Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 188

Văn bản gốc(Tây Tạng)

Trang 6 / 20 (50.000 ký tự/trang)
ོད་པ་དོན་བྱེད་པ་ལ་ཉེ་བར་སྦྱོར་བར་མཐོང་བའི་རང་བཞིན་གང་ཡིན་པ་དེ་ཉིད་དེ་ལ་ནུས་པ་ཡིན་ཏེ། མ་མཐོང་བ་བརྟག་ན་ནི་ཧ་ཅང་ཐལ་བའི་ཕྱིར་

རོ། །དོན་བྱེད་ནུས་པའི་རང་བཞིན་གང་ཡིན་པ་དེ་ཉིད་ཀྱང་དངོས་པོ་ཡིན་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པའི་ཕྱིར་རོ། །དོན་བྱེད་པར་བཟོད་པའི་རང་བཞིན་གང་དེ་དེ་སྣང་བ་ཉིད་ལས་མངོན་སུམ་གྱིས་ངེས་པར་བྱེད་པ་ན་ཡང་དེ་ཉམས་པ་རྣམ་པར་གཅོད་པ་ཡིན་ཏེ།
ཉམས་པར་དོགས་ན་ནི་རང་བཞིན་དུ་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །དེའི་ཕྱིར་གཟུང་བའི་རང་བཞིན་ངེས་པ་ཉིད་ཀྱི་ཤུགས་ཀྱིས་རང་བཞིན་ཉམས་པ་མེད་པར་ངེས་པ་ཡིན་ནོ། །གང་ལས་དེའི་རྣམ་པར་མངོན་སུམ་དུ་གཟུང་བར་བྱ་བར་འགྱུར་བ་དངོས་པོ་མེད་པ་ལུས་དང་
ལྡན་པ་ནི་མ་ཡིན་གྱི། འོན་ཀྱང་རང་བཞིན་མེད་པ་ཉིད་ཀྱིས་ཐ་སྙད་དུ་བྱ་བ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་དངོས་པོ་མེད་པའི་འཛིན་པ་ནི་འདི་ཉིད་ཡིན་ཏེ་དེ་ངེས་པ་གང་ཡིན་པའོ། །རང་གི་རྣམ་པར་ངེས་པར་བྱས་པ་ཉིད་ལས་དེའི་དངོས་པོ་མེད་པ་ཡང་མེད་པ་ཉིད་དུ་ངེས་པར་འགྱུར་བ་
རྣམ་པར་གཅོད་པ་ཡིན་ནོ། །ཉམས་པ་བཞིན་དུ་ཉམས་པ་དང་ལྡན་པ་ཐམས་ཅད་ཀྱང་རྣམ་པར་བཅད་པ་ཡིན་ཏེ། གང་གི་ཕྱིར་སེར་པོ་ལ་སོགས་པ་ནི་སྔོན་པོ་ཉམས་པ་དང་ལྡན་པ་ཡིན་ཏེ། སྣང་བར་གྱུར་པ་དེ་དག་ལ་སྔོན་པོ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་
མངོན་པར་ཞེན་པ་ཉིད་ཀྱིས་ངེས་པའི་རང་བཞིན་སྣང་བ་ལས་གཅིག་གི་རང་བཞིན་དུ་ཡོངས་སུ་བཅད་པ་ན་ཉམས་པ་དང་ལྡན་པ་རྣམ་པར་བཅད་པ་ཡིན་ལ། སྣང་བ་མི་དམིགས་པས་ནི་གང་གི་ཕྱིར་འདི་སྔོན་པོའི་རང་བཞིན་དུ་མ་དམིགས་པ་དེའི་ཕྱིར་སྔོན་པོ་མ་ཡིན་ནོ་ཞེས་ཐ་སྙད་དུ་
བྱེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པའི་ངེས་པས་མངོན་སུམ་ཉིད་ཀྱིས་དངོས་པོ་དངོས་པོ་གཞན་ལས་ཐ་དད་པར་བྱེད་པ་མ་ཡིན་ཞིང་ཐ་སྙད་དུ་བྱེད་པ་ནི་མི་དམིགས་པ་ཡིན་ནོ། །རང་བཞིན་ངེས་པར་བྱེད་པའི་མངོན་སུམ་འདི་ཉིད་ཀྱིས་རྣམ་པ་གཞན་མེད་པར་རྟོགས་པ་ཡིན་ཏེ། དེ་
སྲིད་པར་དོགས་ན་ནི་སྔོན་པོའི་རང་བཞིན་ངེས་པར་ཡོངས་སུ་མ་བཅད་པར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་སྔོན་པོའི་རང་བཞིན་ཉམས་པ་རྣམ་པར་བཅད་པས་ཉམས་པ་དང་ལྡན་པའི་དངོས་པོ་རྣམ་པར་བཅད་པའི་ཕྱིར་རོ། །སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉི་གའི་བདག་ཉིད་ཀྱི་རྣམ་པ་

གསུམ་པ་ལས་སྔོན་པོའི་རང་བཞིན་མ་ལོག་པའི་ཕྱིར་དེ་རྣམ་པར་མ་བཅད་ན་ནི་སྔོན་པོ་ཉིད་ཡོངས་སུ་གཅོད་པར་མི་འགྱུར་ཏེ། གཉི་གའི་བདག་ཉིད་དུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་གི་ཕྱིར་གཉི་གའི་བདག་ཉིད་གང་ཡིན་པ་དེ་ཡང་འདི་འདྲ་བའི་རང་བཞིན་དག་ཁོ་
ནས་གཉི་གའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་མཐོང་བ་ཡང་གཉི་གའི་བདག་ཉིད་དུ་བརྟག་པར་བྱ་བ་ཡིན་པའི་ཕྱིར་དོན་བྱེད་པ་གཅིག་འཛིན་པ་ནི་མི་སླུ་བ་དང་བཅས་པར་མི་འགྱུར་ན་འགྱུར་བ་ཡང་ཡིན་ནོ། །དེའི་ཕྱིར་གལ་ཏེ་གཉི་གའི་བདག་ཉིད་ཀྱི་རྣམ་པ་གསུམ་ཡོད་ན་
ནི་མཐོང་བའི་དོན་འདི་གཉི་གའི་བདག་ཉིད་དུ་འགྱུར་ན། འདི་ནི་གཉི་གའི་བདག་ཉིད་དུ་ཡང་དམིགས་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་མངོན་སུམ་ཉིད་ཀྱིས་སྤངས་པ་ལ་སྣང་བ་མི་དམིགས་པས་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་རིམ་ཅན་ལ་སོགས་པའི་ཡུལ་ཅན་གྱི་
མངོན་སུམ་ཉིད་རྣམ་པ་གསུམ་པའི་གཅོད་བྱེད་དུ་བལྟའོ། །རྣམ་གྲངས་འདིས་མཐོང་བའམ་བརྟགས་པའི་གཉིས་འདུས་པའི་བདག་ཉིད་ཅེས་བྱ་བའི་རྣམ་པ་གསུམ་པ་སྲིད་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །སྔོན་པོ་ལ་སོགས་ཉམས་པ་དང་ལྡན་པ་ཡང་སྔོན་པོ་མ་ཡིན་པ་
ཉིད་ཡིན་པའི་ཕྱིར་རོ། །སྔོན་པོ་དང་སྔོན་པོ་མ་ཡིན་པ་དང་བྲལ་བའི་རྣམ་པ་གཞན་མེད་པ་ཞེས་བྱ་བ་འདི་ལ་ཡང་མངོན་སུམ་ཉིད་ཚད་མ་ཡིན་ནོ། །དེའི་ཕྱིར་རང་བཞིན་གཅིག་འཛིན་པའི་ཚད་མ་གང་ཡིན་པ་དེ་ནི་དེ་གཞན་ལས་ཐ་དད་པར་བྱེད་པ་དང་། རྣམ་པ་གཞན་སེལ་བར་བྱེད་པ་
ཡིན་ནོ། །དེའི་ཕྱིར་འདི་ལྟར་ནུས་པ་ཐ་དད་པ་ནི་དངོས་པོ་ཐ་དད་པ་ཡིན་ལ། སྣང་བ་ཐ་དད་པ་ཡང་དེ་འཛིན་པའི་ཚད་མ་ཡིན་ཏེ། རྣམ་འགྲེལ་ལས། གཅིག་ཡིན་ན་ནི་བློའི་སྣང་བ་ཐ་དད་པ་དང་འགལ་བའི་ཆོས་གནས་པ་གང་ཡིན་པ་དེར་མི་འགྱུར་རོ་ཞེས་གང་བཤད་པ་ཡིན་ནོ། །
གལ་ཏེ་ནུས་པ་དང་སྣང་བ་ལ་སོགས་པ་ཐ་དད་པ་ཡུལ་དང་དུས་ཐ་དད་པའི་གསལ་བ་རྣམས་གཅིག་ཉིད་མ་ཡིན་པའི་གཏན་ཚིགས་སུ་བརྗོད་པ་མ་ཡིན་ནམ། ཡུལ་དང་དུས་ཐ་དད་པ་ཡང་འགལ་བའི་ཆོས་དང་ལྡན་པ་ཉིད་ཡིན་ཏེ། དེའི་ཕྱིར་འགལ་བའི་ཐ་དད་པར་འདོད་པ་ན་ཡུལ་དང་

དུས་ཐ་དད་པ་ལས་འགལ་བའི་ཆོས་གཞན་བསྟན་པ་ནི་མི་འཐད་དོ། །མི་འདོད་ན་ཡང་འགལ་བའི་ཆོས་དང་ལྡན་པ་གཞན་ཐ་དད་པའི་རྒྱུ་མ་ཡིན་ནོ་ཞེ་ན། འདིར་བཤད་པ། ཕན་ཚུན་སྤངས་པས་འགལ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ཉིད་ཡིན་ལ། དངོས་པོའི་ཆ་དག་ནི་ཕན་ཚུན་
མེད་པ་མེད་པ་མི་འཁྲུལ་པ་ཉིད་ལས་འགལ་བ་ཡིན་ཏེ། འཁྲུལ་ན་ནི་འབྲས་བུ་དུ་མ་བསྒྲུབ་པའི་ནུས་པ་བཞིན་དུ་གཅིག་ཏུ་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ནི་ཡུལ་དང་དུས་གཅིག་ཡོངས་སུ་སྤངས་ནས་ཡུལ་དང་དུས་གཞན་དང་འབྲེལ་པ་ནི་མ་ཡིན་གྱི། འོན་ཀྱང་
གཅིག་པ་ཉིད་ཀྱིས་ཏེ། དངོས་པོ་དེ་ཉིད་ཡུལ་དང་དུས་དེར་ཡང་ཡོད་པ་ཡུལ་དང་དུས་གཞན་ན་ཡང་ཡོད་པ་ཡིན་ནོ་ཞེས་དོགས་པ་བསལ་བའི་ཕྱིར་སློབ་དཔོན་ཡུལ་ལ་སོགས་པ་ཐ་དད་ན། ནུས་པ་དང་ལྡན་པའི་རང་བཞིན་ཐ་དད་པར་སྟོན་པ་ན་ཡུལ་དང་དུས་གཞན་དང་འབྲེལ་
པ་ནི་ཡུལ་དང་དུས་གཞན་སྤངས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །འདི་ལྟར་ཡུལ་ལམ་དུས་གཅིག་འཛིན་པའི་ཤེས་པས་དེའི་རང་བཞིན་ཉམས་པ་རྣམ་པར་གཅད་པའི་ཕྱིར་ཉམས་པ་དང་ལྡན་པའི་ཡུལ་དང་དུས་གཞན་རྣམ་པར་གཅད་པ་ཡིན་ནོ། །ཇི་ལྟར་ཡུལ་དང་དུས་
གཞན་བཅད་པ་དེ་བཞིན་དུ་མཐོང་བའི་ཡུལ་ལ་སོགས་པ་དང་འབྲེལ་པའི་རང་བཞིན་རྣམ་པར་བཅད་པའི་ཡུལ་ལ་སོགས་པ་ན་ཡོད་པ་རྣམ་པར་གཅད་པ་ཡིན་ཏེ། མ་བཀག་པའི་རང་བཞིན་ནི་བཀག་པའི་ཡུལ་ལ་སོགས་པ་དང་འབྲེལ་པ་མི་འཐད་པའི་ཕྱིར་རོ། །གནས་པའི་རང་
བཞིན་ཡོད་པ་ཡིན་ན་ནི་ཡུལ་གཞན་ཡང་ཡོད་པར་ཐལ་བའི་ཕྱིར་ཏེ། མཐོང་བའི་ཡུལ་ཉིད་བཞིན་ནོ། །དེས་ན་ཡུལ་གཞན་ན་གནས་པའི་རང་བཞིན་ནི་ཡུལ་གཅིག་ན་ཡོད་པའི་རང་བཞིན་ཡོངས་སུ་སྤངས་ནས་གནས་པ་ཡིན་པ་དེའི་ཕྱིར་ཡུལ་གཞན་དང་འབྲེལ་པའི་རང་བཞིན་ནི་
ཡུལ་དང་དུས་དེའི་རང་བཞིན་དངོས་པོ་མེད་པ་ལ་མི་འཁྲུལ་པ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་ཉིད་དང་གཞན་གྱི་ཡུལ་ཉིད་གཅིག་ལ་འགལ་ལོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་དུས་ཐ་དད་ན་ཐ་དད་པ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་དང་ཞིག་པ་དང་མ་ཞིག་པ་དང་། རྒྱུན་གྱིས་གནས་

པ་དང་མི་གནས་པ་དག་ཕན་ཚུན་མེད་པ་མི་འཁྲུལ་པའི་ཕྱིར་ཐ་དད་པ་ཡིན་ནོ། །དེའི་ཕྱིར་ཡུལ་དང་དུས་ཐ་དད་པ་ན་ཡོད་པ་ནི་ནུས་པ་དང་ལྡན་པའི་རང་བཞིན་ཐ་དད་པ་དང་། སྐྱེ་བ་ལ་སོགས་པ་ཐ་དད་པའི་ཕྱིར་འགལ་བའི་ཆོས་དང་ལྡན་པའི་རང་བཞིན་
ཡིན་ནོ། །སྣང་བ་ཐ་དད་པ་ཡང་དེ་དག་རྣམ་པར་འཇོག་པའི་ཚད་མ་ཡིན་ནོ། །དེའི་ཕྱིར་ཡུལ་དང་དུས་ཐ་དད་པའི་གསལ་བ་རྣམ་པར་གཅིག་པ་ཉིད་མ་ཡིན་ནོ། །འདི་སྙམ་དུ་དབང་པོའི་རྟོགས་པར་བྱ་བ་གསལ་བ་རྣམས་ཐ་དད་པར་འདོད་པ་ཡིན་ཡང་ཐ་དད་པ་མེད་པ་དབང་པོའི་རྟོགས་
པར་བྱ་བའི་སྤྱི་གཞན་ཡོད་པ་མ་ཡིན་ནམ་ཞེ་ན། བཤད་པ། ཐ་དད་པའི་རང་བཞིན་གྱི་ལྡོག་པ་དེ་ལས་ཐ་དད་པ་འཇུག་པའི་རང་བཞིན་གྱི་སྤྱི་གཞན་ནི་ཡོད་པ་མ་ཡིན་ཏེ། ཐ་མི་དད་པའི་སྤྱི་ནི་བཀག་པ་ཡིན་ལ། ཐ་དད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་འདིས་སྤྱི་ཐ་དད་པར་སྨྲ་བ་འགོག་པ་
ཡིན་ཏེ། དབང་པོ་ལས་སྐྱེས་པའི་བློ་ཐ་དད་པ་མེད་པའི་ཕྱིར་རོ། །བློ་ཐ་དད་པ་མེད་པ་ཉིད་གཏན་ཚིགས་སུ་དགོད་པ་རྣམ་པར་དགྲོལ་བའི་ཕྱིར་མ་མཐོང་བའི་ཕྱིར་རོ་ཞེས་གསུངས་ཏེ། གསལ་བའི་བདག་ཉིད་རྣམས་ལས་ཐ་དད་པའོ། །ཇི་ལྟ་བུའི་ཁྱད་པར་ཅན་ཞིག་ཅེ་ན། རྗེས་སུ་འགྲོ་
བ་མེད་པའི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའོ། །མ་མཐོང་བ་ནི་དབང་པོའི་རྣམ་པར་ཤེས་པས་ཡུལ་དུ་མ་བྱས་པའོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་མ་མཐོང་བ་དེའི་ཕྱིར་མེད་དོ་ཞེས་བྱ་བའོ། །དོན་དེ་ནི་རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་ཤེས་པ་གཅིག་དང་དེའི་
རྗེས་སུ་འཇུག་པའི་སྒྲའི་ཡུལ་དུ་འགྱུར་བར་བརྟགས་པ་ཡིན་ལ། སྒྲ་དང་བློ་དག་གི་ཡུལ་དེ་ཡང་སྣང་བ་ཡིན་ན་སྣང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་གང་ལ་རྣམ་པ་གཅིག་ཏུ་རྟོག་པའི་རྒྱུར་གྱུར་པའི་སྒྲ་འཇུག་པར་འགྱུར་བ་བློ་དང་སྒྲ་རྗེས་སུ་འགྲོ་བར་རུང་བ་དེ་ནི་མེད་དོ། །བློས་ཡུལ་དུ་བྱས་
པའི་དོན་ཉིད་ལ་སྒྲ་འཇུག་པའི་ཕྱིར་རོ། །འདིས་ནི་ཤུགས་ཀྱིས་སྒྲ་དང་བློ་དག་བསྟན་ཏོ། །འདི་སྙམ་དུ་མ་མཐོང་བ་ལས་དོན་ཐ་དད་པ་མེད་པར་ཇི་ལྟར་འགྱུར་སྙམ་ན་བཤད་པ། གང་གི་ཕྱིར་སྣང་བའི་དོན་ཐ་དད་པ་ཉིད་ལ་ནི་བློ་ཐ་དད་པ་སྣ་ཚོགས་པ་མཐོང་སྟེ། གང་གི་ཕྱིར་སྣང་བའི་དོན་

