Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 188

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
གང་ཞིག་ཆགས་པ་སྤངས་ཀྱང་དཔལ་ལྡན་ཐམས་ཅད་དོན་གྲུབ་དོན་དུ་གཉེར་བའི་གཞན་དབང་གྱུར། །གང་ཞིག་འཁྲུག་པ་ཟད་ཀྱང་སྣ་ཚོགས་བསམ་པ་འགོག་ལ་བར་ཆད་མེད་པར་བརྩོན་
མཛད་པ། །གང་ཞིག་བདག་ལྟ་སྤངས་པ་ལས་ཀྱང་བདག་གི་དེ་ཉིད་ལེགས་པར་ཟད་པར་ཐུགས་སུའང་ཆུད། །སྟོན་པ་དེ་ཡི་གསུང་རབ་རིགས་པའི་མཐུ་ཡིས་གཞུང་ལུགས་ངན་པ་རྣམ་
པར་འཇོམས་པར་མཛད་པ་རྒྱལ། །གང་ཞིག་ཤར་ན་ཕུར་བུ་ལ་སོགས་སྐར་མ་རྣམས་ནི་རྩིས་མེད་ཅིང་། །མངོན་དུ་གྱུར་ནའང་དངོས་པོའི་ཡུལ་ལ་ལྟ་འཇུག་མཐའ་དག་ཉམས་འགྱུར་དང་། །
རྟག་ཏུ་ལྟ་བརྩོན་རབ་རིབ་ཟད་ཅིང་ཡང་དག་དངོས་མཐོང་སྐྱེས་གྱུར་པ། །ཆོས་ཀྱི་གྲགས་པ་མི་ཕམ་དེ་ནི་ཉི་མ་ཟླ་བ་སྣང་བའང་ཡིན། །གཞན་གྱིས་བྱས་པའི་འགྲེལ་དང་འགྲེལ་བཤད་དག །

དེ་ཡི་བཞེད་དང་འགལ་བར་མཐོང་ནས་ནི། །བླ་མའི་མན་ངག་ལས་ནི་ཚིག་རྣམས་ཅི་ཙམ་པའི། །དངོས་པོ་རྣམ་པར་དཔྱད་པ་ཙམ་ཞིག་བདག་གིས་བྱ། །ཤིན་ཏུ་སྤྲོས་པས་འཇིགས་པའི་ཕྱིར། །གཞན་
གྱིས་བཤད་པ་མི་དགོད་དེ། །ལམ་ངན་སྤོང་བར་འདོད་པས་ནི། །སླར་ཡང་དེར་འཇུག་བྱེད་མ་ཡིན། །གང་ཕྱིར་ཆེན་པོ་རྣམས་ཀྱིས་འགྲེལ་བཤད་མཛད་གྱུར་པ། །དེ་ཉིད་ཕྱིར་ན་ཁོ་བོའང་རྩོལ་བར་རིགས་པ་ཡིན། །
མཁའ་ལྡིང་ནམ་མཁའ་ལ་ནི་འཕུར་བར་བྱེད་པ་ན། །དེ་ཡི་ཕྲུ་གུ་མ་ཚར་བར་ཡང་སློབ་པ་བཞིན། །བདག་ཉིད་ཤེས་པ་ཡིན་པས་གལ་ཏེ་སྐྱེ་བོ་སྐྱོན་བརྗོད་སྨྲ་བར་བྱེད་ན་ཡང་། །བདག་ལ་ཅི་ཆད་གང་འདི་རྩོམ་པར་བྱེད་
པའང་དེ་ཉིད་རྟོགས་པར་བྱ་ཕྱིར་ཡིན། །མང་ལ་གྲགས་ན་དགེ་ཞེས་འཇིག་རྟེན་ན་ཡང་རབ་ཏུ་སྨྲ་བ་འདི་ཡོད་དེ། །དེ་ཡང་མེད་པ་ཉིད་དུ་གསལ་བར་རྟོགས་ནས་སྨྲ་བ་སྨད་པའི་གནས་ཉིད་ཡིན། །ཕྲག་དོག་ཀྱང་ནི་ལྟ་རྗེས་འབྲངས་
ནས་བརྟན་ལྡན་ཞིང་། །གནོད་མེད་བརྟག་འོས་དོན་ལའང་ཁྱབ་པར་བྱེད་ཕྱིར་དང་། །དུག་འཇོམས་ལེགས་བཤད་འོ་མ་ལས་ཀྱང་འཕེལ་འགྱུར་ཕྱིར། །དེ་དང་ལྡན་པ་མིག་དུག་ཡིན་པར་ཁོ་བོས་མཐོང་། །ཅི་སྟེ་ཡང་དག་པའི་

ཤེས་པ་བསྟན་པར་བྱ་བ་ལ། སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་དག་ཚད་མ་ཀུན་ལས་བཏུས་པའི་མདོའི་བརྒལ་བ་དང་། ལན་དང་བཤད་པའི་ཁྱད་པར་ལ་གུས་པར་འགྱུར་བའི་ཕྱིར་མངོན་པར་འདོད་པའི་ཚད་མ་བསྟན་པའི་གེགས་སུ་འགྱུར་བ་མ་ཡིན་ནམ། ཅིའི་ཕྱིར་ཁྱོད་ཚད་
མ་རྣམ་པར་ངེས་པ་རྣམ་འགྲེལ་དུ་བྱེད་ཅེས་རྒོལ་ཞིང་རྟོག་པ་ལ། སློབ་དཔོན་གྱིས་གང་ལ་ཞེས་བྱ་བ་ལ་སོགས་པས་རྣམ་པར་ངེས་པ་རྣམ་འགྲེལ་དུ་བྱེད་པའི་རྒྱུ་གསུངས་སོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དེ་ནི་བརྩེ་བ་སྟེ། དེ་རྒྱུར་
གྱུར་པས་གང་ལ་འཕགས་པས་རྗེས་སུ་གཟུང་བ་དེའི་གཞུང་ཁོ་བོས་དགྲོལ་བར་བྱས་ཏེ། དེའི་མདོའི་རྣམ་འགྲེལ་བྱའོ། །གང་གི་ཕྱིར་འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་ལ་འགྲོ་བ་སྡུག་བསྔལ་དང་བྲལ་བ་ཡང་ཁོ་བོ་འདོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཅི་ལྟར་ལོག་པའི་ཤེས་པ་
ལས་འཇུག་པ་སྡུག་བསྔལ་གྱི་རྒྱུ་སྤང་བའི་ཕྱིར་ཡང་དག་པའི་ཤེས་པ་བསྟན་པ་དེ་བཞིན་དུ། འཇིག་རྟེན་སློབ་དཔོན་ལ་སྨོད་པའི་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བའི་དོན་དུ་དེའི་གཞུང་འཆད་པ་ཡིན་ནོ། །རྣམ་པར་ངེས་པ་རང་དབང་དུ་བྱས་ན་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ལ་
རྟོག་གེ་མི་ཤེས་སོ་ཞེས་སྐྱེ་བོ་མི་མཁས་པ་དག་སློབ་དཔོན་ལ་སྨོད་པར་འགྱུར་ལ། དེ་ཡང་ཉེ་བར་བསྟེན་ཏེ་བསྙེན་པར་བྱས་པ་ཡང་དེ་ཡིན་ལ་འཇིག་རྟེན་ཡང་ཡིན་པ་དེ་རྒྱས་མཛད་དེ། རྒྱས་པར་བྱེད་པའི་ངང་ཚུལ་ཅན་ནོ། །ཉེ་བར་བསྟན་པའི་བྱ་བ་ལ་ཡང་ཉེ་བའི་ཕྱིར་རྒྱས་
མཛད་ཉིད་བྱེད་པ་པོ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་རྒྱུ་མེད་པར་བྱམས་པའི་ཕྱིར། འཇིག་རྟེན་གྱི་དོན་དུ་མ་གཉེར་ཡང་སྦྱིན་པ་ལ་སོགས་པས་འཇིག་རྟེན་བསྟེན་ཅིང་རྣམ་པར་གྲོལ་བའི་སྐལ་བ་ཅན་དུ་བྱས་པས་རྒྱས་པར་བྱེད་པ་ཡིན་ནོ། །གཞན་གྱི་དོན་ལ་འཇུག་པའི་
བདག་ཉིད་ཆེན་པོ་དེ་ལ་ཅུང་ཟད་སྨད་ན་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་ན། ཆེན་པོ་ལྟ་ཅི་སྨོས། འདི་ལས་དོན་མ་ཡིན་པ་སྐྱེ་བ་ཞེས་གང་བཤད་པ་ཡིན་ནོ། །རྨོངས་པས་ཏེ་མི་ཤེས་པས་སྒྲོ་བཏགས་ནས་སྨོད་པའོ། །ཚད་མ་རྣམ་པར་ངེས་པ་ལས་དོན་ངེས་པའི་ཕྱིར་ཀུན་ལས་བཏུས་མ་

