Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 188

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
ཡིན་པ་དེས་ནི། གང་གིས་བུམ་པ་དོན་དུ་
གཉེར་བ་འགའ་ཞིག་སྤངས་ནས་འགའ་ཞིག་ལ་འཇུག་པར་འགྱུར་བ་འཇུག་པའི་ཡུལ་འགའ་ཞིག་བཞག་པ་ནི་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡུལ་གྱི་ཁྱད་པར་དང་འབྲེལ་པའི་འཇུག་པའི་ཡུལ་གྱི་དངོས་པོ་དག་ནི་སྐྱེས་བུ་འཇུག་པར་སྤྲོའི། བུམ་པའི་སྒྲས་ནི་ཡུལ་འགའ་ཞིག་གིས་ཁྱད་པར་
དུ་བྱས་པའི་བུམ་པ་མ་བསྟན་པའི་ཕྱིར། ཇི་ལྟར་ན་དེ་ལ་འཇུག་པར་འགྱུར་ཞེས་བསྟན་པའི་དོན་དུ་དེ་དག་དེ་ལ་མ་མཐོང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་དེ་དག་བསྒྲུབ་པར་བྱ་བའི་དངོས་པོ་དང་འབྲེལ་པར་རུང་བའི་ཕྱོགས་ཀྱི་ཁྱད་པར་ཆོས་ཅན་དེ་ལ་མཐོང་བ་མ་ཡིན་ན། གང་ལ་སྐྱེས་
བུ་འཇུག་པར་འགྱུར་བ་དོན་ཅི་ཞིག་བསྒྲུབ་པའི་ཚུལ་གྱིས་ཉེ་བར་འཇོག་པར་བྱེད། འགའ་ཞིག་ཏུ་རང་གི་དངོས་པོ་མཐོང་བ་ན་དེར་མེད་ན་མི་འབྱུང་བའི་དངོས་པོ་ཉེ་བ་ཡིན་པར་སྟོན་པ་ནི་འཇུག་པའི་ཡན་ལག་ཏུ་བྱེད་པ་ཡིན་ན། སྐྱེས་བུ་གང་ལ་སྒྲ་མཐོང་བ་དེ་ལ་ནི་དོན་ཉེ་བར་བསྡུ་བར་ནུས་པ་

མ་ཡིན་ལ། ཕྱོགས་ལ་སོགས་པ་གང་དུ་བུམ་པ་གནས་པ་དེར་ནི་སྒྲ་མ་མཐོང་སྟེ། དེས་ན་སྒྲ་ནི་རང་གི་ཡུལ་དུ་བསྒྲུབ་པར་བྱ་བའི་དོན་ཉེ་བར་སྡུད་པ་མ་ཡིན་པའི་ཕྱིར་འཇུག་པའམ་ལྡོག་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྤོང་བའི་བདག་ཉིད་ཀྱི་
འཇུག་པའི་ཡུལ་དུ་འགྱུར་བ་སྒྲུབ་པར་བྱེད་པའི་དོན་གྱིས་དབེན་པའི་ཕྱོགས་འགའ་ཞིག་སྟོན་པར་བྱེད་པ་ཡང་མ་ཡིན་ནོ། །འོ་ན་ཞེས་བྱ་བ་ནི་མི་བཟོད་པའི་ཚིག་སྟེ། སྒྲ་གང་ཞིག་ཕྱོགས་ཀྱི་ཆོས་དང་བྲལ་བས་ན་ཕྱོགས་འགའ་ཞིག་མི་བསྒྲུབ་ཅིང་། འགའ་ཞིག་ཏུ་འགའ་ཞིག་
འགོག་པ་མ་ཡིན་པའི་ཕྱིར་འཇུག་པ་དང་ལྡོག་པའི་ཡན་ལག་སྡུད་པ་མ་ཡིན་པ་ཚད་མ་ཉིད་དུ་བདག་གིར་བྱེད་ཅེས་བྱ་བ་དེ་མི་བཟོད་པའོ། །ཅིག་ཤོས་ཀྱིས་ཀྱང་སྒྲ་རྣམས་རྗེས་སུ་དཔག་པ་དང་མཚུངས་པར་མཐོང་ནས་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དང་སྒྲ་
སྔར་འབྲེལ་པར་མཐོང་བ་དེ་ལ་དྲན་པར་བྱེད་དེ། དེས་ན་དེ་དག་ཚད་མ་ཡིན་ནོ། །གལ་ཏེ་དྲན་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ན་ནི་རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པར་ཐལ་བར་འགྱུར་ཏེ། དེ་ཡང་སྔར་མཐོང་བའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་དྲན་པར་བྱ་བ་
དེ་ལ་ཡུལ་གྱི་ཁྱད་པར་དང་འབྲེལ་པ་སྔ་ན་མེད་པ་རྟོགས་པར་བྱེད་དོ་ཞེ་ན། སྒྲ་ལས་བྱུང་བའི་རྟོགས་པ་ཡང་ཡུལ་གྱི་ཁྱད་པར་དང་འབྲེལ་པ་ཡོད་དོ། །དྲན་པར་བྱ་བའི་ཡུལ་ངེས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ་དེར་ཡང་དྲན་པའི་ཡུལ་དང་དུས་ཀྱི་ཁྱད་པར་དང་འབྲེལ་པའི་ཕྱིར་རོ། །
དངོས་པོ་ལ་བརྟེན་པའི་ཡུལ་གྱི་ཁྱད་པར་དང་འབྲེལ་པ་ཡང་དྲན་པ་ལ་བརྟེན་པའི་ཡུལ་གྱི་ཁྱད་པར་དང་འབྲེལ་པ་ལས་བྱེ་བྲག་ཅུང་ཟད་ཡོད་པ་ཡིན་ནོ། །ཐམས་ཅད་དུ་རྟགས་ཀྱི་བསྒྲུབ་བྱ་ལས་སྔ་ན་མེད་པ་ཅུང་ཟད་ཅིག་རྟོགས་པར་བྱ་བར་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་གཉི་ག་ལ་ཁྱད་
པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲ་དང་རྟགས་དག་མཐོང་བ་ཙམ་ལ་དྲན་པ་བསྐྱེད་པའི་བྱ་བ་ལ་ནི་བྱེ་བྲག་ཡོད་པ་མ་ཡིན་ནོ། །ཡུལ་དང་དུས་ཀྱི་ཁྱད་པར་ཡང་དོན་གྱི་ཤུགས་ལས་ཡིན་པའི་ཡུལ་དང་དུས་གཞན་ན་གནས་པའི་མེས་ནི་ཡུལ་དེ་ན་གནས་པའི་དུ་བ་སྐྱེད་པར་མི་བྱེད་

པའི་ཕྱིར། དོན་གྱི་ཤུགས་ཀྱིས་ཁྱད་པར་རྟོག་པ་དེ་བཞིན་དུ་འདི་ལ་ཡང་ཡུལ་གྱི་ཁྱད་པར་དུས་ཀྱི་ཁྱད་པར་ན་གནས་པའི་སྒྲ་ལས་དྲན་བཞིན་པའི་དོན་དེ་ཡུལ་གྱི་ཁྱད་པར་དང་དུས་ཀྱི་ཁྱད་པར་དུ་དྲན་པའི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར། ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །སྒྲའི་
ཡུལ་དང་དུས་ན་གནས་པར་བྱ་བ་དྲན་པར་བྱ་བ་ཡིན་པའི་ཕྱིར། ཡུལ་དང་དུས་གཞན་དུ་མཐོང་བ་དྲན་པའི་ཡུལ་དང་དུས་ཀྱི་ཁྱད་པར་དང་འབྲེལ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དྲན་པའི་རང་བཞིན་གཉི་ག་སྔ་ན་མེད་པར་རྟོགས་པ་ཡང་བྱེ་བྲག་མེད་པའི་ཕྱིར་གཉི་ག་ཡང་ཚད་མའམ་ཚད་
མ་མ་ཡིན་པར་འགྱུར་རོ་ཞེ་ན། སློབ་དཔོན་གྱིས་སྒྲ་དང་རྟགས་མེད་པར་ཡང་དྲན་པ་འདི་འདྲ་བ་བསྟན་པའི་སྒོ་ནས་སྒྲ་རྣམས་ཚད་མ་མ་ཡིན་པར་བསྟན་པའི་ཕྱིར། སྒྲ་དང་རྟགས་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ཞིག་ལྟར་ཞེས་བྱ་བ་ནི་འགའ་ཞིག་ཏུ་བསྒྲིམ་པ་
ལ་སོགས་པའོ། །རང་ཉིད་ཅེས་བྱ་བ་ནི་སྒྲ་དང་རྟགས་མེད་པར་དྲན་པའོ། །མི་འགྱུར་རམ་ཅི་སྐད་དུ་བཤད་པའི་ཁྱད་པར་དང་ལྡན་པར་འགྱུར་བ་ཉིད་དོ། །བསམ་པ་ནི་འདི་ཡིན་ཏེ། ཇི་ལྟར་དེ་ཚད་མ་མ་ཡིན་པ་བཞིན་དུ་སྒྲ་ལས་སྐྱེས་པ་ཡང་ངོ་ཞེས་བྱ་བའོ། །འདིར་བརྒྱ་ལ་
གཞན་དག་སྙོམས་པར་བྱེད་དེ། རེ་ཞིག་དྲན་པ་འདི་འདྲ་བ་ནི་རྗེས་སུ་དཔག་པའི་དྲན་པ་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །ཇི་ལྟར་དྲན་པ་འདི་འཁྲུལ་པ་དེ་ལྟར་ནི་རྗེས་སུ་དཔག་པའི་དྲན་པ་ལ་ཡང་འཁྲུལ་པ་ཡོད་པ་ཉིད་དེ། རང་ཉིད་དྲན་པར་བྱེད་པ་ཡང་འབད་རྩོལ་ལ་སོགས་པ་ལས་
དུ་བ་མེད་པར་དྲན་པར་འགྱུར་བ་ཁོ་ནའོ། །དེ་ཡང་སྒྲའི་དྲན་པ་བཞིན་དུ་རྗེས་སུ་དཔག་པ་དང་མཚུངས་པ་ཡིན་ཏེ། དེས་ན་དེ་ཡང་ཚད་མར་ཁས་བླང་བར་བྱ་བའམ། རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པར་འགྱུར་རོ་ཞེས་སློབ་དཔོན་རང་ཉིད་ཀྱིས་དོགས་པ་བསུ་ནས། གནས་སྐབས་
འདི་གཉིས་ལ་ཞེས་གསུངས་ཏེ། སྒྲ་དང་འབད་རྩོལ་ལ་སོགས་པས་དྲན་པའི་གནས་སྐབས་འདི་གཉིས་ལ་བྱེ་བྲག་ཀྱང་ཡོད་དམ་ཅི། འདི་སྐད་དུ་སྨྲས་པ་ཡིན་ཏེ། དྲན་པའི་གནས་སྐབས་འདི་གཉི་ག་ཡང་དྲན་པར་བྱ་བའི་དངོས་པོ་ལ་བརྟེན་པའི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་

ཡིན་ནོ། །དེས་ན་གཉི་ག་ཡང་བྱེ་བྲག་མེད་པར་ཚད་མའམ་ཚད་མ་མ་ཡིན་པར་འགྱུར་གྱི། ཁོ་བོ་ཅག་གི་ནི་དྲན་པར་བྱ་བའི་དངོས་པོ་ལ་བརྟེན་པའི་ཁྱད་པར་ཆེ་སྟེ། གང་གི་ཕྱིར་གང་དུ་དུ་བ་མཐོང་བ་དེར་རང་སྐྱེད་པར་བྱེད་པའི་མེ་མི་ལྡན་པ་རྣམ་པར་བཅད་ནས་
འཇོག་པ་ནས་འཇུག་པའི་ཡན་ལག་ཏུ་བྱེད་པ་ཡིན་ཏེ། ཡུལ་གཞན་ན་གནས་པའི་མེས་ཡུལ་དེ་ན་གནས་པའི་དུ་བ་མི་སྐྱེད་པའི་ཕྱིར་རོ། །དེས་ན་རང་སྐྱེད་པར་བྱེད་པ་སྟོན་པ་ན། ཡུལ་དེ་ན་གནས་པའི་མེ་སྟོན་པར་བྱེད་པ་ཡིན་ལ། དེ་ཡང་འཇུག་པའི་ཡན་ལག་ཡིན་གྱི་འབད་རྩོལ་
ལས་མེ་དྲན་པ་ནི་སྔ་ན་མེད་པའི་ཡུལ་དང་དུས་ཀྱི་ཁྱད་པར་དང་འབྲེལ་པའི་མེ་འཇུག་པའི་ཡུལ་དུ་བྱེད་པ་མ་ཡིན་ནོ། །དེས་ན་སྔ་ན་མེད་པའི་ཡུལ་དང་དུས་ཀྱི་ཁྱད་པར་དང་འབྲེལ་པ་མ་ངེས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཚད་མ་མ་ཡིན་པས་སྒྲ་དག་ཁོ་ན་ཚད་མ་མ་ཡིན་ནོ་ཞེས་
མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་འདི་དག་ཡུལ་ལམ་དུས་འགའ་ཞིག་ཏུ་ཞེས་གསུངས་ཏེ། སྒྲུབ་པའམ་འགོག་པ་མི་བྱེད་པ་སྟེ་དངོས་པོ་དང་དངོས་པོ་མེད་པ་དག་མ་འབྲེལ་པ་རྣམ་པར་མི་གཅོད་པ། ཇི་ལྟར་འགའ་ཞིག་གི་ཚད་མ་མ་ཡིན་ཏེ། འཇུག་པའི་ཡུལ་སྟོན་པར་བྱེད་པ་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་ངག་གི་ཁྱད་པར་ནི་འཇུག་པའི་ཡུལ་རྣམ་པར་འཇོག་པའི་ཕྱིར་ཚད་མ་ཡིན་ཏེ། འདི་ལྟར་ཕྱོགས་ག་གེ་མོ་ཞིག་ན་བུམ་པ་ཡོད་དོ་ཞེས་ཡུལ་གྱི་ཁྱད་པར་མ་འབྲེལ་པ་རྣམ་པར་བཅད་ནས་བུམ་པ་འཇུག་པའི་ཡུལ་དུ་རྟོགས་པར་བྱེད་དོ་ཞེས་དོགས་པ་ལ་
དེ་དག་ལས་ཞེས་སྨོས་ཏེ། ངག་ཏུ་གྱུར་པ་དེ་དག་ལས་སྤང་བ་དང་བླང་བའི་མཚན་ཉིད་ཀྱི་དོན་འཇུག་པའི་ཡུལ་དུ་གྱུར་པ་འགྲུབ་པ་མ་ཡིན་ནོ། །འདི་ལྟར་དེ་དག་གིས་མངོན་སུམ་བཞིན་དུ་དོན་གྱི་རང་གི་ངོ་བོ་ཉིད་མཐོང་བ་ནི་མ་ཡིན་ན་གང་ཞིག་འཇུག་པའི་ཡུལ་དུ་འགྱུར། དེས་ན་དོགས་པ་
མ་བསལ་བའི་སྒྲ་འདི་དག་པས་ཡོད་དམ་འོན་ཏེ་མེད་ཅེས་དོན་གཅིག་ཏུ་ངེས་པར་རྟོགས་ལ་ཐོབ་པར་བྱ་བའི་དངོས་པོ་མ་ངེས་པའི་དོན་ཀྱང་ཡོད་པ་མ་ཡིན་ཏེ། དེས་སྒྲ་ཉེ་བར་གཞག་པ་བརྟགས་པའི་དོན་ལ་སྤང་བའམ་སྤང་བར་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར། དེ་དག་ལས་དོན་འགྲུབ་པར་