ཡོད་པ་ཉིད་དང་། གཅིག་གི་གཅིག་ཉིད་དང་། ཐ་དད་པར་གྱུར་པའི་ཐ་དད་པ་ཉིད་ལ་ནི་བློ་ཡོད་པ་ཉིད་དང་། གཅིག་ཉིད་དང་། ཐ་དད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །འབྱུང་པོ་དང་མགུལ་ཆིངས་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པའི་ཡུལ་སྟོན་པའོ། །འབྱུང་པོ་ནི་གཟའ་རྣམས་
སམ་མ་མོའི་ཚོགས་སོ། །མགུལ་ཆིངས་ནི་མེ་ཏོག་གི་ཕྲེང་བ་དཔྱངས་པའི་ཐ་གུའོ། །དེ་ཐ་དད་པ་ནི་བལྟར་རུང་བ་ཉིད་ཀྱིས་རང་གི་ཡུལ་ཅན་གྱི་ཤེས་པ་ཐ་དད་པས་ཁྱབ་པ་ཡིན་ནོ། །འདིར་ཡང་སྣང་བའི་རང་གི་མཚན་ཉིད་རྣམས་ལ་སྣང་བའི་སྤྱི་ཡོད་ན་ནི་དེའི་ཕྱིར་བློ་ཐ་དད་པ་ཉིད་དུ་
ཐལ་བ་དེ་མེད་པའི་ཕྱིར་དོན་ཐ་དད་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་ཡིན་ནོ། །ཅི་སྟེ་ཡང་བློ་ཐ་དད་པ་མེད་པར་མཐོང་བའི་དོན་ཐ་དད་པར་ཁས་ལེན་ན་ནི་དེའི་ཚེ་ཤེས་པ་དེ་ཐ་དད་པ་མེད་ཀྱང་ཐ་དད་པར་རྟོགས་ན་ཧ་ཅང་ཐལ་བར་འགྱུར་རོ། །གང་ཅུང་ཟད་ཐ་དད་པར་མ་
མཐོང་བ་དེ་ཉིད་ལ་ཇི་ལྟར་འདོད་པ་བཞིན་དུ་བརྟག་པའི་ཕྱིར་འདོད་པའི་ཡུལ་ལས་འདས་པར་ཐལ་བར་འགྱུར་ཏེ། གཅིག་དང་དུ་མའི་ཐ་སྙད་ཉམས་པར་ཐལ་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི་གཅིག་ཀྱང་དེ་ཡིན་ལ་དུ་མ་ཡང་དེ་ཡིན་པས་གཅིག་དང་དུ་མའོ། །དེ་ལྟར་མ་ཡིན་པ་ནི་གཅིག་
དང་དུ་མར་མི་འགྱུར་བའོ། །འགྲོ་བ་གཅིག་དང་དུ་མའི་ངེས་པ་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་ཧ་ཅང་ཐལ་བའོ། །ཐམས་ཅད་ལ་དུ་མ་ཉིད་དུ་ཐལ་བའི་ཕྱིར་གཅིག་པ་ཉིད་མེད་པ་མ་ཡིན་ནམ། དུ་མ་ཉིད་དུ་ངེས་པ་མེད་པ་ཇི་ལྟར་ཞེ་ན། བཤད་པ། དེ་ལ་ཐ་དད་པར་མ་རྟོགས་
པ་སྟེ་དེའི་ཕྱིར་རོ། །གང་གི་ཕྱིར་ཐ་དད་པ་ཉིད་དུ་མ་རྟོགས་པ་དེའི་ཕྱིར་ཐ་དད་པ་ཉིད་ཀྱི་ཐ་སྙད་མེད་པ་ཡིན་ནོ། །ཐ་དད་པ་ཉིད་དུ་མ་རྟོགས་པ་ཅིའི་ཕྱིར་ཞེ་ན། བཤད་པ། ཐམས་ཅད་ཀྱི་ངོ་བོ་ཉིད་ལ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་འགའ་ཞིག་ཏུ་གཅིག་ཏུ་མ་ངེས་ན་
དེའི་ཕྱིར་དུ་མ་ཉིད་དུ་རྟོགས་པར་མི་འགྱུར་རོ། །འདི་ལྟར་གང་ལས་བཟློག་ན་ཐ་དད་པ་མེད་པའི་ཐ་སྙད་ཀྱི་ཡུལ་དུ་འགྱུར་བ་དེ་ནི་ཐ་དད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །ཇི་ལྟར་སྣ་ཚོགས་སུ་སྣང་བ་ལ་ཐ་དད་པའི་ཐ་སྙད་ཡིན་པ་དེ་བཞིན་དུ་དེ་ལས་བཟློག་པ་སྣ་ཚོགས་མ་ཡིན་པ་ལ་ཡང་ཡིན་

ཏེ། དེའི་ཕྱིར་འགའ་ཞིག་ཏུ་ཐ་དད་པ་ལས་བཟློག་པ་གནས་པ་མེད་པའི་ཕྱིར་ཐ་དད་པ་ཉིད་གནས་པར་མི་འགྱུར་རོ། །འགལ་བའི་ཆོས་འདི་ནི་དངོས་པོ་ཉིད་ཀྱི་ཡིན་ནོ། །དེའི་ཕྱིར་གཅིག་མི་གནས་ན་གཉི་ག་ཡང་གནས་པར་མི་འགྱུར་རོ། །གང་གི་ཕྱིར་
ངེས་པའི་ཐ་སྙད་དག་ལ་ནི་ཡུལ་ངེས་པས་ཁྱབ་པ་ཡིན་ལ། ངེས་བྱེད་མེད་ན་ཡང་ཁྱབ་པར་བྱེད་པ་ཡུལ་ངེས་པ་མེད་པར་འགྱུར་བ་དེའི་ཕྱིར་འགྲོ་བ་གཅིག་དང་དུ་མར་མི་འགྱུར་ན་དེ་ལྟར་ཡང་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་སྣ་ཚོགས་པ་ལས་སྣ་ཚོགས་པའི་དོན་བྱེད་པ་ཅི་
འདྲ་བ་དེ་འདྲ་བ་ནི་གཅིག་ལ་མ་ཡིན་ནོ། །གང་གི་དོན་བྱེད་པའི་རྒྱུ་མཚན་ཅན་གྱི་ཡོད་པ་ཉིད་གང་ལས་ལོག་པ་དེ་ནི་དེའི་བདག་ཉིད་མ་ཡིན་ལ། དངོས་པོ་ཡང་ཡིན་ཏེ་དེས་ན་གཞན་དུ་གྲུབ་བོ། །གཅིག་ཉིད་དམ་དུ་མ་དོན་དུ་གཉེར་བས་ཀྱང་ཡུལ་འགའ་ཞིག་སྤངས་ནས་འགའ་
ཞིག་ལ་འཇུག་པ་ཡིན་ལ། ངེས་པར་ཞུགས་པ་ན་ཡང་གཅིག་དང་དུ་མའི་ཡུལ་གྱི་བསྒྲུབ་པར་བྱ་བ་ཐོབ་པར་འགྱུར་རོ། །ངེས་པ་དང་ལྡན་པའི་འབྲས་བུ་ཐོབ་པ་ནི་ངེས་པ་དང་ལྡན་པའི་འཇུག་པ་ལས་ཡིན་གྱི། ཚད་མ་སྔོན་དུ་འགྲོ་བའི་ངེས་པས་བསྐྱེད་པའི་འཇུག་པ་མེད་པར་ནི་
མ་ཡིན་ནོ། །གཅིག་དང་དུ་མ་དག་གི་ཚད་མ་སྔོན་དུ་འགྲོ་བ་ཅན་གྱི་ངེས་པ་གང་ཡིན་པ་ཡང་ད་ལྟར་རུང་བའི་ཡུལ་ལ་མཐོང་བའི་སྣང་བ་ཐ་དད་པ་དང་། ཐ་མི་དད་པ་སྔོན་དུ་འགྲོ་བ་ཅན་དུ་གྲུབ་བོ། །དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་སྤྱི་རང་བཞིན་གཞན་གྱིས་དམིགས་པའི་མཚན་ཉིད་
ཀྱི་གྱུར་པ་མ་ཡིན་པར་དོགས་པ་བསུ་བའོ། །སྤྱི་སྣང་དུ་ཟིན་ཀྱང་སྟེ་དབང་པོའི་ཤེས་པ་ལ་རྣམ་པར་འཇོག་ཀྱང་ཐ་དད་པར་བྱེ་བྲག་ཏུ་གསལ་བར་ཁོང་དུ་ཆུད་པར་མི་འགྱུར་རོ། །མ་རྟོགས་པའི་ཕྱིར་ཏེ། གསལ་བར་དང་སྤྱི་དག་པར་རྟོགས་པའི་རྒྱུ་ཡུལ་དང་དུས་ཐ་དད་པ་མེད་པའི་ཕྱིར་རོ། །མ་
རྟོགས་པ་ནི་རང་བཞིན་ངེས་པར་མ་ཟིན་པ་སྟེ། ངེས་པར་མ་ཟིན་པ་དེའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ནོ། །རང་བཞིན་རྟོགས་པས་རྒྱུ་ཡོད་ན་ནི་རྟོགས་ཤིང་ངེས་པར་ཟིན་པ་ན་ཐ་དད་པར་ངེས་པར་འགྱུར་བ་ཡིན་ན་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ནི་མི་རིགས་ཏེ་ཞེས་

བྱ་བ་ནི་དེ་ཟློག་པར་བྱེད་པའོ། །བསམ་པ་ནི་སྤྱི་དེ་ཅི་འདྲ་བར་ཁས་ལེན་པ་དེ་ནི་མི་རྟོགས་པར་མི་རིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །གཏན་ཚིགས་སྟོན་པ་ནི་སྤྱི་དེ་ལ་ཡུལ་གཞན་ལ་བློ་དང་དེ་ནི་སྒྲ་དེ་དག་འཇུག་པ་དེའི་ཕྱིར་ཏེ། གཏན་ཚིགས་དེའི་ཕྱིར་ན་དེ་མི་རྟོགས་ཤིང་ངེས་པར་མི་ཟིན་
པ་མི་རིགས་སོ། །འདི་ཉིད་འབྲེལ་པ་བཤད་པ་ནི་བློ་དང་སྒྲ་དེ་དག་རྗེས་སུ་འགྲོ་བ་དེ་ལ་བརྟེན་པ་གང་ཡིན་པ་དེ་དག་ནི་དེ་ལ་བརྟེན་པ་སྟེ་ཐ་དད་པའི་ཁྱད་པར་དེ་ནི་དེ་ལྟ་མ་ཡིན་ནོ། །རྗེས་སུ་འགྲོ་བ་ན་དེ་རྣམ་པ་གཅིག་ཏུ་རྟོགས་པས་རྟོགས་པར་བྱ་བ་ན་ཇི་ལྟར་སྤྱི་མི་རྟོགས་ཞེས་བྱ། རྣམ་པར་
མ་ཕྱེད་ཅེས་བྱ། རྟོགས་པ་ཉིད་དུ་རིགས་སོ་ཞེས་བྱ་བའི་དོན་ཏོ། །སྤྱི་མཐོང་བ་ནི་རྣམ་པར་འཛིན་པ་སྟེ། དེའི་མཐུས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། ཕན་ཚུན་ཐ་དད་པའི་ཁྱད་པར་རྣམས་ནི་རྗེས་སུ་འགྲོ་བ་གཅིག་པོ་གང་ཡིན་པའི་རྣམ་པ་འཛིན་པའི་ཤེས་པ་ཐ་དད་པ་མེད་པར་གཟུང་
བ་ཡིན་ན། སྤྱི་གཅིག་པོ་དེ་ཡང་ཁྱད་པར་དེ་དག་ལས་ཐ་དད་པའི་དངོས་པོར་མ་རྟོགས་སོ་ཞེ་ན་ནི་དེའི་ཕྱིར་ཁྱད་པར་རྣམས་ཀྱི་རང་བཞིན་ལྟར་དེ་ཡང་ཐ་དད་པ་ཉིད་དུ་རྟོགས་པར་འགྱུར་ཞིང་། དེ་ལས་ཀྱང་རང་ཉིད་གཅིག་ཉིད་དུ་ཁྱད་པར་རྣམས་ལས་ཐ་དད་པར་མ་ངེས་པ་ན་ཇི་ལྟར་ཁྱད་པར་དེ་
དག་ལ་རང་གི་རྣམ་པ་ཅན་དང་བསྲེས་ནས་རང་བཞིན་གཅིག་ཏུ་སྟོན་པར་བྱེད། དེ་གཅིག་ཏུ་ངེས་ན་ནི་དེ་དང་བསྲེས་ནས་རང་བཞིན་གཅིག་ཏུ་ངེས་པར་འགྱུར་རོ། །གང་ལས་ཤེས་པར་བྱ་བ་ནི་འདི་ཉིད་སྟོན་པའོ། །ཁྱད་པར་གྱི་དོན་གང་ལས། ཁྱད་པར་ཅན་གང་ལ་སྒྲ་དང་བློ་དག་འཇུག་པ་
སྟེ། སྒྲ་དང་ཤེས་པ་དག་དེའི་རྣམ་པ་དང་ལྡན་པ་ཉིད་ཀྱིས་དེའི་རྗེས་སུ་འགྲོ་བ་ནི་འཇུག་པ་ཡིན་ནོ། །ཁྱད་པར་དེ་མ་རྟོགས་པར་ནི་ཁྱད་པར་ཅན་གྱི་དོན་ཏེ། དེ་ལྟར་རྟོགས་པར་མི་འགྱུར་ཏེ། དབྱིག་པ་ཅན་བཞིན་ནོ། །གང་གི་ཕྱིར་རྒྱུ་མཚན་དབྱིག་པའི་ཁྱད་པར་གྱི་རྣམ་པ་མ་
རྟོགས་པར་ནི་ལྷ་སྦྱིན་དབྱིག་པའི་རྣམ་པའི་ཁྱད་པར་ཅན་དུ་འཛིན་པར་མི་འགྱུར་བའི་ཕྱིར་རོ། །འདིས་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་བསྟན་ཏོ། །དོན་གཞན་དང་འབྲེལ་པར་འཛིན་པ་ལ་ནི་དོན་གཞན་རྟོགས་པས་ཁྱབ་པ་ཡིན་ཏེ། དོན་གཞན་མ་རྟོགས་ན་ནི་དེ་དང་ལྷན་

ཅིག་གཟུང་བར་མི་འགྱུར་བའི་ཕྱིར་རོ། །རྣམ་པར་ཕྱེ་ནས་གཟུང་བ་ཡང་མེད་དེ། དེའི་ཕྱིར་ཁྱབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སྤྱི་མི་རྟོགས་པ་མི་རིགས་པ་དེའི་ཕྱིར་དེ་ཐ་དད་པར་སྣང་བར་ཁས་བླང་བར་བྱ་བ་ཡིན་ན་སྣང་བ་
ཡང་མ་ཡིན་ཏེ། དེའི་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཉིད། །ཚིག་ལེའུར་བྱས་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་བཤད་པ། དབང་པོ་ཤེས་པ་ལ་རང་གི་མཚན་ཉིད་ལས་ཐ་དད་པར་ངེས་པའི་རང་བཞིན་གྱི་སྤྱི་མི་སྣང་བའི་ཕྱིར་རོ། །འདི་
སྙམ་དུ་རྗེས་སུ་འགྲོ་བའི་རང་གི་མཚན་ཉིད་ཁོ་ན་སྒྲའི་བརྗོད་བྱར་འགྱུར་རོ་སྙམ་ན། སྣང་བ་རྣམས་ཀྱང་ཞེས་བྱ་བ་གསུངས་ཏེ། རང་གི་མཚན་ཉིད་ངེས་པར་སྣང་བ་རྣམས་ནི་ཡུལ་ལ་སོགས་པ་ཐ་དད་པས་རྗེས་སུ་མི་འགྲོ་བའི་ཕྱིར་ཏེ། རྒྱུ་དེའི་ཕྱིར་རོ། །ཁྱད་པར་ཅན་ཞེས་བྱ་བ་ནི་
གཏན་ཚིགས་ཀྱི་ཚིག་སྟེ། གང་གི་ཕྱིར་ཁྱད་པར་ཅན་ཡིན་པའི་ཕྱིར་དབང་པོའི་བློ་ནི་བརྗོད་དུ་མེད་པ་བསྙད་པར་མི་ནུས་པའི་དོན་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་འདི་ཐམས་ཅད་ཀྱི་དོན་བསྡུས་པ་ནི་འདི་ཡིན་ཏེ། དོན་གང་ཞིག་བརྡའི་དུས་སུ་སྒྲ་གང་དང་འབྲེལ་པར་
མཐོང་བ་མ་ཡིན་པ་དེ་ནི་དེས་ཁྱད་པར་ཅན་དུ་གཟུང་བ་མ་ཡིན་ཏེ། དཔེར་ན་བ་ལང་གི་སྒྲས་རྟ་བཞིན་ནོ། །དབང་པོའི་དོན་ཐམས་ཅད་ཀྱང་སྒྲ་ཐམས་ཅད་དང་འབྲེལ་པ་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །སྒྲས་ཁྱད་པར་ཅན་དུ་གཟུང་བའི་དོན་ནི་རང་གི་ངོ་བོ་
མེད་པས་ཁྱབ་པ་ཡིན་ལ་བརྡ་མ་བྱས་པའི་སྒྲས་དོན་ཁྱད་པར་ཅན་དུ་བཟུང་ན་ནི། སྒྲ་དོན་གྱི་འབྲེལ་པའི་ངོ་བོ་ཅན་དུ་ཐལ་བ་དེའི་ཕྱིར་ཆོས་གཞན་ལ་ཁྱབ་པར་བྱེད་པ་མེད་པའི་ཕྱིར་བཅོས་བུ་དེས་ཁྱད་པར་ཅན་དུ་འཛིན་པ་ལ་ནི་འབྲེལ་པ་ལ་མཐོང་བ་ཉིད་ཀྱིས་ཁྱབ་པའི་ཕྱིར་འབྲེལ་པ་གྲུབ་བོ། །
གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་སྐད་ཅིག་མ་ཉིད་ཀྱིས་བརྡ་གཟོ་བ་ན་དོན་འགགས་པའི་ཕྱིར་དབང་པོས་རྟོགས་པར་བྱ་བའི་དོན་ལ་བརྡ་བྱ་བར་མི་ནུས་པ་ཡིན་ལ་ནུས་པ་ཉིད་ཡིན་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རྟོགས་པ་དང་ལྡན་པ་དགོས་པ་མེད་པའི་བརྡ་བྱེད་པ་ལ་མི་