བཤད་ཀྱང་རྟོགས་པ་མ་ཡིན་ནམ། ཀུན་དུ་རྨོངས་པ་དེའི་གོ་སྐབས་ཇི་ལྟར་ཡོད་ཅེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བ་ནི་ངེས་པའོ། །འཇིག་རྟེན་བློ་གྲོས་བླུན་པོ་སྟེ་བློ་གྲོས་དམན་པའོ། །འཕགས་པས་རྗེས་སུ་
གཟུང་བ་དེའི་དོན་ནི་ཀུན་ལས་བཏུས་པའི་མདོའི་མངོན་པར་འདོད་པའི་བརྗོད་པར་བྱ་བའི་དོན་གྱི་དེ་ཁོ་ན་སྟེ། དེའི་གཞུང་འཇིག་རྟེན་འདིས་མི་ཤེས་པའོ། །གང་གི་ཕྱིར་ཚིག་འབྲེལ་པར་དཀའ་ཞིང་མཚམས་སྦྱོར་གྱི་ཚིག་ཉུང་བས་བཤད་ཀྱང་རྟོགས་པར་དཀའ་བ་ནི་བརླིང་བའོ། །
ཡང་ཞེས་ཕྱི་དང་ནང་གི་མི་ཤེས་པའི་རྒྱུ་བརྗོད་པའོ། །གལ་ཏེ་འཆད་པ་པོ་བརྒྱུད་པའི་མན་ངག་ཀྱང་མེད་ལ། གཞུང་གཞན་ལས་དོན་འདི་ལྟ་བུ་རྟོགས་ཀྱང་གཞུང་དེ་ལ་གཞག་པར་མི་ནུས་ན། འོ་ན་ནི་བཤད་ཀྱང་དོན་འདི་དེའི་འདོད་པ་མ་ཡིན་པས་ཅི་ལྟར་མུ་སྟེགས་ཅན་ལ་འདི་
དག་ནི་རྟོག་གེ་ཤེས་པ་མ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་དོན་མ་ཡིན་པའི་རྒྱུར་མི་འགྱུར་བ་བཞིན་དུ་སློབ་དཔོན་ལ་ཡང་སྟེ། དོན་མ་ཡིན་པའི་རྒྱུ་ནི་རྨོངས་པས་མི་ཤེས་པར་སྒྲོ་འདོགས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་དོགས་པ་ལ། གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་
ལ་དཔལ་ཕུན་སུམ་ཚོགས་པའི་རྒྱུ་བསོད་ནམས་ཀྱི་ཚོགས་ཡོད་པ་དང་། དྲི་མེད་བློ་མངའ་སྟེ་དྲི་མ་དང་བྲལ་བའི་བློ་ཡོད་པ་དེ་ཇི་ལྟར་ན་དོན་ཕྱིན་ཅི་ལོག་ཏུ་ཤེས་པའམ་སྟོན་པར་འགྱུར་ཏེ། གང་ལ་ལ་འཁྲུལ་པར་འགྱུར་བ་དེ་དག་ནི་སྐལ་བ་དང་བྲལ་བ་དང་། བློ་གྲོས་དྲི་མ་ཅན་དག་ཁོ་ན་
ཡིན་པའི་ཕྱིར་རོ། །དེ་ཡང་གང་ཡིན་ཞེ་ན། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བའི་ཕྱིར་འཕགས་པ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གྱིས་གང་ལ་རྗེས་སུ་གཟུང་བ་དེ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཉིད་ཅེས་བྱ་བ་ནི་སྤྲུལ་པ་དང་འཁོར་བཏང་
བས་མ་ཡིན་པའོ། །བྱོན་ཞེས་བྱ་བ་ནི་དོན་དུ་མ་གཉེར་བར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་རི་ཕུག་དབེན་པ་ཞིག་ན་སྒོམ་པ་ལ་བརྩོན་པས་གནས་པ་ན། གནས་སྐབས་འགའ་ཞིག་ཏུ་འཁོར་བ་ལས་ཡིད་བྱུང་ནས་སེམས་ཅན་གྱི་དོན་ལས་གཞན་དུ་ཕྱོགས་ཏེ། གཅིག་པུ་

གྲོལ་བར་འདོད་པ་ན། སྐད་ཅིག་དེ་ལ་འཕགས་པ་འཇམ་དཔལ་བྱོན་ནས། བུ་སྐྱེ་བོ་ངན་པ་དང་རྗེས་སུ་མཐུན་པར་སེམས་སྔར་བའི་གཞན་གྱི་དབང་དུ་གྱུར་ཏེ། སེམས་ཅན་ཀུན་ལ་ཕན་པར་ནུས་པའི་སེམས་ཡོད་བཞིན་དུ་ཅིའི་ཕྱིར་བཏང་སྙོམས་སུ་བྱེད་ཅེས་གསུངས་པ་དང་།
ལན་དུ་བཅོམ་ལྡན་འདས་འཁོར་བ་ནི་བཟོད་པར་དཀའ་བའི་སྡུག་བསྔལ་དུ་མ་དང་ལྡན་པས་བསྲན་པར་མི་ནུས་ལ། སེམས་ཀྱང་དམ་པ་མ་ཡིན་པའི་སྐྱེ་བོ་ལ་དགའ་བས་གཡོ་བར་སྤྱོད་ཅིང་། ཁྱོད་མཐོང་ཡང་བདག་ལ་བྱིན་གྱིས་མ་བརླབས་ན། དེ་ལ་ཅི་ཞིག་བགྱིར་མཆིས་ཞེས་གསུངས་
པ་དང་། ལན་དུ་ཅི་སྲིད་ས་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཉིད་དོ་ཞེས་གསུངས་ཏེ། མི་སྣང་བར་གྱུར་ཏོ། །དེ་ལྟར་ན་བྱང་ཆུབ་ལ་ཞུགས་པ་དང་། སེམས་དཔའ་ཆེན་པོས་བྱིན་གྱིས་བརླབས་པས་ན། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པར་
ངེས་པར་བྱའོ། །དེ་ལྟར་ཚིགས་སུ་བཅད་པ་འདིས་རྣམ་འགྲེལ་དུ་བྱེད་པའི་རྒྱུ་བསྒྲུབས་པས་རྣམ་པར་ངེས་པ་ཚད་མ་ཀུན་ལས་བཏུས་པའི་བཤད་པའི་ཆ་གཟུང་བར་བསྒྲུབས་པ་ཡིན་ཏེ། ཇི་ལྟར་སློབ་དཔོན་གྱིས་གཞན་དག་གི་སྡུག་བསྔལ་གྱི་རྒྱུ་སྤང་བར་བཞེད་ནས་ཚད་མ་ཀུན་
ལས་བཏུས་པའི་མདོའི་ཆ་བཤད་པ་དེ་བཞིན་དུ། གཞན་དག་གིས་ལོག་པའི་ཤེས་པ་བཞིན་དུ་སྡུག་བསྔལ་གྱི་རྒྱུ་སྤང་བར་འདོད་པ་ཤེས་པར་བྱ་བའི་ཕྱིར་རོ། །ཁ་ཅིག་ན་རེ་ཕྱེད་གོང་མས་རྣམ་པར་ངེས་པར་ཟློས་པའི་ཉེས་པ་སྤངས་ཏེ། གང་གི་ཕྱིར་བློ་གྲོས་བླུན་པོས་དོན་བརླིང་
བ་ངེས་པར་ནུས་པ་དེས་ན་ཟློས་པའི་སྐྱོན་མེད་པའི་ཕྱིར་རོ། །ཕྱེད་འོག་མས་ཀྱང་རང་རྒྱུད་ཉིད་སྤངས་སོ་ཞེས་ཟེར་བ་དེ་ནི་ཤིན་ཏུ་མ་འབྲེལ་ཏེ། བརྩེ་བས་ཀྱང་ཞེས་བསྡུ་བ་མེད་པའི་ཕྱིར་དང་། རྣམ་འགྲེལ་དུ་བྱ་བར་བསྒྲུབས་པས་ཀྱང་ཟློས་པའི་ཉེས་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །གང་
ཡང་འདི་ནི་རྣམ་པར་ངེས་པའི་དགོས་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་སྡིག་པ་བས་ཀྱང་སྡིག་པ་ཡིན་ཏེ། རྣམ་པར་ངེས་པའི་དགོས་པ་ནི་གང་གི་དབང་དུ་བྱས་ནས་འདི་བྱེད་པས། བརྗོད་པར་བྱ་བ་རྟོགས་པ་ཉིད་ཡིན་ལ། དེ་ཡང་གཞན་གྱིས་བསྒྲུབས་ཟིན་པ་དེས་ན་དེའི་དོན་དུ་