ག་ལ་འགྱུར། འཇུག་པ་ན་སྤང་བ་ལ་མི་འཛུལ་བས་ན་གདོན་མི་ཟ་བར་གང་ལས་ཅུང་ཟད་ཅིག་ཐོབ་པར་འགྱུར་བ་འཐོབ་པའི་རྒྱུ་མཚན་གྱི་ཤེས་པ་གཞན་སྐྱེ་བ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་རང་གི་ངོ་བོ་སྣང་བ་མ་ཡིན་དུ་ཆུག་ཀྱང་ཅི་དུ་བ་ལ་སོགས་པས་མེ་བཞིན་དུ་ཡུལ་དེ་ལ་ངེས་པ་
ཙམ་ཡང་སྐྱེད་པར་མི་བྱེད་དམ་ཞེ་ན། དེ་དག་དེར་འབྲེལ་པ་མ་གྲུབ་པའི་ཕྱིར་རོ་ཞེས་སྨོས་ཏེ། སྒྲ་དེ་དག་ཕྱི་རོལ་གྱི་དངོས་པོ་དེར་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །འབྲེལ་པ་མེད་པའི་དངོས་པོ་གཞན་མཐོང་བ་ནང་གི་ངོ་བོ་སྣང་བ་མ་ཡིན་
པའི་དངོས་པོ་གཞན་ངེས་པར་རིགས་པ་མ་ཡིན་ཏེ། དོགས་པ་མ་བཟློག་པའི་ཕྱི་རོལ་གྱི་དོན་མེད་ཀྱང་དོན་དེ་ལ་ངག་སྦྱོར་བ་མ་མཐོང་སྟེ། དཔེར་ན་ཆུ་ཀླུང་གི་ངོགས་ན་བུ་རམ་གྱི་ཤིང་རྟ་བདལ་བ་ཡོད་དོ་ཞེས་བྱ་བ་འབྲེལ་པ་མེད་པ་བཞིན་ནོ། །ངག་གི་སྐབས་ཀྱི་སྐྱོན་འདི་ནི་ཚིག་ལ་ཡང་
མཚུངས་པ་ཡིན་ཏེ། འདི་ལྟར་དོན་དེ་ཡོད་པ་མ་ཡིན་ཡང་དེའི་ཚིག་སྦྱོར་བར་མཐོང་བའི་ཕྱིར་རོ། །ཚིག་གི་དོན་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ནོ་ཞེ་ན། དེ་དེ་ལྟར་བདེན་ན་ཡང་དཔེར་ན་མེ་དང་དུ་བ་བཞིན་དུ་སྒྲ་རྣམས་བློའི་བར་ཆད་ལ་མི་ལྟོས་པར་དངོས་པོ་དང་ལྷན་ཅིག་འབྲེལ་
པ་ནི་མ་ཡིན་ཏེ། འོན་ཀྱང་བློས་བར་དུ་ཆོད་པ་ཉིད་དོ། །འདི་ལྟར་དོན་ཡོད་ན་དེ་མཐོང་བ་ཡིན་ལ། དེ་ལས་དེ་བསྟན་པའི་བསམ་པ་འབྱུང་ཞིང་། དེ་ལས་བརྗོད་པར་འདོད་པ་དེ་ལས་ནི་སྒྲ་འབྱུང་བ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་མངོན་པར་འདོད་པའི་དོན་མཐོང་བའམ། རྟོགས་པའི་
བསམ་པ་མེད་པར་ཚིག་སྦྱོར་བ་དེའི་ཚེ་འཁྲུལ་པ་ཡིན་ལ་དོན་གཞན་བསྟན་པར་བསམ་པ་ན་ཡང་གསལ་བར་འཁྲུལ་པ་ཡིན་ནོ། །སྔར་ནི་དེ་ལྟར་སྒྲ་རྣམས་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཁས་བླངས་ནས་ཕྱོགས་ཀྱི་ཆོས་ཉིད་མེད་པས་ཚད་མ་ཡིན་པ་སྤངས་པ་ཡིན་ལ། ད་ལྟ་ནི་མེད་ན་མི་འབྱུང་བ་དེ་
ཉིད་རྩ་བ་དང་བཅས་ཏེ་སུན་ཕྱུང་བ་ཡིན་ནོ། །འོ་ན་རྗེས་སུ་དཔག་པའི་ནང་དུ་ཇི་ལྟར་འདུ་བར་འགྱུར་ཞིང་གང་ཞིག་ལ་འདི་དག་ཚད་མ་ཡིན་ཞེ་ན། སྨྲ་བ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་པོའི་འདོད་པའི་དོན་ནི་འདོད་པས་ཡུལ་དུ་བྱས་པ་ཡིན་ལ། དེ་ཡང་སྣང་བ་དང་བརྟགས་པ་

གཅིག་ཏུ་བྱས་པའི་ཕྱིར་རང་གི་མཚན་ཉིད་ཀྱང་ཡིན་མོད་ཀྱི་དེ་ལ་ནི་ཚད་མ་ཡིན་པ་སྔར་བ་དག་པས་ལྷག་པར་གྱུར་པའི་ཕྱི་རོལ་དུ་ཞེན་པར་བྱས་པའི་རྣམ་པར་རྟོག་པའི་སྣང་བ་ཉིད་ལ་མངོན་པར་འདོད་པའི་དོན་དུ་བརྗོད་པ་ཡིན་ནོ། །སྣང་བ་དེ་ཡང་ཤེས་པ་ལས་ཐ་དད་པ་མ་
ཡིན་ཏེ། དེས་ན་བསྟན་པར་བྱ་བའི་དོན་དུ་སྣང་བ། བརྗོད་པར་འདོད་པ་ཀུན་ནས་སློང་བར་བྱེད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཉིད་ལ་དེ་སྐད་དུ་བརྗོད་པ་ཡིན་ནོ། །བསྟན་པར་བྱ་བའི་དོན་དུ་སྣང་བ་དེ་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་གྱི་བརྗོད་པར་འདོད་པ་ཙམ་ནི་མ་ཡིན་ནོ་ཞེས་
བསྟན་པའི་དོན་དུ་འདོད་པའི་དོན་ཞེས་བརྗོད་དོ། །གཞན་དུ་ན་བརྗོད་པར་འདོད་པ་ཞེས་སྨྲ་བར་འགྱུར་བའི་ཕྱིར་རོ། །གོ་བར་རུང་བའི་ཕྱིར་ཞེས་བྱ་བ་འདི་ནི་སྲིད་པའི་ཚིག་སྟེ། སྒྲ་རྣམས་ཀྱིས་ནི་དོན་སྟོན་པའི་བསམ་པ་རྗེས་སུ་དཔག་པར་ནུས་སྲིད་ཀྱི་ཕྱི་རོལ་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཡང་ན་ནུས་པའི་དོན་ཏེ། འདོད་པའི་དོན་གོ་བར་ནུས་ཞེས་བྱ་བའི་དོན་ཏོ། །དེ་དག་ལས་ཤེ་ན། སྨྲས་པ་བུམ་པ་ཁྱེར་ཤོག་ཅེས་བྱ་བའི་ངག་གི་དོན་སྣང་བའི་སེམས་པ་ལས་ནི་བརྗོད་པར་འདོད་པ་འབྱུང་ལ། དེ་ལས་གནས་དང་བྱེད་པ་ཕྲད་ཅིང་དེ་ལས་སྒྲ་སྐྱེ་བ་ཡིན་ནོ། །དེ་ལས་
སྒྲ་བརྗོད་པར་འདོད་པ་དེ་སྲིད་དུ་གནས་དང་བྱེད་པ་ཕྲད་པའི་སྒྲུབ་པར་བྱེད་པའི་རྒྱུ་འཁྲུལ་པ་མེད་པ་ཡིན་ནོ། །ངག་བརྗོད་པར་འདོད་པ་མེད་པར་ངག་སོ་སོ་དང་། ཚིག་དང་ཡི་གེ་སོ་སོའི་གནས་དང་། བྱེད་པ་ཕྲད་པ་ནི་མ་ཡིན་ཏེ། འོན་ཀྱང་ངག་བརྗོད་པར་འདོད་པ་གོམས་པའི་རྗེས་སུ་མཐུན་པ་
ལས་འགའ་ཞིག་ལ་གནས་དང་བྱེད་པ་ཚོགས་པའི་རྒྱུ་མཚན་གྱིས་ཤེས་པའི་རྒྱུན་འཕེན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །གང་གི་ཕྱིར་གཞུང་གོམས་པ་འདོན་པར་རྩོམ་པ་ན། གཉིད་ཀྱི་རྩོམ་པས་ཡིད་ནོན་ཀྱང་བསྒྲིམ་པ་མེད་པར་ཡོངས་སུ་མ་རྫོགས་པ་འདོན་པ་ཉིད་ཀྱི་ཕྱིར་རོ། །འཁྲུལ་
པ་མེད་པའི་བརྗོད་པར་འདོད་པ་དེ་རྗེས་སུ་དཔག་པའི་འབྲས་བུ་ནི་སྲོག་ཆགས་ཙམ་དུ་རྟོགས་པ་ཡིན་ལ། དེ་ཡང་འདིར་སློབ་དཔོན་གྱི་བཞེད་པ་མ་ཡིན་གྱི་དེའི་སྒྲུབ་པར་བྱེད་པ་དོན་དུ་སྣང་བའི་བསམ་པ་དེ་ནི་འདིར་རྗེས་སུ་དཔག་པར་བྱ་བར་བཞེད་པ་ཡིན་ནོ། །བརྗོད་པར་འདོད་པའི་བསམ་པ་དེ་

ཡང་སྤྱོས་པ་དང་། གོམས་པ་དང་ལུང་འདོན་པར་འདོད་པ་ལས་ཀྱང་འཇུག་ལ། དོན་གཞན་བསྟན་པར་འདོད་པས་ཀྱང་འཇུག་པས་དེ་ལ་སྒྲུབ་པར་བྱེད་པ་མཁས་པས། འདི་ནི་སྨྱོས་པ་དང་གོམས་པར་འདོད་པས་དོན་མེད་པར་སྨྲ་བ་ཡང་མ་ཡིན་ལ། ལུང་འདོན་པར་འདོད་པས་ཚིག་
གི་དངོས་པོའི་ངོ་བོ་ཙམ་སྨྲ་བ་ཡང་མ་ཡིན་གྱི། འོན་ཀྱང་དོན་སྟོན་པར་འདོད་པ་ཁོ་ནས་ཡིན་ནོ་ཞེས་ཚད་མ་གཞན་ལས་ངེས་པར་བྱས་ཏེ། གཞན་དུ་རྗེས་སུ་དཔོག་པ་མེད་པའི་ཕྱིར་རོ། །མཁས་པས་བརྡ་གཅིག་ལ་གནས་པའི་སྨྲ་བ་པོ་རྣམ་པ་འགའ་ཞིག་ལས་ཤེས་པར་བྱ་ཞིང་དོན་
གཞན་བསྟན་པར་བསམ་པ་ལས་སྐྱེས་པའི་སྒྲ་ཡང་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་སྨྲ་བ་པོའི་རང་བཞིན་ཡོངས་སུ་ཤེས་པས་མི་གསལ་བ་དང་། མྱུར་བ་དང་དམན་པར་བརྗོད་པ་ལས་ཤེས་པར་འགྱུར་ཏེ། གཞན་བསྟན་པར་འདོད་པ་ལས་ནི་སྒྲ་མི་གསལ་བའམ། དམན་པའམ་
མྱུར་བར་བརྗོད་པའི་ཕྱིར་རོ། །སྨྲ་བ་པོའི་གནས་སྐབས་ཀྱི་ཁྱད་པར་དེ་ཚད་མ་གཞན་ལས་ཤེས་ཤིང་མངོན་པར་འདོད་པ་དང་མངོན་པར་འདོད་པ་མ་ཡིན་པའི་དོན་བསྟན་པར་བསམ་པ་ལས་སྐྱེས་པའི་སྒྲ་ཡང་ཤེས་པ་ལས། བསམ་པ་ཁྱད་པར་ཅན་གྱི་དོན་གྱི་རྣམ་པ་གསལ་བ་ཁོ་
ནར་རྗེས་སུ་དཔོག་པའི་ཕྱིར་རོ། །གཞན་དུ་ན་རྗེས་སུ་དཔག་པར་མི་ནུས་ཏེ། ཇི་སྐད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་རྣམ་པ་ཅན་གྱི་འབྲས་བུས་ནི་རྒྱུ་འཁྲུལ་པ་མེད་དོ་ཞེས་བཤད་པ་ཡིན་ནོ། །གང་ཡང་བསམ་པ་གཞན་ལས་སྐྱེས་པའི་སྒྲ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་ལས་
འབྲས་བུ་འཁྲུལ་པ་མེད་པའི་ཕྱིར་རོ། །འོན་ཀྱང་དོན་དེ་ཉིད་བསྟན་པར་བསམ་པ་ཁོ་ན་ལས་ཡིན་ལ། བསམ་པ་དེ་ཡང་ཡང་དག་པར་རིག་ཀྱང་མཚོན་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་བུམ་པ་བསྟན་པར་བསམ་པ་ལས་དེའི་འོག་ཏུ་འཁྲུལ་པའི་
རྒྱུ་མཚན་འགའ་ཞིག་ལས་སྣམ་བུ་བསྟན་པར་འདོད་པ་བྱུང་ཞིང་དེ་ལས་སྒྲ་འབྱུང་བ་ན། བར་དུ་སྐྱེས་པའི་བསམ་པ་དེ་ཇི་ལྟར་ན་ཉེ་བར་མི་མཚོན་ཞེས་བྱ། གང་གི་ཕྱིར་རྣམ་པར་རྟོག་པ་འདི་དག་ནི། ཡང་དག་པར་རིག་པ་མ་ཡིན་པ་ནི་མ་ཡིན་ཏེ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་

འབྲས་བུ་གཅིག་ཉིད་དུ་ངེས་པ་ཡིན་ན། དོན་དུ་མ་བསྟན་པར་བསམ་པ་ལས་སྐྱེས་པའི་སྒྲ་ཡང་ཡོད་པར་ཇི་ལྟར་འགྱུར། གང་ཡང་བསམ་པ་གཉིས་ལས་སྐྱེས་པའི་བུམ་པའི་སྒྲ་ནི་ཐ་དད་པ་ཁོ་ན་སྟེ། དཔེར་ན་ས་བོན་དང་སྡོང་བུ་ལས་སྐྱེས་པའི་ཆུ་ཤིང་བཞིན་ནོ་
ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ནོ། །དངོས་ཀྱི་རྒྱུ་ཐ་དད་ན་ནི་འདི་དག་ཐ་དད་པར་འགྱུར་བ་ཡིན་ཏེ། དཔེར་ན་ཆུ་ཤིང་དེ་དག་ཉིད་བཞིན་ནོ། །སྒྲའི་དངོས་ཀྱི་རྒྱུ་ནི་གནས་དང་བྱེད་པ་ཕྲད་པ་ཡིན་ལ། དེའི་རྒྱུ་ནི་བརྗོད་པར་འདོད་པ་དེའི་ཡང་རྒྱུ་བསྟན་པར་སེམས་པ་ཡིན་ནོ། །དོན་
དང་ལྡན་པ་དག་ལས་དོན་དང་མི་ལྡན་པའི་སྒྲ་ལ་ཡང་ཐ་དད་པ་ཅུང་ཟད་ཀྱང་མ་མཐོང་ངོ་། །དེའི་ཕྱིར་བརྗོད་པར་འདོད་པ་ཐ་དད་པ་ལས་ནི་གནས་དང་བྱེད་པ་ཕྲད་པ་ཐ་དད་ལ། དེ་ལས་སྒྲ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ཉིད་འདིར་རིགས་པ་ཡིན་གྱི། བརྗོད་པར་འདོད་པ་
ནི་གང་གི་ཚེ་བསམ་པའི་རིམ་པས་སྦྱར་བ་དེའི་ཚེ་དོན་ཡོད་དམ་མེད་ཀྱང་བླ་སྟེ། སྟོན་པར་སེམས་པ་དག་ལས་སྒྲ་མཚུངས་པ་ཡིན་ཞིང་། དོན་གཞན་བསྟན་པའི་བསམ་པ་ལ་གནས་པ་ན་ཡང་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ལས་གོ་རིམས་བཏང་ནས་འདོད་པར་བྱ་བ་མ་ཡིན་
པ་ཡང་བརྗོད་པར་འདོད་པ་འབྱུང་ངོ་། །དེས་ན་སྒྲ་ཐ་དད་པ་ནི་གནས་དང་བྱེད་པའི་ཚོགས་པ་ཐ་དད་པས་ཡིན་པའི་ཕྱིར་བཤད་པ་སྔ་མ་ཉིད་ལེགས་པ་ཡིན་ནོ། །གང་ཡང་བྱེད་པའི་ཡོན་ཏན་དང་བརྗོད་པར་འདོད་པ་ཉིད་དག་རྗེས་སུ་དཔོག་པར་བྱེད་དོ་ཞེས་བཤད་པ་དེ་ནི་འདོད་ཆགས་ནི་རྒྱུ་མ་
ཡིན་གྱི་འོན་ཀྱང་བརྗོད་པར་འདོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གྱི། དོན་རྟོགས་པའི་བསམ་པ་འགོག་པ་ནི་མ་ཡིན་ནོ། །དེས་ན་བར་ཏི་ཀ་ལས་འདི་སྐད་ཅེས། དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད། །ཅེས་གང་བཤད་པ་ཡིན་ནོ། །སྒྲ་བསམ་པའི་འབྲས་བུ་
ཡིན་པ་ཉིད་ཀྱིས་རྗེས་སུ་དཔོག་པ་ཡིན་གྱི། རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ཏེ། སྒྲ་ལས་ཤེས་པ་བརྗོད་པར་བྱ་བའི་ཚུལ་ཉིད་ཀྱིས་རྟོགས་པའམ། དེ་ལ་བརྡར་བྱས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་རྗོད་པར་བྱེད་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། འདི་ལ་ཇི་ལྟར་མེ་དང་དུ་བ་མེད་ན་