འཇུག་གོ། །འཇུག་ན་ཡང་གང་ལ་བརྡ་བྱས་པ་དེ་ནི་འདས་པ་ཡིན་ལ། གང་ཡང་ཐ་སྙད་ཀྱི་དུས་ན་རྟོགས་པ་དེ་ཐམས་ཅད་སྔོན་མ་མཐོང་བ་ཡིན་པའི་ཕྱིར་དེ་ལ་བརྡ་མེད་པ་ཡིན་ནོ། །འདིར་ནི་བསྟན་བཅོས་མཛད་པས་སྒྲ་སྦྱོར་བ་ཡང་ཞེས་བྱ་བ་ལ་སོགས་པས་དགོས་པ་མེད་པ་བརྡ་
མི་བྱེད་པའི་རྒྱུར་བརྗོད་པ་ཡིན་གྱི་མི་ནུས་པ་ཉིད་ནི་མ་ཡིན་ནོ། །རྣམ་འགྲེལ་དུ་ནི་མི་ནུས་པ་ཡང་བརྗོད་དོ། །མངོན་སུམ་རྣམ་པར་རྟོག་པ་མེད་པ་དང་བརྗོད་དུ་མེད་པའི་ཡུལ་ཅན་དུ་རྣམ་པར་གནས་པ་ལ་གཞན་གྱིས་སྨྲས་པ། མངོན་སུམ་ལས་ཇི་ལྟར་ཐ་སྙད་དུ་འགྱུར་ཞེས་འབྲེལ་ཏོ། །
རྣམ་པ་ཅན་གང་གིས་ཏེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཞེས་བྱ་བ་ནི་མ་བཟོད་པ་སྟེ། གང་གི་ཕྱིར་འཇུག་པའི་ཡན་ལག་ནི་ཚད་མར་བརྗོད་པ་ཡིན་ན་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་མངོན་སུམ་ཡང་ཚད་མར་གྱུར་པ་ནི་མི་བཟོད་དོ་སྙམ་དུ་བསམས་པའོ། །ད་ནི་ཞེས་
བྱ་བ་ནི་མངོན་སུམ་རྟོག་པ་མེད་པར་ཁས་ལེན་པའི་དུས་ནའོ། །ངེས་པ་ནི་གཏན་ལ་ཕེབས་པ་སྟེ། དེ་གང་ལ་མེད་པ་དེ་ལྟ་བུའི་བདག་ཉིད་གང་ཡིན་པའི་མངོན་སུམ་དེ་ལས་ཐ་སྙད་དེ། བདེ་བ་བསྒྲུབ་པའི་དངོས་པོའི་ཡུལ་ལ་འཇུག་པ་དང་། སྡུག་བསྔལ་སྒྲུབ་པའི་ཡུལ་
ལ་ལྡོག་པར་མི་འགྱུར་རོ། །བསམ་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ནི་མ་ངེས་པའི་བདག་ཉིད་དོན་ཉེ་བར་སྣང་བ་འགའ་ཞིག་ཏུ་ཟད་ལ། ངེས་པ་མ་ཡིན་ན་ཡང་སྐད་ཅིག་མ་ཉིད་བཞིན་དུ་འདི་འཇུག་པའི་ཡུལ་མ་ཡིན་ནོ། །གཞན་ཡང་སྒྲུབ་པར་བྱེད་པའི་དངོས་པོ་སྣང་བ་
ཙམ་འཛིན་པའི་མངོན་སུམ་གྱིས་འབྲས་བུ་ཉེ་བ་མ་ཡིན་པ་ལ། མངོན་པར་འདོད་པའི་འབྲས་བུ་བསྒྲུབ་པས་དེ་དང་འབྲེལ་པ་ཉིད་དུ་འཛིན་པར་ནུས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་མངོན་སུམ་དངོས་པོ་ཉེ་བར་འགྱུར་བ་དག་གི་འབྲེལ་པ་ཡང་འཛིན་པར་མི་ནུས་པ་གང་ཡིན་པ་
དེས་དངོས་པོ་ཉེ་བ་མ་ཡིན་པ་བྱེད་པ་ཉིད་ཇི་ལྟར་འཛིན་པར་འགྱུར། བདེ་བ་སྒྲུབ་པར་བྱེད་པར་དངོས་པོ་མ་ངེས་ན་ཡང་། རྟོག་པ་དང་ལྡན་པ་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་འཇུག་པའི་ཡུལ་དུ་བྱེད་པ་ནི་བདེ་བ་སྒྲུབ་པར་བྱེད་པའི་དངོས་པོ་ལ་དེའི་རང་བཞིན་དུ་གཏན་ལ་ཕེབས་པ་དང་

ལྡན་པ་ངེས་པའི་ཤེས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་ངེས་པའི་བདག་ཉིད་ཀྱི་མངོན་སུམ་ཉིད་ལས་ཐ་སྙད་དུ་འགྱུར་ཞེ་ན། སྨྲས་པ། འདི་ནི་བདེ་བ་སྒྲུབ་པའོ། །འདི་ནི་སྡུག་བསྔལ་སྒྲུབ་པའོ་ཞེས་འདིའོ་ཞེས་མངོན་སུམ་ཉིད་དུ་ངེས་ཏེ། ཡོངས་
སུ་བཅད་ན་ནི་ཐ་སྙད་དུ་བྱེད་པའི་སྐྱེས་བུ་བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བའི་དོན་ཡོངས་སུ་གཅོད་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་དག་ཅེས་བྱ་བ་ནི་འཇུག་པའི་ཡུལ་སྟོན་པའོ། །བདེ་བ་སྒྲུབ་པ་དང་སྡུག་བསྔལ་སྒྲུབ་པ་ལ་ཇི་ལྟར་རིགས་པར་ཐོབ་པ་དང་སྤང་བའི་
དོན་དུ་འཇུག་པར་བྱེད་དོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏེ། གང་གི་ཕྱིར་དེ་ལྟར་ངེས་པས་འཇུག་པ་ཡིན་པ་དེའི་ཕྱིར་ངེས་པ་མ་ཡིན་པའི་ཤེས་པ་ནི་ཐ་སྙད་ཀྱི་ཡན་ལག་མ་ཡིན་ལ། གང་གི་ཕྱིར་ངེས་པ་འཇུག་པའི་ཡུལ་ཡིན་པ་དེའི་ཕྱིར་ངེས་པ་མེད་པའི་བདག་ཉིད་ཀྱི་
དངོས་པོ་ནི་འཇུག་པའི་ཡུལ་དུ་བྱ་བ་མ་ཡིན་ཞིང་དེ་ལས་ཀྱང་འཇུག་པའི་ཡན་ལག་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་ལག་ནས་བཟུང་བ་ལ་སོགས་པ་བྱས་པས་ནི་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་ཤེས་པའི་འཇུག་པར་བྱེད་པ་ནི་འཇུག་པའི་ཡུལ་དུ་བྱེད་པ་ལས་གཞན་མ་ཡིན་ནོ། །
འཇུག་པར་བྱེད་པ་འདི་ལ་ཡང་ངེས་པར་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །མངོན་སུམ་ལ་ནི་དེ་ཡོད་པ་མ་ཡིན་པའི་ཕྱིར་འཇུག་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོའི་བསམ་པའོ། །སློབ་དཔོན་གྱིས་ཀྱང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་དེ་བདེན་ན་ཡང་། རྟོག་
པ་མེད་པ་དང་རྟོག་པ་དང་བཅས་པའི་མངོན་སུམ་དག་འཇུག་པའི་ཡན་ལག་ཉིད་དུ་ཁྱད་པར་མེད་པར་བསྟན་པའི་ཕྱིར་སྐྱོན་འདི་མེད་དེ་ཞེས་བྱ་བ་གསུངས་སོ། །འདི་ལ་འཇུག་པའི་ཡུལ་མི་གནས་པ་ནི་རྣམ་པ་གཉིས་ཏེ། དེའི་དུས་ན་ཉེ་བའི་རང་བཞིན་མ་ངེས་པའི་ཕྱིར་མངོན་སུམ་གྱིས་འཇུག་
པའི་ཡུལ་དུ་བྱེད་པར་མི་ནུས་པའམ། གལ་ཏེ་ཡང་བྱ་བ་བྱེད་པ་ཉིད་སྔར་མཐོང་བ་ཉེ་བ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའི་མངོན་སུམ་གྱིས་མ་ངེས་པས་འཇུག་པའི་ཡུལ་དུ་མི་བྱེད། དེ་ལ་རྣམ་པར་རྟོག་པ་སྔ་མ་ནི་རྒོལ་བ་གཉི་ག་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ཏེ་འདི་ལྟར་རྣམ་པར་

རྟོག་པ་དང་བཅས་པའི་མངོན་སུམ་གྱིས་ཡུལ་དང་དུས་དང་རྣམ་པ་སོ་སོར་ངེས་པ་གཏན་ལ་ཕེབས་པ་ཡིན་ལ། རྣམ་པར་རྟོག་པ་མེད་པ་ཡང་དེའི་རྗེས་སུ་བྱེད་པ་དེའི་སྟོབས་ཀྱིས་སྐྱེས་པའི་གཏན་ལ་ཕེབས་པའི་ཤེས་པས་མངོན་སུམ་གྱིས་གཟུང་བ་ངེས་པར་བྱེད་པ་ཡིན་ནོ། །གང་ཡང་
མཐོང་བའི་རྣམ་ཤེས་ཀྱི་གཟུང་བའི་རང་བཞིན་དེ་དང་དེ་ལས་ལོག་པ་དེ་ཉིད་དེའི་སྟོབས་ཀྱིས་སྐྱེས་པའི་རྣམ་པར་རྟོག་པས་སྒྲ་དང་བསྲེས་ནས་དེ་ཁོ་ན་ལྟར་ཞེན་པར་བྱེད་པ་ཡིན་གྱི། རྣམ་པར་རྟོག་པས་དེ་ལ་ཕྱི་ནས་དོན་བྱེད་པར་བཟོད་པའི་རང་བཞིན་ལྷག་པར་བཟུང་བ་ནི་མ་ཡིན་ནོ། །
དེ་ལ་དེ་ཉིད་ཀྱིས་ངེས་སམ་དེའི་སྟོབས་ཀྱིས་བསྐྱེད་པས་ཀྱང་རུང་སྟེ། རྣམ་པར་རྟོག་པས་དངོས་པོ་འཇུག་པའི་ཡུལ་དུ་བྱས་པ་ལ་ནི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་རྣམ་པར་རྟོག་པ་མེད་པ་ལ་ནི་མ་ཡིན། རྣམ་པར་རྟོག་པས་བར་དུ་ཆོད་པས་འཇུག་པའི་ཡན་ལག་
ཡིན་ནོ་ཞེས་བྱ་བར་འདོད་ན། རྣམ་པར་རྟོག་པས་བར་དུ་ཆོད་པས་ཞེས་བརྗོད་པ་འདི་ནི་ཤིན་ཏུ་ཆུང་སྟེ་རྒོལ་བ་གཉི་གའི་ལྟར་ན་ཡང་ཤེས་པའི་རྒྱུན་ཆེན་པོས་བར་དུ་ཆོད་པས་ཁྱད་པར་མེད་པ་ཉིད་དུ་དེ་མ་ཐག་ཉིད་དུ་སྟོན་པར་འགྱུར་རོ། །ཅི་སྟེ་ཕྱོགས་གཉིས་པ་ལྟར་ན་དེ་ལྟ་ན་ཡང་
ཉེ་བའི་དངོས་པོ་དེ་ལ་སྔོན་མཐོང་བའི་བདེ་བ་སྒྲུབ་པར་བྱེད་པ་ཉིད་དྲན་པར་བྱ་བ་ཡིན་གྱི། མངོན་སུམ་དུ་བྱ་བ་ནི་མ་ཡིན་ལ། དྲན་པ་ལ་ནི་འོ་སྐོལ་གཉི་ག་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱི་ཉེ་བའི་དངོས་པོ་འཇུག་པའི་ཡུལ་དུ་བྱེད་པའི་བྱ་བ་ལ་ནི་གཉི་ག་
ཡང་མཚུངས་པ་ཡིན་ལ་དྲན་པའི་བྱ་བ་ལྷག་པས་བར་དུ་ཆོད་པར་ཡང་མཚུངས་པ་ཉིད་དོ། །དེའི་ཕྱིར་ཉེ་བའི་དངོས་པོ་འཇུག་པའི་ཡུལ་ཉིད་དུ་བྱེད་པའི་ཕྱིར་མངོན་སུམ་རྣམ་པ་གཉི་ག་ཡང་འཇུག་པའི་ཡན་ལག་ཡིན་ལ་ཤེས་པ་གཞན་གྱིས་བར་དུ་ཆོད་པའི་འཇུག་པ་ཡང་དེ་ལས་སྐྱེ་
བས་ན་བརྒྱུད་པས་རྒྱུ་ཡིན་པར་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡང་ཇི་ལྟར་ན་མངོན་སུམ་གཉི་ག་ཡང་བདེ་བའི་སྒྲུབ་པར་བྱེད་པ་ཉིད་དུ་ངེས་པ་དྲན་པ་ཉིད་ཀྱིས་བྱ་བ་ཡིན་ཞེ་ན། རིམ་པ་བསྟན་པའི་ཕྱིར་བཤད་པ། གང་ལ་སྔོན་ཞུགས་པའི་ཉེ་བ་མངོན་སུམ་གྱི་ཡུལ་དུ་གྱུར་པ་དེ་

མཐོང་སྟེ་ཡོད་པ་ན། ཉིད་ཅེས་བྱ་བའི་ཚིག་ནི་རྒྱུ་དང་འབྲས་བུ་ངེས་པར་སྟོན་པའོ། །མཐོང་བའི་དགོས་པ་གང་ཡིན་པ་དེ་མཐོང་བ་ཉིད་ན་མཐོང་བའི་འབྲས་བུ་དེ་རྣམས་ལ་དྲན་པར་བྱེད་པའི་དྲན་པ་གང་ཡིན་པ་དེ་ལས་སོ། །ཇི་ལྟར་གྱུར་པ་ཞིག་ལས་ཤེ་ན། མྱོང་
བའི་ཞེས་བྱ་བ་གསུངས་ཏེ། སྔོན་ཞུགས་པའི་ཤིང་ལ་སོགས་པ་འབྲས་བུ་ཁྱད་པར་ཅན་གྱི་རྒྱུ་ཡིན་པར་མྱོང་བ་གང་ཡིན་པ་དང་། གང་ཡང་རྒྱུ་དང་འབྲས་བུའི་དངོས་པོ་གཏན་ལ་ཕབས་པའི་འོག་རོལ་དུ་འཇུག་པའི་དུས་སུ་འཇུག་པ་གཉི་ག་ཡང་མཚུངས་པར་གཟུང་བ་ཡིན་ཏེ།
གཅིག་ནི་དྲན་པའི་འདུ་བྱེད་སྐྱེད་པར་བྱེད་པ་ཡིན་ལ། ཕྱི་མས་ནི་སད་པར་བྱེད་པའི་ཕྱིར་རོ། །དྲན་པའི་འདུ་བྱེད་འཇོག་པ་དང་། །སད་པར་བྱ་བ་ལ་དེའི་མཐུ་ཡོད་པ་དེ་ལས་བྱུང་བའི་ངང་ཚུལ་གང་ཡིན་པའོ། །དྲན་པ་དེ་ལས་མངོན་པར་འདོད་པ་སྟེ། མངོན་པར་འདོད་པ་ཡང་འཇུག་
པའི་ཡུལ་ཅན་དང་ལྡོག་པའི་ཡུལ་ཅན་དག་ཁྱད་པར་མེད་པར་གཟུང་ངོ་། །མངོན་པར་འདོད་པ་དེའི་རྒྱུས་ཀྱང་འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །མངོན་སུམ་ཉིད་ལས་དངོས་སུ་ཐ་སྙད་དུ་འགྱུར་བ་མ་ཡིན་པའི་ཕྱིར་མངོན་སུམ་རྣམ་པ་གཉི་ག་ལ་ཡང་
འདི་ནི་འཇུག་པའི་རྒྱུ་ལྷག་པ་ཡིན་ཏེ། བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་འཛིན་པའི་དྲན་པ་འདི་བར་དུ་ཞུགས་པ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །འདི་ཉིད་རྣམ་པར་འབྲེལ་པ་བཤད་པ་ནི། མངོན་སུམ་དོན་ཏེ་ཡུལ་ལ་ལྟ་བ་རྣམ་པར་འཛིན་པ་དེ་ཙམ་མམ། དེ་ཁོ་ན་ཉིད་གང་ཡིན་པའོ། །
ཙམ་སྨོས་པ་ནི་ངེས་པ་བཟློག་པའི་དོན་དུའོ། །མངོན་སུམ་དེ་ལྟ་བུར་གྱུར་པ་ཡིན་ཡང་ཐ་སྙད་དུ་འགྱུར་བ་ཡིན་ནོ། །ཡང་གི་སྒྲས་ནི་མངོན་སུམ་རྣམ་པར་རྟག་པ་དང་བཅས་པ་ཡིན་ཡང་ཐ་སྙད་དུ་འཇུག་པའི་རིམ་པ་ནི་འདི་ཉིད་ཡིན་ནོ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ཞེས་བྱ་བ་ནི་སྔ་མ་
བཞིན་དུ་སྔ་མ་དང་ཕྱི་མར་འཇུག་པའི་ཉམས་སུ་མྱོང་བ་གཉིས་ཁྱད་པར་མེད་པར་གཟུང་བ་ཡིན་ནོ། །དེའི་མཐུ་ནི་ཉམས་སུ་མྱོང་བར་འགྱུར་བའི་ཡུལ་འཛིན་པའི་དྲན་པའི་འདུ་བྱེད་འཇོག་པ་དང་སད་པར་བྱེད་པ་དག་སྟེ། མཐུ་དེ་ལས་འདུ་བྱེད་གཞག་པ་ལས་བརྒྱུད་པས་དྲན་པ་འབྱུང་