ཡང་དེ་བྱ་བ་མ་ཡིན་ནོ་ཞེས་དགོས་པ་མེད་པ་ཉིད་དུ་དགོས་པར་འགྱུར་བ་དེ་ཡང་རྣམ་འགྲེལ་དུ་བྱེད་པའི་རྒྱུ་བསྟན་པ་ཉིད་ཀྱིས་སྤངས་པ་ཡིན་ནོ། །ཅི་སྟེ་རང་རྒྱུད་བརྙས་པའི་རྒྱུ་ཡིན་པས་ཀུན་ལས་བཏུས་པས་བཤད་པར་བྱེད་པ་རྣམ་པར་ངེས་པ་བརྩམ་པར་བྱ་བ་
ཉིད་ཀྱི་དགོས་པ་ཅི་ཞིག་ཡིན། ཚིག་ཚད་མ་མ་ཡིན་པས་དགོས་པ་བསྟན་ཀྱང་བསྟན་བཅོས་མཉན་པ་ཉིད་ལས་ངེས་པར་བྱ་བ་མ་ཡིན་ནམ། འདིར་དགོས་པ་སྟོན་པའི་ངག་གིས་ཅི་ཞིག་བྱ་ཞེ་ན། བདེན་ཏེ་དེ་ལྟར་ན་ཡང་ཚིག་ལས་རྟོག་པ་དང་ལྡན་པ་རྣམས་ཐེ་ཚོམ་སྐྱེ་ཞིང་། དེས་ན་
དོན་དུ་གཉེར་ལ། དེ་ལས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ། །བརྗོད་པར་བྱ་བ་ལ་སོགས་པའི་ངག་མེད་ན་ནི་འདིའི་བརྗོད་པར་བྱ་བ་ནི་བྱ་རོག་གི་སོ་བསྟན་པ་བཞིན་དུ་འབྲས་བུ་མེད་པར་དོགས་པའམ། མཐའ་ཡས་ཀྱི་གཙུག་གི་ནད་ཐམས་ཅད་སེལ་བའི་རིན་པོ་ཆེའི་རྒྱན་གྱི་མན་
ངག་བཞིན་དུ་ཡོད་ཀྱང་བསྒྲུབ་པར་མི་ནུས་པའམ། མ་བག་མར་ལེན་པའི་མན་ངག་བཞིན་དུ་འདི་ཉན་པའི་དགོས་པ་ནི་མངོན་པར་འདོད་པ་མ་ཡིན་ནོ་ཞེས་དོགས་པའམ། བསྟན་བཅོས་མཉན་པ་དེ་བས་ཀྱང་དགོས་པ་དེ་འགྲུབ་པའི་ཐབས་སླ་བ་གཞན་ཡོད་དོ་ཞེས་དོན་མེད་པའི་ཐེ་ཚོམ་གང་
ཡང་རུང་བས་ཀྱང་དོན་དུ་གཉེར་བར་མི་འགྱུར་ཏེ། དེས་ན་མཉན་པ་ལ་འཇུག་པར་མི་འགྱུར་རོ། །འབྲེལ་པ་ལ་སོགས་པ་བརྗོད་ན་ནི་དོན་ལ་ཐེ་ཚོམ་བྱ་བར་རིགས་ཏེ། བསྟན་བཅོས་བྱེད་པས་བསྟན་བཅོས་ཀྱི་དང་པོར་བརྗོད་པར་བྱ་བ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་སྟོན་པ་ལ་དགོས་
པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་དགོས་པའི་ངག་བཀོད་པ་ཡིན་ནོ། །འཆད་པ་པོ་རྣམས་ནི་བརྩེ་བ་ལ་སོགས་པའི་དོན་དུ་ལོག་པར་སྟོན་པ་སྲིད་ཀྱི། བསྟན་བཅོས་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འཇུག་པའི་ཡན་ལག་ཏུ་དོན་དུ་འགྱུར་བ་ཉིད་ཀྱི་ཐེ་ཚོམ་བསྐྱེད་
པའི་ཕྱིར། ཕན་པ་དང་ཞེས་བྱ་བ་ལ་སོགས་པ་ས་དང་པོར་བརྗོད་པར་བྱ་བ་ལ་སོགས་པའི་ངག་གསུངས་སོ། །ངག་འདིས་ཀྱང་བརྗོད་པར་བྱ་བའི་དགོས་པ་ཉིད་སྟོན་ཏོ། །ངག་གི་རང་བཞིན་འདི་ཐམས་ཅད་ནི་སྒྲའི་ལུས་དང་དོན་གྱི་ལུས་སོ། །དེ་ལ་སྒྲའི་ཆ་ནི་དོན་རྟོགས་

པ་ཉིད་དགོས་པ་ཡིན་པས། འགའ་ཞིག་ཏུ་ཡང་འབྲས་བུ་མེད་པ་མ་ཡིན་པར་རང་ཉིད་ཀྱིས་འགྱུར་རོ། །དོན་གྱི་ཆ་ལ་ནི་དོན་དང་མི་ལྡན་པ་ཉིད་མཐོང་ལ། དེ་ལྟ་བུའི་དོན་ཀྱང་བརྩམ་པར་བྱ་བ་མ་ཡིན་ཏེ། རྟོག་པ་དང་ལྡན་པའི་རྩོམ་པ་ཐམས་ཅད་ནི་དགོས་པས་ཁྱབ་པའི་ཕྱིར་
དང་། སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་དོན་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་བརྩམས་པ་འབྲས་བུ་དང་བཅས་པ་སྟོན་པར་བྱེད་པས། བརྗོད་པར་བྱ་བའི་དགོས་པ་ཉིད་བཤད་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ཡང་དག་
པའི་ཤེས་པའི་འབྲས་བུ་ཡིན་པའི་ཕྱིར་དེ་བསྟན་པའི་དོན་དུ་འདི་བརྩམ་མོ་ཞེས་བྱ་བ་ལ། འདིར་ཡང་དོན་གྱིས་བརྗོད་པས་བརྗོད་པར་བྱ་བ་དང་། བྱེད་པ་དང་ཉན་པའི་བྱ་བའི་དགོས་པ་དང་འབྲེལ་པ་དག་ཀྱང་བརྗོད་པ་ཡིན་ནོ། །དོན་གྱིས་བརྗོད་པ་དེ་ཡང་ངག་གི་ཆའི་དབྱེ་བ་
བརྟགས་པ་འབའ་ཞིག་གིས་སྟོན་ཏེ། དེ་ཞེས་བྱ་བས་ནི་བརྗོད་པར་བྱ་བ་བསྟན་ཏོ། །བསྟན་པ་ཞེས་བྱ་བས་ནི་དགོས་པ་སྟེ། ངག་གཅིག་གིས་དོན་དུ་མ་རང་དབང་དུ་འཇོག་མི་ནུས་པའི་ཕྱིར་རོ། །ཕན་པ་ནི་འདོད་པ་སྒྲུབ་པར་བྱེད་པའོ། །དེ་ལས་བཟློག་པ་ནི་མི་
ཕན་པ་སྟེ། འདོད་པ་སྒྲུབ་པར་བྱེད་པ་མ་ཡིན་པ་དང་། མི་འདོད་པ་སྒྲུབ་པར་བྱེད་པའོ། །དེ་དག་ཉིད་བླང་བ་དང་སྤང་བར་བྱ་བ་ཡིན་ལ། བཏང་སྙོམས་སུ་བྱ་བ་ཡང་དོར་བར་བྱ་བ་ཉིད་ཀྱིས་སྤང་བར་བྱ་བ་ཁོ་ན་ཡིན་པའི་ཕྱིར་མི་ཕན་པ་ཡིན་ཏེ། དེའི་ཕྱིར་འདི་དག་ལས་རྣམ་
པ་གཞན་ཡོད་པ་མ་ཡིན་ནོ། །འདི་དག་ཉིད་དོན་དུ་གཉེར་བའི་སྐྱེས་བུས་སྤོང་བ་དང་བླང་བར་བྱ་བའི་ཕྱིར་སྐྱེས་བུའི་དོན་ཏེ། འདོད་པ་དང་མི་འདོད་པ་ཡང་ཡིན་ནོ། །འོན་ཀྱང་འཇིག་རྟེན་ན་གལ་ཏེ་འདོད་པ་སྒྲུབ་པར་བྱེད་པ་ལ་ཡང་མི་ཕན་པར་གྲགས་པ་དེ་ལྟ་ན་ཡང་།
འདིར་ནི་འདི་ལྟ་བུ་ཉིད་ལ་ཕན་པ་དང་མི་ཕན་པར་འདོད་དོ། །གང་གི་ཕྱིར་འབྲས་བུ་འདོད་པས་དེའི་སྒྲུབ་པར་བྱེད་པ་ལ་ཤེས་ནས་འཇུག་ལ། འབྲས་བུ་ཡང་འདོད་པ་ཉིད་ཡིན་ཏེ་འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་ནོ་ཞེས་གང་འཆད་པར་འགྱུར་རོ། །སྒྲུབ་པར་བྱེད་པ་དེ་ཡང་