མི་འབྱུང་བ་ཉིད་དུ་དངོས་པོ་ལ་གནས་པ་བཞིན་དུ་དེ་ལྟ་བུའི་དངོས་པོ་མེད་ཀྱང་བརྡའི་དུས་ན་དེ་དག་གིས་སྒྲ་དོན་མེད་ན་མི་འབྱུང་བར་རང་གི་མངོན་པའི་ང་རྒྱལ་གྱིས་བཟུང་བ་ཡིན་ནོ། །དེ་ལ་སྒྲ་རང་གི་མཚན་ཉིད་ཐོས་པ་ལས་སྒྲོ་བཏགས་པ་ཡིན་ཡང་། སྒྲ་རྣམས་དོན་དམ་པར་མེད་ན་མི་
འབྱུང་བ་ཉིད་དུ་རྟོགས་ལ་དེ་དག་ཀྱང་མཐོང་བ་དང་བརྟགས་པའི་དོན་དག་གཅིག་ཏུ་བྱས་ནས་ཕྱི་རོལ་གྱི་དོན་ལ་མེད་ན་མི་འབྱུང་བ་ཉིད་དུ་སྒྲོ་བཏགས་ནས་བརྗོད་པར་བྱ་བ་ཉིད་དུ་རློམ་པར་བྱེད་དོ། །དེས་ན་སྒྲོ་བཏགས་པའི་རང་བཞིན་གྱི་རྗོད་པར་བྱེད་པ་ལས། སྒྲོ་བཏགས་པའི་རང་བཞིན་
གྱི་བརྗོད་པར་བྱ་བ་རྟོགས་པ་ཡིན་གྱི། དོན་དམ་པར་རང་གི་མཚན་ཉིད་དག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་མ་ཡིན་ནོ། །དེས་ན་བརྡ་དང་ལྷན་ཅིག་པའི་སྒྲ་ལས་སྒྲོ་བཏགས་པའི་རྗོད་པར་བྱེད་པ་རྟོགས་ལ། དེ་ལས་ཀྱང་སྒྲོ་བཏགས་པའི་རང་བཞིན་གྱི་བརྗོད་པར་བྱ་བ་
རྟོགས་ཏེ། དེ་རྟོགས་པས་ཀྱང་སྒྲའི་རྗོད་པར་བྱེད་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །བཤད་པའི་དོན་གྱི་སྤྱིའི་རྣམ་པ་སྨྲ་བ་པོའི་བསམ་པས་བསྡུས་པ་བརྡའི་དབང་གིས་སྐྱེད་པར་བྱེད་པ་ཉིད་དུ་ངེས་པར་བྱས་པ་ནི་སྒྲ་ཐོས་པ་ལས་རྟོགས་པར་འགྱུར་རོ། །དེའི་ཕྱིར་སྔར་ནི་སྒྲོ་
བཏགས་པ་ལས་བརྟེན་ནས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡིན་ལ། ཕྱིས་ནི་རང་གི་མཚན་ཉིད་ཁོ་ན་ལས་སྐྱེད་པར་བྱེད་པའི་བསམ་པ་རྗེས་སུ་དཔོག་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་དོན་ཁྱད་པར་ཅན་གྱི་བསམ་པ་དང་ལྡན་པ་ཉིད་དུ་རྟོགས་པར་བྱ་བའི་ཆོས་ཅན་སྨྲ་བ་པོ་དེ་
ཉིད་ཡིན་ཞིང་བསམ་པའི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ལ། སྒྲ་ནི་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་བསམ་པ་རྗེས་སུ་དཔག་པར་བྱ་བ་ལ་ལྟོས་ནས་རྗེས་སུ་དཔག་པའི་ནང་དུ་འདུ་བ་ཡིན་གྱི་བསྟན་པར་བྱ་བ་ལྟོས་ན་ནི་སྒྲ་རྣམས་ཚད་མ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ཡོད་ན་ཡོད་པ་དང་
མི་དམིགས་པ་ཞེས་བྱ་བ་ལ། དེ་ཡོད་པ་ཉིད་ན་ཡོད་པ་ཞེས་ངེས་པ་ཁོང་ནས་འབྱུང་བའི་བསྡུ་བ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་སྨོས་པ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་བཤད་པ་ཡིན་ནོ། །དེ་ཡོད་ན་ཡོད་པ་དང་མི་དམིགས་པ་སྟེ། མི་དམིགས་པ་ནི་

དམིགས་པ་མེད་པའམ་གཞན་དམིགས་པའོ། །དེ་ཡང་རྗེས་སུ་དཔག་པ་མ་ཡིན་ཏེ་ཞེས་བྱ་བར་འབྲེལ་ཏོ། །གང་ལ་རྗེས་སུ་དཔག་པ་མ་ཡིན་ཞེ་ན། རབ་ཏུ་སྐྱེ་བ་ཞེས་བྱ་བ་ལ་སོགས་པས་ཡུལ་སྟོན་ཏོ། །རབ་ཏུ་སྐྱེ་བ་ནི་སྐྱེ་བ་སྟེ་འབྲས་བུ་ཉིད་དོ། །འདི་
གང་གི་ཚེ་སྒྲུབ་པར་བྱེད་ཅེ་ན། གང་གི་ཚེ་དངོས་པོ་དེ་འབྲས་བུ་ཉིད་དུ་ནི་ཤེས་ལ་ཁྱད་པར་ཅན་གྱི་འབྲས་བུ་ཉིད་དུ་ནི་ངེས་པར་མ་རྟོགས་པ་དེའི་ཚེའོ། །དེས་ན་དེ་དོན་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ལས་དེའི་འབྲས་བུ་ཉིད་དུ་ཤེས་པར་བྱེད་དེ། དེའི་
འབྲས་བུ་ཉིད་དུ་བསྒྲུབ་པ་དང་དངོས་པོ་མེད་པར་བསྒྲུབ་པར་བྱ་བ་དེ་ལ་རྗེས་སུ་དཔག་པ་མ་ཡིན་ནོ། །དོན་འདི་ཡིན་ཏེ། མི་དམིགས་པ་ལས་དངོས་པོ་མེད་པར་ངེས་པ་དང་། དེ་ཡོད་ན་ཡོད་པ་ལས་དེའི་འབྲས་བུ་ཉིད་དུ་ངེས་པ་ནི་ཡོད་པ་ཡིན་ལ། ངེས་པ་ཡང་ཚད་མ་ཉིད་དུ་འགྱུར་
དགོས་ན། འདིའི་རྗེས་སུ་དཔག་པའི་ནང་དུ་ཡང་འདུ་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་སྨོས་ཏེ། རྗེས་སུ་འགྲོ་བ་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་ནི་རྗེས་སུ་འགྲོ་བ་གྲུབ་པའི་གཏན་ཚིགས་ལ་ལྟོས་པ་
ཡིན་ན། དེ་ཡོད་ན་ཡོད་པ་དང་མི་དམིགས་པ་ལ་ནི་རྗེས་སུ་འགྲོ་བ་གྲུབ་པ་མ་ཡིན་ནོ། །གང་གི་ཕྱིར་རྗེས་སུ་འགྲོ་བ་ནི་གནོད་པར་བྱེད་པའི་ཚད་མ་གཞན་གྱིས་སྒྲུབ་པ་ཡིན་ཏེ། དཔེར་ན་ཁྱབ་པར་བྱེད་པ་རིམ་དང་ཅིག་ཅར་མི་དམིགས་པས་ཡོད་པ་ཉིད་ལ་སྐད་ཅིག་མས་ཁྱབ་པ་བསྒྲུབས་ལ།
ཁྱབ་པ་རབ་ཏུ་གྲུབ་པའི་ཡོད་པ་ཉིད་ལས་ཀྱང་སྐད་ཅིག་མ་ཉིད་དུ་སྒྲུབ་པར་བྱེད་པ་བཞིན་ནོ། །གནོད་པར་བྱེད་པའི་ཚད་མ་སྲིད་པའི་ཡུལ་ལ་ཡང་དཔེ་ཞེས་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལ་དཔེ་ཡོད་པ་མ་ཡིན་ཏེ་ཞེས་སྨོས་སོ། །གང་གི་ཕྱིར་གནོད་པར་བྱེད་པའི་ཚད་མ་སྲིད་ན་ནི་
དེ་རབ་ཏུ་སྟོན་པའི་ཡུལ་དཔེ་ཉིད་དུ་འགྱུར་རོ། །ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དཔེ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་དོན་དུ་སྒྲུབ་པར་བྱེད་པ་གཞན་མེད་པའི་ཕྱིར་ཞེས་སྨོས་སོ། །དོན་འདི་ཡིན་ཏེ། གཏན་ཚིགས་དེ་ཉིད་ཀྱིས་ནི་གཏན་ཚིགས་དེ་

ཉིད་ཀྱི་ཁྱབ་པ་བསྒྲུབ་པ་མ་ཡིན་གྱི། འོན་ཀྱང་ཚད་མ་གཞན་གྱིས་ཡིན་པས་ཚད་མ་གཞན་ཡོད་ན་ནི་དེ་རབ་ཏུ་སྟོན་པའི་ཡུལ་དཔེ་ཡང་ཡོད་པར་འགྱུར་གྱི། དེ་མེད་ན་ནི་དེ་ཡང་མེད་པར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་འདི་ལྟར་དཔེ་ནི་རྗེས་སུ་འགྲོ་བའི་སྒྲུབ་པར་བྱེད་པ་ཉེ་བར་སྟོན་པ་ཙམ་ལ་ཉེ་བར་
མཁོ་བ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་གཞན་མེད་པར་བཤད་པ་ཉིད་ཀྱིས་དེ་མེད་པར་བརྗོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་འདི་ལ་དཔེ་ཡོད་པ་མ་ཡིན་ཏེ་ཞེས་ཟློས་སུ་སྨྲ་ཞེ་ན། རྗེས་སུ་འགྲོ་བ་སྒྲུབ་པའི་ཚད་མ་ནི་དཔེའི་ཆོས་ཅན་ཁོ་ན་ལ་བསྟན་པར་བྱ་བ་ཡིན་གྱི། བསྒྲུབ་པར་
བྱ་བའི་ཆོས་ཅན་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་སྟེ། འདིའི་འབྲས་བུ་ནི་མཉན་བྱ་དཔྱད་པར་འཆད་པར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་ཚད་མ་འདི་ཉིད་ཀྱི་རྗེས་སུ་འགྲོ་བ་སྒྲུབ་སྟེ། འདི་ལྟར་འདི་མྱུ་གུ་ལ་སོགས་པ་འགའ་ཞིག་བསྒྲུབ་བྱར་འདོད་པ་ན་དཔེ་གཞན་གྲུབ་པ་
ཡིན་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་དང་བྲལ་བའི་ཕྱོགས་འགའ་ཞིག་བསྒྲུབ་པར་བྱ་བ་ལ། གཞན་གྲུབ་པའི་ཕྱིར་ཚད་མ་འདི་ཉིད་ལ་ལྟོས་ན་དཔེ་ཡོད་པ་ཡིན་ནོ་ཞེས་དོགས་པ་ལ། དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ན་ཡང་ཞེས་བྱ་བ་སྨོས་ཏེ། དཔེའི་འོ། །གང་གིས་རྗེས་
སུ་འགྲོ་བ་ངེས་པའི་རྒྱུ་མཚན་གྱི་ཚད་མ་སྟོན་པར་བྱེད་པ་དེ་ནི་དཔེ་སྟེ། དེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་འདི་ཡིན་ཏེ། གང་ལ་གཏན་ཚིགས་ལ་བསྒྲུབ་པར་བྱ་བས་རྗེས་སུ་འགྲོ་བ་དང་ལྡན་པས་རྟོགས་པར་བྱ་བའི་དཔེ་དེ་ལ་ཡང་ཅི་གཏན་ཚིགས་འདི་རྗེས་སུ་
འགྲོ་བ་གྲུབ་ནས་གོ་བར་བྱེད་པ་ཡིན་ནམ། འོན་ཏེ་རྗེས་སུ་འགྲོ་བ་མ་གྲུབ་པར་ཡིན། རྗེས་སུ་འགྲོ་བ་མ་གྲུབ་པར་ཡང་གོ་བར་བྱེད་པ་ཉིད་ཡིན་ན་ནི་ཚད་མ་གཞན་ཉིད་དུ་ཐལ་བར་འགྱུར་རོ། །རྗེས་སུ་འགྲོ་བ་གྲུབ་པ་ཉིད་ཡིན་ན་ཡང་དེ་ལ་ཡང་རྗེས་སུ་འགྲོ་བའི་ཡུལ་གྱི་དཔེ་གཞན་
བཙལ་དགོས་ཏེ། དེས་ནི་ཇི་སྲིད་དུ་ཚད་མ་གཞན་གྱིས་རྗེས་སུ་འགྲོ་བ་མ་གྲུབ་པ་དེ་སྲིད་དུ་དཔེ་གཞན་ཚོལ་བས་མཐའ་ཐུག་པ་མེད་པར་འགྱུར་ལ། དེ་ལྟར་ན་ཡང་རྗེས་སུ་འགྲོ་བ་མ་ངེས་པའི་ཕྱིར། ཇི་ལྟར་རྗེས་སུ་དཔག་པའི་ནང་དུ་འདུ་བར་འགྱུར། དེའི་ཕྱིར་དེ་ལྟར་

འབྲེལ་པ་མ་ངེས་པས་ཕྱོགས་ཀྱི་ཆོས་ཙམ་གྱིས་འཁྲུལ་པ་མེད་པར་རྟོགས་པའི་ཚད་མ་གཞན་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་རྗེས་སུ་དཔག་པ་མ་ཡིན་པ་འགོག་པར་བྱེད་པའོ། །འདི་ལྟར་གལ་ཏེ་རྗེས་སུ་འགྲོ་བ་ངེས་པའི་རྒྱུ་གནོད་པར་བྱེད་པའི་ཚད་མ་
མེད་པའི་ཕྱིར་དཔེ་མེད་པ་དེ་ལྟ་ན་ནི་རྗེས་སུ་དཔག་པར་མི་འགྱུར་བ་ཞིག་ན། གནོད་པར་བྱེད་པའི་ཚད་མ་ཡང་ཡོད་པས་དེའི་ཡུལ་གྱི་དཔེ་ཡོད་པ་ཡིན་ནོ། །ཇི་ལྟར་ཡོད་ཅེ་ན། དེ་ལ་ཡུལ་བསྟན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་དེ་ཡོད་ན་ཡོད་པར་འགྱུར་བའི་མྱུ་གུ་དང་།
དེ་བཞིན་དུ་བུམ་པས་དབེན་པའི་ས་ཕྱོགས་མི་དམིགས་པའི་བདག་ཉིད་དུ་གྱུར་པ་བསྟན་པས་ཏེ། བསྙད་པས་སོ། །འདིར་དོན་གྱིས་རྒྱུ་མཚན་བསྟན་པ་ཡང་བལྟ་བར་བྱ་སྟེ། འདི་ལྟར་མེད་པའི་ཐ་སྙད་དང་། འབྲས་བུའི་ཐ་སྙད་དག་གིས་རྒྱུ་མཚན་དང་ཡུལ་བསྟན་པར་བྱ་བ་ཡིན་ནོ། །
དེ་ལ་མེད་པའི་ཐ་སྙད་ཀྱི་ཡུལ་ནི་བུམ་པས་དབེན་པའི་ཕྱོགས་ཡིན་ལ། དེའི་ཤེས་པ་ནི་རྒྱུ་ཡིན་ཏེ། གཉི་ག་ཡང་ཁྱད་པར་མེད་པར་མི་དམིགས་པའི་ཐ་སྙད་དུ་སྟོན་པར་འགྱུར་རོ། །འབྲས་བུའི་ཐ་སྙད་ཀྱི་ཡུལ་ནི་དེ་ཡོད་ན་ཡོད་པ་ཉིད་ཡིན་ལ། དེ་འཛིན་པའི་མངོན་སུམ་དང་མི་དམིགས་
པ་ནི་རྒྱུ་ཡིན་ནོ། །དེ་བཞིན་དུ་གཞན་དག་ཏུ་ཡང་ཡུལ་གྱི་སྒྲས་རྒྱུ་འཕེན་ལ་རྒྱུའི་སྒྲས་ཀྱང་ཡུལ་འཕེན་པ་ཡིན་ཏེ། ཐམས་ཅད་དུ་སློབ་དཔོན་གྱི་ཐ་སྙད་ནི་འདི་ལྟ་བུ་ཡིན་ནོ། །དེས་ན་ཡུལ་དང་རྒྱུ་འདིས་ཐ་སྙད་འདི་ལ་ཁྱོད་ཀྱིས་སྔོན་ཞུགས་པ་ཡིན་ནོ་ཞེས་རྒྱུ་དང་བཅས་པའི་ཡུལ་བསྟན་
པས་ཕ་རོལ་པོ་རྨོངས་པ་ལ་རྒྱུ་མཚན་དང་བཅས་པའི་མེད་པའི་ཐ་སྙད་དྲན་པར་བྱེད་དོ། །དེ་ལྟ་ན་ཡང་དྲན་པར་བྱས་པའི་ཚུལ་གྱིས་ཞུགས་པའི་འབྲེལ་པ་ཉིད་བསྒྲུབ་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་ཀྱི་འབྲེལ་པ་དྲན་པ་ལ་རྗེས་སུ་འགྲོ་བ་ངེས་པའི་རྒྱུ་མཚན་གྱི་ཚད་མའི་ཡུལ་དུ་གྱུར་པའི་དཔེ་
ཡོད་པའི་ཕྱིར་རྗེས་སུ་དཔག་པ་ཉིད་དོ་ཞེས་དོན་གྱི་མཇུག་བསྡུ་བའོ། །གང་གི་ཕྱིར་ཐ་སྙད་འདི་ལ་ཕ་རོལ་པོ་ཉིད་ཀྱིས་སྔར་ཞུགས་པ་ཡིན་ལ། རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ན་ནི་ཐ་སྙད་ངེས་པ་ཅན་ཉིད་དུ་འགྱུར་རོ། །རྒྱུ་མཚན་གཞན་མི་འཐད་པ་ཉིད་ཀྱང་རྒྱུ་དང་འབྲས་བུའི་ཐ་སྙད་ལ་ནི་