བ་ཡིན་ནོ། །དྲན་པའི་བྱེད་པ་སྟོན་པ་ནི་ཁྱད་པར་ཅན་གྱི་འབྲས་བུ་བྱེད་པ་ཉིད་དུ་མྱོང་བའི་དོན་ལ་ད་ལྟར་མཐོང་བའི་དོན་དང་མཚམས་སྦྱོར་བ་གཅིག་ཏུ་བྱེད་པ་སྟེ། ཁྱད་པར་ཅན་གྱི་འབྲས་བུ་སྒྲུབ་པར་མཐོང་བའི་བདག་གང་ཡིན་པ་དེ་ཉིད་ནི་འདི་ཡིན་ནོ་ཞེས་དེ་ལྟར་མྱོང་བ་གཉིས་
མཚམས་སྦྱོར་བར་བྱེད་པའི་དྲན་པ་མངོན་སུམ་ལས་སྐྱེ་བ་ཡིན་ལ་དྲན་པ་དེ་ཉིད་ཀྱིས་ཀྱང་ཁྱད་པར་ཅན་གྱི་སྒྲུབ་པར་བྱེད་པའི་དོན་སྔོན་མྱོང་བར་གྱུར་པ་ཉིད་དངོས་པོ་དེ་ལ་མཚམས་སྦྱོར་བར་བྱེད་ཀྱི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཡང་འདིའི་ཞེས་འཇུག་པའི་མངོན་སུམ་ལས་ནི་སྔོན་
མྱོང་བ་དྲན་པའི་བྱེད་པ་ཡོད་པ་མ་ཡིན་ནོ། །འོན་ཀྱང་སྔར་ཉམས་སུ་མྱོང་བས་བསྐྱེད་པའི་བག་ཆགས་སད་པར་བྱེད་པ་འབའ་ཞིག་ཏུ་ཟད་པ་ལ། དེ་ནི་རྣམ་པར་རྟོག་པ་མེད་པ་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །ཁྱད་པར་ཅན་བྱེད་པ་ཉིད་དུ་མཚམས་སྦྱོར་བའི་དྲན་པ་དེ་ལས་
ཀྱང་མངོན་པར་འདོད་པ་སྐྱེ་བ་ཡིན་ནོ། །འདོད་པའི་ཡུལ་བསྟན་པའི་ཕྱིར་བཤད་པ་དུས་སྔ་མར་གྱུར་པའི་ཉེ་བ་མངོན་སུམ་གྱི་ཡུལ་དུ་གྱུར་པ་མཐོང་བ་ཉིད་ན་མཐོང་བའི་འབྲས་བུ་གང་ཡིན་པ་དེ་རྣམས་ལ་མངོན་པར་འདོད་པ་ཡིན་ནོ། །ཚིག་ལེའུར་བྱས་པར་ཡང་འདི་མངོན་པར་
འདོད་པའི་ཡུལ་དུ་བསྟན་པ་ཡིན་ནོ། །མངོན་པར་འདོད་པའི་རྒྱུ་ནི་དྲན་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། གང་དོན་བྱ་བ་བྱེད་པར་མཐོང་བའི་དོན་ནི་དྲན་པ་མཚམས་སྦྱོར་བ་ཡིན་ལ། མཚམས་སྦྱར་མ་ཐག་པ་ཉིད་དུ་དོན་དེ་དག་ལ་མངོན་པར་འདོད་པ་དང་མི་འདོད་པ་འཇུག་པར་
འགྱུར་ཏེ། མི་འདོད་པ་ནི་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཡོངས་སུ་དོར་བར་སེམས་པའོ། །མངོན་པར་འདོད་པ་དང་མི་འདོད་པ་དེ་ལས་ཀྱང་ཐ་སྙད་འཇུག་པར་འགྱུར་བ་ཡིན་ནོ། །གཞུང་གི་ཚོགས་འདིས་ནི་མངོན་སུམ་གཉི་གའི་ཡུལ་ལ་ཡང་བདེ་བ་སྒྲུབ་པར་བྱེད་པ་ཉིད་དུ་ནི་
དྲན་པས་ཡུལ་དུ་བྱས་པ་ཡིན་ཞིང་དྲན་པ་ལ་སོགས་པའི་རྒྱུན་གྱིས་ཐ་སྙད་བར་དུ་བཅད་པ་ནི་གཉི་ག་ལ་ཡང་ཁྱད་པར་མེད་དོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་མངོན་སུམ་དེ་ལ་བྱེད་པ་མ་ཡིན་ན་འོ་ན་ནི་དེ་ལྟར་ཉམས་སུ་མྱོང་བར་འགྱུར་བར་དྲན་པའི་རྒྱུར་ཡང་ཇི་ལྟར་འགྱུར་ཞེ་ན། རིམ་པ་

བསྟན་པའི་ཕྱིར་བཤད་པ། དངོས་པོའི་ངོ་བོ་ནི་དངོས་པོའི་ཆོས་སོ། །དོན་འདི་ཡིན་ཏེ། འདི་ནི་ཉམས་སུ་མྱོང་བའི་རང་བཞིན་ཉིད་ཡིན་ཏེ། འདི་ལ་འཐད་པ་ནི་ཅུང་ཟད་ཀྱང་དགོས་པ་ཡོད་པ་མ་ཡིན་ནོ། །དོན་འདི་ནི་འབྲས་བུ་མཐོང་བ་ལས་གྲུབ་པ་
ཡིན་ཏེ། རྒྱུ་མེད་པ་ཅན་མ་ཡིན་ཞིང་རྒྱུ་མ་ངེས་པ་ཅན་ཡང་མ་ཡིན་པ་དེའི་ཕྱིར་འདི་ལ་འཐད་པས་ཅི་ཞིག་བྱ། ཡང་དེ་གང་ཡིན་ཞེ་ན། བཤད་པ། གསལ་བར་ཉམས་སུ་མྱོང་བ་ལས་ཏེ་ཆེས་གསལ་བའོ། །འདིས་ནི་འདི་སྐད་བཤད་པ་ཡིན་ཏེ། ཉམས་སུ་མྱོང་བ་ཙམ་གང་ཡིན་
པ་དེ་ཉིད་ཀྱིས་ན་དྲན་པའི་ནུས་པ་འཇོག་པ་མ་ཡིན་གྱི། འོན་ཀྱང་གསལ་བར་ཉམས་སུ་མྱོང་བས་དྲན་པའི་ནུས་པ་བསྐྱེད་པ་ཡིན་ནོ། །དྲན་པ་བསྐྱེད་པར་ནུས་པའི་ས་བོན་འཇོག་པ་སྟེ་དྲན་པའི་ས་བོན་འཇོག་པ་གང་ཡིན་པ་དེ་ནི་གསལ་བར་ཉམས་སུ་མྱོང་བའི་ཆོས་ཡིན་ནོ། །རེ་ཞིག་ཉམས་
སུ་མྱོང་བའི་མཐུ་ལས་བག་ཆགས་དང་རྗེས་སུ་འབྲེལ་པ་གང་ཡིན་པ་དེ་ནི་ཡོད་པ་ཡིན་ལ། རྒྱུ་དང་འབྲས་བུའི་དུས་སུ་འབྱུང་བའི་ཉམས་སུ་མྱོང་བས་ཅི་འདྲ་བའི་འབྲས་བུ་དང་འབྲེལ་པའི་དོན་དྲན་པའི་བག་ཆགས་བསྐྱེད་པ་དེ་དང་འདྲ་བའི་དངོས་པོ་མཐོང་བ་ལས་དྲན་པའི་ས་བོན་འདིས་སད་པ་ཡིན་
ཏེ། དྲན་པ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དྲན་པ་སད་པ་དེ་ལས་མངོན་པར་འདོད་པ་སྐྱེད་པར་ནུས་པའི་བག་ཆགས་གང་ཡིན་པ་དེ་འཇུག་སྟེ། འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ས་བོན་སད་པ་ལས་དྲན་པ་ཡིན་ཞིང་དེ་ལས་མངོན་པར་འདོད་པའི་བག་ཆགས་
མ་ཡིན་ནམ་ཞེ་ན། དྲན་པའི་དུས་ཉིད་མངོན་པར་འདོད་པའི་བག་ཆགས་སད་པའི་དུས་ཡིན་ཏེ། དྲན་པ་དེ་ཉིད་བག་ཆགས་སད་པའི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་པར་འདོད་པའི་བག་ཆགས་སད་པ་དེ་ལས་ཀྱང་འཇུག་པ་སྟེ་རབ་ཏུ་འཇུག་པ་ཡིན་ནོ། །མངོན་པར་
འདོད་པ་ཉིད་ལས་འཇུག་པ་མ་ཡིན་ནམ་ཞེ་ན། མངོན་པར་འདོད་པ་ཡང་འཇུག་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཀྱིས་འཇུག་པ་ཡིན་ལ། དེ་ཡང་མངོན་པར་འདོད་པའི་བག་ཆགས་ལས་འཇུག་པ་ཉིད་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེའི་ཕྱིར་དེ་ལྟར་མངོན་སུམ་གཉི་གའི་འཇུག་

པའི་ཡང་མངོན་སུམ་གྱི་རྗེས་སུ་བྱུང་བའི་དྲན་པའི་བྱེད་པས་བར་དུ་ཆོད་པ་དང་ལྡན་པ་ཡིན་ལ་ཡུལ་དང་དུས་དང་རྣམ་པ་སོ་སོར་ངེས་པའི་དངོས་པོ་འཇུག་པའི་ཡུལ་དུ་བྱེད་པའི་ཕྱིར་མངོན་སུམ་རང་ཉིད་འཇུག་པར་བྱེད་པ་ཉིད་ཡིན་པ་ལ་ཡང་རྣམ་པར་རྟོག་པ་མེད་པ་དང་གཞན་ཁྱད་པར་ཡོད་
པ་མ་ཡིན་ནོ། །དེ་ལྟར་ན་ཡང་འཇུག་པའི་ཡུལ་ནི་ངེས་པར་བྱས་པ་ཡིན་ལ། ངེས་པར་བྱས་པ་ཡང་རྟོག་པ་མེད་པའི་ཕྱིར་མངོན་སུམ་མ་ཡིན་གྱི། འོན་ཀྱང་དེའི་སྟོབས་ཀྱིས་བསྐྱེད་པའི་རྣམ་པར་རྟོག་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་དང་རྣམ་པར་རྟོག་པ་དག་བསྡོམས་པས་ཚད་མ་
གཅིག་ཏུ་འགྱུར་བ་ཡིན་གྱི། མངོན་སུམ་གཅིག་པུ་ཉིད་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གང་མངོན་སུམ་ཚད་མར་མི་འགྱུར་བ་ཞེན་པར་བྱེད་པས་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་ཐོབ་པར་བྱེད་པས་ཡིན་ནོ། །ཐོབ་པར་བྱེད་པ་ཉིད་ཀྱང་འཇུག་པར་བྱེད་པ་ལས་འཇུག་པར་བྱེད་པ་ཡང་
འཇུག་པའི་ཡུལ་རབ་ཏུ་སྟོན་པ་ལས་ཡིན་ནོ། །འཇུག་པའི་ཡུལ་ཡང་ངེས་པར་བྱས་པ་ཡིན་ཏེ། དེའི་ཕྱིར་ཐོབ་པའི་ཡན་ལག་འཇུག་པའི་ཡུལ་ཞེན་པར་བྱེད་པ་ནི་ཚད་མ་ཡིན་ནོ། །དེ་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་ལ་ཡང་བསམ་པར་བྱ་བ་ཡིན་ཏེ། སྐད་ཅིག་མ་ཉིད་
ཡིན་པའི་ཕྱིར་མངོན་སུམ་ལྡོག་པ་ན་དེས་བྱས་པའི་ཞེན་པ་ལྡོག་པ་ཡིན་ནོ། །དེའི་ཕྱིར་ཞེན་པར་མ་བྱས་པ་འཇུག་པའི་ཡུལ་མ་ཡིན་པས་ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་གང་ལས་ཐོབ་པའི་ཡན་ལག་འཇུག་པའི་ཡུལ་ཞེན་པར་བྱེད། ཅི་སྟེ་མངོན་སུམ་སྔ་མ་ལས་ཞེན་པར་བྱེད་པ་གཞན་སྐྱེ་བ་
ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་རྩོམ་པ་དང་མཐར་ཕྱིན་པའི་དུས་ཁྱབ་པའི་ཞེན་པ་བསྡོམས་ནས་ཚད་མ་གཅིག་ཡིན་པར་འགྱུར་ན་དང་པོ་ཉིད་ནི་འདོད་པ་ཡིན་ནོ། །དེའི་ཕྱིར་ཇི་སྲིད་མངོན་སུམ་གྱི་བྱ་བའི་རྗེས་སུ་འཇུག་པ་དེ་སྲིད་དུ་དེ་ཉིད་ཚད་མ་ཡིན་ནོ། །མངོན་སུམ་གྱི་བྱ་བ་ནི་མཐོང་བ་
ཡིན་ལ། རྣམ་པར་རྟོག་པའི་བྱ་བ་ནི་རྟོག་པ་ཡིན་ཏེ། ཁོ་བོ་རྟོགས་པར་བྱེད་ཀྱི་མཐོང་བ་ནི་མ་ཡིན་ནོ་ཞེས་རྣམ་པར་རྟོག་པར་བྱེད་པ་ནི་ཉམས་སུ་མྱོང་བ་ཉིད་ལས་ངེས་པའི་ཕྱིར་རོ། །མངོན་སུམ་གྱི་རྗེས་སུ་བྱུང་བའི་རྣམ་པར་རྟོག་པ་རྣམས་ཀྱི་ནི་རང་གི་བྱ་བ་རྟོགས་པར་བྱེད་པ་སྤངས་ནས་

འདི་མཐོང་བའི་བྱ་བ་ཉིད་ཀྱི་རྣམ་པའི་རྗེས་སུ་འབྲང་བར་བྱེད་དེ། དེའི་ཕྱིར་ཇི་སྲིད་ཞེན་པའི་ཤེས་པ་རྣམས་ལ་མཐོང་བ་ཞེས་བྱ་བའི་བྱེད་པ་རྗེས་སུ་འགྲོ་བ་དེ་སྲིད་དུ་མངོན་སུམ་གྱི་མཐོང་བའི་འདུ་བྱེད་མ་སྤངས་པར་བལྟའོ། །དེ་ཉིད་ཀྱི་ཕྱིར་དེ་དག་གིས་གང་ཞེན་
པར་བྱས་པ་དེ་ནི་མངོན་སུམ་ཉིད་ཀྱིས་ཞེན་པར་བྱས་པ་ཡིན་ལ། ཞེན་པར་བྱས་པ་ལ་ཡང་མངོན་སུམ་ཉིད་ཚད་མ་ཡིན་གྱི་རྣམ་པར་རྟོག་པ་དེ་ནི་མ་ཡིན་ནོ། །ཞེན་པ་རྣམས་རང་གི་བྱེད་པ་ལ་འགོད་པས་ན་མངོན་སུམ་རྟོག་པ་མེད་པ་ལ་ཡང་ཐོབ་པར་བྱེད་པའི་ཡན་ལག་ཞེན་པར་བྱེད་
པ་ཁྱད་པར་མེད་པར་ཤེས་པར་བྱའོ། །དབང་པོའི་མངོན་སུམ་བཤད་ནས་གཞན་གྱིས་བྱས་པའི་རྩོད་པ་སྤང་བར་བཞེད་ནས་རྒྱུ་དང་ཡུལ་གྱི་བྱེ་བྲག་གིས་ཡིད་ཀྱི་མངོན་སུམ་གྱི་རང་བཞིན་སྟོན་པར་བྱེད་དོ། །ཡིད་ཅེས་བྱ་བ་ནི་ཡིད་ཙམ་ལ་བརྟེན་པ་གཟུང་བར་བྱ་སྟེ། རྣམ་པར་ཤེས་
པ་ཐམས་ཅད་ཡིད་ཉིད་ཡིན་པའི་ཕྱིར་རོ། །ཀྱང་ཞེས་བྱ་བ་ནི་མངོན་སུམ་ཉིད་དུ་བསྡུ་བའོ། །དབང་པོའི་ཤེས་པ་དེ་ཉིད་ནི་དེ་མ་ཐག་པ་ཡང་ཡིན་ལ། རྐྱེན་ཀྱང་ཡིན་ཏེ། དེ་ལས་བྱུང་བ་གང་ཡིན་པའོ། །འདིས་ནི་རྒྱུའི་ཁྱད་པར་བསྟན་ཏོ། །དབང་པོའི་རྣམ་པར་ཤེས་པ་དེའི་དོན་དེ་
མ་ཐག་པ་སྟེ། གང་ལས་བར་ཆད་མེད་པ་དེ་འཛིན་པར་བྱེད་པ་སྟེ། འདིས་ནི་ཡུལ་གྱི་ཁྱད་པར་བསྟན་ཏེ། དེ་ལྟ་བུར་གྱུར་པའི་ཡིད་ནི་མངོན་སུམ་དུ་འདོད་དོ། །མངོན་སུམ་སྨོས་པ་མེད་པའི་ཕྱིར་དེ་ལྟར་མ་ཡིན་ནམ་ཞེ་ན། མངོན་སུམ་ཞེས་བྱ་བ་སྨོས་ཏེ། འདི་ནི་སྐབས་ཡིན་ནོ། །
སྦྱར་རོ་ཞེས་བྱ་བ་ནི་ལྟོས་ཏེ་དེ་ལ་ལྟོས་པ་ཉིད་སྦྱར་བ་ཡིན་ནོ། །མདོ་ཉིད་དགྲོལ་བ་བཤད་པ་ནི། དབང་པོའི་ཤེས་པའམ་འབའ་ཞིག་མངོན་སུམ་ཡིན་པར་མ་ཟད་ཀྱི། ཡིད་ཀྱང་མངོན་སུམ་ཡིན་ནོ། །དེའི་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། བཤད་པ། གང་ཞིག་དབང་པོའི་རྣམ་པར་
ཤེས་པས་བསྐྱེད་པའོ། །དབང་པོའི་ཤེས་པ་ཉིད་ཁྱད་པར་དུ་བྱེད་པ་འདིས་ནི་ཤེས་པའི་རང་བཞིན་དུ་མཚུངས་པ་ཡང་ཡིན་ལ་བར་ཆད་དང་བྲལ་བ་ཡང་ཡིན་ཏེ། བར་མ་ཆོད་པའི་ཕྱིར་རོ། །དེ་ཉིད་ནི་རྐྱེན་ཀྱང་ཡིན་ཏེ་རྐྱེན་གྱི་དོན་ནི་རྒྱུའི་དོན་ཏོ། །གྲུབ་པའི་མཐའ་ལས་གྲགས་པའི་