ངེས་པ་ཡིན་ཏེ། དེའི་ཕྱིར་སྒྲུབ་པར་བྱེད་པ་ལེན་པར་འདོད་པ་དོན་དུ་གཉེར་བས་སྒྲུབ་པར་བྱེད་པ་དང་སྒྲུབ་པར་བྱེད་པ་མ་ཡིན་པ་ཤེས་ནས་སྒྲུབ་པར་བྱེད་པ་ལེན་པ་དང་། སྒྲུབ་པར་བྱེད་པ་མ་ཡིན་པ་སྤོང་བ་ལ་འཇུག་གོ། །དེའི་ཕྱིར་དོན་དུ་གཉེར་བ་རྣམས་
ཀྱིས་སྤང་བ་དང་བླང་བའི་དོན་དུ་ཤེས་པ་སྔོན་དུ་འགྲོ་བའི་འཇུག་པ་དང་གང་ཡིན་པ་དེ་དག་ནི་ཤེས་པར་བྱས་ནས་སྤང་བ་དང་བླང་བའི་དངོས་པོ་ལ་འཇུག་པའི་ཕྱིར། འདིར་ནི་འདོད་པ་སྒྲུབ་པར་བྱེད་པ་དང་། སྒྲུབ་པར་བྱེད་པ་མ་ཡིན་པ་ཙམ་ཞིག་ཕན་པ་དང་མི་ཕན་པ་ཡིན་ནོ། །དེས་
ན་འདི་སྐད་དུ་སྒྲུབ་པར་བྱེད་པ་མ་ངེས་པས་འཛིན་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་འདོད་པ་དང་མི་འདོད་པ། བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཐོབ་པ་དང་སྤང་བར་བྱ་བ་ནི་ཡང་དག་པའི་ཤེས་པ་ལས་སོ་ཞེས་འཆད་པར་འགྱུར་རོ། །དེ་དག་ལས་ཐོབ་པ་ནི་ཕན་པ་
ལེན་པའོ། །སྤོང་བ་ནི་མི་ཕན་པ་སྤོང་བའོ། །ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ནི་རྒྱུ་ཡིན་པས་ཤེས་པ་འབྲས་བུའི་སྔོན་དུ་འགྲོ་བ་ཡིན་ནོ། །སྔོན་དུ་འགྲོ་བ་བརྗོད་པས་ནི་བསྟན་པར་འོས་པ་ཉིད་བརྗོད་དོ། །ཡང་དག་པའི་ཤེས་པ་ནི་གཉིས་ཏེ། གཅིག་ནི་འདོད་པ་
ཐོབ་པའི་རང་བཞིན་དོན་བྱེད་པར་སྣང་བ་ཡིན་ལ། དེ་ཡང་དཔྱད་པར་བྱ་བ་མ་ཡིན་ཏེ། འདི་ལྟར་ཅུང་ཟད་རྣམ་པར་དཔྱོད་པ་ནི་འདི་ནི་སྤོང་བར་བྱ་བའོ། །འདི་ནི་བླང་བར་བྱ་བའོ་ཞེས་བསྟན་པའི་དོན་དུ་ཡིན་ན་དེ་ལྟ་བུ་ནི་ཐམས་ཅད་ཀྱང་དོན་དུ་གཉེར་བ་རྣམས་ཀྱིས་བླང་བར་བྱ་བ་ཁོ་ན་ཡིན་ནོ། །
གཞན་ནི་སྒྲུབ་པར་བྱེད་པར་སྣང་བའོ། །གང་གི་ཡུལ་ལ་འཇུག་པར་འདོད་པ་སླུ་བར་དོགས་པ་རྣམས་ཀྱིས་དེ་ལ་ཚད་མའམ་ཚད་མ་མ་ཡིན་པར་དཔྱད་པར་བྱ་བ་ཡིན་པའི་ཕྱིར། བསྟན་བཅོས་ལས་བསྟན་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་འཇུག་པར་བྱེད་པ་ཐམས་ཅད་ནི་བར་དུ་ཆོད་
པའི་རྒྱུ་ཡིན་པས་གགས་བྱེད་པ་སྲིད་པ་ཡིན་ནོ། །དེ་བས་ན་འཇུག་པའི་ཡན་ལག་ཡིན་པའི་ཕྱིར། སྔོན་དུ་འགྲོ་བ་ཙམ་ཡིན་གྱི་དེ་མ་ཐག་པའི་རྒྱུ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཅི་ལྟར་སྦྱང་ན་གནས་པའི་ས་བོན་དེ་ནི་བུམ་པ་བཞིན་དུ་ཐམས་ཅད་དུ་མྱུ་གུའི་རྒྱུ་ཉིད་

མ་ཡིན་ནོ་ཞེས་ནུས་པ་མེད་པ་ཉིད་བཟློག་པ་དེ་བཞིན་དུ་ཡང་དག་པའི་ཤེས་པ་ནི་ལོག་པའི་ཤེས་པ་བཞིན་དུ་དོན་ཐོབ་པའི་རྒྱུ་མ་ཡིན་པ་མ་ཡིན་པས་རྒྱུར་བརྗོད་པ་ཡིན་ནོ། །གལ་ཏེ་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་གཞན་ལས་ཀྱང་འགྱུར་བ་མ་ཡིན་ནམ། ཡང་དག་པའི་ཤེས་པ་དེ་ལ་སུ་ཞིག་
གུས་པར་བྱེད་ཅེས་དོགས་པ་ལས་གཞན་ལས་ཐོབ་པ་དང་སྤོང་བ་དགག་པའི་ཕྱིར་ངེས་པར་ཞེས་གསུངས་ཏེ། ཡང་དག་པའི་ཤེས་པ་ཁོ་ན་ལས་འགྱུར་གྱི་གཞན་ལས་ནི་མ་ཡིན་ནོ། །དོན་ཐོབ་པར་བྱེད་པ་ནི་ངེས་པ་ཁོ་ན་སྟེ། གཞན་ནི་མ་ཡིན་ལ། དོན་ཐོབ་པར་བྱེད་པའི་ངེས་པ་ཉིད་ཀྱང་
ཡང་དག་པའི་ཤེས་པ་ཁོ་ན་ཡིན་ནོ། །ཐེ་ཚོམ་གྱི་ཤེས་པ་ཡང་ཡོད་དམ་མེད། བུམ་པའམ་སྣམ་བུ་ཞེས་གཉི་གའི་ཆ་ལ་དམིགས་པ་ཡིན་ལ། གང་ཞིག་ཐོབ་པར་བྱ་བ་གཉི་གའི་བདག་ཉིད་ཀྱི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །ཁྱིམ་ན་འདུག་པ་ན་ཁྲོན་པ་ན་ཆུ་ཡོད་དོ་ཞེས་
གཅིག་གི་ཆར་ཞེན་པར་བྱེད་ཀྱང་། ངེས་པར་བྱེད་པའི་རྒྱུ་མེད་པས་ཆུ་མེད་པའི་དོགས་པ་མ་བཟློག་པའི་ཕྱིར་ཤེས་པ་དེ་ནི་ཐེ་ཚོམ་ཁོ་ནའོ། །གང་ཡང་རྒྱུ་མཚན་མེད་པར་མེའི་སྟེང་དུ་སྦྲང་བུའི་ཚོགས་འདུས་པ་ལ་དུ་བར་ངེས་པ་ལས་ཡང་དག་པའི་མེ་ངེས་པ་དེ་ཡང་ངོ་། །སྦྲང་
བུའི་ཚོགས་མཐོང་བ་ལྟ་ཞོག་སྟེ། བདེན་པའི་དུ་བ་མཐོང་ཡང་རྗེས་སུ་དཔག་པའི་དུས་ཀྱི་སྔ་རོལ་དུ་སྦྲང་བུའི་ཚོགས་ལ་སོགས་པ་ལས་ལོག་པའི་དུ་བའི་རང་བཞིན་ངེས་པ་མ་རྟོགས་ཤིང་། ཅི་སྲིད་རྣམ་པར་མ་ཕྱེ་བ་དེ་སྲིད་དུ་མེའི་འབྲས་བུར་ཐེ་ཚོམ་ཟ་བའི་ཕྱིར། ཐེ་
ཚོམ་དུ་གྱུར་པ་ཉིད་ཡིན་ནོ། །དུ་བའི་བྱེ་བྲག་གི་རང་བཞིན་ངེས་པ་རྣམ་པར་ཕྱེར་ཟིན་ཀྱང་དེའི་དུས་ན་མི་དྲན་པ་ཡིན་ཏེ། དྲན་ན་འཁྲུལ་པར་མི་རིགས་པའི་ཕྱིར་རོ། །མེའི་འབྲས་བུར་ངེས་པའི་རང་བཞིན་མི་དྲན་ན་ཡང་དགོས་པའི་རྒྱུ་མ་ལོག་པས་སེམས་དང་ལྡན་ན་ཅི་ལྟར་ཐེ་ཚོམ་ཟ་
བར་མི་འགྱུར། དེའི་ཕྱིར་རང་བཞིན་ངེས་པ་གཏན་ལ་ཕེབས་པའི་དུ་བ་ཁོ་ན་ལས་མེ་རྟོགས་པར་འགྱུར་རོ། །གཞན་ལས་ནི་ཆ་གཅིག་ཏུ་གཟུང་ཡང་། ཐེ་ཚོམ་གྱི་རྒྱུ་མ་ལོག་པས་ཐེ་ཚོམ་ཉིད་ཡིན་ནོ། །དེས་ན་ཐོབ་པ་དང་སྤོང་བ་ནི་ཡང་དག་པའི་ཤེས་པ་ཁོ་ན་ལས་