འཇིག་རྟེན་ཉིད་ལས་འགྱུར་ལ། མེད་པའི་ཐ་སྙད་ལ་ནི་རྩོད་པའི་རིགས་པའི་རྗེས་སུ་འབྲང་བར་བྱའོ། །དེ་ཙམ་གྱི་རྒྱུ་མཚན་ཅན་ཉིད་དུ་ནི་ལན་ཅིག་ཞུགས་པ་ཉིད་ལས་ངེས་ལ། དེ་ཡོད་ཀྱང་ཐ་སྙད་འཇུག་པར་མི་བྱེད་ན་ནི་རྒྱུ་མཚན་གཞན་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཡོད་
ཀྱང་ཐ་སྙད་མི་འཇུག་ན་ནི་རྒྱུ་མཚན་གཞན་ཉིད་ཡིན་ལ། ལན་ཅིག་ཞུགས་པ་ལས་ཐ་སྙད་གང་ཞིག་གིས་རྒྱུ་མཚན་གང་ཁོ་ན་ཡིན་པར་མཐོང་ན་ནི་དེ་དང་འགལ་བ་ཡིན་ཏེ། དེས་ན་རང་བཞིན་འགལ་བ་དམིགས་པས་རྗེས་སུ་འགྲོ་བ་གྲུབ་བོ། །འདིར་གཏན་ཚིགས་ནི་འདི་ལྟར་བལྟ་
སྟེ། གང་ཞིག་གང་ཁོ་ནའི་རྒྱུ་མཚན་ཅན་ཡིན་པ་དེ་ནི་དེ་ཡོད་པ་ན་ཡོད་པ་ཉིད་ཡིན་ཏེ། མེད་པ་ལ་ནི་རྒྱུ་མཚན་གཞན་ལ་ལྟོས་པས་ཁྱབ་ལ། དེ་དང་འགལ་བ་ཡང་དེ་ཙམ་གྱི་རྒྱུ་མཚན་ཅན་ཡིན་ནོ། །དེས་ན་འདིར་རྒྱུ་མཚན་དེ་ཡོད་པ་ཙམ་གྱིས་ཐ་སྙད་འཇུག་པར་བྱ་བ་ཡིན་
ནོ། །མི་དམིགས་པ་ཙམ་རྒྱུ་མཚན་ཡིན་ཞིང་རྒྱུ་མཚན་གཞན་ཡོད་པར་མི་འཐད་པ་ཡང་ལན་ཅིག་ཐ་སྙད་དུ་ཞུགས་པ་ལས་ཤེས་པ་ཡིན་ནོ། །མཚན་ཉིད་ཀྱི་གཏན་ཚིགས་ཐམས་ཅད་ཀྱི་ཁྱབ་པ་འགྲུབ་པའི་ཚུལ་ནི་འདི་ལྟ་བུ་ཁོ་ནར་བལྟའོ། །གཏན་ཚིགས་ནི་རྣམ་པ་གཉིས་ཏེ། ཐ་
སྙད་ཀྱི་ཡུལ་ཅན་མཚན་ཉིད་ཀྱི་གཏན་ཚིགས་དེ་ནི་ལན་ཅིག་ཐ་སྙད་ཞུགས་པ་ཉིད་ལས་ཐ་སྙད་དང་འབྲེལ་པར་ཤེས་པར་འགྱུར་བ་ཡིན་ཏེ། དཔེར་ན་བ་ལང་གི་ཐ་སྙད་ཀྱི་རྒྱུ་མཚན་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་མཚན་ཉིད་ཀྱི་ཡུལ་ལ་ལན་ཅིག་ཐ་སྙད་ཞུགས་པ་ལས་ཀྱང་འབྲེལ་བས་
ཤེས་པར་འགྱུར་བ་ལྟ་བུ་སྟེ། འདི་ནི་མཚན་ཉིད་པའི་གཏན་ཚིགས་སོ། །གཞན་ནི་དངོས་པོའི་སྟེ། གང་ཞིག་དངོས་པོའི་ཆོས་སྒྲུབ་པར་བྱེད་པའོ། །ཐ་སྙད་དུ་རུང་བ་ཉིད་ཀྱང་བརྟགས་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཇི་ལྟར་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དམ་དངོས་པོ་མེད་པ་ཉིད་སྒྲུབ་པར་མི་
བྱེད་ཀྱི། འོན་ཀྱང་ཐ་སྙད་ཡིན་ཞེ་ན། རྒྱུ་དང་འབྲས་བུ་དག་གི་དེའི་ངོ་བོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུ་དག་གི་རྒྱུ་འབྲས་ཀྱི་ངོ་བོ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་

ལས་གཞན་མ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་དུ་གྱུར་པ་དེ་ཡོད་ན་ཡོད་པ་ཉིད་གྲུབ་པ་ན་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གྲུབ་པ་ཁོ་ནའི་ཕྱིར་ཅི་ཞིག་བསྒྲུབ་ཏུ་ཡོད། ཐ་སྙད་ཀྱི་རྨོངས་པ་ལ་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དེ་ཡོད་ན་ཡོད་པ་ཉིད་རྒྱུ་དང་
འབྲས་བུའི་ངོ་བོ་ཡིན་པ་དེ་བཞིན་དུ། དམིགས་པར་རིགས་པ་མི་དམིགས་པ་ཉིད་དོན་གྱི་དངོས་པོ་མེད་པ་སྟེ། མེད་པའི་ཐ་སྙད་དུ་བྱ་བ་བསྒྲུབ་པའི་ཡན་ལག་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡིན་ནོ། །འདི་ལྟར་དངོས་པོ་མེད་པ་ཞེས་བྱ་བ་མངོན་སུམ་གྱིས་ཤེས་པར་བྱ་བ་ནི་མ་ཡིན་ཏེ། ངོ་
བོ་ཉིད་མེད་པའི་ཕྱིར་རོ། །འོན་ཀྱང་ཐ་སྙད་དུ་བྱ་བ་ཡིན་ནོ། །བུམ་པས་དབེན་པའི་ཕྱོགས་སུ་སྣང་བ་རང་གི་དོན་ངེས་པ་དང་ལྡན་པའི་མངོན་སུམ་སྐྱེས་པ་ཉིད་ཀྱིས་སྣང་བའི་དངོས་པོ་མེད་པར་ངེས་པ་ནང་དུ་འདུ་བར་འགྱུར་ཏེ། སྣང་བའི་དངོས་པོ་གཞན་ཡོད་པར་དོགས་ན། དེས་དབེན་པའི་
ཕྱོགས་བདག་གིས་མཐོང་ངོ་ཞེས་ངེས་པར་མི་ནུས་པའི་ཕྱིར་རོ། དེའི་ཕྱིར་དེ་ལྟར་ངེས་པར་བྱས་པས་ཡུལ་དེའི་དོན་གྱི་སྣང་བའི་དངོས་པོ་གཞན་མེད་པར་ངེས་པར་བྱས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་དོན་དང་དེའི་ཤེས་པ་ལ་དངོས་པོ་མེད་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་མངོན་
སུམ་གྱི་བདག་ཉིད་དུ་གྱུར་པའི་མི་དམིགས་པས་དངོས་པོ་མེད་པ་གྲུབ་པས་དེའི་རྒྱུ་མཚན་ཅན་གྱི་མེད་པའི་ཐ་སྙད་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་དམིགས་པར་རིགས་པ་ཞེས་བྱ་བ་ལ་སོགས་པ་འཆད་དོ། །དམིགས་པར་རིགས་པ་གང་ལ་ཡོད་པ་དེ་ནི་དམིགས་པར་རིགས་པའོ། །མ་དམིགས་
པ་ན་སྟེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ལས་དེ་མ་དམིགས་པའི་ཕྱིར་མེད་དོ་ཞེས་བརྗོད་དོ། །ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཐ་སྙད་འདོགས་སོ། །འདིས་ནི་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ནི་མི་དམིགས་པ་ཉིད་ཡིན་པར་སྟོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་མེད་པའི་ཐ་སྙད་ཀྱི་
རྒྱུ་མི་དམིགས་པ་ཡིན་པ་དེའི་ཕྱིར་རོ། །རྒྱུ་མཚན་ཉེ་བར་བསྟན་པས་ཞེས་བྱ་བ་ནི་མི་དམིགས་པ་འདི་ལ་ལྟོས་པ་འདིའི་རྒྱུ་མཚན་གྱིས་མེད་དོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་དེ་ནི་རྒྱུ་མཚན་བསྟན་པས་བསྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་ཐ་སྙད་གང་ཞིག་གང་གི་རྒྱུ་མཚན་ཅན་ཡིན་

པ་དེ་ནི་རྒྱུ་མཚན་དེ་མཐོང་བས་ན་ལོ་མ་ལ་སོགས་པ་དང་ལྡན་པ་ལ་ཤིང་ཉིད་ལ་སོགས་པའི་ཐ་སྙད་བཞིན་དུ་རང་ཉིད་འཇུག་པ་མ་ཡིན་ནམ། དེ་ཇི་ལྟར་རྒྱུ་མཚན་ཐ་སྙད་ཀྱི་སྒྲུབ་པར་བྱེད་པར་འགྱུར་ཞེ་ན། རྨོངས་པ་ལ་ཞེས་བྱ་བ་སྨོས་ཏེ། རྒྱུ་མཚན་མཐོང་དུ་ཟིན་ཀྱང་རྒྱུ་མཚན་ཅན་གྱི་
ཐ་སྙད་འཇུག་པར་མི་ནུས་པའི་རྨོངས་པ་གང་ཡིན་པ་དེ་ཉིད་རྟོགས་པར་བྱ་བའི་དོན་དུ་མི་དམིགས་པར་སྦྱར་བ་ཡིན་ལ། དེ་ཡོད་ན་ཡོད་པ་ཉིད་ཀྱང་དེའི་འབྲས་བུ་ཉིད་ཀྱི་ཐ་སྙད་དུ་མི་བྱེད་པ་ལ་སྦྱོར་བ་ཡིན་ནོ། །གང་ཡང་ལོ་མ་ལ་སོགས་པ་དང་ལྡན་པ་ལ་ཤིང་གི་ཐ་སྙད་དུ་ཞུགས་པ་ལས་
བླུན་པས་ཕྱིས་བརྗོད་པ་དེ་ལ་ནི་ལོ་མ་ལ་སོགས་པ་དང་ལྡན་པའི་ཕྱིར་ཤིང་ངོ་ཞེས་སྦྱོར་བ་ཁོ་ན་སྟེ། དཔེར་ན་འདི་ནི་བ་ལང་སྟེ་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །སྐྱེད་པར་བྱེད་པར་བརྗོད་པ་ལ་ཕ་ཉིད་བཞིན་ནོ་ཞེས་བྱ་བས་ནི། མི་དམིགས་པ་དང་རྗེས་སུ་
མཐུན་པ་ཉིད་ཀྱི་དཔེར་ཐ་སྙད་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པར་སྟོན་པར་བྱེད་དོ། །སྐྱེད་པར་བྱེད་པའི་རྒྱུ་མཚན་ཅན་གྱི་ཕའི་ཐ་སྙད་ལ་ཞུགས་སུ་ཟིན་ཀྱང་འགའ་ཞིག་ཏུ་བརྗོད་པ་ན་ཕའི་ཐ་སྙད་ཀྱི་རྒྱུ་མཚན་ནི་འདི་ཙམ་ཡིན་ནོ་ཞེས་རབ་ཏུ་གྲུབ་པའི་ཡུལ་དྲན་ནས་དེ་བདག་ཉིད་རྟོགས་པར་
འགྱུར་བའམ། གཞན་གྱིས་སྒྲུབ་པར་བྱེད་པ་བཞིན་ནོ། །ཅི་སྟེ་གང་ཞིག་ལ་རྨོངས་པ་མེད་པ་དེ་གང་ལས་དེར་མེད་པའི་ཐ་སྙད་དུ་འགྱུར་ཞེ་ན། ཁྱབ་པར་བྱེད་པ་མི་དམིགས་པ་ལས་སོ་ཞེས་སྨྲའོ། །སྣང་བ་ཡོད་པ་ནི་ཤེས་པ་ལ་འཁྲུལ་པ་མེད་པའི་ཕྱིར་ཤེས་པའི་ཡུལ་གྱི་ངོ་བོ་ཉིད་ཀྱིས་
ཁྱབ་པ་ཡིན་ལ། ཤེས་པ་མེད་པ་ནི་ཁྱབ་པར་བྱེད་པའི་ཤེས་པའི་ཡུལ་དེ་ཉིད་མི་དམིགས་པ་ཡིན་ཏེ། རྩོད་པའི་རིགས་པ་ལས་དེའི་ངོ་བོ་ཡོད་པ་ལ་ནི་དེའི་ཚད་མས་ཁྱབ་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཐ་སྙད་འདོགས་པ་པོ་ཡང་གང་གི་ཕྱིར་འདི་ན་སྣང་བའི་དངོས་པོ་མི་དམིགས་ཏེ།
དེའི་ཕྱིར་མེད་དོ་ཞེས་དམིགས་པ་མེད་པ་ཉིད་ཀྱིས་ཉེ་བར་མཚོན་ནས། དེའི་ཁྱབ་པར་བྱེད་པ་དམིགས་པར་བྱ་བ་མེད་པའི་རྗེས་སུ་འབྲངས་ཏེ། དོན་མེད་པ་ཉིད་དུ་རྟོགས་པར་བྱེད་དོ། །དེས་ན་གཏན་ཚིགས་ཐིགས་པ་ལས། གང་ཞིག་དེ་ཡོངས་སུ་གཅོད་པ་ན་ཞེས་བྱ་བ་ལ་སོགས་པ་

དང་། གང་ཡང་རྣམ་པར་ངེས་པ་ལས་ཤེས་པ་ནི་བདག་ཉིད་ཤེས་པ་གཞན་ལས་གཅོད་ཅིང་དོན་གྱིས་དོན་གཅོད་པ་ཞེས་བྱ་བ་ལ་སོགས་པ་གཞན་རྣམ་པར་གཅོད་པ་བཤད་པ་དེ་ཐམས་ཅད་ནི་ཁྱབ་པར་བྱེད་པ་མེད་པ་ཉིད་ཀྱི་རྒྱུ་མཚན་ཡིན་ནོ། །དཔེར་ན་འདི་ནི་
སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་འགའ་ཞིག་སྣང་བའི་བདག་ཉིད་ཡིན་པ་འགོག་པ་ན་འདིར་འཇིག་རྟེན་ན་སེར་པོ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་ནི་མི་འདོད་གྱི། འོན་ཀྱང་སྣང་བ་འདིའི་རང་བཞིན་དུ་མེད་དོ་ཞེས་བྱ་བ་མིན་ཏེ། དེས་ན་སེར་པོ་སྣང་བར་ཁས་བླངས་ནས་
འགོག་པ་ཡིན་ནོ། །གང་གི་ཕྱིར་ཇི་སྲིད་དུ་གཅིག་སྣང་བ་ན་དེའི་བདག་ཉིད་འགོག་པ་དེ་ཐམས་ཅད་ནི་སྣང་བ་ཉིད་དུ་ཁས་བླངས་པ་ཡིན་པའི་ཕྱིར་སྣང་བ་མ་དམིགས་པ་ཉིད་ཡིན་ཏེ། གཏན་ཚིགས་ཐིགས་པ་ལས་ཁྱད་པར་ཡང་བརྗོད་པར་མི་བྱའོ་ཞེས་བཤད་དོ། །དེའི་ཕྱིར་ཇི་སྲིད་
དུ་ཤེས་པ་དང་སྣང་བའི་དོན་ལ་དེའི་བདག་ཉིད་འགོག་པ་དེ་ལ་སྣང་བ་མི་དམིགས་པ་ཉིད་ཡོད་པས་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་ཡོད་པ་མ་ཡིན་ནོ། །ཐ་དད་པ་འགོག་པ་ནི་སྣང་བ་ཁོ་ན་ལ་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དམིགས་པའི་མཚན་ཉིད་ཀྱིར་གྱུར་
པ་ཞེས་ཁྱད་པར་དུ་བྱས་སོ། །དེའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པ་ཁོ་ནས་འགོག་པ་ཡིན་ནོ། །ཤེས་པ་དང་ཤེས་བྱ་དམིགས་པ་མེད་པ་ནི་རྣམ་པ་གཅིག་ཏུ་ངེས་པའི་ཤེས་པ་ཡང་དག་པར་རིག་པ་ཉིད་ཀྱིས་ངེས་པར་འགྱུར་ཏེ། ཡོད་པ་བཞིན་དུ་ཤེས་པ་ཙམ་ལ་ནི་ཐེ་ཚོམ་ཡོད་པ་མ་
ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་གཅིག་མྱོང་བ་ཉིད་ལས་འདི་ནི་དམིགས་སོ། །འདི་ནི་མ་དམིགས་སོ་ཞེས་ཤེས་པ་དང་ཤེས་བྱ་དག་དམིགས་པ་དང་མ་དམིགས་པར་ངེས་པར་བརྗོད་པ་ཡིན་ནོ། །འདི་ནི་དམིགས་སོ་འདི་ནི་མ་དམིགས་སོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་ཡུལ་དང་ཤེས་
པ་འགོག་པ་དང་། བསྒྲུབ་པའི་རྣམ་པར་རྟོག་པ་དག་གིས་མངོན་སུམ་འབྲས་བུ་དང་བཅས་པ་ཡིན་གྱི། འདི་ནི་ཡོད་དོ་འདི་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དངོས་པོ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་དག་གིས་ཀྱང་འབྲས་བུ་དང་བཅས་པ་ཉིད་ནི་མ་ཡིན་ཏེ། འདི་ནི་མ་ཡིན་ནོ་ཞེའམ་མེད་