མིང་གིས་ཐ་སྙད་དུ་བྱས་པ་ནི་ཡིད་ཀྱི་མངོན་སུམ་གྲུབ་པའི་མཐའ་ལས་གྲགས་པར་སྟོན་པར་བྱེད་པ་སྟེ། ཡིད་ཀྱི་མངོན་སུམ་སྒྲུབ་པ་ལ་ཚད་མ་གཞན་ནི་བཙལ་བར་བྱ་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་མངོན་སུམ་གྱི་དབྱེ་བར་བཀོད་ཅེ་ན། གལ་ཏེ་ཡིད་ཀྱི་མངོན་སུམ་
ཡོད་ན་དེའི་མཚན་ཉིད་ནི་འདི་ལྟ་བུ་ཡིན་ནོ་ཞེས་མདོ་མཛད་པས་གྲུབ་པའི་མཐའ་ལས་གྲགས་པའི་ཡིད་ཀྱི་མངོན་སུམ་ཁས་བླངས་པ་ལ་རྩོད་པ་བྱས་པ་བཟློག་པའི་དོན་དུའོ། །དམིགས་པའི་རྐྱེན་བསལ་བའི་ཕྱིར་ཡང་དེ་མ་ཐག་པའི་རྐྱེན་སྨོས་ཏེ། འདི་ལྟར་རང་གི་ཡུལ་གྱི་དེ་མ་ཐག་
པའི་སྐད་ཅིག་དང་ལྷན་ཅིག་པས་རང་གི་རྒྱུད་ལ་ཡོད་པ་རིགས་མཚུངས་པ་ཕྱི་མ་སྐྱེད་པ་དབང་པོའི་ཤེས་པ་དེ་ནི་འགའ་ཞིག་གི་ཚེ་གཞན་གྱི་རྒྱུད་ལ་ཡོད་པ་དབང་པོའི་ཤེས་པ་ལ་དམིགས་པའི་རྣལ་འབྱོར་པ་རྣམས་ཀྱི་གཞན་གྱི་སེམས་ཤེས་པ་སྐྱེད་པར་བྱེད་པས་དེ་ནི་མཚུངས་པ་དེ་
མ་ཐག་པའི་རྐྱེན་སྨོས་པས་བསལ་བ་ཡིན་ནོ། །རང་གི་ནི་བདག་ཉིད་ཀྱི་སྟེ་དབང་པོའི་རྣམ་པར་ཤེས་པའི་ཡུལ་ལོ། །དེའི་ཞེས་དྲུག་པས་ནི་སྔ་མ་དང་ཕྱི་མའི་སྐད་ཅིག་དག་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་བྱུང་བའི་དངོས་པོར་བསྟན་པ་ཡིན་ཏེ། དེས་ན་དབང་པོའི་ཤེས་པའི་
ཡུལ་རྒྱུར་བྱས་པའི་སྐད་ཅིག་མ་བཟུང་བ་ཡིན་ནོ། །དེ་མ་ཐག་པ་ཞེས་བྱ་བ་ནི་བར་མ་ཆོད་པའོ། །སྐད་ཅིག་མ་ཞེས་བྱ་བ་འདིས་ནི་ཡུལ་སྐད་ཅིག་མ་ཡིན་པའི་ཕྱིར་ཡང་སྐད་ཅིག་མ་ཉིད་དུ་བསྟན་ཏོ། །དབང་པོའི་ཤེས་པ་གང་ཡིན་པ་ནི། དོན་གཅིག་པས་དེའི་ལྷན་ཅིག་བྱེད་པ་ཅན་
ཡིན་གྱི་བོགས་འབྱིན་པར་བྱེད་པ་ནི་མ་ཡིན་ཏེ། སྐད་ཅིག་གི་རྫས་ལ་བོགས་འབྱིན་པ་ནི་མི་འཐད་པའི་ཕྱིར་རོ། །དེ་དག་ཀྱང་བྱ་བ་གཅིག་པས་ནི་ལྷན་ཅིག་བྱེད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་དེས་བསྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ནོ། །ཁྱད་པར་
གཉིས་པ་འདིས་ཀྱང་དེའི་ཡུལ་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཡིད་དེ་ལྟ་བུ་ཡིན་པ་དེ་ཉིད་ཀྱི་རྒྱུའི་ཕྱིར་དབང་པོ་མེད་པར་མཐོང་བ་མ་ཡིན་ཏེ། གང་ལ་དེའི་ཡུལ་ཅན་གྱི་དབང་པོ་མེད་པ་དེ་ལ་དེའི་ཡུལ་ཅན་གྱི་ཡིད་ཀྱིས་མཐོང་བ་ཡོད་པ་མ་ཡིན་ནོ། །དབང་པོ་མེད་པ་ཉིད་ནི་དབང་པོའི་

བྱ་བ་མེད་པ་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། རྣམ་པར་རྟོག་པའི་གནས་སྐབས་སུ་ནི་ཡིད་མཐོང་བ་འཇུག་པ་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་དབང་པོའི་ཤེས་པ་མེད་པའི་ཕྱིར་རོ། །ཡུལ་གཞན་པ་ཉིད་ཀྱང་མ་ཡིན་ཏེ། གང་གི་ཕྱིར་དབང་
པོའི་ཤེས་པའི་གཟུང་བའི་དོན་གྱི་ནང་དུ་གཏོགས་པའི་སྐད་ཅིག་མ་འཛིན་པ་དེའི་ཕྱིར་དོན་གཞན་ནི་ཐ་ན་རྒྱུད་ཐ་མི་དད་པ་ཡང་འཛིན་པ་མ་ཡིན་ནོ། །དེས་ན་ཕ་རོལ་པོ་དག་གིས་དབང་པོའི་བྱེད་པ་མེད་པར་ཡང་དོན་མཐོང་བར་ཐལ་བ་དང་། དེ་བཞིན་དུ་ཡིད་ཀྱིས་ཀྱང་མཐོང་
བའི་ཕྱིར་ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བར་གང་བརྗོད་པ་དེ་སྤངས་པ་ཡིན་ཏེ། རྣམ་པར་རྟོག་པའི་གནས་སྐབས་ན་རྒྱུ་མེད་པའི་ཕྱིར་དང་། ལོང་བ་ལ་སོགས་པ་ལ་ཡང་གཟུང་བ་མཐོང་བ་ལ་རང་གི་ཡུལ་གྱི་དེ་མ་ཐག་པས་ལྷན་ཅིག་བྱས་པའི་དབང་པོའི་རྣམ་
པར་ཤེས་པ་མེད་པའི་ཕྱིར་རོ། །གང་ཡང་གཟུང་བ་འཛིན་པའི་ཕྱིར་ཚད་མ་མ་ཡིན་པར་ཐལ་བར་བརྗོད་པ་དེ་ཡང་འདི་ཉིད་ཀྱིས་སྤངས་པ་ཡིན་ནོ། །བྱེད་པ་ནི་བྱ་བ་དང་སྤྱོད་པའོ། །དེའི་དུས་ནི་དོན་ཡོད་པའི་དུས་ཏེ། ཡོད་པའི་དངོས་པོ་ཉིད་བྱེད་པ་ཡིན་ནོ། །བྱེད་པའི་དུས་
མི་མཚུངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དེ་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྒྱུ་དབང་པོའི་ཤེས་པ་དེ་དང་བྱེད་པའི་དུས་མཚུངས་པ་མ་ཡིན་ནོ། །དུས་ཐ་དད་པ་ཉིད་ཀྱི་གཏན་ཚིགས་སྨྲས་པ། རང་སྟེ་བདག་ཉིད་ཀྱི་ཤེས་པ་དེའི་དུས་དེ་ན་ཡོད་
པའི་ངང་ཚུལ་གང་ཡིན་པའོ། །གང་གི་ཕྱིར་ཡིད་ཀྱི་ཤེས་པའི་ཡུལ་ནི་དེའི་དུས་ན་ཡོད་པ་ཡིན་ལ། དབང་པོའི་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལས་སྔ་མ་ཡིན་ཏེ། དེས་ན་དེ་དག་སྔ་ཕྱི་ཡིན་པ་དེའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་མ་ཡིན་ནོ། །གལ་ཏེ་སྔར་སྐྱེས་པ་ཉིད་འབྲས་བུ་
སྒྲུབ་པར་བྱེད་པ་ཡིན་ན་ནི་ཕྱི་མ་དེ་ལ་བྱེད་པ་མ་ཡིན་ལ་ཅི་སྟེ་ཕྱིས་འབྱུང་བས་འབྲས་བུ་སྐྱེད་ན་ནི་སྔ་མ་ཞིག་ཟིན་པའི་ཕྱིར་དེ་ལ་བྱེད་པ་མ་ཡིན་པའི་ཕྱིར་ཇི་ལྟར་དུས་ཐ་དད་པ་དག་དོན་གཅིག་བྱེད་པ་ཉིད་ཡིན། དེའི་ཕྱིར་དོན་ནི་ལྷན་ཅིག་བྱེད་པ་མ་ཡིན་ནོ། །དེ་ལྟར་ཡུལ་དང་ཤེས་པ་དུས་

མཉམ་པར་ཁས་བླངས་ནས་རྒོལ་ཞིང་རྟོག་པར་ཐལ་བར་དོགས་པས་ཤེ་ན་ཞེས་བྱ་བ་སྨོས་སོ། །མ་ཡིན་ཏེ། གཉི་ག་ཡང་ཞེས་བྱ་བ་ལ། གཉི་ག་ནི་དབང་པོའི་ཤེས་པ་དང་ཡིད་ཀྱི་ཡུལ་ལོ། །དུས་མཚུངས་པ་ནི་གཅིག་པ་ཉིད་དོ། །དེའི་ཕྱིར་ལྷན་ཅིག་བྱེད་པ་མ་ཡིན་པ་མ་ཡིན་
ནོ། །དུས་མཚུངས་པ་ཉིད་སྒྲུབ་པའི་ཕྱིར་བཤད་པ། ཤེས་པའི་རྒྱུ་སྐྱེད་པར་བྱེད་པའི་ཡུལ་ཏེ། འདི་ལྟར་རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཞེས་བཤད་ཟིན་ཏོ། །དེ་ནི་རང་གི་ཤེས་པ་དང་ལྷན་ཅིག་འབྱུང་བར་ཏེ། དུས་གཅིག་པར་འགལ་
བ་ཡིན་ལ། གང་གི་ཕྱིར་འགལ་བ་དེའི་ཕྱིར་དུས་མཚུངས་པ་མ་ཡིན་ནོ། །གང་གི་ཕྱིར་ལྷན་ཅིག་པ་ཡིན་པ་ལ་ནི་ནུས་པ་མེད་པས་ཁྱབ་པ་ཡིན་ལ། དེས་ན་འགལ་བ་ཁྱབ་པ་ཉིད་ཀྱིས་སྐྱེད་པར་བྱེད་པ་ཉིད་དུ་འགལ་བ་ཡིན་ནོ། །ཡང་ལྷན་ཅིག་ཏུ་ཡོད་པ་ལ་ནུས་པ་མེད་པ་
ཅིའི་ཕྱིར་ཞེ་ན། འབྲས་བུ་སྐྱེད་པའི་སྔ་རོལ་དུ་ནི་ལྷན་ཅིག་ཏུ་ཡོད་པའི་སྐད་ཅིག་མ་མེད་པ་ཡིན་ལ། མེད་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ནུས་པ་མེད་པའི་ཕྱིར་འབྲས་བུ་སྐྱེ་བ་ལ་ཉེ་བར་སྦྱོར་བ་འགའ་ཡང་མེད་པས་སྔར་སྐྱེད་པར་བྱེད་པ་མ་ཡིན་ནོ། །ནུས་
པ་ཡོད་པའི་དུས་ན་སྟེ་རྒྱུ་ཡོངས་སུ་རྫོགས་པ་ན་ཡང་ཉེ་བར་སྦྱོར་བ་མེད་པ་ཉིད་དེ། འབྲས་བུ་བདག་ཉིད་ཐམས་ཅད་རྫོགས་ཟིན་པའི་ཕྱིར་རོ། །དེའི་དོན་འདི་ཡིན་ཏེ། སྔར་ནི་ནུས་པ་མེད་པས་ཉེ་བར་སྦྱོར་བ་མེད་པ་ཡིན་ལ། ནུས་པ་ཡོད་པའི་དུས་ན་ཡང་འབྲས་བུ་རྫོགས་
ཟིན་པས་ཕན་འདོགས་པ་མེད་པའི་ཕྱིར་ཏེ། རྒྱུ་དེས་ན་སྐྱེད་པར་བྱེད་པ་ཉིད་ནི་ལྷན་ཅིག་པ་ཉིད་ཡིན་པར་འགལ་ལོ། །ལག་པ་དང་སྐྱུ་རུ་ར་གཉིས་བཞིན་ཡོད་པ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ནམ། དུས་ཐ་དད་པ་ཉིད་ལ་ནི་གཟུང་བའི་དུས་སུ་འཛིན་པ་མེད་ལ།
འཛིན་པའི་དུས་ན་ཡང་གཟུང་བ་མེད་པའི་ཕྱིར་འཛིན་པར་བྱེད་པ་མེད་པས་དུས་ཐ་དད་པ་ཇི་ལྟར་གཟུང་ཞེ་ན་ཞེས་བྱ་བ་ནི་ཁས་བླངས་པ་སྟོན་པའོ། །རྒྱུ་ཉིད་ལ་གཟུང་བར་འཐད་པ་ཤེས་པས་རིག་སྟེ། རིག་པའི་རྗེས་སུ་འབྲངས་པས་སོ། །ཁྱད་པར་ཇི་ལྟ་བུའི་རྒྱུ་ཉིད་ལ་ཞེ་ན།