ཡིན་ནོ། །ཚད་མའི་མཚན་ཉིད་ཡོད་ན་ཡང་། རབ་ཏུ་འཇུག་པར་བྱེད་པའི་ཤེས་པ་ལ། དེ་ལས་བཤད་པའི་ཚད་མ་ནི་འདི་ཡིན་ནོ་ཞེས་བྱ་བར། དོན་བྱེད་པའི་ཤེས་པ་ལ་སོགས་པ་ཐ་སྙད་ཁོ་ན་ལས་ངེས་པར་བྱ་བ་མ་ཡིན་ནམ། དེ་ལྟར་ན་ཡང་མཚན་
ཉིད་མེད་ཀྱང་ཐ་སྙད་ཁོ་ན་ལས་རྟོགས་པར་འགྱུར་བ་ཡིན་ཏེ། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་གང་བཤད་པ་ཡིན་ནོ། །ཐ་སྙད་ལས་མི་འགྲུབ་པ་དོན་དམ་པའི་ཚད་མ་ནི་བཤད་པར་བྱ་བའི་གཙོ་བོ་མ་ཡིན་ཏེ། འདི་ནི་ཀུན་དུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ནོ་ཞེས་འཆད་
པར་འགྱུར་བའི་ཕྱིར་རོ་ཞེས་དོགས་པ་ལ། མི་མཁས་པ་རྣམས་ལ་ཞེས་སྨོས་ཏེ། མི་མཁས་པ་དེ་དག་ནི་ཉམས་སུ་མྱོང་བའི་དོན་ལ་ཡང་གཞན་དུ་ཞེན་པར་མཐོང་སྟེ། ཇི་སྐད་དུ། ཁྱབ་པ་མེད་དང་ལྡོག་པ་དག །སྤོང་བའི་དོན་དུ་ཞེས་བཤད་པ་ལྟ་བུའོ། །བསྟན་བཅོས་ནི་
དེ་དག་ལ་ཡིན་གྱི་མཁས་པ་ལ་མ་ཡིན་ཏེ། དེ་དག་ནི་ཐ་སྙད་ཁོ་ནས་ངེས་པའི་ཕྱིར་རོ། །དེ་ལྟ་ན་ཡང་མཚན་ཉིད་མི་ཤེས་པའི་ཤིང་རྟ་འདྲེན་པ་ཡང་བསྟན་བཅོས་ཤེས་པ་དང་མཚུངས་པར་དོན་བྱེད་པ་གྲུབ་པ་ཉམས་པ་མེད་པ་མ་ཡིན་ནམ། དེ་དག་ལ་ཡང་བསྟན་པས་ཅི་ཞིག་བྱ་
ཞེ་ན། དོན་ཐོབ་པ་བྱེ་བྲག་མེད་པ་བདེན་ན་ཡང་མཐོང་བའི་ཚད་མ་ལ་རྨོངས་པས་མ་མཐོང་བ་ལ་ཡང་འཕེལ་བར་བྱེད་པ་དེ་བས་ན་བསྟན་བཅོས་ནི་རྨོངས་པ་བཟློག་པ་ཡིན་ནོ། །མཐོང་བ་ལ་ཡང་ཚད་མ་ལ་རྨོངས་པས་ཚད་མ་མ་ཡིན་པ་ལ་འཇུག་ན་བསླུས་པར་འགྱུར་བ་ཡིན་ཏེ་
དཔེར་ན་འདི་ནི་སྔོ་བསངས་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དེས་ན་བསྟན་བཅོས་ནི་མཐོང་བའི་རྨོངས་པ་ཡང་ཟློག་པར་བྱེད་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པའོ། །བསྡུ་བའི་དོན་ལ་གཙོར་གྱུར་པ་མ་ཡིན་པས་གཟུང་བར་མི་ནུས་པ་དེ་
ལྟར་ན་ཡང་བསྟན་བཅོས་ལ་གཙོ་བོ་ཡིན་པའི་ཕྱིར། བློ་གཞན་གྱིས་རང་དབང་དུ་རྟོགས་པས་འཛིན་པ་ཡིན་ཏེ། དཔེར་ན་འདི་གང་གི་ཁྱིམ་ཡིན་པ་དེ་ཁྲིད་དེ་ཤོག་ཅིག་ཅེས་བྱ་བ་ལྟ་བུའོ། །བསྟན་པའི་དོན་དེ་དགོས་པ་གང་ལ་ཡོད་པ་དེ་ནི་དེའི་དོན་ཏོ། །དེ་ཡང་གང་ཞེ་ན།

བྱེད་པ་པོ་ལ་ལྟོས་ནས་ནི་བྱེད་པར་རྩོམ་ལ། ཉན་པ་པོ་ལ་ལྟོས་ནས་ནི་ཉན་པར་རྩོམ་ཞེས་བྱ་བར་སྦྱར་རོ། །ཡང་དག་པའི་ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བདག་གིས་ཡང་དག་པའི་ཤེས་པ་བསྟན་པར་བྱའོ་ཞེས་བསྟན་བཅོས་བྱེད་ལ། སློབ་མ་རྣམས་ཀྱིས་སློབ་དཔོན་
གྱིས་བདག་ཅག་རྟོགས་པར་བྱ་བའི་ཕྱིར་རོ་ཞེས་དེས་བྱས་པའི་བསྟན་བཅོས་ཉན་པར་བྱེད་དེ། དེ་ལྟར་ན་ཡང་བྱེད་པ་པོ་བྱེད་པའི་དགོས་པ་དང་། ཉན་པ་པོ་རྣམས་ཀྱི་ཉན་པའི་དགོས་པ་བཤད་པ་ཡིན་ནོ། །ཤེས་པ་ལ་གནས་པའི་དོན་གཞན་ལ་སྟོན་པར་འདོད་པས། གཞན་དུ་
ན་དོན་དེ་ཕ་རོལ་ལ་བསྒྲུབ་པར་མི་ནུས་པའི་ཕྱིར་དེ་བསྙད་པར་བྱ་བ་མ་ཡིན་ནམ། དེ་ལྟར་ན་འདིར་མཚན་ཉིད་བྱེད་པ་ཉིད་སྟོན་པ་པོའི་བྱ་བ་ཡིན་ནོ། །དེའི་ཕྱིར་བསྟན་པ་ནི་བསྟན་བཅོས་བྱེད་པ་ཡིན་པ་དེས་ན་འདི་ཉིད་བྱ་བའི་དོན་དུ་འདི་བརྩམ་མོ་ཞེས་བྱ་བར་འགྱུར་ན། དེའང་རིགས་པ་མ་
ཡིན་ཏེ། འདི་བྱེད་པ་དང་ཉན་པ་ནི་ཚད་མ་རྟོགས་པར་བྱ་བའི་ཕྱིར་ཡིན་གྱི། འདི་ཉིད་བྱེད་པའི་དོན་དུ་ནི་མ་ཡིན་ནོ་ཞེ་ན། སྒྲའི་བྱ་བ་གཙོར་བྱ་བ་ལ་ལྟོས་ན་ནི་སྐྱོན་འདི་ཡོད་པ་བདེན་ཏེ། གང་གི་ཕྱིར་སྒྲའི་བརྗོད་པར་བྱ་བའི་གཙོ་བོ་ནི་རྟོགས་པའི་ཡུལ་ཅན་གྱི་སྟོན་པ་པོའི་བྱ་བ་
ཡིན་པ་དེས་ན་དེ་ལྟར་རྟོགས་པར་འགྱུར་རོ། །དོན་གཙོ་བོར་བྱས་ན་སྐྱོན་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སྟོན་པ་པོའི་རྩོམ་པ་འདི་ཐམས་ཅད་ནི་བསྟན་པར་བྱ་བའི་དོན་དུ་ཡིན་ཏེ། འཚེད་པའི་སྒྲ་ལ་འཚེད་པའི་བྱ་བ་གཙོ་བོ་མ་ཡིན་ཞིང་ཚོས་པ་གཙོ་བོ་ཡིན་ནོ་ཞེས་བཤད་པ་
ལྟ་བུའོ། །དེའི་ཕྱིར་འཆད་པའི་བྱ་བ་དང་ལྡན་པ་ལས་རྟོགས་པ་ཡོད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་རྟོགས་པའི་དོན་དུ་ཞེས་བརྗོད་ན་ནི་ཟས་ལ་སོགས་པའི་གནས་སྐབས་ཀྱི་དེའི་དོན་གཞན་དང་ཐུན་མོང་བ་དེའི་དོན་ཙམ་ཞེས་བརྗོད་པར་འགྱུར་རོ། །ད་ལྟར་ནི་དོན་འདི་
ལྟར་རྟོགས་པར་འགྱུར་ཏེ། འདི་བྱས་པ་ལས་ན་སློབ་དཔོན་ནི་སྟོན་པ་པོ་ཡིན་ལ། ཉན་པར་བྱེད་པ་རྟོགས་པ་པོ་ནི་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟར་འདི་བྱས་པ་དང་ཉན་པ་ནི་སྟོན་པ་པོའི་བྱ་བས་བྱིན་གྱིས་བརླབས་ནས་དོན་རྟོགས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །

དེའི་ཕྱིར་འདོམས་པར་བྱེད་པ་ནི་སྟོན་པ་པོ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འདི་ཞེས་བྱ་བ་ནི་ནང་གི་དེ་ཁོ་ན་ཉིད་དུ་ཡོངས་སུ་རྫོགས་པ་དོན་གྱི་བདག་ཉིད་ཀྱི་བསྟན་བཅོས་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་དགོས་པ་འདི་ནི་རྣམ་པར་ངེས་པ་ཁོ་ནའི་ཡིན་ཏེ། ཀུན་ལས་
བཏུས་པའི་ནི་དངོས་སུ་མ་ཡིན་ནོ། །མདོ་དང་རྣམ་འགྲེལ་དག་དགོས་པ་གཅིག་པའི་ཕྱིར་དེའི་ཡང་དགོས་པ་འདི་ཡིན་པར་དོན་གྱིས་བརྗོད་པ་ཡིན་ནོ། །ཕྱི་རོལ་གྱི་དེ་ཁོ་ན་ཉིད་སྒྲའི་བདག་ཉིད་ཀྱིས་ནི་བྱེད་པར་རྩོམ་ལ། ཐམས་ཅད་ཀྱི་བདག་ཉིད་ཡོངས་སུ་རྫོགས་པ་ལས་ནི་
ཉན་པར་རྩོམ་པ་ཡིན་ནོ། །བརྩམ་མོ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཏེ། ཉན་པ་དང་འཆད་པར་རྩོམ་པ་ནི་ཡོངས་སུ་རྫོགས་པའི་བར་གྱི་ཡུལ་ལོ། །འདིར་ཡང་དེ་ཞེས་བྱ་བས་བརྗོད་པར་བྱ་བ་བསྟན་ཏེ། དེའི་ཕྱིར་བསྒྲུབ་པར་མི་ནུས་པར་དོགས་པ་སྤངས་སོ། །བསྟན་པ་
ཞེས་བྱ་བ་ནི་དགོས་པ་སྟེ། དེའི་ཕྱིར་མངོན་པར་འདོད་པ་མ་ཡིན་པར་དོགས་པ་བསལ་ཏོ། །དེའི་དོན་དུ་འདི་བརྩམ་མོ་ཞེས་བྱ་བས་ཀྱང་སྒྲའི་བདག་ཉིད་ཀྱི་བསྟན་བཅོས་འདི་དང་དགོས་པ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་བརྗོད་དེ། དེའི་ཕྱིར་ཐབས་གཞན་
ཡོད་པར་དོགས་པ་བསལ་ཏེ། གལ་ཏེ་འདི་བས་ཀྱང་སླ་བའི་ཐབས་གཞན་ཡོད་ན་ནི་འདི་བརྩམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོག་པ་དང་ལྡན་པར་འཇུག་པའི་ཡན་ལག་ཏུ་དོན་ཡོད་པར་ཐེ་ཚོམ་ཟ་བའི་རྒྱུར་བརྗོད་པར་བྱ་བ་ལ་སོགས་པ་བསྟན་ནས། ཡང་དག་པའི་
ཤེས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྐབས་རྩོམ་པར་བྱེད་པ་ཡིན་ནོ། །ལོག་པར་རྟོགས་པ་བསལ་ནས་དེ་ཁོ་ན་ཉིད་བརྗོད་པ་བསྟན་པའོ། །ལོག་པར་རྟོགས་པ་ཡང་། ཡང་དག་པའི་ཤེས་པའི་གྲངས་དང་མཚན་ཉིད་དང་། སྤྱོད་ཡུལ་དང་འབྲས་བུའི་ཡུལ་ལོ། །
དེ་ལ་རེ་ཞིག་གྲངས་ལ་ལོག་པར་རྟོགས་པ་བསལ་བ་ནི། དེ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བའོ། །གང་ཞིག་ཐོབ་པ་དང་སྤངས་པའི་རྒྱུ་མཚན་རྣམ་པར་དཔྱད་པའི་སྐབས་ཀྱི། འཇུག་པར་བྱེད་པའི་ཡང་དག་པའི་ཤེས་པ་དེ་རྣམ་པ་གཉིས་ཡིན་གྱི། དོན་བྱེད་པར་སྣང་བ་ནི་

མ་ཡིན་ཏེ། དེ་ནི་མངོན་སུམ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་བསྟན་པའི་དོན་དུ་དེ་ཞེས་སྨོས་སོ། །རྣམ་པ་གཉིས་ནི་འདིའི་དབྱེ་བའོ། །གལ་ཏེ་མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་བརྗོད་པས་རྣམ་པ་གཉིས་འཐོབ་པ་དེ་ལྟར་ན་ཡང་། འཇིག་རྟེན་ན་དོན་རྟོགས་པ་ལ་ཡང་གྲངས་
ཀྱི་ཚིག་སྦྱོར་ཏེ། དཔེར་ན་སྣུམ་ཁུར་དག་ནི་གཉིས་སོ་ཞེས་བྱ་བ་བཞིན་ནོ། །རྣམ་པ་གཉིས་ཞེས་བྱ་བའི་སྒྲ་ཡང་གྲངས་ཀྱི་དོན་དུ་ཡིན་ནོ། །ཡང་ན་ནི་ངེས་པར་བྱ་བའི་དོན་ཏེ། རྣམ་པ་འདི་གཉིས་ཁོ་ན་ཡང་དག་པའི་ཤེས་པ་ཡིན་ཏེ། འདིར་ནི་རེ་ཞིག་འདི་ཙམ་ཞིག་བརྗོད་
པར་ཟད་ཀྱི། གཞན་ཡང་ཡོད་པ་ཉིད་དོ་ཞེས་དོགས་པར་མི་བྱའོ། །ཡང་དག་པའི་ཤེས་པའི་མཚན་ཉིད་ཁོ་ན་བྱེ་བྲག་ཏུ་བསྟན་པར་བྱ་བ་མ་ཡིན་ནམ། དེའི་གྲངས་ཀྱིས་ཅི་ཞིག་བྱ་ཞེ་ན། བདེན་ཏེ་མཚན་ཉིད་དེ་ཉིད་ནི་གསལ་བ་ཐ་དད་པའི་མཐར་ཐུག་པས། གསལ་
བའི་དབྱེ་བས་མ་བསྟན་ན་མཚན་ཉིད་ཁྱད་པར་དུ་བསྟན་པར་མི་ནུས་ཏེ། དེའི་ཕྱིར་མཚན་ཉིད་བསྟན་པའི་ཡན་ལག་ཡིན་པས་གྲངས་ཀྱི་སྒོ་ནས་རྣམ་པའི་རབ་ཏུ་དབྱེ་བ་བརྗོད་དོ། །མཚན་ཉིད་ཀྱི་ཡན་ལག་ཡིན་པ་ཉིད་ཀྱིས་གྲངས་དང་པོར་བསྟན་ཏོ། །མི་འདོད་པ་
བཟློག་པའི་དོན་དུ་མངོན་པར་འདོད་པ་རྣམ་པ་གཉིས་སྟོན་ཏེ། དབང་པོ་ལ་བརྟེན་པའི་དོན་ནི་མངོན་སུམ་མོ། །དབང་པོ་ལ་བརྟེན་པ་ཉིད་ནི་སྒྲ་བཤད་པའི་རྒྱུ་མཚན་ཡིན་ཏེ། སྒྲ་འཇུག་པའི་རྒྱུ་མཚན་ནི་དོན་གྱི་རང་བཞིན་མངོན་སུམ་དུ་བྱེད་པ་ཉིད་ཡིན་ཏེ། དོན་
མངོན་སུམ་དུ་བྱེད་པའི་ཤེས་པ་ཉིད་ནི་མངོན་སུམ་དུ་གྲགས་པ་ཡིན་ནོ། །དེ་ནི་ཤེས་པའི་གསལ་བ་གཅིག་ལ་འདུ་བའི་ཕྱིར་དབང་པོ་ལ་བརྟེན་པ་ཉིད་དེས་མཚོན་ནས་འཇུག་པའི་རྒྱུ་མཚན་དུ་ཤེས་པར་བྱེད་དེ། དེའི་ཕྱིར་མངོན་སུམ་བཞི་ཀ་ལ་ཡང་མངོན་སུམ་གྱི་ཐ་སྙད་དུ་གྲུབ་
བོ། །དཔེར་ན་འགྲོ་བའི་ཕྱིར་བ་ལང་ངོ་ཞེས་བྱ་བ་ལ། དོན་གཅིག་ལ་འདུ་བའི་འགྲོ་བའི་བྱ་བས་བ་ལང་ཉིད་མཚོན་པས་འཇུག་པའི་རྒྱུ་མཚན་དུ་ཤེས་པར་བྱེད་དེ། དེས་ན་འགྲོ་བས་སྟོང་བའི་གོང་བུ་ལ་ཡང་དེའི་རྒྱུ་མཚན་གྱིས་བ་ལང་གི་སྒྲར་གྲུབ་པ་བཞིན་ནོ། །གང་