དོ་ཞེས་བྱ་བ་དེ་ལྟ་བུ་ཡོད་པ་འགོག་པའི་ཐ་སྙད་ཀྱི་རྣམ་པར་རྟོག་པ་ནི་མི་དམིགས་པས་སྒྲུབ་པར་བྱེད་པ་ཡིན་གྱི། མངོན་སུམ་གྱིས་ནི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དམིགས་པའི་ཤེས་པ་དང་ཤེས་བྱ་ཉིད་ཤེས་བྱ་མི་དམིགས་པར་ངེས་པའི་རྒྱུ་ཕྱིར་མི་དམིགས་པར་བརྗོད་
པ་ཡིན་ནོ། །དེ་ལ་མི་སྣང་བ་དམིགས་པ་མེད་པར་ངེས་པས་ནི་མི་སྣང་བ་དངོས་པོ་མེད་པར་ངེས་པ་ནང་དུ་སྡུད་པར་བྱེད་པ་མ་ཡིན་ཏེ། དེ་ནི་དངོས་པོ་མེད་པ་ལ་འཁྲུལ་པའི་ཕྱིར་རོ། །སྣང་བ་དམིགས་པ་མེད་པར་ངེས་པས་ནི་ཤུགས་ཀྱིས་སྣང་བ་དངོས་པོ་མེད་པར་འཕངས་པ་ཡིན་ཏེ།
སྣང་བའི་དངོས་པོ་གཞན་ཡོད་ན་དེ་མི་དམིགས་པར་མི་རིགས་པའི་ཕྱིར་ཞེས་བྱ་བ་ནི་ཤུགས་ཡིན་ནོ། །དེའི་ཕྱིར་གཅིག་ཏུ་ངེས་པའི་ཤེས་པ་ངེས་པར་བྱེད་པའི་མངོན་སུམ་ཉིད་ཀྱིས་སྣང་བའི་དངོས་པོ་མེད་པར་ངེས་པར་བྱས་པ་ཡིན་ནོ། །གང་གི་ཕྱིར་དངོས་པོ་མེད་པ་མངོན་སུམ་དུ་བྱ་བ་ལུས་
དང་ལྡན་པ་ནི་མ་ཡིན་ཏེ། དེས་ན་དངོས་པོ་མེད་པ་འཛིན་པར་བྱེད་པ་ནི་ངེས་པ་གང་ཡིན་པ་འདི་ཉིད་ཡིན་ནོ། །ཡང་གང་གི་ཕྱིར་རང་གི་ངོ་བོ་མེད་པའི་ཕྱིར་དངོས་པོ་མེད་པ་མངོན་སུམ་དུ་སྣང་བ་མ་ཡིན་པ་དང་། མ་དམིགས་ཀྱང་ཡོད་པའི་ཕྱིར་མི་དམིགས་པ་འཁྲུལ་པར་དོགས་པ་དེའི་
ཕྱིར་ཤུགས་ཀྱིས་དངོས་པོ་མེད་པ་གཟུང་དུ་ཟིན་ཀྱང་མངོན་སུམ་གྱི་ཐ་སྙད་དུ་བྱེད་ནུས་པ་མ་ཡིན་ནོ། །སྣང་བ་མི་དམིགས་པས་ནི་ནུས་ཏེ། དེ་ཡང་གང་གི་ཕྱིར་མངོན་སུམ་གྱིས་ཕྱོགས་འགའ་ཞིག་དམིགས་པ་དེའི་ཕྱིར་མངོན་སུམ་ཉིད་ཀྱི་བྱེད་པའི་རྗེས་སུ་འབྲངས་ནས་འདི་ན་དེ་ཡོད་པ་མ་
ཡིན་ནོ་ཞེས་ཐ་སྙད་དུ་ཕྱེད་པ་ཡིན་པས་སྔ་ན་མེད་པ་ངེས་པ་མ་ཡིན་པའི་ཕྱིར་ཐ་སྙད་སྒྲུབ་པར་བྱེད་པར་འདོད་ཀྱི་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །གང་དུ་ཁྱབ་པར་བྱ་བ་མེད་པ་མངོན་སུམ་གྱིས་མི་རྟོགས་པ་དེར་ནི་ཁྱབ་པར་བྱེད་པ་མི་དམིགས་པས་དངོས་པོ་མེད་པ་བསྒྲུབ་སྟེ། དཔེར་
ན་ཤིང་མེད་པའི་ཕྱིར་ཤིང་ཤ་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །འདིར་གྲུབ་པའི་ཕྱིར་ཐ་སྙད་སྒྲུབ་པ་ཡིན་ནོ། །མངོན་སུམ་གྱིས་དངོས་པོ་མེད་པ་གྲུབ་པ་དེའི་ཕྱིར། ཚད་མ་གཅིག་གི་བྱ་བ་ནི་དེ་ཡོངས་སུ་གཅོད་ཅིང་ཞེས་བྱ་བ་ལ་སོགས་པ་དང་། དབང་པོའི་བློ་རྟོག་པ་དང་བྲལ་བར་སྒྲུབ་པར་

བྱེད་པ་ནི་མངོན་སུམ་ཉིད་དོ་ཞེས་བྱ་བ་དང་། དངོས་པོ་མེད་པ་ནི་བུམ་པ་དང་བྲལ་བའི་ཕྱོགས་དང་དེའི་ཤེས་པ་ཉིད་ཡིན་ནོ་ཞེས་དེ་དང་དེར་བཤད་པ་ཡིན་ནོ། །གང་ཞིག་ཐ་སྙད་ལ་ཞུགས་ཀྱང་རྟོག་གེ་ངན་པ་འབའ་ཞིག་གོམས་པ་ལས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་
པའི་དངོས་པོ་ལ་རྨོངས་ཏེ་དངོས་པོ་མེད་པའི་ཐ་སྙད་ཀྱི་རྒྱུ་གཞན་ཡིན་པར་རྟོགས་པ་དེ་ནི་རྨོངས་པ་ཡིན་པར་བརྗོད་དེ། གཞན་དུ་ན་ཡོད་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་མེད་པ་ལས་དངོས་པོ་མེད་པའི་ཐ་སྙད་བྱེད་པ་ཇི་ལྟར་ན་རྨོངས་པ་ཡིན་པར་འགྱུར། དེ་ཡང་གང་གི་ཚེ་རབ་ཏུ་གྲུབ་པའི་ཡུལ་
གྱི་རྗེས་སུ་འབྲངས་ཏེ། དངོས་པོ་མེད་པའི་ཐ་སྙད་ཀྱི་རྒྱུ་ནི་མི་དམིགས་པ་ཉིད་ཙམ་ཡིན་ནོ་ཞེས་རྟོགས་པར་བྱས་ཏེ། ཤེས་པར་འདོད་པའི་ཡུལ་ལ་དངོས་པོ་མེད་པའི་ཐ་སྙད་དུ་རང་ཉིད་ཀྱིས་རྟོགས་སམ་གཞན་གྱིས་བསྟན་ཀྱང་རུང་སྟེ། དེའི་ཚེ་ནི་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་
ཉིད་ཡིན་ནོ། །དམིགས་པ་ནི་སྣང་བ་ཉིད་ཀྱིས་ཁྱབ་པར་བྱེད་པ་ཡིན་ལ། སྣང་བ་ཡང་ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་འཛིན་པ་སྔོན་དུ་སོང་བ་ལས་དེའི་ཡུལ་ཅན་གྱི་ཤེས་པའི་རྒྱུ་མ་ཚང་བ་མེད་པར་ངེས་པ་ལས་ངེས་པར་བྱེད་དེ། དེའི་ཕྱིར་སྣང་བའི་དངོས་པོ་གཞན་དང་དེའི་མཐོང་བ་
ཤེས་པ་དང་ཤེས་བྱའི་ངོ་བོ་ཉིད་ནི་མི་དམིགས་པ་ཡིན་ལ། དེས་ནི་དངོས་པོ་མེད་པའི་ཐ་སྙད་དུ་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །རབ་ཏུ་གྲུབ་པའི་ཡུལ་ནི་དཔེ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཡུལ་ཡོད་ན་ཡང་རྨོངས་པའི་ཕྱིར། །གཞན་དག་རྗེས་སུ་མི་བརྗོད་པ། །གྲུབ་པ་དང་ནི་ཆོས་
མཐུན་ལས། །བརྡ་དྲན་བྱེད་པ་འབའ་ཞིག་གོ། །ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་གང་ཞིག་གང་ལ་མ་རྨོངས་པ་དེ་ནི་དེ་ལ་ཁྱབ་པར་བྱེད་པ་མི་དམིགས་པ་ལས་མེད་པའི་ཐ་སྙད་དུ་བྱེད་ལ། གང་ཞིག་གང་ལ་རྨོངས་པ་དེ་ནི་དེ་ལ་མི་དམིགས་པ་དེ་ཉིད་རང་བཞིན་གྱི་གཏན་ཚིགས་ཡིན་
ལ། མེད་པའི་ཐ་སྙད་ཀྱི་ཡུལ་དུ་རབ་ཏུ་གྲུབ་པ་ཉིད་ཀྱང་དཔེ་ཡིན་ཏེ། དེ་ཙམ་གྱི་རྒྱུ་མཚན་ཉིད་དུ་རབ་ཏུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་མེད་པའི་ཐ་སྙད་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདི་འགའ་ཞིག་ཏུ་འགོག་པར་བྱེད་པ་ཡང་

མངོན་སུམ་གྱིས་ནི་བྱ་བར་རིགས་པ་མ་ཡིན་ཏེ་ཞེས་འཆད་པར་འགྱུར་བ་དང་། དགག་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་མི་དམིགས་པ་ལས་ཡིན་ནོ་ཞེས་དེ་དང་དེ་དག་ཏུ་བཤད་པ་ཡིན་ནོ། །མངོན་སུམ་དུ་སྣང་བའི་ཡུལ་གྱི་དངོས་པོ་ལ་ཡང་། རྨོངས་པ་ལ་ནི་མཚན་ཉིད་པའི་རྗེས་སུ་དཔག་པ་
ལས་ཐ་སྙད་དུ་འགྱུར། རྨོངས་པ་མ་ཡིན་པ་ནི་མངོན་སུམ་ཉིད་ལས་སོ། །ཁྱད་པར་ཅན་གྱི་ཤིང་གི་རྣམ་པ་འགའ་ཞིག་ལས་ཤིང་གི་ཐ་སྙད་ཞུགས་སུ་ཟིན་ཀྱང་ལོ་མ་ལ་སོགས་པ་དང་ལྡན་པ་ཙམ་ཉིད་ཐ་སྙད་ཀྱི་རྒྱུ་མཚན་ཡིན་པར་ནི་མ་ངེས་ཏེ་མཐོང་བའི་རྣམ་པ་དེ་ཉིད་ལ་ཡང་རྒྱུ་མཚན་
ཉིད་ཡིན་པར་ཐེ་ཚོམ་ཟ་བ་གང་ཡིན་པ་དེ་ནི། དེའི་རྣམ་པ་དང་བྲལ་བ་མཐོང་བ་གང་ཡིན་པ་དེ་ཉིད་ལ་ཐ་སྙད་ཀྱི་ཡུལ་ཉིད་དུ་མི་དྲན་པ་ཡིན་ཏེ། དཔེར་ན་བ་ལང་ཆུང་ངུ་དག་ལ་བ་ལང་གི་ཐ་སྙད་ཞུགས་ཀྱང་བ་ལང་ཆེན་པོ་ལ་མི་དྲན་པ་བཞིན་ནོ། །རྨོངས་པ་དེ་ཡང་ཅི་ཞིག་ལྟར་རབ་ཏུ་གྲུབ་
པའི་ཡུལ་གྱི་རྗེས་སུ་འབྲངས་ནས། དེ་ཙམ་ཉིད་རྒྱུ་མཚན་ཡིན་པར་རིག་པར་བྱས་ཏེ། འདོད་པའི་དོན་ལ་ཐ་སྙད་དུ་རང་ཉིད་ཀྱིས་ཁོང་དུ་ཆུད་དམ་གཞན་གྱིས་དེ་ལ་རྟོགས་པར་བྱས་ཀྱང་རུང་སྟེ། རྗེས་སུ་དཔག་པ་ལས་ཐ་སྙད་དུ་བྱེད་པ་ཡིན་ནོ། །རྒྱུ་མཚན་ངེས་པ་གང་ཡིན་པ་དེ་ནི་མངོན་
སུམ་ཁོ་ནས་འགྱུར་རོ། །དོན་གཞན་གྱི་རྗེས་སུ་འབྲང་བ་མེད་པར་རྣམ་པར་རྟོག་པ་ལ་སྣང་བའི་ཐ་སྙད་དུ་རུང་བ་ཉིད་མཐོང་བའི་དོན་དུ་ཞེན་པར་བྱས་པ་དེའི་ཐ་སྙད་ནི་མངོན་སུམ་དུ་འགྲོ་བ་ཡིན་གྱི་དངོས་པོ་མེད་པའི་ཐ་སྙད་ནི་དེ་ལྟར་ནམ་ཡང་མངོན་སུམ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །མ་
དམིགས་ཀྱང་ཡོད་པའི་ཕྱིར་མི་དམིགས་པ་ལ་རྟག་ཏུ་འཁྲུལ་པར་དོགས་པས། སྣང་བ་མི་དམིགས་པས་དངོས་པོ་མེད་པར་ཐ་སྙད་དུ་བྱ་བ་ཡིན་གྱི་མངོན་སུམ་གྱིས་ནི་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཤེས་པ་དང་ཤེས་བྱ་དམིགས་པ་མེད་པ་ལ་ནི་རྨོངས་པ་མེད་པའི་ཕྱིར། རྣམ་པ་
གཅིག་ཏུ་ངེས་པའི་ཤེས་པ་ཡང་དག་པར་རིགས་པ་ཉིད་ཀྱིས་ངེས་པ་དེས་ན་མངོན་སུམ་གྱིས་ཐ་སྙད་དུ་བྱེད་པ་ཡིན་ཏེ། དེས་ན་མངོན་སུམ་དེ་ཉིད་ལ་མི་དམིགས་པ་ཞེས་བྱའོ་ཞེས་ཀྱང་བཤད་ཟིན་ཏོ། །དེ་བཞིན་དུ་ཡོད་པའི་ཐ་སྙད་ཀྱི་རྒྱུ་ནི་དམིགས་པ་ཡིན་ཏེ། དེས་ན་རྒྱུ་མེད་པའི་ཕྱིར་

མ་དམིགས་ཀྱང་དེ་ལ་འཇུག་པར་བྱེད་པ་བཟློག་པ་ཡིན་ནོ། །དམིགས་པ་ཉིད་དོན་རྣམས་ཀྱི་ཡོད་པ་ཡིན་པས་དེ་མེད་ན་ཡོད་པའི་ཐ་སྙད་ལ་འཇུག་པར་བྱ་བ་མ་ཡིན་ནོ་ཞེས་བསྒྲུབ་པ་ཡིན་ཏེ། ཕ་མ་ཡིན་པ་འགའ་ཞིག་ལ་སྐྱེད་བྱེད་མ་ཡིན་པར་སྨྲ་བས་ཕའི་ཐ་སྙད་
འཇུག་པ་ཟློག་པར་བྱེད་པ་བཞིན་ནོ། །མཇུག་བསྡུ་བ་ནི་དེའི་ཕྱིར་རང་གིས་གྲུབ་པ་མ་ཡིན་པ་སྟེ། མངོན་སུམ་གྱི་ཤེས་པ་ལ་བརྟན་ནས་རང་གི་ངོ་བོས་མ་གྲུབ་པ་མ་ངེས་པ་ནི་བདག་ཉིད་དང་འབྲེལ་པའི་སྒྲུབ་པར་བྱེད་པ་སྟེ་གོ་བར་བྱེད་པ་ལ་ལྟོས་པ་ཡིན་ནོ། །གོ་བར་བྱེད་པ་དེ་ཡང་ཇི་ལྟ་བུའི་ཁྱད་
པར་ཅན་ཞིག་ཡིན་ཞེ་ན། མི་འཁྲུལ་པ་ཞེས་བྱ་བས་གོ་བར་བྱེད་པའི་རང་གི་ངོ་བོ་བཤད་དེ། གོ་བར་བྱ་བའི་དོན་ལ་འཁྲུལ་པ་མེད་པ་གང་ཡིན་པ་དེ་ནི་གོ་བར་བྱེད་པའོ། །དེ་ཡང་དེ་ལྟ་བུར་གྱུར་པའི་བདག་ཉིད་དང་འབྲེལ་པ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་
པའི་བདག་ཉིད་དག་གིས་མ་འབྲེལ་པ་ལ་ནི་མི་འཁྲུལ་པ་ཉིད་མེད་པའི་ཕྱིར་རོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏེ། གང་གི་ཕྱིར་མངོན་སུམ་མ་ཡིན་པའི་དངོས་པོ་ནི་བདག་དང་འབྲེལ་པ་ཅན་ཁོ་ན་ལས་རྟོགས་པར་བྱ་བ་ཡིན་ལ། འབྲེལ་པ་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ཡང་
རྗེས་སུ་དཔག་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་མ་ཡིན་པ་སྟེ། ཚད་མ་གང་ཞིག་མངོན་སུམ་ལས་ཐ་དད་པ་དེ་ནི་རྗེས་སུ་དཔག་པ་ལས་གཞན་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པ་ཉིད་ཡིན་ནོ། །གང་ཞིག་མངོན་སུམ་ལས་ཐ་དད་ཅིང་རྗེས་སུ་དཔག་པ་ལས་ཀྱང་གཞན་དུ་གྱུར་པ་དེ་ནི་ཚད་མ་མ་
ཡིན་པ་ཁོ་ནའོ། །ཚུ་རོལ་མཛེས་པ་གསུམ་ལ་སོགས་པའི་གྲངས་བསལ་བ་ཉིད་སྟོངས་བཏབ་པ་ཉིད་དུ་བསམས་ནས་གྲངས་གཉིས་ཉིད་ཀྱང་དགག་པའི་ཕྱིར་རྗེས་སུ་དཔག་པ་སྤང་བར་འདོད་ནས་སྨྲས་པ། མངོན་སུམ་མ་ཡིན་པ་མངོན་སུམ་ལས་གཞན་པའི་ཚད་མ་ཡོད་པ་མ་ཡིན་ནོ། །གང་གི་
ཕྱིར་དེ་ནི་དངོས་པོའི་རང་གི་ངོ་བོ་ལ་ཕྱིན་ཅི་ལོག་གི་རྣམ་པ་ཅན་ཡིན་ལ། ཕྱིན་ཅི་ལོག་ཀྱང་ཚད་མ་ཉིད་ཡིན་ན་ནི་ཚད་མ་རྣམས་ཀྱི་ངེས་པ་གང་ལས་ཡིན། དེ་བཞིན་དུ་འབྲས་བུའི་གཏན་ཚིགས་ནི་མི་གནས་པ་ཉིད་དེ། ཨུཏྤ་ལ་ལས་སྐྱེས་པའི་ཨུཏྤ་ལ་ནི་བ་ལང་གི་ལྕི་བ་ལས་ཀྱང་མཐོང་ལ། དེ་