ཤེས་པ་ལ་རྣམ་པ་ནི་སྣང་བ་ལ་འཇོག་པ་ནི་འགོད་པ་སྟེ། དེ་ལ་ནུས་པ་སྟེ་མཐུ་ཡོད་པའོ། །དོན་འདི་ཡིན་ཏེ། རང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པའི་རྒྱུ་ཉིད་ལ་གཟུང་བ་ཡིན་པར་བརྗོད་པར་བྱ་བ་ཡིན་གྱི། སྐམ་པ་དང་ལྕགས་སྦྲམ་གཉིས་བཞིན་དུ་
གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ནོ། །སྐམ་པ་ལ་སོགས་པ་དང་ལྕགས་ཀྱི་སྦྲམ་བུ་ལ་སོགས་པ་ཡང་གཟུང་བ་དང་འཛིན་པའི་དངོས་པོ་ནི་ཐམས་ཅད་དུ་རྒྱུ་དང་འབྲས་བུར་གྱུར་པའི་བྱེ་བྲག་ཁོ་ན་ལས་ཡིན་ནོ། །དབང་པོ་ལ་སོགས་པ་ཡོད་ཀྱང་སྔོན་པོར་སྣང་བ་མི་སྐྱེ་ལ།
ཡུལ་སྔོན་པོ་ཡོད་ན་ནི་སྐྱེ་བའི་ཕྱིར་རྣམ་པ་ནི་ཡུལ་གྱིས་བྱས་པ་ཡིན་གྱི། མིག་ལ་སོགས་པས་བྱས་པ་ནི་མ་ཡིན་ནོ། །དེས་ན་རྣམ་པར་འཇོག་པར་ནུས་པ་ནི་ཡུལ་ཉིད་ཡིན་པར་བརྗོད་པ་ཡིན་ནོ། །ཚིག་ལེའུར་བྱས་པས་མ་བཟུང་བའི་དོན་བརྗོད་པའི་ཕྱིར་ན་བར་སྐབས་སུ་སྦྱར་བའི་
ཚིགས་སུ་བཅད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མངོན་པར་འདོད་པའི་རྣམ་པར་ཤེས་པའི་ཡུལ་བསྒྲུབས་ཤིང་གཞན་གྱིས་བཀོད་པའི་སྐྱོན་ཡང་བསལ་ནས། འདོད་པ་མ་ཡིན་པའི་ཡུལ་བཟློག་པའི་ཕྱིར་བཤད་པ། ཡིད་ཀྱི་རྣམ་པར་ཤེས་པ་འདི་ཚད་མ་སྔ་མའི་ཡུལ་འཛིན་པ་ཡང་
མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། ཚད་མ་ཞལ་གྱིས་བཞེས་པའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གཞན་ཉིད་ཡིན་པར་བཤད་ཀྱི། འདིར་རང་གི་ཡིད་ཀྱིས་བརྟགས་པ་ནི་མ་ཡིན་ནོ། །ཚད་མ་ཡིན་ཡང་ཚད་མ་སྔ་མའི་ཡུལ་ཅན་ཅིའི་
ཕྱིར་མ་ཡིན་ཞེ་ན། བཤད་པ། ཤེས་པ་གཞན་གྱིས་མ་རྟོགས་པའི་ཡུལ་གང་ལ་ཡོད་པ་དེའི་དངོས་པོ་ནི་ཉིད་དེ། དེའི་ཕྱིར་ཚད་མ་སྔ་མས་གཟུང་བ་འཛིན་པ་མ་ཡིན་ནོ། །གཞན་དུ་ན་གལ་ཏེ་དེ་གཟུང་བ་འཛིན་པ་ཡིན་ན་ནི་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་རོ། །ཚད་མ་ནི་འདི་ཙམ་མོ་
ཞེས་ཡོངས་སུ་ཆད་པ་མེད་པ་ནི་ཧ་ཅང་ཐལ་བའོ། །གང་ཅུང་ཟད་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་གྱི་ཤེས་པ་དེ་ཐམས་ཅད་ཚད་མར་གྱུར་པས་དྲན་པའམ་ཅིག་ཤོས་དག་འགྱུར་རོ། །གཏན་ཚིགས་དེའི་ཕྱིར་ན་མ་རྟོགས་པའི་ཡུལ་ཅན་ཉིད་ཡིན་ནོ། །གལ་ཏེ་ངེས་པའི་འབྲས་བུ་ཅན་

གྱི་ཚད་མས་ངེས་པར་བྱས་པའི་ཡུལ་འཇུག་པ་གང་ཡིན་པ་དེ་ནི་དྲན་པ་ཡིན་ལ། དེ་ལྟར་གྱུར་པ་ཡང་ཚད་མ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པས་མ་ངེས་པའི་ཡུལ་ལ་འཇུག་པས་ན་དེ་ནི་རྟོགས་ཟིན་
པའི་ཡུལ་ཅན་ཡིན་ཡང་ཚད་མ་ཡིན་ཏེ། དྲན་པས་ཧ་ཅང་ཐལ་བ་ནི་མ་ཡིན་ནོ་ཞེ་ན། བཤད་པ། གང་ལ་དྲན་པ་བསྐྱེད་པའི་ནུས་པ་འབྲས་བུ་བསྐྱེད་པ་དང་རྗེས་སུ་མཐུན་པ་མཐོང་བས་བསྐྱེད་པའི་དྲན་པའི་འདུ་བྱེད་མ་ཉམས་པ་མ་ཞིག་པ་ཡོད་པ་དེ་ལྟ་བུར་གྱུར་པ་སྟེ།
གང་གི་ཕྱིར་དེ་ལྟ་བུར་གྱུར་པའི་གཟུང་བའི་དངོས་པོ་འཛིན་པ་དེ་ནི་དྲན་པ་ལས་ཁྱད་པར་མེད་པ་དེའི་ཕྱིར་ཧ་ཅང་ཐལ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཡང་ཚད་མ་ཐམས་ཅད་ངེས་པའི་འབྲས་བུ་ཅན་ཡིན་པ་དེ་ལྟ་ན་ཡང་རྣམ་པར་རྟོག་པ་མེད་པ་ངེས་པ་མེད་པའི་
བདག་ཉིད་ཀྱང་གཟུང་བའི་དངོས་པོ་ལ་ངེས་པར་སྐྱེད་པར་བྱེད་པ་ཡིན་ན་ནི་ཚད་མ་ཡིན་ནོ། །གང་གི་ཕྱིར་དེ་དང་དེ་ལས་ལྡོག་པའི་དངོས་པོ་དེ་ཉིད་ལྡོག་པའི་རྒྱུ་མཚན་ཅན་གྱི་ངེས་པས་ཡུལ་དུ་བྱ་བ་ཡིན་གྱི་གཞན་མ་ཡིན་ལ། དེ་ཡང་བདག་ཉིད་ཐམས་ཅད་མངོན་སུམ་གྱིས་
བཟུང་ནས་རང་གི་མཐུས་ངེས་པའི་ཡུལ་ཉིད་དུ་བྱས་པ་དེ་སྲིད་དུ་དེ་ཚད་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ངེས་པར་བྱེད་པར་ནུས་པའི་མངོན་སུམ་ནི་ངེས་པ་སྐྱེས་པའི་སྔོན་རོལ་དུ་ཚད་མ་ཉིད་དུ་གནས་པ་ཡིན་ཏེ། གཞན་དུ་ན་སྔར་ཚད་མ་མ་ཡིན་པའི་ཕྱིར་ཚད་མར་ཇི་ལྟར་འགྱུར་དེ་ལྟ་
ཡིན་ན་ཡང་གང་ལ་ངེས་པར་བྱེད་ནུས་པའི་དངོས་པོ་འཛིན་པར་བྱེད་པའི་མངོན་སུམ་སྐྱེས་པ་ལ་ནི་དོན་དེའི་ཡུལ་ཅན་ཉིད་ཀྱི་དབང་པོའི་ཤེས་པའམ་ཡིད་ཀྱི་ཤེས་པ་ཡང་རུང་སྟེ། དྲན་པ་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །ཇི་ལྟར་ངེས་པ་དང་ལྡན་པའི་མངོན་སུམ་སྐྱེས་པ་ན། ངེས་
པ་ཉིད་དྲན་པ་ཡིན་པ་དེ་བཞིན་ཉིད་དུ་གཞན་དག་ཏུ་ཡང་ཡིན་ཏེ། འོན་ཀྱང་ངེས་པའི་ཡུལ་ལ་དྲན་པར་ཐ་སྙད་དུ་བྱས་པ་འབའ་ཞིག་ཏུ་ཟད་དོ། །ངེས་པ་མ་སྐྱེས་ཀྱང་ངེས་པར་ནུས་པས་རྟོགས་པའི་དོན་འཛིན་པ་ནི་སྔར་མེད་པའི་ཁྱད་པར་བྱེད་པ་མེད་པས་ན་དྲན་པ་ཉིད་ཡིན་ཏེ། མངོན་སུམ་

གྱི་སྟོབས་ཀྱིས་བསྐྱེད་པའི་ངེས་པ་བཞིན་ནོ། །གཏན་ཚིགས་ཐིགས་པ་ལས་མངོན་སུམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ནི་གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ལྟར་ན་ཡང་ཡིད་མ་བཟུང་བ་འཛིན་པ་ཡིན་ཡང་དབང་པོ་ལས་སྐྱེས་པའི་སྐད་ཅིག་
མ་ཕྱི་མ་བཞིན་དུ་རྒྱུན་གྱིས་བསྒྲུབ་པར་བྱ་བའི་དོན་ལ་ཚད་མ་ཡིན་ལ། རྣལ་འབྱོར་པ་རྣམས་ཀྱི་ནི་སྐད་ཅིག་མའི་ཁྱད་པར་བསྒྲུབ་པར་འདོད་པ་ལ་ཚད་མ་མ་ཡིན་པར་རིགས་པ་ཡིན་ནོ། །མཐོང་བའི་འདུ་བྱེད་བརྗེད་པ་ལ་ནི་ཤེས་པ་གཞན་གང་ཡིན་པ་དེ་ཉིད་ཚད་མ་ཡིན་པ་ཉིད་དོ། །
འཁྲུལ་པའི་རྒྱུ་འགའ་ཞིག་ལས་ངེས་པར་བྱེད་པའི་ནུས་པ་མེད་པ་ཡང་ཚད་མ་མ་ཡིན་པ་ཉིད་དེ། ཆུར་འཁྲུལ་པའི་དུས་ནི་སྨིག་རྒྱུའི་རང་གི་མཚན་ཉིད་འཛིན་པའི་ཤེས་པ་བཞིན་དུ་ངེས་པ་མེད་པས་འཇུག་པའི་ཡུལ་འཇོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །སྐྱོན་གཞན་དག་ཀྱང་
བསྟན་པའི་ཕྱིར་བཤད་པ། བྱ་བ་རྫོགས་པའི་ལས་གང་ཡིན་པ་དེ་ལ་ཁྱད་པར་དུ་བསྒྲུབ་པའི་ཕྱིར་ཁྱད་པར་བྱེད་པ་དེ་ལྟ་མ་ཡིན་པའོ། །ཤིང་ལ་རྣམ་པ་གཉིས་ཀྱི་དངོས་པོར་གྲུབ་ཀྱང་ཕྱོགས་གཞན་དུ་རྣམ་པ་གཉིས་སུ་གྱུར་པའི་རྒྱུ་སྟ་རེ་ནི་སྒྲུབ་པར་བྱེད་པ་ཉིད་ཡིན་པས་ན་ཁྱད་པར་དུ་
བྱེད་པ་མ་ཡིན་པ་ཞེས་བྱེ་བྲག་ཏུ་བྱས་ཏེ། དེ་ལྟ་བུར་གྱུར་པ་དེ་སྒྲུབ་པར་བྱེད་པ་ཡིན་པའོ། །ཡིན་ནོ་ཞེས་བྱ་བ་ནི་དོན་དེ་ལྟ་བུ་ཡིན་ནོ་ཞེས་ངག་གི་དོན་འཛིན་པ་ཡིན་ནོ། །ཡང་གི་སྒྲ་ནི་ཉེས་པ་གཞན་སོགས་པ་སྟེ་ཞེས་བྱ་བའི་སྒྲས་གཟུང་བའི་དོན་འདས་པ་ཡིན་ནོ་ཞེས་བྱ་བས་བརྗོད་
པའོ། །སྒྲུབ་པར་བྱེད་པའི་ཚུལ་ནི་ལུགས་ཏེ། གང་གིས་དེ་སྒྲུབ་བྱེད་དུ་འགྱུར་བར་བྱ་བ་སྒྲུབ་པར་བྱེད་པའི་དངོས་པོའི་བདག་ཉིད་དོ། །དེ་ལས་འདས་པ་ནི་རྒལ་བ་སྟེ། སྤངས་པ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པར་བྱེད་པ་ཡིན་ན་ཇི་ལྟར་ཅུང་ཟད་མི་བྱེད་པ་ཡིན་ལ། ཅུང་ཟད་མི་བྱེད་ན་ཡང་ཇི་
ལྟར་སྒྲུབ་པར་བྱེད་པ་ཡིན། དེ་ཡང་སྒྲུབ་པར་བྱེད་པ་ཡིན་ན་ནི་ཚུལ་ལས་འདས་པ་ཡིན་ནོ། །གང་གི་ཕྱིར་གང་གིས་སྔར་འཇུག་པའི་ཡུལ་སྟོན་པ་དེ་ཉིད་ནི་སྒྲུབ་པར་བྱེད་པ་ཡིན་ལ་ཚད་མའི་སྒྲ་འདི་ཡང་སྒྲུབ་པར་བྱེད་པའི་ཡུལ་ཅན་ཡིན་ཏེ། དེས་ན་དེ་ལྟ་བུ་ཡིན་པར་མ་སྨྲས་པ་ཡིན་ནོ། །དེ་

ལྟར་ན་ཧ་ཅང་ཐལ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་ཉིད་དུ་མི་འཐད་པའི་ཕྱིར་གཟུང་བ་འཛིན་པ་དེ་ཚད་མ་མ་ཡིན་ནོ། །དེའི་ཕྱིར་འགའ་ཞིག་ཏུ་ཚད་མར་བརྗོད་པ་གང་ཡིན་པ་དེ་ནི་མ་བཟུང་བའི་ཡུལ་ཅན་ཡིན་ནོ་ཞེས་བལྟ་བའོ། །སྔར་གཟུང་བའི་དངོས་པོ་འཛིན་པའི་ཚད་མ་ནི་སྲིད་
པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དེ་ནི་རིམ་གྱིས་འབྱུང་བ་འགལ་བ་ཡིན་ནོ། །ཡང་གི་སྒྲ་ནི་གཏན་ཚིགས་འདིའི་ཕྱིར་ཡང་གཟུང་བ་འཛིན་པ་མ་ཡིན་ནོ་ཞེས་མི་སྲིད་པ་གཏན་ཚིགས་ཀྱི་དངོས་པོ་ཉིད་དུ་སོགས་པ་ཡིན་ནོ། །དོན་གཅིག་པོ་དེ་རྒྱུར་གྱུར་པ་གང་ལ་ཡོད་
པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་རང་བཞིན་གང་གིས་སྐད་ཅིག་གཉིས་པར་བློ་བྱེད་པའི་ངོ་བོ་དེ་ཉིད་སྐད་ཅིག་མ་སྔ་མ་ན་ཡང་ཡོད་པའི་ཕྱིར་དང་། དངོས་པོ་ཡང་རང་གི་ངོ་བོ་ཁོ་ནས་བྱེད་པ་ཉིད་ཡིན་པའི་ཕྱིར་རང་གི་བསྒྲུབ་པར་བྱ་བ་ཐམས་ཅད་སྔ་མ་ཁོ་ནར་བྱེད་པར་
འགྱུར་རོ། །འདི་སྙམ་དུ་ལྷན་ཅིག་བྱེད་པ་ལ་ལྟོས་ནས་རིམ་གྱིས་འབྲས་བུ་བྱེད་པའི་ཕྱིར་འགལ་བ་མེད་དོ་སྙམ་པ་བཤད་པ་གཞན་དག་གིས་ཁྱད་པར་ཏེ་བོགས་དབྱུང་བར་བྱར་མེད་པ་སྒྲུབ་ཏུ་མེད་པ་གང་ཡིན་པ་དེ་ནི་ལྟོས་པར་མི་འཐད་དོ། །དེའི་ཕྱིར་འགལ་བ་ཁོ་ནའོ། །ཁྱད་
པར་དུ་བྱར་མེད་པ་ཡང་ཁྱད་པར་རང་གི་ངོ་བོར་འགྱུར་བའི་ཕྱིར་དང་། རང་གི་ངོ་བོ་ཡང་སྔར་ཉིད་དུ་གྲུབ་ཟིན་པའི་ཕྱིར་རོ་འདི་སྙམ་དུ་རང་གི་ངོ་བོ་ཉིད་དུ་གྱུར་པའི་ཁྱད་པར་ལྟོས་པ་མེད་པ་ཁོ་ན་ལས་འབྲས་བུ་རིམ་དང་ལྡན་པ་སྐྱེ་བ་ཡིན་ནོ་སྙམ་ན། བཤད་པ། ལྟོས་པ་མེད་ན་ཡང་
རིམ་གྱིས་སྐྱེ་བར་མི་འཐད་པའི་ཕྱིར་འགལ་བ་ཁོ་ནའོ། །ཡང་ཞེས་བྱ་བ་ནི་འགལ་བ་ཞེས་བྱ་བའི་བསྒྲུབ་བྱ་གཅིག་ལ་གཏན་ཚིགས་ལ་སོགས་པའོ། །ཅི་སྟེ་ཡང་ལྟོས་པ་དང་བཅས་པ་ཉིད་ཀྱིས་ཁྱད་པར་དུ་བྱ་བ་ཉིད་ཡིན་ན་དེའི་ཚེ་ཐ་དད་པ་ཉིད་དུ་ཐལ་བ་ཡིན་ནོ་ཞེས་བཤད་པ་ནི་
ཁྱད་པར་དུ་བྱ་བའི་དངོས་པོ་གང་ཡིན་པ་དེ་ཉིད་དེ། དེ་ཡིན་ན་ནི་གཞན་ཉིད་ཡིན་ནོ། །གང་གི་ཕྱིར་ལྟོས་བྱར་གྱུར་པའི་ལྷན་ཅིག་བྱེད་པས་རང་གི་ངོ་བོར་གྱུར་པའི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དངོས་པོའི་སྔ་མ་ལས་ཐ་དད་པར་འགྱུར་བའི་ཕྱིར་སྐབས་