གིས་རྟགས་གཟུང་ཞིང་འབྲེལ་བ་དྲན་པའི་རྗེས་ལ་དཔོག་པ་དེ་ནི་རྗེས་སུ་དཔག་པའོ། །དང་ཞེས་བྱ་བ་ནི་སྟོབས་མཚུངས་པ་ཉིད་དེ། ཡང་དག་པའི་ཤེས་པ་ཉིད་ཀྱིས་རྗེས་སུ་དཔག་པ་སྡུད་པའོ། །གང་གི་ཚེ་རྣམ་པ་གཉིས་ཞེས་བྱ་བའི་སྒྲ་ངེས་པར་བྱ་བའི་
དོན་ཡིན་པ་དེའི་ཚེ་ཞེས་བྱའོ་ཞེས་བྱ་བའི་སྒྲ་དེ་ལྟར་གྱི་དོན་ཏེ། དེ་ནི་དེ་ལྟར་རྣམ་པ་གཉིས་ཡིན་ཏེ། སྒྲ་དང་ཉེ་བར་འཇལ་བ་ལ་སོགས་པའི་སྒོ་ནས་ནི་མ་ཡིན་ནོ། །ཅི་སྟེ་འཇིག་རྟེན་གྱི་དོན་རྟོགས་པ་ལ་གྲངས་ཀྱི་ཚིག་ཉིད་ཡིན་པ་དེའི་ཚེ་ཞེས་བྱའོ། །ཡོངས་སུ་རྫོགས་པའི་
ཚིག་སྟེ། ཡང་དག་པའི་ཤེས་པ་ནི་འདི་གཉིས་ཁོ་ནར་ཟད་ཀྱི་གཞན་ནི་མེད་དོ་ཞེས་བྱ་བའོ། །གལ་ཏེ་དངོས་པོའི་དེ་ཁོ་ན་འཛིན་པ་ཉིད་ཡང་དག་པའི་ཤེས་པ་ཉིད་ཡིན་ནམ། འོན་ཏེ་གཟུང་བའི་དངོས་པོ་ཐོབ་པར་བྱེད་པ་ཡིན། གཉི་ག་ལྟར་ཡང་རྗེས་སུ་དཔག་པ་
དངོས་པོ་མི་འཛིན་པའི་ཕྱིར་ཡང་དག་པའི་ཤེས་པ་མ་ཡིན་པར་འགྱུར་རོ། །མ་བཟུང་བ་ཐོབ་པར་བྱེད་པ་ཉིད་ཀྱང་ཡང་དག་པའི་ཤེས་པ་ཡིན་ན་ནི། ཆུའི་ཤེས་པ་ལས་ཀྱང་མ་བཟུང་བའི་སྨིག་རྒྱུ་ཐོབ་པས་འགའ་ཡང་ཡང་དག་པའི་ཤེས་པ་མ་ཡིན་པར་མི་འགྱུར་རོ་ཞེས་དོགས་
པ་ལ། འདོད་པའི་ཡང་དག་པའི་ཤེས་པ་ཉིད་བསྟན་པའི་ཕྱིར་འདི་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདི་དག་གིས་སླུ་བ་མེད་དེ། དགག་པ་གཉིས་ཀྱིས་མི་སླུ་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདི་དག་ནི་ཡང་དག་པའི་ཤེས་པ་སྟེ།
མི་སླུ་བར་བྱེད་པ་ཉིད་ཡང་དག་པའི་ཤེས་པ་ཡིན་ནོ། །ཇི་ལྟར་འཇིག་རྟེན་ན་ཁས་བླངས་པའི་དོན་དང་ཕྲད་པར་བྱེད་པ་མི་སླུ་བ་ཡིན་པ་དེ་བཞིན་དུ་ཤེས་པ་ཡང་བསྟན་པའི་དོན་དང་ཕྲད་པར་བྱེད་པས་མི་སླུ་བར་བལྟ་བར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། དངོས་པོ་འཛིན་པར་
བྱེད་པས་ནི་ཡང་དག་པའི་ཤེས་པ་ཉིད་མ་ཡིན་གྱི་འོན་ཀྱང་དངོས་པོ་ཐོབ་པར་བྱེད་པ་ཉིད་ཡིན་ནོ། །དེ་གང་ལས་ཤེ་ན། དོན་བྱ་བ་ལ་ཞེས་གསུངས་ཏེ། དེ་ལ་དོན་ནི་གཙོ་བོ་ལ་སོགས་པ་བསྒྲུབ་པར་བྱ་བའོ། །དེའི་བྱ་བ་ནི་བྱེད་པ་སྟེ། སྒྲུབ་པར་བྱེད་པའི་བྱ་བའོ། །འདིར་

བྱེད་པ་པོ་ཉིད་ལ་བརྗོད་དོ། །དེས་ན་དོན་འདི་ཡིན་ཏེ། བསྒྲུབ་བྱ་སྒྲུབ་པའི་ནུས་པའི་ཡུལ་ལ་མི་སླུ་བ་དེ་ནི་དེ་ལ་ལྟོས་ནས་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་དོན་དུ་གཉེར་བ་རྣམས་ཀྱིས། ཡང་དག་པའི་ཤེས་པ་ཅི་འདྲ་བ་ཞིག་དོན་དུ་
གཉེར་བ་དེ་འདྲ་བ་ཉིད་ཁོ་བོ་ཅག་གིས་ཀྱང་བརྟག་པར་བྱ་བ་ཉིད་ཡིན་ལ། དེ་དག་ཀྱང་དོན་བྱེད་པ་བསྒྲུབ་པ་ལ་འཇུག་པ་ན། དེ་ཐོབ་པར་རུང་བ་འཇུག་པར་བྱེད་པའི་ཤེས་པ་ཉིད་ཚོལ་གྱི་དངོས་པོ་འཛིན་པ་ཙམ་ནི་མ་ཡིན་ཏེ། དོན་བྱེད་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་
དང་། དེ་ཐོབ་པ་ཡང་མ་ཡིན་ལ། དེ་ཐོབ་པའི་ཐབས་ཀྱང་མ་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པ་རྗེས་སུ་དཔག་པ་ལས་ཀྱང་ཐོབ་པ་ཡོད་པའི་ཕྱིར་རོ། །དོན་བྱེད་པ་ཐོབ་པའི་རང་བཞིན་དོན་བྱེད་པར་སྣང་བའི་ཤེས་པ་གང་ཡིན་པ་དེ་ཡང་དོན་བྱས་ཟིན་པ་ཉིད་ཀྱིས་རྟོག་པ་
དང་ལྡན་པ་དོན་དུ་གཉེར་བ་རྣམས་ཀྱིས་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་བསྟན་བཅོས་ལས་ཀྱང་ཞར་ཙམ་དུ་དཔྱོད་པ་ཡིན་གྱི་དེའི་དོན་དུ་ནི་བསྟན་བཅོས་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་འཛིན་པ་ཉིད་ནི་ཡང་དག་པའི་ཤེས་པ་མ་ཡིན་ཏེ། འོན་ཀྱང་དེ་ཐོབ་པར་བྱེད་པ་ཡིན་ནོ། །
གལ་ཏེ་དེ་ལྟར་ན་ཡང་མངོན་སུམ་གྱིས་གཟུང་བའི་དོན་ནི་ཐོབ་པར་རུང་བ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་གཟུང་བ་ཡང་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །འདི་ལྟར་རྣམ་པར་རྟོག་པ་ནི་རང་གི་སྣང་བ་དོན་མེད་པ་ལ་དོན་
དུ་ཞེན་པ་ཡིན་ལ། རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་ཡང་ཞེན་པར་བྱས་པ་ཉིད་ཡིན་ཏེ། རྣམ་འགྲེལ་ལས། ངེས་པ་རྣམས་ཀྱིས་མ་ངེས་གང་། །དེ་ནི་ཇི་ལྟར་དེ་དག་ཡུལ། །ཞེས་གང་བཤད་པ་ཡིན་ནོ། །སྒྲོ་བཏགས་པ་ཡང་ཕྱི་རོལ་གྱི་དངོས་པོར་ཡོད་པ་མ་ཡིན་
ཏེ། དེའི་ཕྱིར་ཚད་མ་གཉིས་ཀྱིས་དོན་བྱེད་པ་གང་ཞིག་ཐོབ་པར་བྱེད་ཅེ་ན། འཇུག་པ་ན་ཞེས་གསུངས་སོ། །ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གཟུང་བ་སྟེ་སོ་སོར་སྣང་བའི་དོན་དམ་པའམ། སྒྲོ་བཏགས་པ་དང་ཞེན་པའི་ཡུལ་ལོ། །དེ་དག་ལས་ཤེས་