བཞིན་དུ་མེ་དང་གཙུབ་ཤིང་གཙུབས་པ་ལས་ཀྱང་མེ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ཀྱང་དེའི་བདག་ཉིད་དུ་ཁྱད་པར་མེད་ཀྱང་བརྩལ་མ་ཐག་ཏུ་འབྱུང་བ་ནི་མི་རྟག་པ་ཉིད་ཀྱི་གོ་བར་བྱེད་པ་ཡིན་གྱི། མི་རྟག་པ་ཉིད་ནི་འདིའི་མ་ཡིན་ནོ། །དེ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་མཚན་
ཁྱད་པར་མེད་པའི་ཕྱིར་རོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཁོ་ན་དེའི་བདག་ཉིད་ནི་མ་ཡིན་ཏེ། འབྲེལ་པ་ནི་གཉིས་ལ་གནས་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་འདི་གཉིས་ངེས་པར་མི་གནས་པ་དེས་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་གང་བརྗོད་པ་
དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་གྱིས་ཀྱང་གཟུང་བའི་དངོས་པོ་གང་ཡིན་པ་དེ་ཉིད་ནི་ཐོབ་པར་ནུས་པ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་ཐ་དད་པ་མེད་པར་ལྷག་པར་ཞེན་པར་བྱས་པ་དངོས་པོ་དེ་ཉིད་ཀྱི་རྒྱུ་འཇུག་པའི་ཡུལ་ཡིན་ལ། ལྷག་པར་ཞེན་
པར་བྱས་པའི་འཇུག་པའི་ཡུལ་ཐོབ་པར་བྱེད་པ་ནི་རྗེས་སུ་དཔག་པ་ཡང་བྱེ་བྲག་ཡོད་པ་མ་ཡིན་ནོ། །འདི་ལྟར་མངོན་སུམ་གྱི་དེ་ཐོབ་པར་ནུས་པ་ཉིད་ཀྱི་རྒྱུ་མཚན་ཡང་དེ་མེད་ན་མི་འབྱུང་བ་ཁོ་ན་ཡིན་ལ། དེ་ནི་རྗེས་སུ་དཔག་པ་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེའི་
ཕྱིར་དངོས་པོ་སྣང་བའི་དབང་གིས་ནི་འགའ་ཞིག་ཀྱང་ཚད་མར་རྣམ་པར་འཇོག་པ་མ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱང་རྣམ་པར་གནས་པ་ཡིན་ཏེ། རྒྱུ་ཐ་དད་པ་ཐམས་ཅད་ལ་འབྲས་བུ་ཐ་དད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་པ་མེད་པ་ཉིད་དོ། །དེ་བཞིན་དུ་ངེས་པའི་དོན་ནི་
གོ་བར་བྱེད་པ་ཡིན་ལ། ངེས་པ་ཡང་དོན་འགའ་ཞིག་ནི་སོ་སོར་ངེས་པའི་རང་གི་ངོ་བོར་ངེས་པར་བྱེད་དེ། དཔེར་ན་ཤིང་ཤ་པ་ལ་ཤིང་གི་ངོ་བོར་ངེས་པ་བཞིན་ནོ། །ཡང་འགའ་ཞིག་ནི་ངེས་པ་ན་དེ་དང་དེ་མ་ཡིན་པའི་ངོ་བོར་ངེས་པར་བྱེད་དེ། དཔེར་ན་ཤིང་ཉིད་ལ་ཤིང་ཤ་པ་དང་ཤིང་ཤ་པ་མ་ཡིན་
པའི་ངོ་བོར་ངེས་པ་བཞིན་ནོ། །དེ་ལ་མི་རྟག་པ་ཙམ་གྱི་ངོ་བོར་ངེས་པའི་བརྩལ་མ་ཐག་ཏུ་བྱུང་བ་ནི་དེའི་གོ་བར་བྱེད་པ་ཡིན་གྱི། འཁྲུལ་པའི་ཕྱིར་གཉི་གའི་ངོ་བོར་ངེས་པའི་མི་རྟག་པ་ཉིད་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིས་གོ་བར་བྱེད་པ་མ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བའི་ངོ་བོའི་ཁྱད་པར་གྱི་

མི་རྟག་པ་གང་ཡིན་པ་དེ་ནི་རྟགས་མེད་པར་ངེས་པར་མི་ནུས་ལ། དེས་ངེས་ན་ཡང་རྟགས་ཉེ་བར་བླངས་པ་དོན་མེད་པ་ཡིན་ཏེ། དེས་ན་རང་བཞིན་གྱི་གཏན་ཚིགས་ངེས་པར་ནུས་པ་ཡིན་ནོ། །གཞན་ཡང་དེ་སྤོང་བར་བྱེད་པས་དེ་ཉིད་ཁས་བླངས་པར་མི་རིགས་པའི་ཕྱིར་
རྗེས་སུ་དཔག་པ་ལ་སྐུར་པ་འདེབས་པ་ཁྱོད་ཀྱིས་རྗེས་སུ་དཔག་པ་ཁས་ལེན་པ་འདི་ནི་མི་རིགས་སོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །ཚད་མ་དང་ཅིག་ཤོས་དེ་དག་སྤྱིའི་ཚུལ་དུ་བཞག་པ་གནས་པར་བྱེད་པ་ནི་སྤྱི་བཞག་སྟེ་དེའི་ཕྱིར་རོ། །སྤྱི་སྨོས་པ་
ཅིའི་ཕྱིར་ཞེ་ན། འདི་ལ་ཤེས་པའི་གསལ་བ་འགའ་ཞིག་གི་ཡུལ་ནི་ཉམས་སུ་མྱོང་བ་ཡིན་ནོ། །ཉམས་སུ་མྱོང་བ་འགའ་ཞིག་ནི་ཡུལ་ཉམས་སུ་མྱོང་བ་མེད་ཀྱང་ཡུལ་དང་དུས་དང་གསལ་བྱེད་ཀྱི་ཁྱད་པར་དང་། གོམས་པའི་དབང་གིས་སྐྱེ་བའི་དུས་ཉིད་ནི་མངོན་སུམ་ཉིད་ཀྱིས་ཚད་མའམ་ཚད་
མ་མ་ཡིན་པར་ངེས་པར་ནུས་པ་ཉིད་ཡིན་ཏེ། འཁྲུལ་པར་དོགས་པ་ནི་ཡུལ་ཐག་རིང་པོའི་ཤེས་པའི་གསལ་བ་ཉིད་ལ་འགྱུར་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་དང་པོ་ཉིད་དུ་བརྗོད་ཟིན་ཏོ། །དེས་ན་རྗེས་སུ་དཔག་པ་མེད་པར་ནི་ཉམས་སུ་མྱོང་བ་དང་མ་མྱོང་བ་རང་དང་གཞན་གྱི་
རྒྱུད་ལ་ཡོད་པ་རྣམས་ལ་ཚད་མའམ་ཚད་མ་མ་ཡིན་པའི་སྤྱི་དང་ལྡན་པར་མི་འགྱུར་རོ་ཞེས་བསྟན་པའི་དོན་དུའོ། །གཞན་གྱི་བློ་ཤེས་པར་བྱེད་པའི་ཡང་ཕྱིར་ཏེ། ལུས་ལས་ཐ་དད་པ་ནི་མངོན་སུམ་གྱིས་ཤེས་པར་མི་ནུས་སོ་སྙམ་དུ་དགོངས་པའོ། །འགོག་པར་ཞེས་བྱ་བ་ནི་འགག་པའི་ཐ་སྙད་
ལ་བརྗོད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་ཡང་ཚད་མ་གཞན་སྲིད་པར་ཁྱོད་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །འདི་ལྟར་རྗེས་སུ་དཔག་པ་མེད་པར་ནི་དགག་པའི་ཐ་སྙད་དུ་བྱ་བར་མི་ནུས་སོ་ཞེས་བཤད་ཟིན་ཏོ། །དེ་ཤེས་པའི་ཞེས་བྱ་བ་ལ་སོགས་པས་ཚད་མ་གཞན་སྲིད་པའི་གཏན་ཚིགས་དང་
པོ་འཆད་དོ། །ཚུ་རོལ་མཛེས་པ་པ་དེ་མངོན་སུམ་ཚད་མ་སྟེ་སླུ་བ་མེད་པ་ཅན་ཡིན་ལ། རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་ཉེ་བར་སྟོན་པ་སྨྲ་བའི་རྣམ་པ་སྟོན་ཏེ། འདིས་ནི་ཚུ་རོལ་མཛེས་པ་པ་སྤྱིའི་ཚུལ་དུ་ཁྱད་པར་ཅན་གྱི་ཉེ་བར་བསྟན་པའི་རྣམ་པར་ཚད་མ་དང་ཅིག་ཤོས་འཇོག་

པར་བསྟན་ཏོ། །ད་ནི་འདི་ལྟར་ཉེ་བར་སྟོན་པ་ལས་ནི་ཅི་ནས་ཀྱང་རྗེས་སུ་དཔག་པ་ངེས་པར་ཁས་བླང་བར་བྱའོ་ཞེས་དེ་ལྟར་སྟོན་པ་ཉེ་བར་སྟོན་པ་ན་ཉེ་བར་སྟོན་པའི་རྒྱུ་དང་དགོས་པ་འཆད་པར་བྱེད་དོ། །དབང་པོ་ལ་བརྟེན་པའི་ཤེས་པའི་གསལ་བ་འགའ་ཞིག་མི་སླུ་བ་སྟེ། དོན་
ཡོད་པ་ཐོབ་པར་ནུས་པ་དང་། ཡིད་ཀྱིས་ཤེས་པའི་གསལ་བ་འགའ་ཞིག་སླུ་བར་དམིགས་ནས་ཏེ། ཤེས་ནས་སྨྲ་བ་ཞེས་བྱ་བ་འདིས་ནི་ཚད་མའི་མཚན་ཉིད་ཤེས་པའི་རྒྱུ་སྟོན་ཏོ། །སླུ་བ་དང་མི་སླུ་བ་ཡོངས་སུ་མ་ཤེས་པར་ནི་དེའི་མཚན་ཉིད་ཤེས་པར་མི་ནུས་ལ། སླུ་བ་དང་མི་སླུ་བ་
ཅན་ཤེས་ན་ནི་མཚན་ཉིད་གང་ཡིན་པ་དེ་ཤེས་ཏེ། ཡོངས་སུ་མ་ཤེས་ན་མཚན་ཉིད་མ་ཡིན་པའི་ཕྱིར་ཤེས་པ་མཚན་ཉིད་དུ་འདུས་པ་དེས་ན་རང་གི་སྒྲས་མ་བརྗོད་དོ། །དེའི་མཚན་ཉིད་ལ་ཁྱབ་པ་ནི་གསལ་བ་མ་ལུས་པ་ཡོངས་སུ་ཟིན་པ་སྟེ། དེ་རྒྱུར་འགྱུར་བས་སོ། །འདི་སྐད་དུ་རེ་ཞིག་
ཤེས་པའི་གསལ་བ་འགའ་ཞིག་ལ་སླུ་བ་དང་མི་སླུ་བའི་མཚན་ཉིད་གང་ཡིན་པ་དེ་ཤེས་ནས་རང་དང་གཞན་གྱི་རྒྱུད་ལ་ཡོད་པ་དེའི་མཚན་ཉིད་ཅན་གྱི་ཤེས་པ་མ་ལུས་པ་ལ་ཐོབ་པར་ནུས་པའི་མི་སླུ་བ་དང་། ཅིག་ཤོས་ལ་དེ་ལས་བཟློག་པར་ཤེས་པར་བྱས་ཏེ། དེས་ན་ཡུལ་མ་ལུས་པ་ལ་ཉེ་
བར་སྟོན་པར་བྱེད་དོ་ཞེས་བརྗོད་པར་འགྱུར་བ་ཡིན་ནོ། །འདིས་ནི་ཉེ་བར་སྟོན་པའི་རྒྱུ་བརྗོད་དོ། །གལ་ཏེ་འདི་སྙམ་དུ་ཇི་ལྟར་ཉམས་སུ་མྱོང་བའི་ཡུལ་གྱི་ཤེས་པ་ཉིད་ཉེ་བར་སྟོན་པར་བྱེད་དོ་སྙམ་ན་བཤད་པ། ཇི་ལྟར་ཉེ་བར་བསྟན་པ་སྟེ། ཉེ་བར་བསྟན་པ་ལས་མ་འདས་པར་སློབ་མ་
འཇུག་པ་ན་མི་འཁྲུལ་པ་སྟེ། མི་སླུ་བར་བྱ་བའི་དོན་དགོས་པ་སྨྲ་བའི་རང་བཞིན་གང་ལ་ཡོད་པ་དེ་ནི་དེ་ལྟ་བུའོ། །འདིས་ནི་སྨྲས་པའི་དགོས་པ་བསྟན་ཏོ། །འདི་སྐད་དུ་སྟོན་པ་པོ་གང་ཡིན་པ་དེ་ནི་ཉེ་བར་སྟོན་པ་གང་གིས་དོན་བྱེད་པ་དོན་དུ་གཉེར་བ་གཞན་དག་སླུ་བར་མི་འགྱུར་བ་དེ་ཉིད་བསྟན་
པར་བྱ་བ་ཡིན་ན། སྟོན་པ་པོ་རང་གི་རྒྱུད་ལ་ཡོད་པའི་ཚད་མའམ་ཚད་མ་མ་ཡིན་པ་ལས་ནི་གཞན་དག་མི་འཇུག་པའི་ཕྱིར། དེ་དག་ལ་འཇུག་པ་ན་སླུ་བ་དང་མི་སླུ་བ་ཐོབ་པ་དང་སྤང་བའི་དོན་དུ། རང་གི་རྒྱུད་ལ་ཡོད་པའི་ཚད་མའམ་ཚད་མ་མ་ཡིན་པ་ཉེ་བར་བསྟན་པས་ཅི་ཞིག་བྱ། དེའི་

ཕྱིར་རང་དང་གཞན་གྱི་རྒྱུད་ལ་ཡོད་པ་སྤྱིར་ཚད་མའམ་ཚད་མ་མ་ཡིན་པར་བསྟན་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཇི་ལྟ་བ་ཞེས་བྱ་བ་ནི་ཇི་ལྟར་ཉེ་བར་བསྟན་པར་བྱ་བ་དེ་ལྟར་བསྒྲུབས་པ་སྟེ་ངེས་པའོ། །བསྒྲུབས་པ་སྐྱེས་བུ་རང་གི་ཤེས་པའི་ཡུལ་དུ་
ཉེ་བར་སོན་ཅིང་ངེས་པར་སྟོན་པར་བྱེད་པ་ཡིན་པའི་ཕྱིར་ངེས་པ་ཉིད་ལ་བསྒྲུབས་པར་བརྗོད་པ་ཡིན་ནོ། །མ་ངེས་པ་ནི་སྟོན་པར་བྱེད་མི་ནུས་པའི་ཕྱིར་ཇི་ལྟར་ཉེ་བར་སྟོན་པ་རང་གིས་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་ཇི་ལྟར་རྟོགས་ཤེ་ན། ཆོས་མཐུན་པ་མཐོང་བ་ལས་སོ། །དེ་ནི་ཞེས་
བྱ་བ་ནི་ཚད་མའམ་ཚད་མ་མ་ཡིན་པའོ། །གང་གི་ཕྱིར་གསལ་བ་འགའ་ཞིག་ཏུ་མཚན་ཉིད་དེ་ལ་མི་སླུ་བ་ཉིད་ཀྱིས་ཁྱབ་པར་ངེས་ཏེ། དེས་ན་ཁྱབ་པར་བྱ་བ་སྲིད་པའི་གསལ་བ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡང་སྲིད་པར་བྱེད་པ་ཡིན་ནོ། །འགའ་ཞིག་ཏུ་ཁྱབ་པར་བྱ་བ་དང་ཁྱབ་པར་
བྱེད་པའི་དངོས་པོ་ངེས་པར་བྱས་ཏེ་ཁྱབ་པར་བྱ་བ་ངེས་པ་སྔོན་དུ་སོང་བ་ཅན་གྱི་ཡོད་པ་ནི་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་པ་ཡིན་ལ། རྗེས་སུ་དཔག་པར་བྱ་བ་ཡང་རྗེས་སུ་དཔག་པའི་ཡུལ་ཡིན་ནོ། །རྗེས་སུ་དཔག་པ་དེ་ཡང་ཚད་མ་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། དེས་ན་ཚད་མ་མ་ཡིན་
པས་ཡུལ་དུ་བྱས་པ་གང་ཡིན་པ་དེ་ཡང་བདེན་པ་མ་ཡིན་པའི་ཕྱིར་ཉེ་བར་བསྟན་པས་ཅི་ཞིག་བྱ། སྨིག་རྒྱུའི་ཤེས་པའི་ཡུལ་ནི་བདེན་པ་ཉིད་དུ་ཉེ་བར་བསྟན་པར་འོས་པ་མ་ཡིན་ནོ། །འདི་ལ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་རང་གི་དོན་གྱི་རྗེས་སུ་དཔག་པ་ཡོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །
འདིར་མི་སླུ་བས་ཁྱབ་པའི་མཚན་ཉིད་དེ་ཡང་གང་ཡིན་ཞེ་ན། དེ་ལ་ཚུ་རོལ་མཛེས་པ་པས་ནི་དོན་འཛིན་པ་དེའི་མཚན་ཉིད་དུ་འདོད་ལ། ཁོ་བོ་ཅག་ནི་དོན་མེད་ན་མི་འབྱུང་བ་ཉིད་དུའོ། །ཁོ་བོ་ཅག་གི་ལྟར་ན་དོན་མེད་ན་མི་འབྱུང་བ་ཙམ་ཉིད་དོན་ཐོབ་པར་ནུས་པའི་རྒྱུ་མཚན་ཡིན་ལ། གཞན་
གྱི་ལྟར་ན་དོན་འཛིན་པ་ཙམ་རྒྱུ་མཚན་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་གིས་འདོད་པའི་དོན་མེད་ན་མི་འབྱུང་བ་དང་། ཕ་རོལ་གྱི་དོན་འཛིན་པ་ཉིད་ལ་གཞན་ལ་ལྟོས་པ་མེད་པ་ཉིད་ཀྱིས་ཁྱབ་བོ། །གལ་ཏེ་དེ་ཡོད་ན་ཡང་ཐོབ་པར་ནུས་པ་མེད་ན་ནི། གཞན་ལ་ལྟོས་པར་འགྱུར་བས་ལྟོས་པ་མེད་