གྱི་དོན་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གཅིག་པ་ཉིད་ཉམས་པ་ཡིན་ནོ། །གཞན་ཡང་སྐད་ཅིག་མ་ཉིད་མ་ཡིན་ན་རྣམ་པར་ཤེས་པ་སྔ་མས་གཟུང་བ་འཛིན་པར་ཡང་འགྱུར་བ་ཞིག་ན། དབང་པོའི་ཤེས་པའི་ཡུལ་གྱི་དོན་རྣམས་ནི་སྐད་ཅིག་མ་ཉིད་ཀྱིས་
མེད་ན་དབང་པོའི་རྣམ་པར་ཤེས་པའི་རྒྱུ་ཅན་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་པ་མ་ཡིན་ནོ། །མེད་པ་ཉིད་ཀྱང་འདས་པའི་ཕྱིར་ཏེ། ཞིག་པའི་ཕྱིར་རོ། །འདས་པ་ཡང་སྐད་ཅིག་མ་ཉིད་ཀྱིས་སོ། །དེའི་ཕྱིར་དེ་ལྟར་མེད་པས་ན་དབང་པོའི་ཤེས་པའི་ཡུལ་སྐད་ཅིག་མ་ནི་དབང་
པོའི་ཤེས་པའི་འབྲས་བུ་ཡིད་ཀྱི་རྣམ་པར་ཤེས་པས་མི་འཛིན་ལ། སྐད་ཅིག་མ་ཉིད་མ་ཡིན་ན་ཡང་རིམ་པ་འགལ་བའི་ཕྱིར་རོ་ཞེས་བསྒྲུབས་ནས་མཇུག་སྡུད་པ་ནི་དེའི་ཕྱིར་དབང་པོའི་རྣམ་པར་ཤེས་པའི་ཡུལ་ལས་དོན་གཞན་ཉིད་ཡིད་ཀྱིས་རྟོགས་པ་ཡིན་ནོ། །རྐྱེན་ནི་རྒྱུའོ། །དེ་ཉིད་ནི་
ཁྱད་པར་ཏེ་ཁྱད་པར་དུ་བྱས་ཏེ་ཞེས་བྱ་བས་སོ། །དེས་བསྐྱེད་པས་ནི་རྒྱུ་དེའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་དོན་ལས་ནི་རིམ་གྱིས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མ་ཡིན་ཏེ། འོན་ཀྱང་དམིགས་པ་བརྗོད་པའི་
རྐྱེན་གཞན་ལས་སྐྱེ་བ་དེའི་ཕྱིར་དོན་གཞན་རྟོགས་པ་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་མིག་ལ་ལྟོས་པ་མ་ཡིན་ནོ། །ཕྱི་རོལ་གྱི་དོན་འཛིན་པ་ཡིན་ཡང་དེའི་གཟུགས་འཛིན་པར་སོ་སོར་ངེས་པ་ཅིའི་ཕྱིར་ཞེས་དོགས་པ་ལ་རྐྱེན་གྱི་ཁྱད་པར་གྱིས་བསྐྱེད་པའི་ཕྱིར་
ཞེས་གསུངས་སོ། །མིག་གི་རྣམ་པར་ཤེས་པ་ཡང་ཅིའི་ཕྱིར་གཟུགས་འཛིན་པར་སོ་སོར་ངེས་པ་ཡིན་ཞེས་དྲིས་པ་ན། རྒྱུའི་ཁྱད་པར་ཉིད་བསྟན་པར་བྱ་བ་ཡིན་པ་དེ་ནི་འདི་ལ་ཡང་ཡོད་པ་ཡིན་ཏེ། གང་གི་ཕྱིར་གཟུགས་འཛིན་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་སྐྱེས་པ་དེའི་
ཕྱིར་གཟུགས་འཛིན་པར་སོ་སོར་ངེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་དེ་ལྟ་བུར་གྱུར་པ་མ་ཡིན་པའི་ཡིད་གང་ཡིན་པ་དེ་ནི་གཟུགས་འཛིན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གཉིས་པོ་འདི་ནི་རྐྱེན་གྱི་ཁྱད་པར་གྱིས་བསྐྱེད་པའི་ཕྱིར་ཞེས་བྱ་བ་འདི་ཉིད་ཀྱིས་བརྗོད་པ་ཡིན་ནོ། །གལ་ཏེ་འོ་ན་དབང་

པོའི་རྣམ་པར་ཤེས་པ་དང་དེའི་ཡུལ་གྱི་དེ་མ་ཐག་པའི་ཡུལ་ལས་ཡིད་ཀྱི་མངོན་སུམ་སྐྱེ་བ་ཡིན་ལ། རྒྱུ་ཉེ་བའི་ཕྱིར་དབང་པོའི་རྣམ་པར་ཤེས་པ་འཇུག་པ་ན་ཡང་དབང་པོའི་སྐད་ཅིག་མ་དང་པོའི་འོག་ཏུ་ཡིད་ཀྱི་མངོན་སུམ་སྐྱེ་བ་ཡིན་ནོ་ཞེས་ཁ་ཅིག་འཛེར་ཏོ། །དེ་ལ་འདི་སྐད་ཅེས་མིག་
གི་དབང་པོའི་ཡུལ་གྱི་དོན་ལ་འཇུག་པ་ན་སྐྱེས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་མིག་ལས་བྱུང་བ་མ་ཡིན་ན། འོ་ན་མིག་ལས་བྱུང་བ་གཞན་ཅི་འདྲ་བ་ཞིག་ཡིན་ཞེས་དྲི་བར་བྱའོ། །དོན་དེ་ལ་རྣམ་པར་ཤེས་པ་སྐྱེད་པར་རུང་བའི་དབང་པོ་ཡང་ཅིའི་ཕྱིར་རྒྱུད་གཅིག་པོ་དེ་ཉིད་ཀྱིས་
སྐད་ཅིག་གཅིག་ལ་དོན་དེ་འཛིན་པའི་རྣམ་པར་ཤེས་པ་ཁ་ཅིག་གི་ནི་སྐྱེད་པའི་རྒྱུ་ཡིན་པ་ཁ་ཅིག་གི་ནི་རྒྱུ་མ་ཡིན་ཁྱད་པར་མེད་པས་གཉི་གའི་རྒྱུའམ་གཞན་དུ་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་ཡིད་ཀྱི་མངོན་སུམ་ནི་མིག་གི་བྱ་བ་མེད་པ་ལས་གཞན་དུ་མི་འགྱུར་རོ་ཞེས་བྱ་བར་
གནས་སོ། །ཡིད་ཀྱི་མངོན་སུམ་བཤད་ནས། རང་རིག་པའི་མངོན་སུམ་བཤད་པར་བཞེད་པའི་ཕྱིར་བདེ་བ་ལ་སོགས་པ་ཞེས་གསུངས་ཏེ། བདེ་བ་ལ་སོགས་པ་སྡུག་བསྔལ་ལ་སོགས་པ་གང་ཡིན་པ་དེ་དག་གོ། །རང་བདག་ཉིད་འདིས་རིག་པར་བྱེད་པའི་ཕྱིར་རིག་པ་སྟེ།
རིག་པར་རུང་བ་ཉིད་བརྗོད་པ་ཡིན་ཏེ། དེ་ནི་མངོན་སུམ་ཡིན་ནོ། །འདི་ཉིད་རྣམ་པར་འགྲེལ་པ་བཤད་པ་ནི་བདེ་བ་ལ་སོགས་པ་རྣམས་ཀྱང་ཞེས་རིམ་པ་གཞན་དུ་སྦྱར་རོ། །ཀྱང་གི་སྒྲ་ནི་སྔར་བཤད་པར་ཡང་མངོན་སུམ་ཡིན་ལ་བདེ་བ་ལ་སོགས་པའི་རང་བཞིན་གང་ཞིག་བདག་ཉིད་ཡང་
དག་པར་རིག་པར་རུང་བ་གང་ཡིན་པ་དེ་ཡང་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་བྱའོ། །བདག་ཉིད་ནི་གཞལ་བྱ་ཡིན་ལ་དེ་ཡོངས་སུ་གཅོད་པར་རུང་བའི་འཛིན་པར་བྱེད་པ་ཉིད་ནི་མངོན་སུམ་གྱི་ཚད་མ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་རིག་པའི་མངོན་སུམ་མ་ཡིན་ནམ།
དེ་ཅིའི་ཕྱིར་བདེ་བ་ལ་སོགས་པ་ཉིད་ཉེ་བར་བླང་ཞེ་ན། བཤད་པ། བདེ་བ་ལ་སོགས་པ་སྨོས་པ་ནི་གསལ་བའང་ཡིན་ལ་ཉམས་སུ་མྱོང་བའང་ཡིན་པ་དེ་བསྟན་པ་སྟེ། བསྒྲུབས་པ་དེ་ཉིད་ཀྱི་དོན་གང་ལ་ཡོད་པའོ། །གང་གི་ཕྱིར་རྩོད་པ་མེད་པའི་གསལ་བར་ཉམས་སུ་མྱོང་བ་བསྟན་ན་

དེའི་རྗེས་སུ་འབྲངས་ན་གཞན་ལ་ཡང་ཉམས་སུ་མྱོང་བ་ཉིད་དུ་ཁོང་དུ་ཆུད་དོ། །བདེ་བ་ལ་སོགས་པ་ཡང་དག་པར་རིག་པ་ནི་གསལ་བ་ཉིད་དོ་ཞེས་བྱ་བ་དེ་ལྟ་བུའི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ཡང་བཤད་པ་ཡིན་པར་བལྟ་བར་བྱའོ། །ཡང་ཅིའི་
ཕྱིར་འདི་རབ་ཏུ་བསྟན་པ་ཙམ་ཡིན་གྱི། འདི་ཡུལ་ཡོངས་སུ་རྫོགས་པར་བཟུང་བ་མ་ཡིན་ཞེ་ན། བཤད་པ་གང་གི་ཕྱིར་ཤེས་པ་ཐམས་ཅད་ཀྱི་བདག་ཉིད་རིག་པ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །ཡང་དེ་ཇི་ལྟར་མངོན་སུམ་ཡིན་ཞེ་ན། བདེ་བ་ལ་སོགས་
པ་ཞེས་གསུངས་ཏེ། གང་གི་ཕྱིར་བདེ་བ་ལ་སོགས་པ་རྣམས་ཀྱི་བདག་ཉིད་རིག་པ་སྟེ་རིག་པར་རུང་བའི་རང་བཞིན་ལ་རྣམ་པར་རྟོག་པ་སྟེ་རྣམ་པར་རྟོག་པ་ནི་སྒྲ་དང་བསྲེས་ནས་འཛིན་པ་སྟེ། དེ་སྲིད་པ་མ་ཡིན་ནོ། །འདི་ལྟར་རང་གི་རང་བཞིན་འཛིན་པ་ནི་དངོས་སུ་ཡིན་ཏེ། བདག་
ཉིད་ནི་བདག་ཉིད་རིག་པའི་ལྐོག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །བདག་ཉིད་རིག་པར་བྱེད་པ་ནི་བདག་ཉིད་ལ་མ་འཁྲུལ་པ་དང་རྟོག་པ་མེད་པ་ཡང་ཡིན་ནོ། །རྟོག་པ་མེད་པ་ཉིད་ཅིའི་ཕྱིར་ཞེ་ན། བཤད་པ། གང་གི་ཕྱིར་བདེ་བ་ལ་སོགས་པའི་བདག་ཉིད་གང་ལ་བརྡ་ནུས་པ་
མ་ཡིན་པ་དེའི་ཕྱིར་དེ་ལ་རྟོག་པ་མེད་པ་ཡིན་ནོ། །བརྡ་མི་ནུས་པ་ཅིའི་ཕྱིར་ཞེ་ན། ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་དག་གི་བདག་ཉིད་གཞན་ལ་བརྟེན་པ་མ་ཡིན་པའི་ཕྱིར་བརྡ་ནུས་པ་མ་ཡིན་ནོ། །འདི་ལྟར་གང་ཞིག་རང་རིག་པས་གཟུང་བ་སྐད་ཅིག་མའི་བདག་ཉིད་དེ་དག་ནི་ཐུན་མོང་
མ་ཡིན་པ་ཡིན་ལ། སྒྲ་དགོད་པ་ཡང་ཡུལ་དུ་བྱས་པ་ལ་བརྗོད་པར་གཟོ་བ་སྔོན་དུ་འགྲོ་བ་ཅན་ཡིན་ན་སྐད་ཅིག་མ་གཅིག་པ་ནི་རིམ་པ་དང་ལྡན་པ་ཡུལ་དུ་བྱེད་པ་དང་། བརྗོད་པར་གཟོ་བ་དང་། འགོད་པ་རྣམས་མི་སྲིད་དོ། །དེའི་ཕྱིར་མ་སྐྱེས་པ་ཉིད་དུ་ཡུལ་དུ་བྱས་ཏེ། བརྗོད་པར་
གཟོ་བ་སྔོན་དུ་འགྲོ་བ་ཅན་གྱི་སྒྲ་བཀོད་པ་བྱས་ནས་སྐྱེས་པ་ན། སྒྲའི་ཁྱད་པར་ཅན་དུ་འཛིན་པ་ཡིན་གྲང་ན། ཚུལ་འདི་ཡང་མི་སྲིད་དོ། །གང་གི་ཕྱིར་རིག་པ་དེ་ཉིད་ཀྱིས་བདག་ཉིད་ལ་སྒྲ་བཀོད་པའམ་ཤེས་པ་གཞན་གྱིས་ཡིན། རིག་པ་ཉིད་ཀྱིས་ཡིན་ན་ཡང་སྒྲ་འགོད་པ་ན་སྐྱེས་

པའམ་མ་སྐྱེས་པ་མ་ཡིན། རེ་ཞིག་མ་སྐྱེས་པ་ལ་བཀོད་པར་མི་ནུས་ཏེ། གང་གི་ཕྱིར་མ་སྐྱེས་པ་ནི་མ་བྱུང་བ་ཡིན་ནོ། །མ་སྐྱེས་ཀྱང་སྤྱི་ཡུལ་དུ་བྱེད་པའི་ཕྱིར་སོ་སོར་ངེས་པ་ཞེས་ཁྱད་པར་བརྗོད་དོ། །བདེ་བ་ལ་སོགས་པའི་བདག་ཉིད་ནི་ཡུལ་དུ་བྱེད་པ་མ་ཡིན་ཏེ། ཡུལ་ཅན་རང་
རིག་པས་སོ། །འདིར་དངོས་པོ་སྒྲུབ་པ་རིག་པའི་སྒྲས་ནི་རིག་པར་རུང་བའི་བདག་ཉིད་ཚད་མར་གྱུར་པ་བཟུང་གི་འབྲས་བུའི་རང་བཞིན་ནི་མ་ཡིན་ཏེ། དེ་ལ་ཚད་མ་བྱེད་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཡུལ་དུ་མི་བྱེད་ཅེ་ན། བཤད་པ་བདག་རིག་པ་དེ་ནི་བདེ་བ་ལ་སོགས་པ་དེའི་
བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དེའི་དངོས་པོ་ནི་དེ་ཉིད་དེའི་ཕྱིར་རོ། །གང་གི་ཕྱིར་རང་རིག་པ་འདི་ནི་བདེ་བ་ལ་སོགས་པའི་བདག་ཉིད་རང་གི་ངོ་བོ་ཡིན་པས་དེ་མ་གྲུབ་ན། དེ་ཡང་མ་གྲུབ་པ་དེའི་ཕྱིར་བདེ་བ་ལ་སོགས་པའི་བདག་ཉིད་མ་སྐྱེས་པ་ན་ཡུལ་དང་ཡུལ་ཅན་
གཉི་ག་མེད་པའི་ཕྱིར་གང་ཞིག་གང་གིས་ཡུལ་དུ་བྱེད། ཡུལ་དུ་མ་བྱས་ན་ཡང་བརྗོད་པ་གཟོ་བ་དང་སྒྲ་བཀོད་པ་མེད་དོ། །དེས་ན་ཇི་ལྟར་བརྡ་ངེས་པར་སྦྱོར་བ་ནི་སྒྲའི་བརྗོད་བྱར་འཛིན་པ་ཡིན་ལ་ཡུལ་དུ་བྱེད་པ་ནི་འཛིན་པ་ཙམ་ཡིན་ནོ། །འཛིན་པའི་ཁྱད་པར་ཡང་འཛིན་
པའི་སྤྱིས་ཁྱབ་པ་ཡིན་ཏེ། དེས་ན་གང་ཞིག་གང་གིས་ཡུལ་དུ་མ་བྱས་པ་དེ་ནི་དེས་སྒྲ་འགའ་ཞིག་གི་བརྗོད་བྱར་བྱེད་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་ཤེས་པས་རྟ་བཞིན་ནོ། །ངེས་པའི་བདག་ཉིད་མ་སྐྱེས་པ་ཡང་རང་རིག་པས་ཡུལ་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་
པ་མི་དམིགས་པའོ། །འདི་སྙམ་དུ་འོ་ན་ནི་ཡུལ་དུ་བྱས་པའི་ཕྱིར་ན་བདེ་བ་ལ་སོགས་པའི་བདག་ཉིད་སྐྱེས་པ་ལ་སྒྲ་འགོད་པར་འགྱུར་རོ་སྙམ་ན་བཤད་པ། བདེ་བ་ལ་སོགས་པ་སྐྱེས་པའི་བདག་ཉིད་ཡུལ་དུ་བྱས་པ་འདི་དག་ལ། རིག་པ་འདི་རྗོད་པར་བྱེད་པ་སྟེ། སྨྲས་པར་
བྱེད་པའི་སྒྲ་དང་སྦྱོར་བ་སྟེ། འགོད་པ་ནི་མ་ཡིན་ནོ། །བསམ་པ་འདི་ཡིན་ཏེ་གལ་ཏེ་སྐྱེས་པའི་བདེ་བ་ལ་སོགས་པའི་བདག་ཉིད་རིག་པས་ཡུལ་དུ་བྱས་པ་དེ་ལྟ་ན་ཡང་རྗོད་པར་བྱེད་པ་དང་སྦྱར་བར་མི་ནུས་སོ་ཞེས་བྱའོ། །གཏན་ཚིགས་བཤད་པ། བདག་ཉིད་ལ་དེ་ལྟར་

