་ཡིན་པར་ནི་མ་ཟད་དེ། འདི་འདྲ་བའི་རིགས་ཅན་འཇིག་རྟེན་པའི་ངག་ཀྱང་ཡོད་པ་ཡིན་ནོ། །དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་ཁོ་ན་ལ་ཟན་བྱིན་ཅིག་ཅེས་བྱ་བ་ལྟ་བུའོ། །ཟན་སྦྱིན་པར་བྱ་བ་ཉིད་བསྡུས་པའི་མཆོད་སྦྱིན་གྱི་ངེས་པར་གཟུང་བ་གང་ཡིན་པ་དེས་ནི་ཟན་སྦྱིན་པར་བྱ་བ་གཞན་རྣམ་པར་གཅོད་ཀྱི། གང་ལ་ལྟོས་ནས་དེའི་བསྡུ་བར་ འགྱུར་བ་དེ་ཉིད་ནི་མ་ཡིན་ནོ། །དེས་ན་ཚིགས་སུ་བཅད་པ་འདིས་ནི་གང་དུ་ཡང་བརྗོད་པར་མེད་དོ་ཞེས་གང་སྨྲས་པ་དེ་སྤངས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་དེ་དང་རིགས་མཐུན་པ་ལ་ཡོད་པ་ཚུལ་གཉིས་དང་ལྡན་པའི་གཏན་ཚིགས་གང་ཡིན་པ་དེའི་མེད་པ་མཐུན་པའི་ཕྱོགས་དངོས་པོ་མེད་པ་ལ་མེད་པ་ཉིད་ཀྱི་ངོ་བོ་ནི་ ཚུལ་གསུམ་པ་སྟེ། དེ་ཡང་ཚད་མས་ངེས་པར་གཟུང་བར་བྱ་བ་ཡིན་ནོ་ཞེས་དེ་ལྟར་བསྟན་པའི་དོན་དུ་ངེས་པ་སྨོས་སོ། །ཐ་མར་ཏེ་ཚུལ་གསུམ་པར་སྨོས་པའི་ངེས་པ་ངེས་པའི་མཚན་ཉིད་ཀྱི་ཆོས་བརྗོད་པ་གང་ཡིན་པ་དེ་ནི་གསུམ་ཀ་དང་སྦྲེལ་བར་བྱའོ། །འདི་ལྟར་ཚུལ་ཐ་མ་ལ་སྒྲུབ་པར་ བྱེད་པའི་ཡན་ལག་ཏུ་ངེས་པ་ཉིད་འདོད་པ་དེ་ནི་ཚུལ་སྔ་མ་གཉིས་ལ་ཡང་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡང་ཅི་ལྟར་མེད་པ་ལ་མེད་པ་ཉིད་ངེས་པར་ནུས་ཤེ་ན། བཤད་པ། བསྒྲུབ་པར་བྱ་བ་ལས་དོན་གཞན་དང་རང་བཞིན་དག་གོ། །དེའི་རབ་ཏུ་སྐྱེ་བ་ནི་འབྲས་བུ་གྲུབ་པ་དང་། དེ་ ཞེས་བྱ་བ་བསྒྲུབ་པར་བྱ་བ་ཙམ་རྗེས་སུ་འབྲེལ་པ་སྟེ། བསྒྲུབ་པར་བྱ་བས་བྱས་པ་དང་རང་བཞིན་དུ་མངོན་སུམ་དང་། མི་དམིགས་པ་དག་གམ། གནོད་པར་བྱེད་པའི་ཚད་མ་འཇུག་པས་གྲུབ་ན་སྟེ། དེས་ན་བསྒྲུབ་པར་བྱ་བ་རྒྱུ་དང་ཁྱབ་པར་བྱེད་པ་ཤིང་ཉིད་ལ་སོགས་པའི་དངོས་པོ་མི་དམིགས་པས་མེད་པ་ཉིད་ འགྲུབ་པར་འགྱུར་བར་བལྟའོ། །འདི་སྙམ་དུ་ཇི་ལྟར་འབྲས་བུ་དང་། རང་བཞིན་དག་མི་དམིགས་པ་ཙམ་ཚད་མ་མ་ཡིན་པ་དེ་བཞིན་དུ་རྒྱུ་དང་ཁྱབ་པར་བྱེད་པ་དག་ཀྱང་ངོ་ཞེ་ན། བཤད་པ། བལྟར་རུང་བའི་ཡུལ་ཅན་ཏེ་མི་དམིགས་པ་གང་ལ་ཡུལ་ལྟར་རུང་བ་ཡོད་པའོ། །འདི་སྐད་བཤད་པ་ཡིན་ཏེ། སྣང་ བའི་རྒྱུའམ་ཁྱད་པར་བྱེད་པ་དག་མ་དམིགས་ན་ཡོད་པ་ཉིད་མེད་པར་ངེས་པ་ཡིན་ཞིང་། དེ་ངེས་ན་ནི་འབྲས་བུ་དང་རང་བཞིན་དག་ཀྱང་མེད་པར་ངེས་པར་འགྱུར་གྱི། མི་སྣང་བར་གྱུར་པའི་མི་དམིགས་པ་གཞན་གྱིས་ནི་མ་ཡིན་ནོ། །འོ་ན་མི་དམིགས་པ་ལ་ཅི་ལྟར་ལྡོག་པ་ངེས་པར་བྱེད་ཅེ་ན། བཤད་པ། བཟློག་པ་ དངོས་པོ་ཡོད་པ་ལ་མངོན་སུམ་འཇུག་པ་ལྡོག་པ་ངེས་པའི་རྒྱུ་ཡིན་པའི་ཕྱིར། ཐ་དད་པ་མེད་པར་ལྡོག་པར་ངེས་པ་ཡིན་ནོ་ཞེས་བཤད་དོ། །འདི་ལྟར་དམིགས་པའི་རྒྱུ་གཞན་ཡོད་ཅིང་སྣང་བའི་དངོས་པོ་ཡང་ཉེ་བ་ལ། གལ་ཏེ་མངོན་སུམ་མི་འཇུག་ན་ནི་འགར་ཡང་འཇུག་པར་མི་འགྱུར་ཏེ། དེ་ནི་དེ་ཙམ་གྱི་རྒྱུ་ མཚན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལ་ལར་རྒྱུ་མཚན་དེ་ཙམ་གྱིས་མངོན་སུམ་འཇུག་ན་ནི། འདིར་ཡང་དངོས་པོ་དེ་ཡོད་ན་འཇུག་པར་འགྱུར་རོ་ཞེས་ལྡོག་པར་ངེས་སོ། །དེས་ན་རྒྱུ་གཞན་ཡོད་ཅིང་སྣང་བའི་དངོས་པོ་ཡོད་ན་ངེས་པར་དམིགས་པའི་ཕྱིར། དམིགས་པ་མེད་པ་ལས་མེད་པ་ཉིད་དུ་གདོན་མི་ ཟ་བར་ངེས་པ་ཡིན་ནོ། །དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བྱ་བ་དེ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ནོ་ཞེས་ངེས་པ་ན་མེད་པ་ལ་མེད་པ་ཉིད་བརྗོད་པ་དོན་མེད་པ་ལས་དེ་བྱས་པ་ནི་ངེས་པར་བྱ་བའི་ཕྱིར་ཡིན་ནོ། །གྲུབ་ཟིན་པ་ལ་རྩོམ་པ་ནི་ངེས་པར་བྱ་བའི་ཕྱིར་རོ་ཞེས་ བྱ་བས་འདི་ནི་རིགས་པ་ཡིན་ནོ། །ངེས་པ་ཅི་འདྲ་བ་ཞིག་ཡིན་པ་སྟོན་པ་ནི་མེད་པ་ཁོ་ན་ལས་མེད་པ་ཉིད་ནི་ཚུལ་གསུམ་པ་ཡིན་གྱི་གཞན་པ་ལ་ཡང་མ་ཡིན་པ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ངེས་པའི་འབྲས་བུ་ཡིན་ནོ་ཞེས་ཁ་ཅིག་གིས་རྟོགས་སོ། །འདི་ལྟར་ལུས་ཅན་ཉིད་ལ་སོགས་པ་ནི་མི་རྟག་ པ་ཉིད་ལས་ཆོས་གཞན་ཡིན་ཞིང་། གཞན་ཡང་མི་མཐུན་པའི་ཕྱོགས་ཉིད་ཡིན་པས་གཏན་ཚིགས་འགའ་ཡང་མེད་པར་འགྱུར་རོ། །གང་ཞིག་མི་རྟག་པ་ཉིད་ལ་སོགས་པ་གཅིག་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་པའི་ཆོས་འགའ་ཡང་མེད་དེ། དེས་ན་འགའ་ཞིག་ཀྱང་གཏན་ཚིགས་སུ་མི་འགྱུར་རོ། ། འགལ་བ་ཙམ་མི་མཐུན་པའི་ཕྱོགས་ཡིན་ན་ཡང་དེ་ཉིད་ལས་རྣམ་པར་བཅད་པའི་ཕྱིར་མེས་དྲོ་བ་རྟོགས་པར་མི་འགྱུར་ཏེ། གྲང་བ་ཡང་མ་ཡིན། དྲོ་བ་ཡང་མ་ཡིན་པ་མ་བཟློག་པའི་ཕྱིར་རོ། །ཇི་སྐད་དུ་འགལ་བ་ལས་རྣམ་པར་བཅད་པར་ཐལ་བའི་ཕྱིར་དང་། གཏན་ཚིགས་མེད་པར་འགྱུར་བའི་ཕྱིར་ རོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བརྗོད་པ་ན་གཞན་པ་དང་འགལ་བ་མེད་པ་དེ་དང་མཐུན་པ་མ་ཡིན་པ་ཐམས་ཅད་ལ་མེད་པ་ཉིད་མཚན་ཉིད་གཞན་དུ་ཐལ་བས་ན། མེད་པ་ཉིད་ལ་མེད་པ་ཚུལ་གསུམ་པ་ཡིན་གྱི། གཞན་པའམ་འགལ་བ་ནི་མ་ཡིན་ནོ་ཞེས་ བསྟན་པའི་ཕྱིར་ངེས་པར་བྱ་བའི་དོན་དུ་མེད་པ་ཉིད་ལ་ཞེས་བཤད་དོ་ཞེས་སོ། །སློབ་དཔོན་གྱིས་འདི་དགག་པའི་ཕྱིར་བཤད་པ། འདི་མེད་པ་ལ་མེད་པར་བརྗོད་པའི་དོན་དེ་ལྟར་རྟོགས་པ་དེ་ལའོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། ཆོས་གཞན་ལ་ཡོད་པ་སྲིད་པ་དེ་འགོག་པ་དེ་ལྟར་དོགས་པ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། མི་སྲིད་ པ་ཉིད་ཀྱི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་ཏེ། མི་རྟག་པ་ཉིད་ལས་ཐ་དད་པའི་ཆོས་ལས་ཡོད་པ་འགག་པ་ནི་དོགས་པ་མ་ཡིན་ཏེ། ཆོས་གཅིག་ཁོ་ན་ལ་ཡོད་པ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་པ་སྲིད་ན་ནི་དེའི་ཚེ་དངོས་པོ་མེད་པ་མ་བརྗོད་ན་དེ་རྟོགས་པའི་དོན་དུ་ཆོས་གཞན་ལ་འཇུག་པ་དགག་པར་དོགས་ པར་འགྱུར་བ་ཞིག་ན་རྣམ་པ་དེ་ལྟ་བུ་ནི་མི་སྲིད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་གཞན་འགོག་པར་རྟོགས་པར་འགྱུར་ཏེ། དེ་ཉིད་སྲིད་པའི་ཕྱིར་རོ། །དེས་ན་མཐུན་པ་ཉིད་ལ་ཡོད་པ་ཞེས་བརྗོད་ན་འགའ་ཡང་ཆོས་གཞན་ལས་བཟློག་པར་དོགས་པ་མེད་དོ། །དེས་ན་བཟློག་པའི་ཕྱིར་མེད་པ་ལ་མེད་པ་ཉིད་སྨོས་པ་དོན་ མེད་དོ། །འགལ་བ་རྣམ་པར་གཅོད་པར་ཐལ་ལོ་ཞེས་གང་བརྗོད་པ་དེ་མི་རིགས་ཏེ། འདི་ལྟར་འགལ་བ་ལ་གཏན་ཚིགས་འགོག་པར་རྟོགས་པ་དེ་ཡང་གལ་ཏེ་དེ་ཁོ་ན་ལ་བྱེ་བྲག་ཏུ་ངེས་པར་འགོག་པར་རྟོགས་པར་བྱ་བ་ཡིན་ན་ནི་དེའི་ཚེ་སྐྱོན་དུ་འགྱུར་རོ། གང་གི་ཕྱིར་དེ་ཁོ་ན་ལས་བཟློག་པ་ནི་མ་ཡིན་ཏེ། འོན་ ཀྱང་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་གཞན་ལས་ཀྱང་ཡིན་ནོ། །འདི་སྙམ་དུ་འགལ་བ་ཁོ་ན་མི་མཐུན་པའི་ཕྱོགས་ཡིན་པ་དེས་ན་དེ་ཁོ་ན་ལ་ལྡོག་པར་འགྱུར་གྱི། དེ་གྲང་བ་ཡང་མ་ཡིན་དྲོ་བ་ཡང་མ་ཡིན་པ་ལས་ཀྱང་ལྡོག་པ་ག་ལས་ཤེ་ན། དེ་དང་མཐུན་པ་ཁོ་ན་ལ་ཞེས་སྨོས་སོ། །དེ་དང་མཐུན་པའི་ཕྱོགས་ ཁོ་ན་ལ་གཏན་ཚིགས་ཡོད་པ་ཞེས་བྱ་བའི་ཚིག་འདི་ཙམ་གྱིས་ནི་འགལ་བ་ཁོ་ན་དེ་དང་མཐུན་པ་མ་ཡིན་ནོ་ཞེས་པ་དེ་ལྟར་རྟོགས་པར་མི་འགྱུར་རོ། །འདི་ལྟར་དེ་དང་མཐུན་པ་ཉིད་ལ་ཞེས་བརྗོད་པས་ནི་དེ་དང་མཐུན་པ་ལ་ཡོད་པར་ངེས་པར་འགྱུར་གྱི། དེ་དང་མཐུན་པ་མ་ཡིན་པ་ནི་འགའ་ཡང་ངེས་པར་མི་ འགྱུར་ན། གང་གི་ཡིན་ཁྱད་པར་མེད་པ་ཉིད་དུ་མི་འགྱུར་བར་འགལ་བ་ཁོ་ན་མི་མཐུན་པར་འགྱུར། གལ་ཏེ་འགལ་བ་ཁོ་ན་མི་མཐུན་པའི་ཕྱོགས་ཡིན་ན་སྐྱོན་ཅིར་འགྱུར་ཞེ་ན། བཤད་པ། འགལ་བ་ཁོ་ན་མི་མཐུན་པའི་ཕྱོགས་ཡིན་པ་གང་གིས་མི་མཐུན་པའི་ཕྱོགས་ཁོ་ན་ལས་ལྡོག་པའི་ཕྱིར། གཏན་ཚིགས་མེད་པ་ཉིད་ཀྱི་མཚན་ཉིད་ཀྱིས་བསྒྲུབ་བྱ་དྲོ་བ་རྟོགས་པར་མི་འགྱུར་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལས་ལྡོག་པའི་གཏན་ཚིགས་ནི་དེ་ཉིད་ལྡོག་པ་སྟོན་པར་བྱེད་པ་ན་ལྡོག་པའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཀྱང་གལ་ཏེ་ འགལ་བ་ཉིད་ཡིན་ན་ནི་འགལ་བ་དེ་ཉིད་ལས་ལྡོག་པའི་གཏན་ཚིགས་ཀྱིས་དེ་ཉིད་ཟློག་པར་བྱེད་པར་འགྱུར་རོ། །འགལ་བ་ནི་བཟློག་པར་བྱས་ཀྱང་དྲོ་བ་རྟོགས་པར་མི་འགྱུར་ཏེ། མི་མཐུན་པའི་ཕྱོགས་མ་ཡིན་པ་གྲང་དྲོ་གཉི་ག་མ་ཡིན་པ་མ་བཟློག་པའི་ཕྱིར་རོ། །དེའི་ཕྱིར་འགལ་བ་འབའ་ཞིག་མི་ མཐུན་པའི་ཕྱོགས་ཡིན་ན་ནི་སྐྱོན་འདིར་འགྱུར་བ་ཞིག་ན་དེ་དང་མཐུན་པ་ཉིད་ལ་ཞེས་བརྗོད་པ་ནི་འགལ་བ་ཉིད་གཅིག་ཏུ་ངེས་པར་མི་མཐུན་པའི་ཕྱོགས་སུ་ཁོང་དུ་ཆུད་པ་མ་ཡིན་ཏེ། འོན་ཀྱང་དེ་དང་མཐུན་པ་ལས་ལྡོག་པ་དངོས་པོ་མེད་པ་ཡང་ཡིན་ཏེ། ཡང་གི་སྒྲས་ནི་དེ་དང་མཐུན་པ་ལས་གཞན་པ་ཡང་མི་མཐུན་ པའི་ཕྱོགས་ཡིན་ནོ། །འདི་ལྟར་དེ་དང་མཐུན་པ་ལས་ལྡོག་པ་དེ་ལས་གཞན་པ་དང་དེ་དང་འགལ་བ་ཡང་ཐམས་ཅད་དེ་དང་མཐུན་པ་མ་ཡིན་ལ། དེ་དང་མཐུན་པ་མ་ཡིན་པ་གང་ཡིན་པ་དེ་ཐམས་ཅད་དེ་དང་མི་མཐུན་པའི་ཕྱོགས་ཡིན་ནོ། །དེས་ན་དེ་ལ་འགལ་བ་ཉིད་ལས་རྣམ་པར་གཅོད་པར་ཐལ་བའི་ཕྱིར་རོ་ཞེས་ཁྱེད་ཀྱིས་ གང་བརྗོད་པའི་སྐྱོན་མེད་པ་དེའི་ཕྱིར་ཁྱེད་ཀྱིས་བསྟན་པའི་སྐྱོན་སྤང་བའི་ཕྱིར་ཚུལ་གསུམ་པ་ནི་མ་བརྗོད་པ་ཉིད་དུ་འགྱུར་རོ། །སློབ་དཔོན་གྱི་དགོངས་པ་ནི་འདི་ཡིན་ཏེ། མེད་པ་ལ་མེད་པ་ཉིད་རྗོད་པའི་དོན་ནི་གང་ཞིག་མེད་པ་ཙམ་ལ་མེད་པ་དེ་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །འགལ་བ་གཞན་ལ་ལྡོག་པ་ དག་ཀྱང་མེད་པ་ཙམ་དུ་ནི་ཁྱད་པར་མེད་དོ། །དེའི་ཕྱིར་ན་གཏན་ཚིགས་ཀྱི་བསྒྲུབ་བྱའི་ཆོས་མེད་པ་ཙམ་ལ་མེད་པ་ནི་ཚུལ་གསུམ་པར་བཤད་པ་ཡིན་ནོ། །གཞན་པ་ཙམ་དང་འགལ་བ་ཙམ་ལ་མེད་པ་ཉིད་ནི་མ་ཡིན་ཏེ། འགལ་བ་འབའ་ཞིག་མི་མཐུན་པའི་ཕྱོགས་ཡིན་ན་དེ་ཉིད་ལས་རྣམ་པར་གཅོད་པར་ཐལ་ལོ། ། གཞན་པ་ཙམ་ཡང་མི་མཐུན་པའི་ཕྱོགས་མ་ཡིན་ཏེ། བསྒྲུབ་བྱ་མི་རྟག་པ་ཉིད་ལ་བྱས་པ་ཞེས་བྱ་བ་གཏན་ཚིགས་ཉིད་མ་ཡིན་པར་ཐལ་བའི་ཕྱིར་ཏེ། ལྡོག་པའི་ཡུལ་མི་རྟག་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །ཆོས་གཞན་ནི་བསྒྲུབ་པར་བྱ་བའི་ཆོས་ལ་གཞན་ཡིན་ནོ་ཞེས་ཁྱེད་ཀྱིས་གཞན་ཉིད་དུ་བརྟགས་ པ་གང་ཡིན་པ་དེ་ནི་མ་འབྲེལ་པ་ཉིད་དེ། འདི་ལྟར་ལྡོག་པ་ལ་ལྟོས་ནས་བརྟགས་པའི་ཆོས་གཞན་ལ་ནི་བྱས་པ་ཉིད་མ་ཡིན་གྱི་འོན་ཀྱང་ཆོས་ཅན་དངོས་པོར་གྱུར་པ་ཉིད་ལ་ཡིན་ནོ། །འདི་སྙམ་དུ་དེ་ཡང་ཆོས་དེ་ལས་གཞན་མ་ཡིན་ནོ་སྙམ་ན། བདེན་ཏེ། འོན་ཀྱང་ཆོས་དེ་དང་ལྡན་པས་དེ་ཉིད་གཞན་ཡིན་ ནོ་ཞེས་ནི་བསྙད་པར་མི་ནུས་ཏེ། འདི་ལྟར་མི་རྟག་པ་དང་ལྡན་པའི་ཕྱིར་ནི་དེ་རེ་ཞིག་མཐུན་པའི་ཕྱོགས་ཡིན་ལ། ཆོས་གཞན་དང་ལྡན་པས་ནི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བསྟན་པར་མི་ནུས་པ་མ་ཡིན་ནོ། །བྲམ་ཟེ་དང་ལྡན་པས་བྲམ་ཟེ་ཡིན་པ་ཉིད་ཆོས་གཞན་དང་ལྡན་པས་བྲམ་ཟེ་མ་ཡིན་པ་ནི་ མ་ཡིན་གྱི། འོན་ཀྱང་སྐབས་སུ་བབ་པའི་ཆོས་ཀྱི་རྟེན་མ་ཡིན་པའི་ཕྱིར་རོ། །དེས་ན་མི་རྟག་པ་ཉིད་ཀྱི་རྟེན་མ་ཡིན་པ་ཁོ་ན་གཞན་ཡིན་གྱི། མི་རྟག་པ་དང་ལྡན་པ་ཉིད་ནི་མ་ཡིན་ནོ། །དེའི་ཕྱིར་གཞུང་འདི་ལ་སློབ་དཔོན་གྱི་དགོངས་པ་ནི་གཞན་དུ་ཡིན་ནོ། །འོ་ན་ཇི་ལྟར་མེད་པ་ལ་མེད་ པ་ཉིད་བརྗོད་ཅེ་ན། སྨྲས་པ། རྗེས་སུ་འགྲོ་བ་དང་། ལྡོག་པ་དག་གི་སྦྱོར་བ་བསྟན་པའི་དོན་ཏེ། དགོས་པ་གང་ལ་ཡོད་པ་སྟེ། མི་མཐུན་པའི་ཕྱོགས་ལ་མེད་པར་བརྗོད་པ་ནི་སྦྱོར་བ་བསྟན་པའི་ཕྱིར་ཡིན་ནོ། །ཡང་སྦྱོར་བ་བསྟན་པ་ཅི་ལྟ་བུ་ཞིག་ཅེ་ན། བཤད་པ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ ནང་ནས་ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་ངེས་པ་དང་ལྡན་པའི་ཚུལ་གང་ཡིན་པ་དེ་གཅིག་སྦྱར་བའི་ཤུགས་ཀྱིས་སོ། །ཤུགས་ལས་རྟོགས་པ་ནི་དོན་གྱིས་གོ་བ་སྟེ། དེ་གཉིས་པ་རྟོགས་པར་བྱེད་དེ་གོ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱབ་པ་དང་ལྡན་པ་གཅིག་བརྗོད་པས་ གཉིས་ལ་འཕེན་པ་དེའི་ཕྱིར་གཅིག་ཉིད་སྦྱོར་གྱི་གཉི་ག་ནི་མ་ཡིན་ནོ། །ཁྱབ་པ་ཡང་ངེས་པར་གཟུང་བས་གོ་བར་བྱ་བ་ཡིན་ཏེ། དེས་ན་ངེས་པར་གཟུང་བ་དང་ལྡན་པའི་ངག་གིས་ངེས་པ་ཅི་འདྲ་བ་དང་ལྡན་པར་བརྗོད་པ་དེ་འདྲ་བ་ཉིད་སྦྱར་བར་བྱའོ་ཞེས་བསླབ་པའི་ཕྱིར། ངག་གཉི་ག་ལ་ངེས་པར་གཟུང་བ་ དང་བཅས་པར་བསྟན་ཏོ། །ཅི་སྟེ་གཉི་ག་དུས་གཅིག་ཏུ་སྦྱར་བར་མི་བྱའོ་ཞེས་གཅིག་ངེས་པ་དང་ལྡན་པའི་ངག་སྦྱར་བར་བྱ་བར་བསྟན་ཏམ་ཞེ་ན། མ་ཡིན་ནོ་ཞེས་སྨྲའོ། །འོ་ན་ཅི་ལྟར་ཞེ་ན། འབྲས་བུ་གཞན་གྱི་ཕྱིར་ངེས་པ་དང་ལྡན་པར་སྦྱར་བར་བྱ་བ་ཉིད་ཡིན་ལ། དེ་སྦྱར་བ་ན་ཡང་གཉིས་པ་ནི་བརྗོད་ པ་ཉིད་ནི་ཞར་ལ་འོངས་པ་ཡིན་ནོ། །འདི་ལྟར་ཡོད་པ་དང་མེད་པ་ཙམ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་པར་བརྗོད་ན་ནི་སྦྱོར་བ་གཉི་ག་ཡང་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །འདི་ལྟར་ངེས་པ་མེད་ན་ནི་སྦྱོར་བའི་དོན་འདི་འདྲ་བར་འགྱུར་ཏེ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལ་ མེད་པ་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་རོ། །ཤིང་ཕུང་གཅིག་ལས་སྐྱེས་པ་ལ་ཡང་མཐུན་པའི་ཕྱོགས་ལ་ཡོད་པ་ཙམ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཙམ་ཡོད་པ་ཉིད་དེ། དེས་ན་དེ་བཟློག་པའི་ཕྱིར་ཡོད་པ་དང་མེད་པ་ངེས་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ལ། ངེས་པ་གཅིག་ཉིད་དུ་ཡོད་པའམ་མེད་ པར་བརྗོད་པ་ན་ཡང་གཉིས་པ་འཕེན་པ་ཡིན་ནོ། །དེ་ལ་དོན་དམ་པ་ནི་འདི་ཡིན་ཏེ། ངེས་པ་ཉིད་དུ་བརྗོད་པས་ན་གཏན་ཚིགས་གོ་བར་བྱེད་པ་ཡིན་པ་དེའི་ཕྱིར་ངེས་པ་ནི་གདོན་མི་ཟ་བར་བྱ་བ་ཡིན་ལ། ངེས་པ་ཡང་གཅིག་བརྗོད་ན་གཉིས་པ་འཕེན་པ་ཡིན་པའི་ཕྱིར་གཉིས་པ་སྦྱར་བར་མི་བྱའོ། །གཏན་ཚིགས་ མཐུན་པའི་ཕྱོགས་ཉིད་ལ་ངེས་པ་ནི་འབྲེལ་པ་ལས་ཡིན་ཞིང་། དེ་ཉིད་ལས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལས་ངེས་པ་དང་ལྡན་པར་ལྡོག་པ་ཡང་འབྲེལ་པ་ཉིད་ལས་མཐུན་པའི་ཕྱོགས་ལས་ངེས་པ་དེ་ཉིད་ལས་ཡིན་ལ། འབྲེལ་པ་དེ་ཡང་རྗེས་སུ་འགྲོ་བའི་མཚན་ཉིད་ ཡིན་པའི་ཕྱིར་ལྡོག་པ་སྦྱར་བ་ན་ཡང་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ནོ། །དེ་ནི་གཅིག་རྟོགས་པ་ན་ཡང་གཉིས་པ་རྟོགས་པར་ངེས་པ་འཁྲུལ་པར་བསྒྲུབ་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཉན་པར་བྱ་བ་ཉིད་ལྡོག་པ་ཡིན་ཡང་གོ་བར་བྱེད་པ་ཉིད་མ་ཡིན་པ་དེའི་ཕྱིར་ལྡོག་པ་རྟོགས་པས་རྗེས་ སུ་འགྲོ་བ་ངེས་པ་ལྡན་པར་རྟོགས་སོ་ཞེས་ཇི་ལྟར་བརྗོད། གཏན་ཚིགས་ནི་རབ་ཏུ་གྲུབ་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་གོ་བར་བྱེད་པ་ཡིན་ཏེ། དེས་ན་ལྡོག་པ་རྟོགས་ཀྱང་རྗེས་སུ་འགྲོ་བ་མི་རྟོགས་པ་དེའི་ཕྱིར་མཉན་པར་བྱ་བ་ཉིད་གོ་བར་བྱེད་པ་མ་ཡིན་ནོ་ཞེ་ན། དེ་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ སོ། །མཉན་པར་བྱ་བ་ཉིད་ལ་ནི་ལྡོག་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ལྡོག་པ་ཡོད་ན་ནི་ངེས་པར་རྗེས་སུ་འགྲོ་བ་ཡང་ཡོད་པར་འགྱུར་ཏེ། མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །འགའ་ལས་ཀྱང་ཞེས་བྱ་བ་ནི་རྟག་པ་ཉིད་དམ་མི་རྟག་པ་ཉིད་ལའོ། །གལ་ཏེ་འགའ་ལས་ལྡོག་པར་ངེས་ན་ནི་གང་ལས་ལྡོག་པ་དེ་ ལ་ཐེ་ཚོམ་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་རང་ཉིད་ཡོད་པས་དེ་མེད་པར་གོ་བར་བྱེད་པ་ཉིད་དུ་འགྱུར་ལ། འགལ་ཟླ་མེད་པར་གོ་ན་ཡང་ཅིག་ཤོས་ངེས་པར་ཡོད་པར་འགྱུར་བའི་ཕྱིར་མཉན་པར་བྱ་བ་ཉིད་ཐེ་ཚོམ་སྒྲུབ་པར་བྱེད་པར་མི་འགྱུར་བ་ཞིག་ན། ཐེ་ཚོམ་སྒྲུབ་པར་བྱེད་པའི་རྒྱུའི་ཕྱིར་འགའ་ལས་ཀྱང་ལོག་ པར་ངེས་པར་མེད་པ་ཡིན་ནོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་ལྡོག་པའི་གཏན་ཚིགས་ངེས་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་ལྡོག་པ་དང་ལྡན་པ་ལ་ནི་ཞེས་སྨོས་སོ། །ལྡོག་པ་དང་ལྡན་པ་ལ་ནི་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱས་པ་ཉིད་ལས་མི་རྟག་པ་ཉིད་བཞིན་ནོ། །བྱས་པ་ཉིད་དེ་ནི་རྟག་པ་ལས་ལྡོག་པ་ན་ འགའ་ཞིག་ཏུ་རང་ཡོད་པ་ན་ཟློག་པར་བྱེད་པ་ཉིད་དོ། །བྱས་པ་ཉིད་ངེས་པར་རྟག་པ་ལས་ལྡོག་པ་ནི་ཡིན་ལ་བྱས་པ་ཉིད་ཀྱི་ཡུལ་རྟག་པར་ཐེ་ཚོམ་ཡང་ཟའོ་ཞེས་ནི་བརྗོད་པར་མི་ནུས་སོ། །རྟག་པ་ཉིད་ཀྱི་ཡུལ་ལ་ཐེ་ཚོམ་མེད་ན་ནི་དེ་ཡོངས་སུ་སྤངས་པས་གནས་པའི་མཚན་ཉིད་མི་རྟག་པ་ཉིད་ ལ་ཡང་ཐེ་ཚོམ་མེད་པ་ཡིན་ཏེ། དེའི་ཕྱིར་གང་ལ་ལྡོག་པ་ཡོད་པ་དེ་ནི་ཐེ་ཚོམ་གྱི་རྒྱུ་མ་ཡིན་ལ། གང་ཞིག་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་ནི་ཐམས་ཅད་ལས་ལྡོག་པར་ཐེ་ཚོམ་དུ་གྱུར་པ་ཡིན་ནོ། །འདི་སྙམ་དུ་མཉན་པར་བྱ་བ་ཉིད་འགའ་ཞིག་ལས་ལྡོག་པར་དེ་ལྟ་ན་ཡང་ལྡོག་པའི་ཡུལ་ཉིད་ལྡོག་པར་ནུས་པ་ཡིན་གྱི། ཅིག་ཤོས་ཀྱི་ངོ་བོ་སྒྲུབ་པ་ལ་ནི་ཐེ་ཚོམ་སྐྱེད་པ་ཡིན་ནོ་སྙམ་ན། དངོས་པོའི་ཆོས་ཞེས་སྨོས་ཏེ། མཉན་པར་བྱ་བ་ཉིད་ནི་དངོས་པོའི་ཆོས་ཡིན་ལ། དངོས་པོའི་ཆོས་གང་ཡིན་པ་དེ་ཡང་དངོས་པོ་ཐམས་ཅད་ལ་ངེས་པར་ལྡོག་པ་དེ་ལྟ་ན་ཡང་ལྡོག་པའི་ཡུལ་ཉིད་མ་ཡིན་ཏེ། དངོས་པོའི་ཆོས་ཉིད་ནི་དེའི་ཆོས་མ་ཡིན་ པར་འགལ་བའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་དག་གིས་དངོས་པོ་ཐམས་ཅད་ཀྱང་ཕུང་པོ་གཉིས་ཡིན་ཏེ། དེའི་ཕྱིར་གཅིག་ལས་ལྡོག་ན་གཉིས་པ་ལ་ངེས་པར་འཇུག་ལ། ཞུགས་ན་ཡང་རང་གི་ཡུལ་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོའི་ཆོས་གཅིག་ལས་ལྡོག་ན་གཞན་ལ་ངེས་པར་ཡོད་ པས་འགའ་ལ་ཡང་ཐེ་ཚོམ་མི་བྱེད་དོ། །གང་ཞིག་འགའ་ལས་ཀྱང་ལྡོག་པར་མ་ངེས་པ་དེ་ནི་གཉི་ག་ལ་འཇུག་པར་དོགས་པ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །འདི་ཉིད་སྟོན་པ་ནི་དེས་ན་དེ་ཡོད་པར་དོགས་པ་ཉིད་ཀྱིས་ཞེས་བྱ་བ་ཡིན་ནོ། །འོ་ན་ཅི་ལྟར་མཉན་པར་བྱ་བ་ཉིད་ལྡོག་པ་དང་ལྡན་པར་བཤད་ཅེ་ན། སྨྲས་ པ། གང་གི་ཕྱིར་འདི་འགའ་ཞིག་ཏུ་ཡང་རྗེས་སུ་འགྲོ་བ་མ་མཐོང་བ་དེའི་ཕྱིར་འདི་ལ་ལྡོག་པ་ཡོད་པའི་ལྡོག་པ་དང་ལྡན་པར་བཤད་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། ལྡོག་པའི་སྒྲ་འདི་ནི་རྗེས་སུ་འགྲོ་བ་མཐོང་བ་འགོག་པ་ལྷུར་བྱེད་པ་ཡིན་གྱི། ལྡོག་པ་ངེས་པ་བརྗོད་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་ བ་མ་མཐོང་བའི་བདག་ཉིད་ཀྱི་ལྡོག་པ་ནི་གོ་བར་བྱེད་པ་མ་ཡིན་ནོ། །འོ་ན་གོ་བར་བྱེད་པ་ཅི་འདྲ་བ་ཞིག་ཡིན་ཞེ་ན། བཤད་པ། རྒྱུ་མི་དམིགས་པ་དང་ཁྱབ་པར་བྱེད་པ་མི་དམིགས་པས་ངེས་པར་བྱ་བའི་གོ་བར་བྱེད་པ་གང་ཡིན་པ་དེ་ནི་བརྗོད་ཟིན་ཏོ། །འདི་སྙམ་དུ་དེ་ཡང་རྗེས་སུ་འགྲོ་བ་མེད་པར་འགྱུར་བ་དེས་ན་ འཕེན་པ་མ་ཡིན་ན་སྙམ་ན། སྨྲས་པ་དེ་ཡང་རྗེས་སུ་འགྲོ་བ་མེད་པར་ལྡོག་པ་ངེས་པར་བསྟན་པར་མི་ནུས་སོ། །འབྲེལ་པ་ཡོད་ན་ནི་བསྒྲུབ་པར་བྱ་བ་ལོག་ན་གཏན་ཚིགས་ལྡོག་ལ། འབྲེལ་པ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་རྒྱུ་མཚན་ཅན་ཡིན་ཏེ། དེའི་ངོ་བོ་ཉིད་ནི་དེའི་བདག་ཉིད་དང་རྒྱུའི་ དངོས་པོ་མཐོང་བ་ཡོད་པའི་ཡུལ་ཅན་གྱི་ཚད་མ་སྒྲུབ་པར་བྱེད་པ་ཤེས་པར་བྱེད་པ་ཡིན་ནོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། འགའ་ཞིག་ཏུ་རང་བཞིན་ནམ་འབྲས་བུར་མཐོང་ན། འགའ་ཞིག་གིས་ཁྱབ་པ་དང་། འགའ་ཞིག་གིས་འབྲས་བུར་རྟོགས་པར་འགྱུར་རོ། །དེའི་བདག་ཉིད་དུ་ངེས་པར་བྱེད་པའི་ཚད་མའི་ཡུལ་དང་། དེ་ལས་བྱུང་ བའི་ཚད་མའི་ཡུལ་གང་ཡིན་པ་དེ་ཉིད་རྗེས་སུ་འགྲོ་བའི་ཡུལ་ཡིན་ཏེ། དེའི་ཕྱིར་བདག་ཉིད་དང་དེ་ལས་བྱུང་བའི་ངེས་པ་ཉིད་ཀྱིས་ལྡོག་པར་ངེས་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ལྡོག་པ་ངེས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཕན་ཚུན་ལྟོས་པར་གྲུབ་པོ། །གལ་ཏེ་མཉན་བྱ་ཉིད་ནི་ཉན་པའི་རྣམ་པར་ ཤེས་པའི་གཟུང་བ་ཡིན་ལ། དེ་ཡང་རང་གི་རྣམ་པ་ཅན་གྱི་རྒྱུ་མ་ཡིན་ནམ། སྐད་ཅིག་མ་མ་ཡིན་པ་ནི་དོན་བྱེད་པ་མེད་དེ། དེས་ན་མི་རྟག་པ་ཉིད་བསྒྲུབ་པ་ལ་མཉན་པར་བྱ་བ་ཉིད་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལས་གཞན་ལ་མེད་པ་ཙམ་གྱིས་ནི་དེ་རྗེས་སུ་འགྲོ་བ་ མེད་པ་མ་ཡིན་ནོ། །དེས་ན་ལྡོག་པ་མེད་པའི་ཕྱིར་མཉན་བྱ་ཉིད་ནི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་ཅི་སྟེ་བརྗོད་ཅེ་ན། གལ་ཏེ་ཉན་པའི་ཤེས་པའི་རྒྱུ་ཉིད་མཉན་བྱ་ཡིན་ན། འོ་ན་ནི་དེ་སྒྲ་ཙམ་ལ་ཡོད་པས། གནོད་པར་བྱེད་པའི་ཚད་མ་གང་གིས་སྐད་ཅིག་མ་ཉིད་ཀྱི་ཁྱབ་པ་སྒྲུབ་པ་དེ་ཉིད་ཀྱི་སྒྲ་ཡང་སྐད་ཅིག་མར་གྲུབ་པའི་ཕྱིར། མཉན་པར་ པར་བྱ་བ་ཉིད་ཀྱིས་གཞན་ཅི་ཞིག་བསྒྲུབ་པར་བྱ། གང་ཞིག་རྟག་ཀྱི་ཚུལ་གྲུབ་པའི་དུས་སུ་མ་གྲུབ་པ་དེ་ནི་རྟགས་ལས་སྒྲུབ་པ་ཡིན་ན། སྒྲའི་སྐད་ཅིག་མ་ཉིད་ནི་མཉན་བྱའི་རྗེས་སུ་འགྲོ་བ་གྲུབ་པའི་དུས་ཉིད་དུ་གྲུབ་པ་ཡིན་ཏེ། དེས་ན་མཉན་བྱ་ལ་མི་ལྟོས་སོ། །དེ་ལྟར་ཡོད་པའི་ཁྱབ་པ་གྲུབ་པའི་དུས་ཉིད་ན་སྒྲ་སྐད་ཅིག་ མ་གྲུབ་པ་ནི་མ་ཡིན་ནོ། །འདི་ལྟར་ཡོད་པའི་དངོས་པོ་ནི་ཚད་མེད་པ་ཡིན་ཏེ། དེའི་ཕྱིར་ཐུན་མོང་གི་ཡུལ་ལ་ཁྱབ་པར་འགྲུབ་པོ། །ཇི་ལྟར་དངོས་པོ་གཅིག་གི་མུར་ཐུག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་མེད་པར་བསྟན་པར་མི་ནུས་པ་དེ་ལྟར་ནི་སྐད་ཅིག་མ་འཇིག་པའི་སྐབས་སུ་འཆད་པར་འགྱུར་ རོ། ཐུན་མོང་གི་ཡུལ་ཅན་གྱི་ཁྱབ་པ་སྒྲུབ་ཀྱང་སྒྲ་ཡོད་པར་ཐེ་ཚོམ་ཟ་བ་ན། སྐད་ཅིག་མར་མ་གྲུབ་པ་ཡིན་ལ་ཡོད་པར་ངེས་པ་ལ་ནི་གྲུབ་པ་ཡིན་ནོ། །མཉན་བྱ་ཉིད་ནི་སྒྲ་ཙམ་ལ་ཡོད་པས་དེ་ཉིད་དུ་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་ནོ། །དེའི་ཕྱིར་མཉན་བྱའམ་གཞན་ཡང་རུང་སྟེ་གང་ཞིག་ཐུན་མོང་མ་ཡིན་ པ་དེ་ནི་གོ་བར་བྱེད་པ་མ་ཡིན་ཏེ། གནོད་པར་བྱེད་པའི་ཚད་མ་ཉིད་ཀྱིས་ཤེས་པར་འདོད་པའི་བྱེ་བྲག་རྗེས་སུ་དཔག་པར་བྱ་བ་གྲུབ་པའི་ཕྱིར་ན། དེའི་བྱ་བ་མེད་པའི་ཕྱིར་རོ། །དངོས་པོ་གཅིག་ལ་བརྟེན་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་མེད་པར་བསྒྲུབ་པ་ཡང་མི་ནུས་ཏེ། དེའི་ཕྱིར་ཁྱབ་པ་འགྲུབ་པར་ག་ལ་ འགྱུར། གལ་ཏེ་ངེས་པ་ཉིད་རྗེས་སུ་འགྲོ་བའམ་ལྡོག་པ་ཡིན་ན། འོ་ན་ནི་རྟགས་ཚུལ་གཉིས་པར་ཐལ་བར་འགྱུར་ཏེ། ཕྱོགས་ཀྱི་ཆོས་རྗེས་སུ་འགྲོ་ལྡོག་དག་ལས་གང་ཡང་རུང་བའོ་ཞེ་ན། དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པ་ཉིད་དོ། །འདི་ལྟར་ མཐུན་པའི་ཕྱོགས་ལ་ཡོད་པ་ཚད་མས་ངེས་ཀྱང་གཞལ་བྱ་ཉིད་བཞིན་དུ་མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པ་མ་ཡིན་ནོ། །གང་ཞིག་ངེས་ཀྱང་མ་ངེས་པ་གང་ཡིན་པ་དེ་ལས་ཁྱད་པར་གཞན་ཉིད་ཡིན་ལ། ཁྱད་པར་གཞན་ཉིད་ཀྱང་ཚུལ་གཞན་ཡིན་པར་བསྟན་པའི་ཕྱིར་ན་ཚུལ་གཅིག་ཉིད་མ་ཡིན་ ནོ། །འོན་ཀྱང་སྔར་བཤད་པའི་ཚུལ་གྱིས་དེ་དག་ནི་ངེས་པའི་སྒྲས་བརྗོད་པར་བྱ་བ་ཡིན་ལ། ངེས་པ་དེ་དག་ནི་གཅིག་གིས་ཀྱང་གཉི་ག་བསྟན་པར་ནུས་པའི་ཕྱིར་སྒྲའི་སྦྱོར་བ་དེ་བསྡུས་ཏེ་བརྗོད་ཀྱི་ཚུལ་གཅིག་ཏུ་བྱས་པའི་ཕྱིར་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཡང་ན་ དོན་གྱིས་གོ་བ་སྟེ། ཤུགས་ཀྱིས་རྟོགས་པ་གང་ཡང་རུང་བ་གཅིག་རབ་ཏུ་སྦྱར་བས་ཀྱང་གཉི་ག་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བཤད་དོ། །ཡང་ནའི་སྒྲ་ནི་ཚད་མ་ཀུན་ལས་བཏུས་པའི་སྐབས་ཀྱི་གཞུང་ལ་ལྟོས་པའོ། །དེའི་ཕྱིར་སྦྱོར་བ་བསྡུས་པ་ཡིན་ཏེ། སྦྱོར་བ་གཅིག་གིས་བརྗོད་པའི་ཚུལ་ནི་ཐ་ དད་པ་ཁོ་ནའོ། །གཞན་དག་ནི་མེད་པ་ཡོད་པ་མ་ཡིན་པ་ལ་ནི་མེད་པ་ཉིད་འཇུག་པ་འགོག་པར་བྱེད་དེ། །མེད་པ་ཡོད་པ་མ་ཡིན་པ་ནི་གཞི་ཞེས་བྱ་བ་གནས་གཞིའི་ནུས་པ་དང་། སོགས་པའི་སྒྲས་བྱེད་པ་ལ་སོགས་པའི་ནུས་པ་དེར་མི་འཐད་པའི་ཕྱིར་ཏེ། མི་སྲིད་པའི་ཕྱིར་རོ། །མེད་པ་ནི་ནུས་པ་ ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདི་དགག་པའི་ཕྱིར་ཕ་རོལ་ལ་བཞད་གད་དུ་སྨྲས་པ་ནི་རེ་ཞིག་ཕྱུགས་དག་ཀྱང་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་གང་མི་རིགས་པར་མཐོང་བ་དེ་ཉིད་ཀྱི་ཚེ་སྔ་མ་དང་ཕྱི་མ་དྲན་པའི་ནུས་པ་མེད་ཀྱང་དེ་ལ་མི་གནས་སོ། །རྒོལ་ལ་འདི་ནི་གང་ཁོ་ནའི་ཚེ་གཞན་འགོག་པ་དེ་ཉིད་ཀྱི་ཚེ་རང་ཉིད་སྤྱོད་ པར་བྱེད་དོ། །དེས་ན་ཕྱུགས་ལས་ཀྱང་ཕྱུགས་ཡིན་ཏེ། ཕྱུགས་ཀྱི་དྲུང་ན་ཡང་ཕྱུགས་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་ཆེན་པོའི་ཡང་ཆེན་པོ་བླ་མ་དག་ལ་སྨོད་པའི་ཕྱིར་འདི་ལས་བདག་ཉིད་མི་ཤེས་པ་གཞན་ཅི་ཞིག་ཡོད་དེ། བདག་ཉིད་མི་ཤེས་པའི་བྱ་བ་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ། ། གཞན་འགོག་པའི་དུས་སུ་བདག་ཉིད་མི་རིགས་པ་བྱེད་པ་ཉིད་བསྟན་པའི་དོན་དུ་བཤད་པ་ནི། ཕ་རོལ་པོ་འདི་ལྡོག་པའི་དོན་སྟོན་པ་རྗོད་པར་བྱེད་པའི་ཚིག་དེ་ཉིད་ཀྱིས་ཏེ། མེད་པ་ལ་མེད་པ་ཉིད་མི་འཐད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་གིས་མེད་པ་དངོས་པོ་མ་ཡིན་པ་ལ་ཐ་སྙད་མི་འཐད་པར་སྟོན་ཅིང་སྒྲུབ་ ཅིང་གཞན་དག་འགོག་པར་བྱེད་པ་ནི་གསལ་བར་རྒྱལ་པོའི་ཆོས་ལུགས་ཡིན་ནོ། །ཁྱེད་ཀྱི་རིགས་པ་དང་མི་རིགས་པ་བརྟགས་པ་དང་མི་ལྡན་པའི་ཚིག་འདི་ནི་རྒྱལ་པོའི་ཆོས་ལུགས་དང་འདྲ་བ་ཡིན་ནོ། །འདི་སྙམ་དུ་མེད་པ་བརྗོད་པའི་ཚིག་གིས་འདི་ཐ་སྙད་དུ་མི་བྱེད་དོ་སྙམ་ན། སྨྲས་པ། བདག་ཉིད་མི་སྨྲ་ན་ནི་ གཞན་རྟོགས་པར་མི་ནུས་ཏེ། མི་དབང་ལ་སྨྲ་ན་ཡང་མེད་པ་ལ་སྒྲ་འཇུག་པའི་སྐྱོན་འདི་སྤང་བར་མི་ནུས་སོ། །དེ་བཞིན་དུ་འདི་ནི་སྐྱོན་གཞན་ཏེ། མེད་པ་ལ་གཏན་ཚིགས་མི་འགོག་ན་སྒྲུབ་པ་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཤད་པ། མེད་པ་ལས་ལྡོག་པ་ཐ་དད་པའི་མཚན་ཉིད་ག་ལ་ཡོད་པའོ། ། འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོ་མེད་པ་བཀག་པ་ཉིད་དངོས་པོ་འགའ་ཞིག་ཏུ་བརྗོད་པ་ཡིན་ཏེ། དེས་ན་གཉི་ག་ལ་དགག་པར་མི་ནུས་སོ། །དངོས་པོ་མེད་པ་བཀག་པའི་ཕྱིར་ན་དངོས་པོ་ཁས་བླངས་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་མེད་པ་ལས་ལྡོག་པའི་ལྡོག་པ་དེ་ཉིད་ཁྱོད་ཅི་ལྟར་ འདོད། ཚིག་གི་སྦྱོར་བ་གང་གིས་འདོད་ཅེ་ན། བཤད་པ། མེད་པ་ལས་ལྡོག་པ་མེད་དོ་ཞེས་བྱ་བ་འདིས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། མེད་པ་ལས་ལྡོག་པ་གྲུབ་པ་མ་ཡིན་ཞེས་སྨྲས་པ་ན། ལྡོག་པའི་ལྡོག་པ་ལ་མེད་པ་འབྱུང་ཁུང་དུ་བསྟན་པ་ཡིན་ནོ། །ཇི་ལྟར་ལྡོག་པ་ལ་ལྟོས་ནས་ནུས་པ་མེད་པའི་ ཕྱིར་འབྱུང་ཁུང་ཉིད་མ་ཡིན་པ་དེ་བཞིན་དུ་ལྡོག་པའི་ལྡོག་པ་ལ་ཡང་ཡིན་ནོ། །ལྡོག་པ་ལ་ནི་འབྱུང་ཁུང་ཉིད་བཀག་ལ། ལྡོག་པའི་ལྡོག་པ་ལ་ནི་འབྱུང་ཁུང་ཉིད་དུ་བརྗོད་དེ། དེ་ཡང་རིགས་པ་མ་ཡིན་པ་བྱས་པ་ཡིན་ནོ། །དོན་འདི་ཉིད་ལྷག་དང་བཅས་ཏེ་ཚིགས་སུ་བཅད་པ་དག་གིས་བསྟན་ པའི་ཕྱིར་སྨྲས་པ། ལྡོག་པ་མེད་པའི་མེད་པ་གང་ཡིན་པ་དེ་ཉིད་ནི་བསྒྲུབ་པ་ཡིན་ནོ། །དེ་ཡང་དངོས་པོ་དེ་ཡོད་པར་བསྟན་པ་ཡིན་ཞིང་། མེད་པ་ལ་ཡང་དེ་ནི་ཡོད་པར་འདོད་པ་ཡིན་ལ། དངོས་པོ་མེད་པ་ནི་མེད་པ་དང་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་འདི་ནི་བླུན་པོ་སྟེ། གླེན་པའི་ཀུན་དུ་སྤྱོད་པ་ཡིན་ ནོ། །གལ་ཏེ་དེ་ལས་ལྡོག་པ་མེད་ན་དངོས་པོ་མེད་པ་དེ་ལ་གཏན་ཚིགས་འཇུག་པར་བྱ་སྟེ། ཡོད་པར་འདོད་དམ་ཅི་ཞེས་རྣམ་པར་དབྱེ་བ་སྒྱུར་ལ་སྦྱར་ཏེ། ལྡོག་པའི་སྒྲ་ནི་བྲལ་བའི་དོན་བརྗོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ། ཡང་ལྡོག་པའི་སྒྲ་དངོས་པོ་མེད་པ་བརྗོད་ན་ནི། དེས་ན་དེ་ལ་ལྡོག་པ་མེད་ན་ཞེས་ གནས་གཞི་རིགས་པར་འགྱུར་རོ། །འདི་སྙམ་དུ་དངོས་པོ་མེད་པ་དེ་ལ་གཏན་ཚིགས་འཇུག་པ་དེ་ཡང་མ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་སྨྲས་པ། འོ་ན་ནི་འདི་ཉིད་ནི་དགག་པ་ཡིན་ཏེ། འདི་ལྟ་སྟེ་དངོས་པོ་བཀག་པ་ཞེས་བྱའོ། །དེས་ན་འདོད་པ་མེད་དོ་ཞེས་ཅི་སྟེ་འགོག །དེ་ལྟར་གལ་ཏེ་སྒྲུབ་པ་དེ་ཉིད་འགོག་ ན་དགག་པ་ཐོབ་པ་ཡིན་ལ། དགག་པ་འགོག་པ་ཡང་སྒྲུབ་པ་ཡིན་པས་མེད་པ་ལ་གཉི་ག་དགག་པར་བྱ་བ་ནི་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །ད་ནི་སྐྱོན་གཞན་བསགས་པའི་ཕྱིར། །སྒྲུབ་དང་དགག་པ་མ་རྟོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། ངག་གི་དོན་གྱི་མཚན་ཉིད་སྒྲ་ ལས་བྱུང་བའི་ཐ་སྙད་ནི་མེད་པ་ལ་འཇུག་པར་མི་ནུས་ཏེ། གང་གི་ཕྱིར་གཞན་མེད་པ་ནི་དེ་ལ་ཡོད་པ་དང་མེད་པ་ཐ་སྙད་བྱ་བ་མ་ཡིན་ལ། དངོས་པོ་མེད་པ་དེ་ཉིད་ཀྱང་རང་ཉིད་ཡོད་པ་དང་མེད་པར་ཐ་སྙད་དུ་མི་ནུས་སོ། །གང་གི་ཕྱིར་རྣམ་པར་དབྱེ་བའི་མཐའ་ཅན་གྱི་ཚིག་གིས་བརྗོད་པར་བྱ་བ་དངོས་པོ་མེད་ པ་བརྟག་པ་འམ་བརྗོད་པར་ནུས་པར་འགྱུར་བ་རྣམ་པར་དབྱེ་བ་ཐམས་ཅད་ནི་བྱེད་པ་པོ་བརྗོད་པར་འདོད་པའི་རྒྱུ་མཚན་ཅན་ཉིད་དོ། །རྣམ་པར་དབྱེ་བ་དང་པོ་ཡང་བྱེད་པ་པོའི་ནུས་པ་ཁོངས་སུ་འདུས་པ་ཅན་ཉིད་ཡིན་ལ། དྲུག་པའི་ཡུལ་ཡང་ལྷག་མ་བྱ་བ་དང་བྱེད་པ་སྔོན་དུ་འགྲོ་བ་ཅན་ཉིད་དོ། །དེས་ ན་ནུས་པ་དང་བྲལ་བའི་ཕྱིར་གནས་གཞི་ལ་སོགས་པའི་ནུས་པ་དང་འབྲེལ་པ་མེད་པས། དངོས་པོ་མེད་པ་འདི་ལ་སྒྲུབ་པ་དང་དགག་པའི་ཐ་སྙད་བྱ་བར་མི་ནུས་པའི་ཕྱིར་མི་སྨྲ་བ་ཉིད་ཐོབ་པར་འགྱུར་རོ། །དངོས་པོ་མེད་པ་ལ་མི་སྨྲ་བ་ཐོབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགག་པའི་ཐ་སྙད་ཐམས་ཅད་ཀྱང་ཆད་པར་ འགྱུར་རོ་ཞེས་བསྟན་པའི་དོན་དུ་བཤད་པ། འགལ་བའི་ཕྱིར་ན་རེ་ཞིག་ཡོད་པའི་དོན་རྣམས་ལ་ནི་དགག་པ་མེད་དོ། །གནས་གཞི་ལ་སོགས་པ་མི་འཐད་པས་དགག་པ་དེ་ནི་མེད་པ་འཇུག་པར་མི་འགྱུར་རོ། །དེས་ན་རྣམ་པ་གཞན་གསུམ་པ་མེད་པའི་ཕྱིར་ན་ཚུལ་འདིས་དགག་པའི་དོན་མེད་པར་ཏེ་ནུས་པར་འགྱུར་ རོ། །འདི་སྙམ་དུ་ཡོད་པ་ཉིད་ཡུལ་དང་དུས་ལ་ལྟོས་ནས་འགོག་པ་ཡིན་ཏེ། དཔེར་ན་བུམ་པ་ཡོད་པ་ཉིད་ཡུལ་ལམ་དུས་དེ་ན་མེད་དོ་ཞེས་དགག་པ་བཞིན་ནོ་ཞེས་ཕ་རོལ་དོགས་ནས་གལ་ཏེ་ཡུལ་དུས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ལྟར་དེ་ཡོད་པ་སྟེ་དངོས་པོ་དེ་རྣམ་པ་གང་གིས་ཡོད་པའི་རྣམ་པ་དེས་ནི་དགག་ པར་མི་ནུས་ལ། རྣམ་པ་གང་གིས་དེ་མེད་པའི་རྣམ་པ་དེས་ཀྱང་དགག་པར་མི་ནུས་པ་ཉིད་དེ། མེད་པ་ནི་གནས་གཞི་ལ་སོགས་པར་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཕྱི་རོལ་གྱི་དངོས་པོའམ་དངོས་པོ་མེད་པ་དགག་པ་དང་འབྲེལ་པར་མི་ནུས་ལ། དགག་པ་བྱེད་པ་ཡང་ཡིན་པ་དེའི་སྒྲའི་ དོན་ལ་བརྟེན་ནས་འགྲོ་བ་འདིར་དགག་པ་དང་སྒྲུབ་པ་ཐམས་ཅད་འདོད་པ་ཡིན་ནོ། །སྒྲའི་དོན་ཅི་འདྲ་བ་ཞིག་ཅེ་ན། དངོས་དངོས་མེད་པ་བརྟེན་པ་སྟེ། །དངོས་པོ་དང་དངོས་པོ་མེད་པའི་རྟེན་གང་ལ་ཡོད་པའོ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་གང་འཆད་པ་ཡིན་པ། །དེ་ཕྱིར་དངོས་དངོས་མེད་རྟེན་ཅན། །ཞེས་བཤད་ པ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་རང་བཞིན་དུ་ལྷག་པར་ངེས་པའི་ཕྱིར་སྒྲའི་དོན་ཀྱང་ཕྱི་རོལ་ཉིད་མ་ཡིན་ནམ་ཞེ་ན་ཕྱི་རོལ་གྱི་རང་བཞིན་དུ་ངེས་པ་སྒྲའི་དོན་ཡིན་པར་སུ་སྨྲ། འདི་ལྟར་གང་ལ་ཕྱི་རོལ་གྱི་རྟེན་ཡོད་པ་མ་ཡིན་པའོ། །རྟེན་ནི་ངེས་པའོ། །ཕྱི་རོལ་ཏེ་ཕྱིའི་ཡུལ་དུ་ངེས་པ་ནི་སྒྲའི་དོན་མ་ཡིན་ཏེ། ཕྱི་རོལ་གྱི་རང་ བཞིན་དུ་ནི་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགག་པ་དང་སྒྲུབ་པ་དག་དང་འབྲེལ་པ་ཉིད་ཤིང་གི་ཚིག་གི་དོན་ཡིན་ཏེ། ཐ་སྙད་ཀྱི་ཡུལ་གྱི་དོན་གཞན་མེད་པའི་ཕྱིར་རོ། །བློའི་ཡུལ་ཉིད་སྒྲའི་དོན་ཡིན་ཏེ། དགག་པ་དང་སྒྲུབ་པ་དག་འབྲེལ་པར་རུང་བ་ཉིད་ཤིང་ལ་སོགས་པའི་ཚིག་གི་དོན་ཡིན་ གྱི་གཞན་ནི་མ་ཡིན་ནོ། །ཕྱི་རོལ་ཤིང་ལ་སོགས་པ་ཉིད་ངེས་པ་ནི་ཚིག་གི་དོན་དུ་མི་འཐད་དོ། །ཕྱི་རོལ་གྱི་ཤིང་ནི་གང་ན་ཡོད་པ་དེར་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་གང་ལ་མེད་པ་དེ་ན་ཡང་བདག་ཉིད་ཐམས་ཅད་ཀྱིས་མེད་པའི་ཕྱིར་རོ། །གལ་ཏེ་དེ་འདྲ་བར་ཡོད་པ་ངེས་པར་བྱས་པའི་ཚིག་གི་ དོན་ཡིན་ན། འོ་ན་ནི་དེ་ལ་སྒྲུབ་པའམ་དགག་པ་གཞན་འབྲེལ་པར་མི་འཐད་དོ། །ཡོད་པའི་དོན་གྱི་ཁྱད་པར་ཅན་གྱི་ཤིང་མྱོང་བར་འགྱུར་བ་ནི་དོན་གཞན་དག་གམ། དེ་བཀག་པ་དང་འབྲེལ་པར་ནུས་པ་ནི་མེད་དོ། །ཅི་སྟེ་ཡང་ཡོད་པ་མ་ཡིན་པར་ཤེས་པའི་ཤིང་སྒྲའི་དོན་ཡིན་ན། དེ་ཡང་སྒྲུབ་པའམ་དགག་ པ་གཞན་དང་འབྲེལ་པར་རུང་བ་མ་ཡིན་ནོ། །གང་ཞིག་ངེས་པས་སྒྲུབ་པ་དང་དགག་པ་འབྲེལ་པར་རུང་བར་འགྱུར་བ་ཡོད་པ་དང་མེད་པ་དག་ལས་ཕྱི་རོལ་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཤིང་ཡོད་དོ་ཤིང་མེད་དོ་ཞེས་བྱ་བའི་ངག་ལ་ཕྱི་རོལ་གྱི་རང་བཞིན་ངེས་པ་ནི་ཤིང་གི་སྒྲའི་དོན་མ་ཡིན་ཏེ། དེ་ཡོད་པ་ འམ་མེད་པར་ངེས་པར་བྱས་པ་ནི་སྒྲུབ་པའམ་དགག་པ་དང་འབྲེལ་པར་མི་རུང་བའི་ཕྱིར་རོ། །སྒྲའི་དོན་ནི་ཕྱི་རོལ་ལ་བརྟེན་པ་མ་ཡིན་ཏེ། ཕྱི་རོལ་བདག་ཉིད་ཐམས་ཅད་ཀྱིས་ལོག་གམ་གནས་ཀྱང་སྒྲའི་དོན་རྟོགས་པའི་ཕྱིར་རོ། །གང་ཞིག་དགག་པ་དང་སྒྲུབ་པ་ནི་ཕྱི་རོལ་ལ་བརྟེན་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ལ་ འདི་སྐད་འདྲི་བར་བྱ་སྟེ། སྒྲའི་དོན་ལ་བརྟེན་ནས་སྒྲུབ་པ་དང་དགག་པ་ཐམས་ཅད་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་ཙམ་གྱིས་ཅི་དགག་པ་དང་སྒྲུབ་པ་ཕྱི་རོལ་ལ་མི་བརྟེན་པར་མ་བརྗོད་དམ། བརྗོད་ན་ཡང་འདིས་ཅི་བྱ། འོ་ན་དགག་པ་དང་སྒྲུབ་པའི་ཕྱི་རོལ་ལ་བརྟེན་པར་ཅི་ལྟར་རྟོགས་པར་འགྱུར་ཏེ། གང་ གི་ཕྱིར་ཕྱི་རོལ་དེ་འདྲ་བ་ནི་མེད་དོ་ཞེ་ན། བདེན་ཏེ་ཕྱི་རོལ་གྱི་དངོས་པོ་དེ་འདྲ་བ་ནི་མེད་དོ། །འོན་ཀྱང་ཕྱི་རོལ་གྱི་རྟེན་ཆོས་ཅན་དེ་ཉིད་ཕྱི་རོལ་གྱི་ཡུལ་དགག་པ་དང་སྒྲུབ་པ་དེ་དག་དང་འབྲེལ་བར་སྣང་ཏེ་མངོན་ནོ། །གལ་ཏེ་ཕྱི་རོལ་གྱི་རང་བཞིན་དུ་ངེས་པ་མ་ཡིན་པ་ཆོས་ཅན་ཡིན་ན་ཕྱི་རོལ་ལ་བརྟེན་པའི་སྒྲུབ་པ་ དང་དགག་པ་དང་འབྲེལ་པར་སྣང་བར་ཇི་ལྟར་འགྱུར། གང་ཞིག་གང་གི་རང་བཞིན་དུ་ངེས་པ་མ་ཡིན་པ་དེ་ནི་དེ་ལ་བརྟེན་པའི་སྒྲུབ་པའམ་དགག་པ་དང་འབྲེལ་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཤིང་གི་སྒྲའི་དོན་ནི་ཕྱི་རོལ་དུ་ངེས་པ་མ་ཡིན་པ་ཉིད་དོ། །འདིས་ཅི་འདྲ་བ་ཞིག་ངེས་པ་དེ་འདྲ་བ་ནི་ཕྱི་རོལ་ ན་མེད་དོ། །འདི་ལྟར་ཤིང་མ་ཡིན་པ་གཅིག་པུ་ལས་ལོགས་པའི་དངོས་པོ་ནི་ཕྱི་རོལ་ན་འགའ་ཡང་མེད་དོ། །རྣམ་པར་རྟོག་པ་ནི་རང་གི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ལྡོག་པ་གཅིག་ལ་ལྟོས་ཏེ། ཕྱི་རོལ་གྱི་ཤིང་གི་བརྗོད་པར་བྱ་བ་ལྡོག་པ་གཞན་དང་འབྲེལ་པའི་རང་བཞིན་དུ་རྟོགས་པར་བྱེད་དོ། ། དེ་འདྲ་བའི་རང་བཞིན་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་བ་ངེས་པ་མེད་པའི་ཕྱི་རོལ་གྱི་དངོས་པོ་ནི་ཡོད་པ་མ་ཡིན་ནོ། །དེ་ནི་གཅིག་ཏུ་ཡོད་པའམ་མེད་པར་འགྱུར་གྱི། ཡོད་མེད་ཐུན་མོང་བ་ནི་མ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་རང་བཞིན་ཐུན་མོང་བ་རྣམ་པར་རྟོག་པ་སྤྲུལ་པ་ནི་གང་ལ་བརྟེན་པའི་སྒྲུབ་པ་དང་། དགག་པ་དག་ཕྱི་རོལ་དང་འབྲེལ་པ་ངེས་པར་འགྱུར་བ་སྒྲའི་དོན་ཡིན་ནོ། །ཕྱི་རོལ་ལ་གཏན་མེད་པ་ཡིན་ཡང་འདི་ནི་ཕྱི་རོལ་གྱི་ཤིང་གི་རང་བཞིན་དུ་རྣམ་པར་རྟོག་པས་བཀོད་པ་ཡིན་ཏེ། དེས་ན་འདི་ཕྱི་རོལ་དུ་ལྷག་པར་ཞེན་པར་བྱས་པ་ཡིན་ཏེ། ཕྱི་རོལ་དེ་འདྲ་བ་ཉིད་ནི་མ་ཡིན་པས་ན་ཕྱི་རོལ་གྱི་ངོ་བོ་ངེས་པ་མ་ཡིན་ པར་བརྗོད་དོ། །ཆོས་ཅན་སྒྲའི་དོན་འདི་ལྟ་བུ་ནི་སྒྲ་འཇུག་པ་ཉིད་ཀྱི་ཕྱིར་ཡོད་དོ་ཞེས་འདོད་པ་ཡིན་གྱི། འདི་ལ་ཚད་མ་གཞན་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །ཤིང་གི་སྒྲས་བརྗོད་པར་བྱ་བ་ལྡོག་པ་གཅིག་དང་འབྲེལ་པ་ཆོས་ཅན་འདི་འདྲ་བ་མེད་ན་ནི་དོན་གཞན་དགག་པ་དང་སྒྲུབ་པ་དང་། འབྲེལ་བ་ནི་མི་རིགས་ པའི་ཕྱིར་རོ། །གལ་ཏེ་ཡོད་ན་འོ་ན་དེ་ཉིད་དོན་དམ་པའི་དངོས་པོ་ཡིན་ནོ་ཞེ་ན། སྨྲས་པ། ཐ་སྙད་ལ་བརྟེན་ནས་ཡོད་དོ་ཞེས་འདོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ལྟར་ངེས་པའི་ཆོས་ཅན་འདི་བློའི་རང་བཞིན་ནམ། བློའི་རྣམ་པའི་རང་བཞིན་ནི་མ་ཡིན་ཏེ། དེ་དག་ནི་ཤིང་མ་ཡིན་པ་ལས་ལྡོག་པའི་ རང་བཞིན་དུ་མི་གནས་པའི་ཕྱིར་རོ། །ཕྱི་རོལ་ཡང་མ་ཡིན་ཏེ། ལྡོག་པ་གཅིག་དང་འབྲེལ་པའི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐ་སྙད་བརྟེན་པ་སྟེ། ཐ་སྙད་ཀྱི་ཡུལ་དུ་སྒྲོ་བཏགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་ནི་རང་གི་སྣང་བ་དོན་མེད་པ་ཡང་དོན་དུ་སྟོན་པར་བྱེད་པ་ ཡིན་ནོ། །དེས་ན་སྒྲོ་བཏགས་པའི་ཚུལ་གྱིས་ཤིང་གི་སྒྲའི་དོན་ཡོད་པ་ཉིད་དུ་ངེས་པ་ཡིན་ཏེ། དེའི་ཕྱིར་དེའི་རང་བཞིན་ལ་ནི་སྒྲུབ་པའམ་དགག་པ་གཞན་འབྲེལ་པ་མ་ཡིན་ནོ། །གལ་ཏེ་ཕྱི་རོལ་མི་སྣང་བ་ལ་སྒྲོ་བཏགས་པ་ཡང་དགག་པར་བྱ་བ་མ་ཡིན་ན། འོ་ན་སྒྲུབ་པ་དང་དགག་པ་ཇི་ལྟར་ངེས་ཤེ་ན། བཤད་པ། སྒྲོ་བཏགས་པའི་རང་བཞིན་དེ་གང་གི་རང་བཞིན་ཡིན་པར་ངེས་པ་དེ་དགག་པར་ངེས་པ་ཡིན་ནོ། །ཕྱི་རོལ་གྱི་ཤིང་གི་རང་བཞིན་དུ་ཡང་ངེས་པ་ཡིན་ཏེ། དེས་ན་སྒྲུབ་པ་དང་དགག་པར་ངེས་པ་ཡིན་ནོ། །དེའི་ཕྱིར་བློ་མ་ཡིན། བློའི་སྣང་བ་ཡང་མ་ཡིན། སྒྲོ་བཏགས་པའི་རང་བཞིན་ གང་ཡིན་པ་དེ་ཡང་མ་ཡིན་ཞིང་ཕྱི་རོལ་ཡང་སྒྲུབ་པ་དང་དགག་པ་དང་འབྲེལ་པ་མ་ཡིན་གྱི། འོན་ཀྱང་སྒྲོ་བཏགས་པ་དེ་ལྡོག་པ་གཅིག་ལ་བརྟེན་ནས་ཕྱི་རོལ་གྱི་རང་བཞིན་དུ་ངེས་པ་ཡིན་ལ། ཕྱི་རོལ་དེ་ལ་སྒྲུབ་པ་དང་དགག་པ་འབྲེལ་པ་ཡིན་ནོ། །ཐག་པའི་རྫས་སྦྲུལ་དུ་མོས་པ་ལ་སྒྲུབ་པ་དང་དགག་ པའི་འཇུག་པ་ནི་བློ་མ་ཡིན་དེའི་སྣང་བ་མ་ཡིན་ཞིང་། སྒྲོ་བཏགས་པའི་སྦྲུལ་ལ་ཡང་རིག་པ་མ་ཡིན་གྱི། འོན་ཀྱང་སྒྲོ་བཏགས་པའི་རང་བཞིན་ཕྱི་རོལ་དུ་ངེས་པ་མ་ཡིན་ནོ། །དེས་ན་ཕྱི་རོལ་ཏུ་དེའི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེས་ན་ཤིང་མེད་དོ་ཞེས་བྱ་བའི་ངག་བརྗོད་པ་ན་ཕྱི་རོལ་གྱི་ཤིང་ནི་བཟློག་པར་བྱ་བ་ ཡིན་ཏེ། དེས་ན་དགག་པའི་བྱ་བ་མེད་པའི་ཕྱིར་རོ། །བློ་ཡང་མ་ཡིན་ཏེ། སྒྲའི་དོན་མ་ཡིན་པའི་ཕྱིར་དང་། མྱོང་བ་ཡིན་པའི་ཕྱིར་རོ། །བློའི་སྣང་བ་ཡང་མ་ཡིན་ཏེ། དེ་ཡང་མྱོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚིག་གི་དོན་སྒྲེལ་པ་སྔོན་དུ་འགྲོ་བ་ཅན་གྱི་ངག་གི་དོན་མེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་བསལ་བ་ ཡིན་ནོ། །རྣམ་པར་རྟོག་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་བ་ཤིང་མ་ཡིན་པ་ལྡོག་པ་དང་འབྲེལ་པ་ཕྱི་རོལ་གཏན་མེད་པ་ཡོད་པ་དང་མེད་པ་དང་ལྡན་པ་དོན་བཏགས་ནས། ཀུན་དུ་བརྟགས་པའི་དོན་དེ་ཕྱི་རོལ་གྱི་ཡུལ་སྒྲུབ་པ་དང་དགག་པར་རློམ་པ་ཡིན་ནོ། །བློ་མ་ཡིན་སྣང་བ་མ་ཡིན་ཕྱི་རོལ་མ་ཡིན། སྒྲོ་ བཏགས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་སྒྲོ་བཏགས་པར་གྱུར་པའི་ཕྱི་རོལ་ཡིན་ནོ། །ལྡོག་པ་གཅིག་གི་མཐར་ཐུག་པའི་ཤིང་གི་རྣམ་པར་རྟོག་པ་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་རྟོགས་པར་བྱ་སྟེ། ཤིང་མ་ཡིན་ལས་ལྡོག་པར་རྟོགས་སོ་ཞེས་ཉམས་སུ་མྱོང་བ་ནི་མེད་དོ་ཞེ་ན། དེ་ནི་བདེན་མོད་ཀྱི། འོན་ཀྱང་གང་ངེས་ པ་དེ་རྣམ་པར་རྟོག་པའི་ཡུལ་ཡིན་ནོ། །གཟུང་བ་དང་འཛིན་པའི་རྣམ་པ་དག་ནི་ངེས་པ་མ་ཡིན་ཏེ། དེ་དག་ངེས་པ་མྱོང་བ་མེད་པའི་ཕྱིར་རོ། །དེས་ན་དེ་དག་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་གྱི། འོན་ཀྱང་དེ་དག་ནི་རང་རིག་པའི་མངོན་སུམ་ཉིད་དོ། །རང་གི་མཚན་ཉིད་ཀྱང་ཡུལ་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་ རྟོག་པའི་དོན་ནི་སྒྲ་དང་འདྲེས་པ་ཡིན་ནོ། །སྒྲ་དང་འདྲེས་པ་ཡང་སྒྲའི་བྱ་བ་ལས་སྐྱེས་པའི་བློ་ལ་སྣང་བ་གང་ཡིན་པ་ཡིན་ན། རང་གི་མཚན་ཉིད་ནི་སྒྲའི་བྱ་བའི་དུས་སུ་སྣང་བ་མ་ཡིན་ནོ། །རྣམ་པར་རྟོག་པ་རང་གི་མཚན་ཉིད་ངེས་པའི་བདག་ཉིད་དུ་ཡང་ཉམས་སུ་མྱོང་བས་གྲུབ་པ་ཡིན་ཏེ། དེའི་ཕྱིར་རྣམ་ པར་རྟོག་པ་ནི་མེད་པའི་རང་གི་མཚན་ཉིད་སྟོན་པར་བྱེད་དེ། རྣམ་འགྲེལ་ལས། སྒྲ་དོན་འདི་དག་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཞེས་བཤད་པ་ཡིན་ནོ། །སྒྲོ་བཏགས་པའི་རང་བཞིན་དེ་ནི་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་ངེས་པ་ཡིན་ན། ཕྱི་རོལ་མཐོང་བའི་རང་བཞིན་ནི་གཉི་གའི་ཐུན་ མོང་བ་ཉིད་མ་ཡིན་ནོ། །དེའི་ཕྱིར་ཤིང་མ་ཡིན་པ་གཅིག་པུ་ལས་ལྡོག་པ་དང་ཡོད་པ་དང་མེད་པ་ལས་མི་ལྡོག་པ་ཉིད་དུ་རྟོགས་པ་ན། དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་རྟོགས་པར་འགྱུར་བ་ཡིན་ནོ། །གང་ཡང་སྒྲོ་བཏགས་པའི་རང་བཞིན་དེ་གཉི་གའི་ཐུན་མོང་བ་དང་། མི་གསལ་བ་ཉིད་ཀྱི་ ཕྱི་རོལ་དང་མི་འདྲ་བ་ཡིན་ཡང་ཕྱི་རོལ་དུ་ངེས་པ་ཡིན་ནོ། །སྣང་བ་དང་སྒྲོ་བཏགས་པ་དག་རྣམ་པ་གཞན་གྱིས་འདྲ་བར་ནི་མི་འཐད་དེ། ཕྱི་རོལ་དེའི་རང་བཞིན་མ་ཡིན་པས་སྟོང་པའི་རྟོགས་པ་ན་ཡང་དེའི་རང་བཞིན་མ་ཡིན་པས་སྟོང་པར་སྒྲོ་བཏགས་པ་ཡིན་ཏེ། དེས་ན་ཕྱི་རོལ་དང་སྒྲོ་བཏགས་པ་ དག་དེའི་རང་བཞིན་མ་ཡིན་པས་སྟོང་པར་འདྲ་བའི་ཕྱིར། སྒྲོ་བཏགས་པར་བྱ་བའི་ཕྱི་རོལ་ངེས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཡང་ཤིང་མ་ཡིན་པ་ལས་ལྡོག་པ་ངེས་སོ་ཞེས་ཁོང་དུ་ཆུད་པ་ཡིན་ནོ། །གཞན་ཡང་གལ་ཏེ་གཞན་ལས་ལྡོག་པའི་དོན་སྒྲོ་མི་འདོགས་ན་གཞན་མེད་པ་གང་ གིས་རྟོགས། མེའི་ངོ་བོ་ཉིད་ངེས་པ་རྟོགས་པ་ན་དེ་ལས་གཞན་མེད་པ་རྟོགས་པ་ཡིན་ནོ་ཞེ་ན། གཞན་ལས་ལྡོག་པ་རྟོགས་པ་མེད་ན། གཅིག་ཏུ་ངེས་པར་བརྟག་པར་མི་ནུས་པ་མ་ཡིན་ནམ། དེའི་ཕྱིར་ངེས་པའི་རང་བཞིན་སྒྲོ་འདོགས་པ་ཉིད་ནི་གཞན་ལྡོག་པ་རྟོགས་པ་ནང་དུ་འདུས་པ་ཡིན་ ནོ། །དེས་ན་བདག་གིས་ལྡོག་པ་རྟོགས་སོ་སྙམ་དུ་ཉམས་སུ་མྱོང་བའི་ཕྱིར་ནི་གཞན་ལྡོག་པ་སྒྲོ་འདོགས་པར་མི་བརྗོད་ཀྱི། འོན་ཀྱང་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་བ་དང་། ཕྱི་རོལ་ཉིད་དང་། ངེས་པའི་རང་བཞིན་ངེས་པའི་ཤུགས་ཀྱིས་ཡིན་ནོ། །དཔེར་ན་བདག་གིས་སྤྱི་མཐོང་ངོ་སྙམ་དུ་མྱོང་ བ་མེད་མོད་ཀྱི། དེ་ལྟ་ན་ཡང་སྤྱིའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བའི་ཤུགས་ཀྱིས་སྤྱི་མཐོང་བ་ཡིན་ནོ་ཞེས་གཞན་གྱིས་བརྟགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་དོན་སྒྲོ་བཏགས་པ་ཡང་སྒྲུབ་པའི་རང་བཞིན་ནི་མ་ཡིན་གྱི། འོན་ཀྱང་ལྡོག་པའི་རང་བཞིན་ཡིན་ ནོ། །གཞན་ལྡོག་པའི་རང་བཞིན་གྱི་མཐར་ཐུག་པ་མ་བཟུང་ན་ནི་སྔར་བཤད་པའི་རྣམ་པ་གསུམ་གྱི་ངེས་པ་མི་འཐད་པའི་ཕྱིར་རོ། །གཞན་ཡང་ལྡོག་པ་གཙོར་གྱུར་པ་སྒྲོ་བཏགས་པའི་དོན་དེ་ཡང་གཞན་སེལ་བར་བརྗོད་པ་ཡིན་ལ། གང་གི་ཕྱིར་སྒྲོ་བཏགས་པའི་རང་བཞིན་གྱི་གཞན་ལྡོག་པ་དེ་ངེས་པ་ན་ཡང་། གཞན་ལས་ལྡོག་པའི་ཕྱི་རོལ་གྱི་དོན་རྟོགས་པར་འགྱུར་བ་དེའི་ཕྱིར། རྣམ་པར་རྟོག་པ་སྒྲོ་བཏགས་ཀྱི་གཞན་ལྡོག་པས་འཇུག་པ་ཡིན་ནོ། །ཕྱི་རོལ་དག་ལ་ནི་གཞན་ལྡོག་པ་ཙམ་ཞིག་རྟོགས་པར་འགྱུར་གྱི། རང་གི་མཚན་ཉིད་ནི་མ་ཡིན་ནོ། །དེས་ན་སྒྲོ་བཏགས་ཀྱི་གཞན་ལྡོག་པ་ནི་དངོས་སུ་ཡིན་ལ། ཕྱི་ རོལ་གྱི་གཞན་ལྡོག་པ་ནི་ཤུགས་ཀྱིས་འཛིན་པ་ཡིན་ནོ། །མེད་པར་དགག་པའི་གཞན་སེལ་བ་དོན་གྱི་ཤུགས་ཀྱིས་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་དེ་ཉེ་བར་བཟུང་ནས་ནི། ལྡོག་པའི་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོགས་པ་མེད། །ཅེས་བཤད་ལ། སྒྲོ་བཏགས་པའི་གཞན་སེལ་བ་དངོས་ སུ་རྣམ་པར་རྟོག་པའི་དོན་ཉེ་བར་བཟུང་ནས་ནི། །སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེས་ན་སུན་དབྱུང་བ་ཡང་མེད། །ཅེས་གསུངས་སོ། །དེས་ན་རྣམ་པར་རྟོག་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །སྒྲ་སེལ་བར་སྦྱོར་བའི་དུས་ན་ནི་ངེས་པའི་རྣམ་པར་རྟོག་པའི་དོན་བརྗོད་པར་བྱ་བ་ཉིད་དུ་སྦྱར་བར་ བྱ་སྟེ། གཞན་དུ་ན་ངེས་པའི་དོན་བརྗོད་པ་ཉིད་དུ་མི་འགྱུར་རོ། །དེས་ན་རྣམ་པར་རྟོག་པའི་ཡུལ་གྱི་དོན་བརྗོད་པར་བྱ་བ་ཉིད་བྱེད་ན། ངེས་པའི་རང་བཞིན་ཡིན་པའི་ཕྱིར་གཞན་སེལ་བ་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་ཡིན་པས། གཞན་སེལ་བ་གཞན་དང་བྲལ་བ་ལ་སྒྲ་འཇུག་པ་ཡིན་ནོ་ཞེས་གནས་ སོ། །གདོན་མི་ཟ་བར་སྒྲོ་བརྟགས་པ་ལྡོག་པ་གཅིག་དང་འབྲེལ་པ་ཆོས་ཅན་དུ་གཟུང་བར་བྱའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཕྱིའི་དོན་རྣམ་པ་གནས་པ་དེ་འདྲ་བའི་སྒྲའི་དོན་གྱི་མཚན་ཉིད་ཆོས་ཅན་དུ་བཟུང་ན་ནི། དེའི་ཚེ་ཆོས་གཅིག་སྒྲུབ་ན་ཆོས་ཐམས་ཅད་སྒྲུབ་པར་ཐལ་ལ། འགོག་པ་ན་ འང་རང་བཞིན་ཐམས་ཅད་འགོག་པར་ཐལ་ལོ། །དོན་ནི་འདི་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་ཁྱད་པར་ཇི་སྙེད་དང་ལྡན་པའི་ཁྱད་པར་དེ་ཐམས་ཅད་ནི་གཅིག་མེད་ན་ཡང་ཐམས་ཅད་ལྡོག་པར་འགྱུར་གྱི། ཆོས་འགའ་ཞིག་ནི་རྣམ་པར་གནས་ལ་ཆོས་འགའ་ཞིག་ལྡོག་པར་ནི་ཕྱི་རོལ་གྱི་ ཡུལ་རྟོགས་པ་མ་ཡིན་ནོ། །གལ་ཏེ་ཡང་ཇི་ལྟར་ཕྱི་རོལ་རྟོགས་པ་དེ་ལྟར་བློས་སྒྲའི་ཡུལ་ཆོས་ཅན་དུ་བཟུང་བ་ནི། དེའི་ཚེ་བུམ་པ་སའི་རང་བཞིན་དང་ཆུ་འཛིན་པར་ནུས་པ་དང་། རྟག་པ་དང་མ་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་གཞི་མཐུན་པའི་ཆོས་བཞི་པོ་རྣམས་ཀྱི་སྒྲུབ་པ་དང་དགག་པ་དང་གྲུབ་པ་དང་ བདེ་བ་གཅིག་པར་ཐལ་བར་འགྱུར་རོ། །ཕྱི་རོལ་ནི་ཇི་སྙེད་ཅིག་པ་དེ་ཐམས་ཅད་ལྡོག་པའམ། ཡོད་པར་ཁྱད་པར་མེད་པ་ཡིན་ནོ། །འགའ་ཞིག་ནི་སྒྲུབ་ལ་གཞན་དག་ནི་འགོག་པས་ཐ་དད་པར་ནི་རྟོགས་པ་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་དང་མི་མཐུན་པའི་སྒྲའི་ཡུལ་ཆོས་ཅན་ཡིན་ནོ། །འདི་སྙམ་དུ་ ཆོས་དེ་དག་གཅིག་ཏུ་རྟོགས་པ་མ་ཡིན་ཏེ། དེས་ན་འགའ་ཞིག་ནི་སྒྲུབ་ལ་གཞན་དག་ནི་འགོག་པ་ལ་འགལ་བ་མེད་དོ། །དཔེར་ན་ལྷ་སྦྱིན་སྒྲུབ་ལ་མཆོད་སྦྱིན་འགོག་པ་བཞིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཐ་དད་པར་ཁས་ལེན་ན། གཞན་དང་གཞན་དུ་གྱུར་པ་དག་གི་བཀག་པ་དང་ནི་སྒྲུབ་པ་ བཞིན་དུ། ཆོས་ཀྱི་ཡུལ་སྒྲུབ་པ་དང་ནི་དགག་པ་དག །ཆོས་ཅན་གཅིག་ལ་འདུ་བར་མི་འགྱུར་རོ། །སྒྲུབ་པ་དང་དགག་པ་དག་གཅིག་ལ་འདུ་བར་ནི་རྟོགས་པ་ཡིན་ཏེ། བུམ་པ་ནི་སའི་རང་བཞིན་ཡིན་གྱི། གསེར་གྱི་རང་བཞིན་ནི་མ་ཡིན་ནོ་ཞེས་བུམ་པར་གྱུར་པ་ཉིད་ཀྱི་གསེར་གྱི་ རང་བཞིན་འགོག་པ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་ཅི་འདྲ་བ་དེ་འདྲ་བའི་སྒྲའི་དོན་གྱི་ཡུལ་ནི་ཆོས་ཅན་དུ་མི་བཟུང་སྟེ། སྔར་བཤད་པའི་སྐྱོན་དུ་ཐལ་བའི་ཕྱིར་རོ། །འོ་ན་ཁྱོད་ཀྱི་སྒྲོ་བཏགས་པའི་རང་བཞིན་ལ་ཆོས་དང་ཆོས་ཅན་གྱི་ཐ་སྙད་ཅི་ལྟར་འགྱུར་ཞིང་། སྒྲོ་བཏགས་པའི་དོན་ཡང་ དག་པའི་རྟོགས་པས་རེས་འགའ་མི་གནོད་པ་ཡང་ཅི་ལྟར་འགྱུར་ཞེ་ན། རང་གི་འདོད་པས་གཉི་ག་ཡང་བསྟན་པའི་ཕྱིར་སྨྲས་པ། བུམ་པ་མ་ཡིན་པ་ལས་ལྡོག་པ་འབའ་ཞིག་གིས་ཕྱི་རོལ་དུ་བཏགས་པའི་ཆོས་ཅན་གཅིག་གི་དབང་དུ་བྱས་ཏེ། ཐ་སྙད་ཅི་ལྟར་བློས་བསྟན་པ་ཞེས་འབྲེལ་ཏོ། ། ལྡོག་པ་གཅིག་གི་མཐར་ཐུག་པའི་ཆོས་ཅན་དེ་ལྟ་བུའི་ཕྱི་རོལ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་གཅིག་སྒྲུབ་པ་ན། དེ་སྟེན་ཏེ་དེ་དང་འབྲེལ་པ་ལྟ་བུའི་ཆོས་ཅན་དེའི་དབང་དུ་བྱས་ཏེ་ཞེས་བྱ་བ་དེ་ཉིད་དང་སྦྱར་རོ། །ལྟ་བུའི་སྒྲ་སྨོས་པ་ནི་དོན་དམ་པར་ཐ་དད་པ་སྔོན་དུ་སོང་བ་ཅན་གྱི་ལྡན་ པ་མེད་པའི་ཕྱིར་རོ། །གཅིག་ལས་ལོག་པ་འབའ་ཞིག་ཏུ་བཏགས་པ་གང་ཡིན་པ་དེ་ཉིད་ནི་མང་པོ་ལས་ལྡོག་པར་བརྟགས་པ་ཡིན་ཏེ། དེས་ན་དེ་ནི་ཆོས་ཅན་དུ་རྣམ་པར་གནས་པ་ཡིན་ནོ། །དེ་ཉིད་ན་སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ་ཞེས་སྨོས་སོ། །ཆོས་གཞན་རྣམས་ནི་བཏང་སྙོམས་ཏེ་ཡོངས་སུ་མ་བཟུང་ བའོ། །སྒྲ་མི་རྟག་གོ་ཞེས་བརྗོ