པ་ཉིད་དེ་དང་འགལ་བར་འགྱུར་རོ། །དེའི་ཕྱིར་ཁྱབ་པར་བྱེད་པ་འགལ་བ་དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་རྗེས་སུ་འགྲོ་བ་གྲུབ་པས། ཁྱབ་པར་བྱ་བ་དོན་མེད་ན་མི་འབྱུང་བ་ཉིད་དང་དོན་འཛིན་པ་ཉིད་ཡོད་པ་ན་ཁྱབ་པར་བྱེད་པ་ཚད་མ་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁོ་
བོ་ཅག་གཉིས་ཀྱི་རང་བཞིན་གྱི་གཏན་ཚིགས་སོ། །ཚད་མ་མ་ཡིན་པའི་ཡུལ་ལ་ཡང་རྒྱུ་མཚན་མེད་པ་ཉིད་ཀྱི་ཕྱིར། དེ་ཙམ་ཉིད་ལ་ལྟོས་པའི་ཚད་མ་མེད་པ་ཉིད་ཀྱིས་སོ། །དེའི་ཕྱིར་དེ་ལྟར་རྗེས་སུ་དཔག་པ་ཁོ་ནས་ཚད་མ་དང་ཚད་མ་མ་ཡིན་པ་རྟོགས་ནས་ཉེ་བར་སྟོན་པ་ཡིན་ལ། དེ་ཡང་
མ་གྲུབ་པའི་ཕྱིར་ཚད་མ་དང་ཚད་མ་མ་ཡིན་པ་ཅུང་ཟད་ཀྱང་ཉེ་བར་བསྟན་པར་མི་བྱའོ། །གལ་ཏེ་རང་གི་རྒྱུད་ལ་ཡོད་པ་ཉེ་བར་བསྟན་པར་བྱ་བ་ཡོད་པ་མ་ཡིན་ནམ་ཞེས་དོགས་པ་ལ། ཡུལ་ཉམས་སུ་མྱོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམས་སུ་མྱོང་བའི་ཡུལ་ཅན་གང་ཡིན་པ་དག་
གོ། །རྣམ་པ་གཉིས་ཀྱིས་ཡུལ་ཉམས་སུ་མྱོང་སྟེ། དོན་ཐོབ་པ་དང་གོམས་པའི་དབང་གིས་དོན་མེད་ན་མི་འབྱུང་བར་ངེས་པའི་ཤེས་པ་ནི་ཡུལ་ཉམས་སུ་མྱོང་བ་ཞེས་བརྗོད་པ་ཡིན་ནོ། །ཡུལ་ཉམས་སུ་མྱོང་བ་མ་གཏོགས་པ་ཞེས་སྨྲས་པ་ན་ཡུལ་ཉམས་སུ་མྱོང་བའི་ཤེས་པའི་གསལ་བ་
རྣམས་ནི་མངོན་སུམ་གྱི་ཚད་མའམ་ཚད་མ་མ་ཡིན་པར་གྲུབ་པར་སྨྲས་པ་སྟེ། དེ་དག་ཀྱང་རྗེས་སུ་དཔག་པ་ལས་ཚད་མའམ་ཚད་མ་མ་ཡིན་པར་ཁོང་དུ་ཆུད་པ་ཡིན་ན་ནི་མ་གཏོགས་པ་ཞེས་བྱ་བའི་ཚིག་མི་འཐད་པའི་ཕྱིར་རོ། །དེ་ལ་མངོན་སུམ་དེ་ཉིད་ཀྱིས་དོན་མེད་ན་མི་འབྱུང་བ་གཟུང་བ་ངེས་པ་
ཉིད་འདི་ཙམ་ཞིག་ནི་མངོན་སུམ་གྱི་བྱ་བ་ཡིན་ལ། དུས་ཕྱིས་འབྱུང་བའི་ཤེས་པ་གཞན་གྱིས་ནི་ཐེ་ཚོམ་སེལ་བ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །བརྫུན་པའི་དོན་ཅན་གྱི་མཚན་ཉིད་ཚད་མ་མ་ཡིན་པ་ཉིད་ཀྱང་ཤེས་པ་སྔ་མའི་ཡུལ་ལ་གནོད་པར་བྱེད་པའི་ཤེས་པ་ཕྱི་མས་ངེས་པར་བྱེད་པའི་ཕྱིར་མངོན་
སུམ་གྱིས་ངེས་པ་ཡིན་གྱི་རྗེས་སུ་དཔག་པས་ནི་མ་ཡིན་ནོ། །གང་ཞིག་རྟོགས་པའི་དུས་ཉིད་ན་གང་རྟོགས་པ་དེ་དག་ནི་རྟགས་དང་རྟགས་ཅན་མ་ཡིན་ཏེ། དཔེར་ན་ས་ཕྱོགས་དང་བུམ་པ་མེད་པ་དག་རྟོགས་པ་ཐ་མི་དད་པའི་ཕྱིར་གོ་བྱ་གོ་བྱེད་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་གནོད་པར་བྱེད་

པའི་ཡུལ་ཡོད་པར་རྟོགས་པ་ཉིད་ཀྱི་ཚེ་སྔ་མས་དོན་མི་བདེན་པ་ཉིད་དུ་རྟོགས་པའི་ཕྱིར་ཚད་མ་མ་ཡིན་པ་མངོན་སུམ་གྱིས་ཁོང་དུ་ཆུད་པ་ཡིན་ནོ། །དེ་དག་ནི་གསལ་བ་ལས་ཡོད་པ་ཡིན་ལ་དེ་ཡང་བསྟན་པར་ནུས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བསྟན་དུ་མེད་པ་ཞེས་སྨོས་ཏེ།
བསྟན་པར་མི་ནུས་པའི་མཚན་ཉིད་གང་ཡིན་པ་དག་གོ། །རྗེས་སུ་དཔག་པ་སྤངས་པས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་ཀྱི་ཆོས་མེད་པའི་ཕྱིར་མི་སླུ་བས་ཁྱབ་པའི་མཚན་ཉིད་དང་ཅིག་ཤོས་གང་ཡིན་པ་དག་བསྟན་པར་མི་ནུས་པའི་ཕྱིར། ཇི་ལྟར་དེ་ཉེ་བར་སྟོན་པར་བྱེད། ཅི་སྟེ་ཡུལ་ཉམས་སུ་
མྱོང་བའི་གསལ་བ་ཅུང་ཟད་ཅིག་ཉེ་བར་བསྟན་པའི་རྒྱུ་མཚན་དུ་བརྟགས་པ་དེ་ལྟ་ན་ཡང་། ཉེ་བར་བསྟན་པ་དེ་དག་ནི་ཅུང་ཟད་ཀྱང་ཉེ་བར་མཁོ་བ་མ་ཡིན་ནོ་ཞེས་བཤད་པ་ནི་རང་གི་རྒྱུད་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས་ཀྱང་འདི་གཞན་ལས་ཐ་སྙད་བྱ་བར་མི་དབང་སྟེ། གཞན་ལ་ཐ་
སྙད་རྗེས་སུ་རྟོགས་པར་མི་ནུས་པའོ། །གང་གི་ཕྱིར་དེ་དག་ནི་མཚོན་པར་བྱ་བ་མ་ཡིན་པ་སྟེ་འཇུག་པར་བྱེད་པ་ཉིད་དུ་གཞན་གྱིས་རིག་པ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མཚོན་པར་བྱ་བ་མ་ཡིན་ཞེ་ན། གང་གི་ཕྱིར་སྟོན་པ་པོ་རང་གི་རྒྱུད་ལ་ཡོད་པ་དེ་ནི་ཤེས་པར་བྱ་བ་མ་ཡིན་པ་དེའི་ཕྱིར་གཞན་
གྱིས་འཇུག་པར་བྱེད་པ་ཉིད་དུ་མཚོན་པར་ནུས་པ་མ་ཡིན་ནོ། །ཉེ་བར་བསྟན་པར་བྱ་བ་ནི་འཇུག་པའི་ཡན་ལག་ཉིད་ཡིན་ཏེ། དེས་ན་འཇུག་པའི་ཡན་ལག་མ་ཡིན་པ་དེ་དག་ནི་ཉེ་བར་བསྟན་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཉིད་ཡིན་ནོ། །དེའི་ཕྱིར་ཕ་རོལ་པོས་གཞན་
འཇུག་པའི་ཡན་ལག་ཚད་མ་དང་ཚད་མ་མ་ཡིན་པ་ཉེ་བར་སྟོན་པའི་བསྟན་བཅོས་བྱ་བ་ཉིད་མ་ཡིན་ནོ། །བྱེད་ན་ཡང་ཞེས་བྱ་བ་ནི་ཚད་མ་དང་ཚད་མ་མ་ཡིན་པ་ཉེ་བར་སྟོན་པའི་བསྟན་བཅོས་བྱེད་ན་ཡང་། རང་ཉིད་ཀྱི་ཚད་མ་དང་ཅིག་ཤོས་ཉེ་བར་སྟོན་པའི་འཇུག་པ་ལ་ཅོ་འདྲི་བར་བྱེད་པ་ཡིན་ཏེ། བཞད་གད་དུ་བྱེད་པ་
ཡིན་ནོ། །འདི་ལྟར་ཉེ་བར་སྟོན་པའི་དགོས་པ་ནི་གང་ཞིག་ཉེ་བར་བསྟན་པ་ལས་མངོན་སུམ་ཚད་མ་ཡིན་ལ། ཅིག་ཤོས་ནི་མ་ཡིན་ནོ་ཞེས་ཕ་རོལ་པོས་རྟོགས་པ་འདི་ཉིད་ཡིན་ན། དེ་ཡང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་སྨྲས་པ་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་བྱ་བས། གཞན་རྟོགས་པར་

བྱ་བའི་དོན་དུ་མངོན་སུམ་ཚད་མ་ཡིན་གྱི། རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་དེ་ཉིད་རང་ཉིད་ཀྱིས་བཀག་པར་འགྱུར་རོ། །གང་གི་ཕྱིར་རྗེས་སུ་དཔག་པས་རྟོགས་ནས་དེ་སྐད་བརྗོད་པ་ཡིན་པ་དེས་ན་དེ་ཚད་མ་མ་ཡིན་ན་དེ་ཡང་མེད་པར་བརྗོད་པར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་
པ་ཚད་མ་མ་ཡིན་ནོ་ཞེས་སྨྲས་པ་ནི་གང་བདག་གིས་བརྗོད་པ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་འགྱུར་ལ། དེ་ལྟ་ན་ཡང་རང་གི་འཇུག་པ་ལ་ཅོ་དྲིས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཚད་དང་ཅིག་ཤོས་ཞེས་བྱ་བ་ལ་སོགས་པས་དང་པོ་ཉེ་བར་བཀོད་པའི་གཏན་ཚིགས་གཞུང་བཙུགས་ནས།
གཏན་ཚིགས་གཉིས་པ་གཞུང་གཟུགས་པའི་ཕྱིར་བཤད་པ། གཞན་དེ་བློ་དང་ལྡན་པ་ཁོང་དུ་ཆུད་པ་ནི་སྐབས་ཀྱི་བསྟན་བཅོས་ཀྱི་དོན་རྟོགས་པའོ། །དེའི་དོན་ནི། དེའི་ཆེད་དམ་དེ་གྲུབ་པར་བྱ་བའི་ཕྱིར་བསྟན་བཅོས་བྱེད་པ་སྟེ་འགོད་པས་ཇི་ལྟར་རྗེས་སུ་དཔག་པ་སྤངས་པ་ཡིན།
ཇི་ལྟར་མི་རིགས་ཤེ་ན། སྨྲས་པ། རྗེས་སུ་དཔག་པ་དེ་སྤོང་ན་བསྟན་བཅོས་བྱེད་པ་ལ་འཇུག་པ་འབྲས་བུ་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པ་སྤངས་པའི་ཕྱིར་དེས་ངེས་པར་བྱས་པ་གཞན་གྱི་སེམས་ཀྱང་མེད་པར་བརྗོད་པར་འགྱུར་རོ། །གཞན་གྱི་སེམས་མེད་པར་དོགས་ཀྱང་གཞན་
བསྟན་བཅོས་ཀྱི་དོན་ཁོང་དུ་ཆུད་པར་ཐེ་ཚོམ་ཟ་བ་ལས་བསྟན་བཅོས་བྱེད་པ་ལ་འཇུག་པར་ཡང་རིགས་པ་མ་ཡིན་ཏེ། སྨིག་རྒྱུའི་ཤེས་པ་བཞིན་དུ་རྗེས་སུ་དཔག་པས་ངེས་པའི་དོན་ནི་དོན་མེད་པར་ངེས་པའི་ཕྱིར་དོན་དུ་མི་འགྱུར་བར་ཐེ་ཚོམ་ཟ་བ་མ་ཡིན་གྱི། དོན་ཡོད་པར་ཐེ་ཚོམ་ཟ་བ་ནི་མ་ཡིན་
པའི་ཕྱིར་རྗེས་སུ་དཔག་པ་ལ་བསྙོན་པས་འབྲས་བུ་མེད་པའི་བསྟན་བཅོས་བྱེད་པ་ལ་འཇུག་པར་རིགས་པ་མ་ཡིན་ནོ། །མི་སྤོང་ན་ནི་རྗེས་སུ་དཔག་པ་མེད་དུ་ཟིན་ཀྱང་དོན་ཡོད་པར་ཐེ་ཚོམ་ཟ་བ་ལས་འཇུག་པ་ཡིན་ཏེ་ཞིང་རྨོ་བ་བཞིན་ནོ། །དེའི་ཕྱིར་བསྟན་བཅོས་བྱེད་པའི་རྗེས་སུ་དཔག་པས་སྤང་བར་
རིགས་པ་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་བློ་ནི་ལུས་ལས་ཐ་དད་པ་མེད་པ་ཡིན། མཐོང་བ་ན་ཡང་ལུས་འཛིན་པར་བྱེད་པའི་མངོན་སུམ་དེ་ཉིད་དེ་ཉིད་ཀྱིས་འཛིན་པའི་ཕྱིར་འདི་ལ་རྗེས་སུ་དཔག་པས་ཅི་ཞིག་བྱ་སྙམ་དུ་དོགས་པ་ལ། སྨྲས་པ། ལུས་ཉིད་ནི་བློ་མ་ཡིན་ཏེ། ལུས་དེ་གྲུབ་སྟེ་མངོན་