ཏེ་རྣམ་པ་དེས་འཇུག་པ་ནི་སྦྱོར་བ་སྟེ། རྗོད་པར་བྱེད་པ་དང་སྲེ་བའི་རྣམ་པ་ཅན་གྱི་བྱེད་པའོ། །དེ་འགལ་བའི་ཕྱིར་རོ། །གང་གི་ཕྱིར་སྒྲ་སྦྱོར་བར་བྱེད་པ་ལས་ཐ་དད་པར་གཟུང་བའི་ཆར་གནས་པར་སྣང་བ་ལ་ནུས་པ་ཡིན་ཏེ། གང་ཞིག་བྱ་བར་འདོད་པ་དེ་ནི་འདོད་པའི་རང་
བཞིན་གྲུབ་པ་ལས་བྱ་བ་ཐ་དད་པ་ཉིད་དུ་མཐོང་ན་རྩོམ་པར་བྱེད་པ་ཡིན་གྱི། འདོད་པའི་རང་བཞིན་ཉིད་ལ་ནི་མ་ཡིན་ནོ། །དེའི་ཕྱིར་འགའ་ཞིག་བརྗོད་པར་བྱ་བ་ཉིད་དམ་རྣམ་པ་གཞན་ཉིད་དུ་ངེས་པར་སྟོན་པ་ལ་ནི། ངེས་པར་སྟོན་པ་པོ་ལས་ཐ་དད་པར་སྣང་བ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །
གཟུང་བའི་ཆར་གནས་པར་བདག་ཉིད་ནི་རང་རིག་པ་ལས་ཐ་དད་པར་བྱ་བ་ཉིད་དུ་མི་སྣང་ངོ་། །དེའི་ཕྱིར་བརྗོད་པར་བྱ་བ་ཉིད་དུ་དགོད་པའི་ཁྱབ་པར་བྱེད་པ་ཐ་དད་པར་སྣང་བ་དང་འགལ་བ་ཐ་དད་པ་མེད་པར་སྣང་བ་ནི་བདག་ལ་ཡོད་པ་ཉིད་དོ། །གང་གི་ཚེ་ཡང་བདག་ནི་འདི་ལྟ་བུའོ་ཞེས་
བདག་ལ་སོ་སོར་རྟོག་པ་དེའི་ཚེ། སོ་སོར་རྟོག་པར་བྱེད་པ་འཛིན་པ་པོ་ལས་བདག་ཐ་དད་པར་གཟུང་བར་བྱ་བ་ཉིད་དུ་སྣང་བ་ན་སོ་སོར་རྟོག་པར་བྱེད་པ་ཡིན་ནོ། །གཞན་ཡང་བརྡ་བྱེད་པ་ནི་འདི་ནི་བུམ་པའོ་ཞེས་གཟུང་བར་བྱ་བའི་ཆར་གནས་པའི་སྒྲ་དང་ཐ་མི་དད་པར་བྱེད་པ་ཡིན་ན། ཤེས་
པའི་བདག་ཉིད་ནི་གང་སྒྲ་དང་ཐ་དད་པ་མེད་པར་བྱ་བ་གཟུང་བར་བྱ་བའི་ཆར་གནས་པར་སྣང་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ནི་རྣམ་པར་རྟོག་པའི་ཤེས་པ་ལ་སྣང་བའི་སྒྲ་དང་འདྲེས་པར་སྣང་བ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་ཤེས་པ་དག་པ་རྣམ་པར་མི་རྟོག་པ་ཁོ་ནའོ། །དེའི་ཕྱིར་དེ་
ལྟར་གལ་ཏེ་ངེས་པར་སྦྱོར་བ་པོ་ལས་ཐ་དད་པ་སྣང་བ་ལས་ངེས་པར་སྦྱོར་རམ། ཅི་སྟེ་ཡང་གཟུང་བར་བྱ་བའི་ཆར་གནས་པའི་སྒྲ་དང་གཅིག་ཏུ་བྱེད་པ་སྒྲ་ངེས་པར་སྦྱོར་བ་ཡིན་ཡང་བླ་སྟེ། ངེས་པར་སྦྱོར་བ་ལ་ནི་ཐམས་ཅད་དུ་གཟུང་བར་བྱ་བ་ཉིད་དུ་སྣང་བས་ཁྱབ་པ་ཡིན་ནོ། །དེའི་
ཕྱིར་གང་ཞིག་གང་ལ་གཟུང་བའི་ཆ་ཉིད་དུ་སྣང་བ་མ་ཡིན་པ་དེ་ནི་དེས་སྒྲ་དང་སྦྱར་ནས་འཛིན་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་ཤེས་པ་ལ་རྟ་བཞིན་ནོ། །དེ་བཞིན་དུ་རང་གི་བདག་ཉིད་ཀྱང་རིག་པ་ལ་གཟུང་བར་བྱ་བ་ཉིད་དུ་སྣང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །

དེའི་ཕྱིར་ཐ་དད་པ་མེད་པར་སྣང་བ་དེའི་བདག་ཉིད་ལ་དེ་ལྟར་གཟུང་བར་བྱ་བའི་ཆ་ཉིད་དུ་བརྟེན་ནས་འཇུག་པ་ནི་འགལ་བ་ཡིན་ནོ། །གཞན་ཡང་བརྡ་གང་ལ་གཟུང་བ་དང་འཛིན་པ་མེད་པ་དེ་ནི་གཟུང་བ་དང་འཛིན་པ་མེད་པ་སྟེ་དེ་མེད་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་འདི་དག་ལ་འདི་ཞེས་
བྱ་བ་ལ་སོགས་པའི་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་གཞན་འདི་སོགས་པའོ། །རིག་པ་བདག་ཉིད་ལ་བརྡ་སྦྱོར་ན་ནི་གཟུང་བ་དང་འཛིན་པ་མེད་པའི་བརྡར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདེ་བ་ལ་སོགས་པ་དེའི་བདག་ཉིད་ཀྱི་རང་བཞིན་དེ་ནི་སྔོན་མ་མཐོང་སྟེ་མ་དམིགས་པའི་ཕྱིར་
རོ། །གལ་ཏེ་རིག་པ་ཡོད་པ་ལས་སྔོན་རོལ་དུ་དེའི་རང་བཞིན་མཐོང་བ་ཡིན་ན་ནི་དེའི་ཚེ་བརྗོད་པར་གཟོ་བ་དང་སྒྲ་དགོད་པ་སྔོན་ཉིད་དུ་བྱས་པར་འགྱུར་ན་མ་མཐོང་ན་ནི་ཐམས་ཅད་བྱས་པར་མི་འགྱུར་རོ། །འདི་སྙམ་དུ་འོ་ན་གང་གི་ཚེ་དེའི་རང་བཞིན་མཐོང་བ་དེའི་ཚེ་བྱེད་དོ་སྙམ་ན་བཤད་པ།
བརྗོད་པ་ནི་སྨྲ་བར་བྱེད་པའི་སྒྲའོ། །གཟོ་བ་ནི་མངོན་དུ་ཕྱོགས་པའོ། །དེ་ལྟར་གྱུར་པ་ན་བརྡ་དང་འབྲེལ་པར་བྱ་བའི་ཡུལ་འགགས་པའི་ཕྱིར་དང་། དེ་དང་ཐ་དད་པ་མེད་པས་ཏེ་ཁྱད་པར་མེད་པའི་གཏན་ཚིགས་ཀྱིས་རིག་པ་ཡང་འགགས་པ་སྟེ་ལོག་པའི་ཕྱིར་རོ། །དོན་འདི་ཡིན་ཏེ་
གང་གི་ཚེ་དེའི་རང་བཞིན་མཐོང་བ་དེ་ཉིད་ཀྱི་ཚེ་དུས་མཉམ་དུ་བརྡ་གྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་མཐོང་བ་ལས་རྗོད་པར་བྱེད་པའི་སྒྲ་གཟོ་ལ་ཕྱིས་བརྡ་བྱེད་པ་ཡིན་ནོ། །དེ་ལ་ཇི་སྲིད་ཡུལ་མཐོང་བ་ལ་བརྡ་གཟོ་ཞིང་བྱེད་པར་འདོད་པ་དེ་སྲིད་དུ་ཡུལ་ལྡོག་སྟེ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །
དེ་དང་ཐ་དད་པ་མེད་པས་ཡུལ་ཅན་རིག་པ་ཡང་ལྡོག་པ་ཡིན་ནོ། །དེས་ན་བརྡའི་དུས་ན་ཡུལ་དང་ཡུལ་ཅན་དག་མེད་པའི་ཕྱིར་གཟུང་བ་དང་འཛིན་པ་མེད་པའི་བརྡར་ཐལ་ལོ། །འདིའི་དོན་ནི་འདི་ཡིན་ཏེ། གཟུང་བ་དང་འཛིན་པ་གང་དག་སྒྲ་གང་འགོད་པའི་དུས་ན་ཞིག་པ་གང་ཡིན་པ་དེ་
དག་གིས་ནི་བརྡ་བྱེད་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་སྒྲ་འགོད་པའི་དུས་ལས་སྔར་འགགས་ནས་ཡུན་རིང་དུ་ལོན་པའི་བ་ལང་དང་ལྷ་སྦྱིན་དག་བཞིན་ནོ། །བདེ་བ་ལ་སོགས་པའི་རང་བཞིན་དང་རིག་པ་དག་ཀྱང་མཐོང་བའི་བདེ་བ་ལ་སོགས་པའི་སྒྲ་འགོད་པའི་དུས་ན་ཞིག་པ་ཡིན་ནོ། །

རང་གི་ངོ་བོ་མཐོང་བ་ཡོད་ན་ནི་སྒྲ་གཟོ་བ་ཡིན་ལ། དེ་ཡོད་ན་ཡང་སྒྲ་འགོད་པ་ཡིན་ན་རང་གི་ངོ་བོ་དང་རིག་པ་དག་ནི་མཐོང་མ་ཐག་པ་ཉིད་དུ་ཞིག་པའི་ཕྱིར་ཕྱིས་བརྡའི་དུས་ན་མེད་པ་ཡིན་ནོ། །བརྡ་ནི་སྒྲའི་ཁྱད་པར་ཅན་དུ་འཛིན་པ་ཡིན་ལ་དེ་ཡང་གཟུང་བ་དང་
འཛིན་པ་ཡོད་པ་དག་གིས་ཁྱབ་པའི་ཕྱིར་ཁྱབ་པར་བྱེད་པ་མེད་པ་ཡིན་ནོ། །འདི་སྙམ་དུ་ཞིག་པའི་རང་རིག་པས་བརྡ་ངེས་པར་སྦྱོར་བ་མ་ཡིན་དུ་ཟིན་ཀྱང་སྒྲ་གཟོ་བའི་འོག་རོལ་གྱི་དུས་སུ་བྱུང་བའི་ཤེས་པ་གཞན་གྱི་ཡུལ་དུ་བྱས་པ་ལ་བརྡ་བྱེད་པ་ཡིན་ནོ་སྙམ་ན། གཞན་གྱིས་
ཀྱང་ཞེས་གསུངས་ཏེ། སྒྲ་གཟོ་བའི་དུས་ཉིད་ན་ཞིག་པའི་དོན་གང་ཡིན་པ་དེ་སྒྲ་གཟོ་བའི་འོག་ཏུ་བྱུང་བའི་ཤེས་པས་རིག་པ་ཇི་ལྟར་འགྱུར། རིག་པ་མ་ཡིན་པའི་ཕྱིར་ཡུལ་དུ་བྱས་པ་འདི་དག་ནི་གཞན་གྱིས་ཀྱང་རྗོད་པར་བྱེད་པ་དང་སྦྱོར་བ་མ་ཡིན་ནོ། །ཡང་ན་འདི་ནི་དོན་
གཞན་ཡིན་ཏེ། འདི་སྙམ་དུ་རིག་པས་ནི་སྒྲ་འགོད་པ་མ་ཡིན་གྱི་འོན་ཀྱང་ཤེས་པ་གཞན་གྱིས་སོ་ཞེས་དོགས་པ་ལ། གཞན་གྱིས་ཀྱང་ཞེས་གསུངས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། རེ་ཞིག་དུས་མཉམ་པར་འབྱུང་བ་གཞན་གྱིས་ནི་ཡུལ་དུ་བྱེད་པ་མ་ཡིན་ཏེ། དུས་གཅིག་པ་
དག་ལ་ཕན་པར་བྱེད་པ་དང་ཕན་པར་བྱ་བ་མེད་པའི་ཕྱིར་རོ། །དུས་ཐ་དད་པ་ཉིད་ཡིན་ན་ཡང་ཤེས་པ་གཞན་གྱི་དུས་ན་བདེ་བ་ལ་སོགས་པའི་བདག་ཉིད་ལོག་པའི་ཕྱིར་རིག་པ་མ་ཡིན་ནོ། །རྣམ་པ་དང་བཅས་པའི་ཕྱོགས་ལ་ནི་ཤེས་པ་འབའ་ཞིག་ཁོ་ན་ཉིད་རིག་པར་བྱ་བ་ཡིན་གྱི་དོན་ནི་མ་
ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་གཞན་གྱིས་ཀྱང་སྔར་ཞིག་པའི་རང་བཞིན་དེ་ནི་ཡུལ་དུ་བྱེད་པ་མ་ཡིན་གྱི། འོན་ཀྱང་བདག་གི་རང་བཞིན་ཉིད་ཡིན་ནོ། །རིག་པར་བྱ་བ་རང་གི་རྣམ་པ་ཡོད་པ་ལ་ཤེས་པས་སྒྲ་འགོད་ན་ཡང་བདེ་བ་ལ་སོགས་པའི་བདག་ཉིད་རིག་པར་བྱ་བ་མ་
ཡིན་པ་མེད་པ་ལ་ནི་མ་ཡིན་ནོ། །ཤེས་པའི་རྣམ་པ་ལ་དེའི་རང་བཞིན་དུ་ཞེན་པའི་ཕྱིར་དམིགས་པ་དེ་ལ་ཡང་ཐ་སྙད་དུ་སྒྲ་འགོད་པར་འདོད་པར་འགྱུར་གྱི། དོན་དམ་པར་བཀོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདས་པའི་བདེ་བ་ལ་སོགས་པ་ལ་དམིགས་པ་ཉིད་ཀྱིས་ཤེས་པ་སྒྲ་དང་འདྲེས་པར་

སྣང་བ་ནི་རྣམ་པར་རྟོག་པ་དང་བཅས་པར་འདོད་པར་འགྱུར་བ་ཡིན་ཏེ། རྣམ་པར་རྟོག་པ་ཅན་གྱི་རྒྱུ་མཚན་ནི་སྒྲ་དང་འདྲེས་པ་འཛིན་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རང་རིག་པ་ནི་སྒྲ་དང་མ་འདྲེས་པའི་དོན་རིག་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ནོ། །བརྡ་མི་ནུས་པ་འདི་ཉིད་ནི་རང་
རིག་པ་རྟོག་པ་མེད་པར་སྒྲུབ་པ་ཉིད་ཀྱི་དོན་དུ་བཀོད་པ་ཡིན་ཏེ། བརྡ་མི་ནུས་པའི་རྣམ་པ་འདིས་ཀྱང་རང་རིག་པ་རྣམ་པར་རྟོག་པ་མེད་པར་བསྒྲུབས་པ་ཡིན་ནོ། །དེའི་ཕྱིར་ཞིག་ནས་རིང་དུ་ལོན་པའམ། ཤེས་པའི་དུས་ན་ཡོད་པ་ཡང་རུང་སྟེ་བདེ་བ་ལ་སོགས་པའི་རང་བཞིན་རང་རིག་པའི་
ཡུལ་སྒྲ་དགོད་པར་རུང་བ་ནི་ཤེས་པ་གཞན་གྱིས་རིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདིར་བཞེད་པ་ཡིན་གྱིས། བདེ་བ་ལ་སོགས་པ་ལ་དམིགས་པའི་ཤེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ཏེ། དེ་ལྟར་གྱུར་ན་ནི་འདས་པའི་རང་བཞིན་ཞེས་སྨྲས་པ་དོན་མེད་པར་འགྱུར་
རོ། །གཞན་གྱིས་ཀྱང་རིག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པར་བྱ་བ་ཡིན་ནོ། །དེའི་ཕྱིར་བརྗོད་པ་དང་སྦྱོར་བར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རང་རིག་པའམ་ཤེས་པ་གཞན་གྱིས་བདེ་བ་ལ་སོགས་པའི་བདག་ཉིད་སོ་སོར་ངེས་པ་ལ་སྒྲ་དགོད་པ་མ་
ཡིན་ནོ། །དེ་བཞིན་དུ་དགོས་པ་མེད་པའི་ཕྱིར་ཡང་དེ་ལ་སྒྲ་འགོད་པ་མ་ཡིན་ནོ་ཞེས་འཆད་པ་ནི་ཡང་འབྱུང་བ་མ་ཡིན་པ་རྗེས་སུ་འཇུག་པ་མ་ཡིན་པ་ཐུན་མོང་མ་ཡིན་པ་ལ་བརྡ་སྟེ། སྒྲ་ངེས་པར་སྦྱོར་བ་དོན་མེད་པ་སྟེ། དགོས་པ་མེད་པའི་ཕྱིར་རོ། །ཡང་ཞེས་བྱ་བ་འདི་ནི་རང་རིག་
པ་ལ་བརྗོད་པ་སྲིད་པ་མ་ཡིན་པ་ཞེས་བྱ་བ་འདི་ཉིད་ལ་གཏན་ཚིགས་བསགས་པའོ། །ཚིག་ལེའུར་བྱས་པ་ལས་ནི་བརྗོད་པ་མེད་པར་བསྒྲུབ་པར་བྱ་བ་ལ་བརྡར་མི་ནུས་པ་གཏན་ཚིགས་སུ་བཀོད་པ་ཡིན་ལ་གཞན་འདི་ཡང་འབྲེལ་པ་ལས་བརྗོད་པ་ཡིན་ནོ། །བརྡ་མི་ནུས་པ་ཉིད་བསྒྲུབས་
ནས་རྣམ་པར་རྟོག་པ་མེད་པ་ཉིད་དཀྱུས་མ་མཇུག་བསྡུ་བའི་ཕྱིར་བཤད་པ། དེའི་ཕ