སུམ་གྱིས་ངེས་ཀྱང་། བློའི་རྣམ་པར་བརྟག་པ་ཞེས་བྱ་བ། བློ་ཉིད་འདོད་ཆགས་ལ་སོགས་པའི་རྣམ་པས་བློ་གཞན་ལས་རྣམ་པར་བརྟག་པར་བྱ་ཞིང་ཁྱད་པར་དུ་བྱ་བ་ཡིན་པས་བློའི་རྣམ་པར་བརྟག་པ་ནི་བློའི་ཁྱད་པར་ཏེ། དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །མངོན་སུམ་
གྱིས་རྟོགས་པར་བྱ་བ་ནི་ཁྱད་པར་ཡིན་ཏེ། སྤྱི་དངོས་པོ་མེད་པའི་ཕྱིར་རོ། །བློ་ཡང་མངོན་སུམ་གྱིས་རྟོགས་ན་ནི་ཁྱད་པར་ཉིད་ངེས་པར་འགྱུར་ན་ཁྱད་པར་ངེས་པ་ཡང་མ་ཡིན་ཏེ། དེ་དང་འགལ་བའི་ཐེ་ཚོམ་ཉིད་མཐོང་བའི་ཕྱིར་རོ། །སྤྱིར་རྟོགས་པ་ཡང་རྗེས་སུ་དཔག་པ་ཡིན་ནོ། །གལ་
ཏེ་ཤིང་གྲུབ་ཀྱང་དེ་ཉིད་ལས་ཐ་དད་པ་མེད་པའི་ཤིང་ཤ་པ་ཉིད་ལ་ཐེ་ཚོམ་ཟ་ལ། སྔོན་པོ་ངེས་ཀྱང་སྔོན་པོ་ལས་ཐ་དད་པ་མེད་པའི་སྐད་ཅིག་མ་ཉིད་མ་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་རྣམ་གྲངས་རྣམ་པར་བརྟག་པར་བྱ་བའི་སྒྲ་སྦྱར་བ་ཡིན་ཏེ། གང་ཞིག་གང་ལས་ཐ་དད་
པ་མེད་པ་དེ་གྲུབ་པ་ན་ཁྱད་པར་ཅིག་ཤོས་གྲུབ་པ་ཁོ་ནའོ། །གང་གི་ཕྱིར་སྐད་ཅིག་མ་ཉིད་དང་ཤིང་ཤ་པའི་ཁྱད་པར་གྱི་མཚན་ཉིད་ནི་མཐོང་བའི་རང་བཞིན་དེ་ཉིད་ཡིན་ལ་དེ་ཡང་ངེས་པ་ཁོ་ནའོ། །འོན་ཀྱང་སྐད་ཅིག་མ་ཉིད་དུ་མ་ངེས་པ་ཡིན་ལ་མ་ངེས་པ་ཡང་སྤྱིའི་རྣམ་པ་ཡིན་པའི་ཕྱིར་སྤྱིའི་
རྣམ་པའི་སྐད་ཅིག་མ་ཉིད་མ་གྲུབ་པ་ཡིན་གྱི་ཁྱད་པར་གྱི་རྣམ་པ་ནི་མ་ཡིན་ཏེ། མཐོང་བ་སྔོན་པོའི་རང་བཞིན་ལས་ཐ་དད་པའི་སྐད་ཅིག་མ་ཉིད་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །འགའ་ཞིག་གྲུབ་པ་ན་ཁྱད་པར་གང་ཞིག་མ་གྲུབ་ཅིང་མ་མཐོང་བ་དེ་ནི་འགལ་བའི་ཆོས་དང་ལྡན་པ་ཡིན་པའི་ཕྱིར་
མཐོང་བ་དེ་ལས་གཞན་ཉིད་ཡིན་པས་གཅིག་པ་ཉིད་ཀྱི་ཐ་སྙད་ལ་ནི་དེ་གྲུབ་ན་གྲུབ་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། ཁྱབ་པར་བྱེད་པ་དེ་མེད་པ་ཉིད་ནི་གཏན་ཚིགས་སོ། །གང་ཞིག་གྲུབ་པ་ན། གང་གི་ཁྱད་པར་མ་གྲུབ་པ་དེ་དག་ནི་གཅིག་ཉིད་མ་ཡིན་ཏེ། དཔེར་ན་དྲོ་བ་དང་སྲ་བ་དག་བཞིན་ནོ། །
ལུས་གྲུབ་པ་ན་བློའི་ཁྱད་པར་གྲུབ་པ་མ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆགས་པ་ལ་སོགས་པའི་བློའི་རྣམ་པར་ངེས་པ་དང་འགལ་བ་ནི་ཐེ་ཚོམ་ཡིན་ལ། ཤེས་པའི་རང་བཞིན་གྱི་ཁྱད་པར་ཡང་ཆགས་པ་ལ་སོགས་པའི་རྣམ་པ་དང་། འགལ་བ་ལ་སོགས་

པའི་རྣམ་པ་ཡིན་པར་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རྩོད་པ་ཡོད་པ་མ་ཡིན་པས་ལུས་གྲུབ་ཀྱང་སྲ་བ་ལ་སོགས་པ་བཞིན་དུ་ཐེ་ཚོམ་ཟ་བའི་ཕྱིར་ཇི་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན། དེའི་ཕྱིར་སེམས་པ་ནི་ཆང་གི་ནུས་པ་དང་འདྲ་བ་མ་ཡིན་ཏེ། ནུས་པ་ཅན་དག་ལས་ནུས་པ་
ཐ་དད་པ་མེད་པའི་ཕྱིར། ཆང་ལས་ནུས་པ་ཐ་དད་པ་མ་ཡིན་ལ། ཤེས་པ་ཡོད་པ་ནི་ལུས་ལས་ཐ་དད་པའི་ཁྱད་པར་ཅན་གྱི་རྣམ་པར་གྲུབ་པའི་ཕྱིར་རོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཉིད་ཡང་གྲུབ་པ་ཉིད་དོ། །ཐམས་ཅད་ནི་རྣམ་པ་གཉིས་ཏེ། འགལ་བའི་
ཆོས་དང་བྲལ་བ་དང་དེ་དང་ལྡན་པའོ། །དེ་ལ་གཅིག་ཉིད་ཀྱི་ཐ་སྙད་ནི་དེ་དང་བྲལ་བ་ལ་མཐོང་ངོ་། །གལ་ཏེ་དེ་དང་ལྡན་པ་ལ་འཇུག་ན་ནི་ཡུལ་ངེས་པ་མེད་པར་འགྱུར་བས། ཡུལ་ངེས་པ་ཉིད་ཀྱིས་ཀྱང་ཁྱབ་སྟེ། དེས་ན་ཁྱབ་པར་བྱེད་པ་མི་དམིགས་པས་འགལ་བའི་ཆོས་དང་ལྡན་
པའི་རང་བཞིན་ལས་ལྡོག་པ་ན། དེ་དང་བྲལ་བའི་ཡུལ་གྱི་རང་བཞིན་གྱིས་ཁྱབ་པའི་ཕྱིར་ཁྱབ་པ་གྲུབ་བོ། །གང་གྲུབ་ཀྱང་གང་མ་གྲུབ་པ་དེ་ལ་ནི་འགལ་བའི་ཆོས་དང་ལྡན་པ་ལས་ཁྱབ་པར་བྱེད་པ་དེ་དང་བྲལ་བའི་ཡུལ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་རྗེས་སུ་དཔག་པ་ལ་
བསྙོན་པ་ལ་རྗེས་སུ་དཔག་པའི་སྦྱར་བ་འཐད་པ་མ་ཡིན་ནོ་སྙམ་ན་དེ་ནི་རིགས་པ་མ་ཡིན་ཏེ། ཚུ་རོལ་མཛེས་པ་པ་དེའི་འབྱུང་བ་རྣམས་ལ་ཐ་དད་པའི་ཐ་སྙད་ཀྱི་ནི་འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་ཅན་ཉིད་ཡིན་ལ། གཅིག་སྣང་བ་ན་མཐོང་བ་གཞན་སྣང་བ་མེད་པ་འདི་ལ་ཡང་འགལ་བའི་
ཆོས་དང་ལྡན་པ་ཉིད་ཡོད་པ་དེས་ན་རྒྱུ་མཚན་སྲིད་པ་ནི་ཐ་སྙད་འཇུག་པར་བྱ་བ་ཡིན་ལ། མ་ཡིན་ན་ནི་གཞན་ལ་ཡང་འཇུག་པར་མི་བྱའོ་ཞེས་གཞན་དག་ཐ་དད་པའི་ཐ་སྙད་ལ་འཇུག་པར་བྱེད་པ་ཡིན་ནོ། །གལ་ཏེ་ཡང་འདི་རྗེས་སུ་དཔག་པ་ཡིན་པ་དེ་ལྟ་ན་ཡང་ཕ་རོལ་གྱིས་སྤངས་པ་ཉིད་ནི་མ་
ཡིན་གྱི། འོན་ཀྱང་ཕ་རོལ་རྗེས་སུ་དཔག་པ་ཉིད་མ་ཡིན་པར་འདོད་པ་འབའ་ཞིག་ཏུ་ཟད་དོ། །འདི་སྙམ་དུ་དེ་ལྟ་ན་ཡང་གཏན་ཚིགས་མ་གྲུབ་སྟེ། གང་གི་ཕྱིར་རང་གི་ལུས་གྲུབ་ན་རང་གི་བློ་གྲུབ་པ་ཡོད་པ་ཡིན་ལ། ཁྱད་པར་དུ་འཕགས་པའི་སྐྱེས་བུས་ནི་གཞན་གྱི་ལུས་གྲུབ་པ་

ན་ཡང་གཞན་གྱི་བློ་ངེས་པའི་ཕྱིར་རོ་ཞེས་དོགས་པ་ལ། དེ་ཞེས་བྱ་བ་སྨོས་ཏེ། ཐེ་ཚོམ་དུ་གྱུར་པའི་བློའི་རྣམ་པར་བརྟག་པ་དེ་བཞིན་དང་འབྲེལ་པ་གཞན་གྱི་རྒྱུད་ལ་གནས་པ་ནི་སྐྱེས་བུ་ཐ་མལ་པ་སྐྱེས་བུ་ཙམ་དེའི་མངོན་སུམ་གྱིས་མི་རྟོགས་སོ། །འདི་སྐད་དུ་
བརྗོད་པ་ཡིན་ཏེ། གང་གི་ཕྱིར་གཞན་གྱི་རྒྱུད་ལ་ཡོད་པའི་བློའི་རྣམ་པར་བརྟག་པ་ནི་རྟག་ཏུ་ཐེ་ཚོམ་གྱི་ཡུལ་ཡིན་པ་དེའི་ཕྱིར་ཕལ་པའི་མངོན་སུམ་གྱིས་འཛིན་པ་མ་ཡིན་ཏེ། མངོན་སུམ་གྱིས་བཟུང་བ་ནི་ཁྱད་པར་ཡིན་ལ། ཁྱད་པར་བཟུང་ན་ཐེ་ཚོམ་མེད་པ་ཉིད་ཀྱི་ཕྱིར་རོ། །
གང་ཡང་སྐྱེས་བུ་ཁྱད་པར་དུ་འཕགས་པ་འགའ་ཞིག་གི་ཤེས་པས་གཞན་གྱི་ལུས་དང་བློ་བཟུང་བ་དེ་ལྟ་ན་ཡང་ལུས་འཛིན་པའི་མངོན་སུམ་གཅིག་གིས་མ་བཟུང་བས་ཀྱང་ཐ་དད་པར་འགྱུར་བ་ཡིན་ཏེ། ཐ་དད་པའི་རྒྱུ་མཚན་ནི་འགལ་བའི་ཆོས་དང་ལྡན་པ་ཡིན་ལ། འགལ་བའི་
ཆོས་དང་ལྡན་པ་དེ་ནི་གཅིག་གིས་མ་བཟུང་ན་ཡང་གྲུབ་པའི་ཕྱིར། ཡང་འགའ་ཞིག་གིས་གཅིག་ཏུ་བཟུང་བས་ལྡོག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་པའོ། །དགག་པ་བྱེད་ཕྱིར་ཡང་ཞེས་བྱ་བའི་གཏན་ཚིགས་གསུམ་པ་གཞུང་གཟུགས་པའི་ཕྱིར་བཤད་པ།
དགག་པ་སྟེ་དགག་པའི་ཐ་སྙད་མངོན་སུམ་གྱིས་ནི་བྱ་བར་འོས་པ་མ་ཡིན་ནོ། །འགའ་ཞིག་ཏུ་ཞེས་བྱ་བ་ནི་མཐོང་བ་དང་མ་མཐོང་བ་འགའ་ཞིག་གང་ཡིན་པར་དགག་པའི་ཐ་སྙད་བྱེད་པ་གང་ཡིན་པ་དེ་ཐམས་ཅད་མངོན་སུམ་སྔོན་དུ་འགྲོ་བ་ཅན་མ་ཡིན་ཏེ། དངོས་པོ་སོ་སོར་སྣང་བ་
ཉིད་ངེས་པ་ཉིད་ཀྱིས་དངོས་པོ་འཛིན་པའི་ཕྱིར་མེད་པ་ནི་མངོན་སུམ་དེའི་ཡུལ་ཉིད་དུ་འགལ་བའི་ཕྱིར་རོ། །གང་ཞིག་མངོན་སུམ་གྱིས་དེ་སྣང་བ་ཉིད་ཀྱིས་གཟུང་བ་དེ་ལ་ནི་མངོན་སུམ་གྱིས་ཐ་སྙད་དུ་བྱེད་པ་ཡིན་ན་དངོས་པོ་མེད་པ་ནི་དེའི་གཟུང་བ་མ་ཡིན་པ་དེས་ནི་དེ་ལ་མངོན་སུམ་གྱིས་ཐ་
སྙད་དུ་བྱེད་པ་མ་ཡིན་ནོ་ཞེས་ལན་མང་དུ་བཤད་ཟིན་ཏོ། །མེད་པ་ཡུལ་ཡིན་པར་འགལ་བ་ཉིད་བསྟན་པའི་ཕྱིར་བཤད་པ། དེ་ནི་དོན་ཏེ་ཡུལ་གྱི་ནུས་པ་ལ་ལྟོས་པས་སོ། །འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ནི་གཟུང་བའི་དོན་གྱིས་བསྐྱེད་པ་ཡིན་ལ་དེའི་ཕྱིར་མེད་

པ་འཛིན་པ་མ་ཡིན་ནོ། །གང་ཞིག་མངོན་སུམ་གྱི་ཡུལ་ཡིན་པ་དེ་ནི་དེ་བསྐྱེད་པར་ནུས་པ་ཡིན་ན། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བས་ཇི་ལྟར་དེའི་ཡུལ་དུ་འགྱུར། ཅི་སྟེ་ཡང་མངོན་སུམ་དོན་གྱི་ནུས་པ་ལ་མི་ལྟོས་པར་འགྱུར་ན་ནི་དེའི་ཚེ་འདི་དོན་ལ་མི་ལྟོས་ན་ནི་ཆོད་པ་ལ་སོགས་
པའི་དོན་གང་ཡིན་པ་སྟེ། རྒྱང་རིང་པོ་ན་གནས་པ་དང་ཤིན་ཏུ་ཉེ་བ་ན་གནས་པ་ལ་སོགས་པའི་དངོས་པོ་དེ་དེ་ལ་ཡང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྐད་བཤད་པ་ཡིན་ཏེ། རང་གི་རྒྱུད་དང་འབྲེལ་པའི་མངོན་སུམ་གྱིས་གལ་ཏེ་དངོས་པོ་ཡོད་པ་ཙམ་ཉིད་འཛིན་པར་བྱེད་པ་
ཡིན་ན་ནི། དེའི་ཚེ་དངོས་པོ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཆོད་པ་དང་ཐག་རིང་པོ་ལ་སོགས་པ་ཐམས་ཅད་འཛིན་པར་འགྱུར་ན་གཟུང་བ་ཡང་མ་ཡིན་ནོ། །དེས་ན་མངོན་སུམ་རུང་བའི་ཡུལ་ན་གནས་པའི་དོན་ལ་ལྟོས་པ་ནི་དེ་ལས་སྐྱེས་པ་ཡིན་པར་ཁོང་དུ་ཆུད་པ་ཡིན་ནོ། །གཞན་དུ་ན་མྱུ་
གུ་ནི་ས་བོན་དང་འབྲེལ་པར་རྣམ་པར་གཞག་མི་ནུས་པར་འགྱུར་རོ། །མངོན་སུམ་ངོ་བོ་ཉིད་ཀྱིས་ཉེ་བའི་དོན་འཛིན་པ་ཡིན་ནོ་ཞེ་ན། ཞིང་ཡང་ངོ་བོ་ཉིད་ཀྱིས་ས་བོན་དང་ཉེ་བའི་མྱུ་གུ་བསྐྱེད་པ་ཡིན་པའི་ཕྱིར་ས་བོན་རྒྱུ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་གང་ཞིག་གང་གི་གནས་སྐབས་ཀྱི་ཁྱད་
པར་རམ་ཡོད་པའི་རྗེས་སུ་བྱེད་པའི་དངོས་པོ་དེ་ནི་དེའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །དེས་ན་དོན་ཉེ་བ་ལ་ལྟོས་པ་ནི་དོན་གྱིས་བསྐྱེད་པ་ཡིན་པ་དེས་ན་མེད་པ་ནི་ཡུལ་ཉིད་དུ་འགལ་ལོ། །དེའི་ཕྱིར་གང་ལས་དགག་པ་རྟོགས་པ་དེ་ནི་ཚད་མ་གཞན་ཡིན་ནོ། །གལ་
ཏེ་ཡང་མངོན་སུམ་དངོས་པོ་མེད་པ་མི་འཛིན་པ་དེ་ལྟ་ན་ཡང་ཐ་སྙད་བྱེད་པར་ནུས་པ་ཡིན་ནོ་ཞེས་གཞན་དག་དོགས་པ་བསུ་ནས་དགག་པའི་ཕྱིར་སྨྲས་པ། མངོན་སུམ་ཉིད་ཀྱིས་དངོས་པོ་མེད་པར་ངེས་པ་ཞེས་བྱ་བ་ནི་མེད་པར་ངེས་པའི་བྱེད་པ་པོ་ཉིད་ནི་མངོན་སུམ་ཡིན་ཏེ། མངོན་སུམ་ཉིད་
ཀྱིས་མེད་པར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ལོག་པ་ལས