པས་གང་ལ་འཇུག་པའི་ཡུལ་དེ་ལ། ཐོབ་པས་མི་སླུ་བ་ཡིན་གྱི་གཟུང་བ་ལ་ནི་མ་ཡིན་ནོ། །གཉི་གས་ཀྱང་དངོས་པོ་ཉིད་ལ་འཇུག་པར་བྱེད་དེ། རྣམ་པར་རྟོག་པ་དེ་ལས་ནི་དངོས་པོ་ཉིད་ལ་འཇུག་གོ་ཞེས་གང་བཤད་པ་ཡིན་ནོ། །དེའི་ཕྱིར་འཇུག་པའི་
ཡུལ་གྱི་དངོས་པོ་ཐོབ་པར་གཉི་ག་ཁྱད་པར་མེད་པ་ཡིན་ཏེ། ཚད་མ་གཉི་ག་དངོས་པོའི་ཡུལ་ཅན་ཞེས་འཆད་པར་འགྱུར་རོ། །མ་བཟུང་བ་འཇུག་པའི་ཡུལ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བརྗོད་པ་སྤང་བའི་ཕྱིར། དོན་ཡོངས་སུ་བཅད་ནས་ཞེས་གསུངས་ཏེ། འདིས་
སྔར་ཡོངས་སུ་བཅད་པ་ལ་ལྟོས་ནས་འཇུག་པའི་ཕྱིར། ངེས་པ་དང་འཇུག་པ་དག་རྒྱུ་དང་འབྲས་བུ་ཉིད་དུ་བསྟན་ཏོ། །དེས་ན་དོན་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པ་ཉིད་ལ་འཇུག་པར་བྱེད་པར་བརྗོད་དོ། །གལ་ཏེ་ཡོངས་སུ་བཅད་པའི་དོན་ཉིད་འཇུག་པའི་ཡུལ་ཡིན་
གྱི་གང་ཡང་རུང་བ་མ་ཡིན་པ་དེ་ལྟར་ན་དེ་རིགས་པ་ཡིན་ཏེ། དེའི་ཕྱིར་ཡོངས་སུ་བཅད་པ་ནི་འཇུག་པའི་ཡུལ་ཡིན་ལ། ཡོངས་སུ་གཅོད་པར་བྱེད་པ་ནི་འཇུག་པར་བྱེད་པ་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཕྱིར་ཤེས་པས་སྐྱེས་བུ་ལ་གནས་བཟུང་སྟེ། འགའ་
ཞིག་ཏུ་འཇུག་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཡོངས་སུ་གཅོད་པར་བྱེད་པ་ཉིད་འཇུག་པར་བྱེད་པ་ཡིན་པར་རིགས་སོ། །ཡོངས་སུ་གཅོད་པ་ཙམ་འཇུག་པར་བྱེད་པ་ཡིན་པ་ན་ཡང་། གང་གིས་དང་པོ་
འཇུག་པའི་ཡུལ་བསྟན་པ་དེ་ཉིད་ཀྱིས་གཞན་ལ་ལྟོས་པ་མེད་པར་སྐྱེས་བུ་བཅུག་པའི་ཕྱིར་རྟོགས་པའི་དོན་ལ་ཚད་མ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁོང་དུ་ཆུད་པ་ལས་འཇུག་པར་བྱེད་པ་ཉིད་གཞན་ཡིན་ན་ནི་གཞན་གྱིས་ཁོང་དུ་ཆུད་པ་ལ་ཡང་འཇུག་པར་བྱེད་པ་གཞན་ཚད་མ་
ཉིད་དུ་འགྱུར་བ་ཡིན་ནོ། །ཐོབ་པར་བྱེད་པ་ཉིད་ནི་འཇུག་པར་བྱེད་པ་ལས་གཞན་མ་ཡིན་ཏེ། གང་གི་ཕྱིར་ཐོབ་པར་བྱེད་པའི་ཤེས་པས་དོན་གྱི་ཡུལ་དུ་སྐྱེས་བུ་གཏོང་བར་བྱེད་པའམ། སྐྱེས་བུའི་ཡུལ་དུ་དོན་འགུགས་པ་ནི་མ་ཡིན་ཏེ། འོན་ཀྱང་སྐྱེས་བུ་འཇུག་པར་བྱེད་

པ་ཡིན་ནོ། །གང་གི་ཕྱིར་ཤེས་པ་ལ་འཇུག་པར་བྱེད་པ་ལས་ཐོབ་པར་བྱེད་པའི་བྱ་བ་གཞན་མེད་ལ། འཇུག་པ་ཡང་ཁོང་དུ་ཆུད་པ་ལས་གཞན་མ་ཡིན་ཏེ། དེའི་ཕྱིར་ཚད་མ་ཐམས་ཅད་ནི་མ་རྟོགས་པའི་དོན་ཅན་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་པོའི་མངོན་སུམ་དང་རྗེས་
སུ་དཔག་པའི་སྐད་ཅིག་མ་ཉིད་ཀྱིས་དོན་བྱེད་པར་ནུས་པའི་དངོས་པོའི་རྒྱུན་ངེས་པས་འཇུག་པའི་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། དེའི་རྒྱུན་དུ་གྱུར་པ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ཡོངས་སུ་བཅད་པའི་དོན་འདུག་པའི་ཡུལ་
ཐོབ་པར་བྱེད་པ་ནི་ཚད་མ་ཡིན་ནོ་ཞེས་སྨྲས་པ་ན། དུང་ལ་སེར་པོར་ཤེས་པ་དང་། ནོར་བུའི་འོད་ལ་ནོར་བུར་ཤེས་པ་དང་། ཤེས་པའི་རྣམ་པ་དེ་ལྟ་བུ་གཞན་དག་ཀྱང་ཚད་མ་མ་ཡིན་པར་བརྗོད་པ་ཡིན་ནོ། །དེ་ངེས་པས་གཞན་ངེས་སོ་ཞེས་བྱ་བ་ནི་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དང་དུས་དང་རྣམ་པ་ཐ་དད་པ་ཡང་གཞན་ཁོ་ནའོ། །དེ་དག་ཀྱང་ཐ་དད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་ཐ་དད་པ་མེད་པར་ཐལ་བའི་ཕྱིར་རོ། །དཀར་པོ་ཡང་སེར་པོ་ལས་ཐ་དད་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་
དག་ལས་དོན་བྱེད་པར་ནུས་པ་ཡང་སྔོན་པོ་ལ་སོགས་པའི་ཁྱད་པར་ཁོ་ན་ཡིན་པར་མཐོང་ངོ་། །ལྡོག་པའི་རྒྱུ་མཚན་གྱིས་ངོ་བོ་ཉིད་དེ་ཉིད་ནི་སྤྱིའི་ཆོས་སུ་གནས་པ་ཡིན་ལ། དོན་བྱེད་པའི་རྒྱུ་མཚན་གྱི་ཕྱིར་ནི་ཡོད་པ་ཉིད་ཡིན་ཏེ། གཞན་དུ་ན་དོན་བྱེད་པ་མི་སྲིད་པའི་ཕྱིར་རོ། །དེ་
གཟུང་བ་ན་གཟུང་བར་གྱུར་པ་འཁྲུལ་པས་མ་ངེས་པ་ནི་ཚད་མ་གཞན་གྱིས་ངེས་པར་བྱེད་པ་ཡིན་ཏེ། དཔེར་ན་དངོས་པོའི་སྐད་ཅིག་མ་ཉིད་ལ་སོགས་པ་བཞིན་ནོ། །མང་པོ་རྣམས་ཤེས་པ་གཅིག་ལ་སྣང་བ་ན་རིང་པོ་ལ་སོགས་པའི་དབྱིབས་ཚོགས་པའི་ཡུལ་ལ་རྣམ་པར་གནས་
པ་ནི་སོ་སོར་སྣང་བའི་ཆོས་ཡིན་གྱི་དངོས་པོའི་ཆོས་མ་ཡིན་པའི་ཕྱིར་དཀར་པོ་མ་བཟུང་ན་དེའི་ཆོས་སམ་གཞན་གྱི་ཆོས་ཀྱི་དབྱིབས་མ་བཟུང་བས་ན་སླུ་བ་ཡིན་པའི་ཕྱིར་སེར་པོར་ཤེས་པ་ནི་ཚད་མ་མ་ཡིན་ནོ། །དོན་ཐོབ་པ་ནི་འཇུག་པ་གཞན་ལས་ཡིན་པར་སྨྲའོ། །འཇུག་པར་བྱེད་

པའི་ཤེས་པས་ཉེ་བར་བསྟན་པའི་དོན་ཐོབ་པར་འདོད་པའི་བྱ་བ་དང་ལྷན་ཅིག་པའི་བློ་ནི་འཇུག་པ་ཡིན་ལ། དེ་ནི་ཡོད་དམ་མེད་ཀྱང་རུང་སྟེ་ངེས་པར་བྱས་པའི་དངོས་པོ་དེ་ཉིད་ལ་མཐར་ཐུག་པའི་ཕྱིར་སྔོན་པོའི་ཤེས་པ་ནི་སྔོན་དུ་འགྲོ་བའི་འཇུག་པ་ནི་རྣམ་པ་གཞན་
ཐོབ་པའི་རྒྱུ་མཚན་མ་ཡིན་ནོ། །འཐོབ་པ་ནི་ཤེས་པ་གཞན་ཁོ་ན་ལས་ཡིན་ཏེ། ཐ་ན་རེག་བྱ་འཛིན་པར་བྱེད་པའོ། །ངེས་པ་འཐོབ་པ་ནི་ངེས་པའི་ཡུལ་ལ་འཁྲུལ་པ་ཡིན་པའི་ཕྱིར་ཏེ། དཔེར་ན་ཆུའི་ཤེས་པ་ལས་སྨིག་རྒྱུའི་ཤེས་པ་ཡིན་ཞིང་། དེས་ན་དེ་ཉིད་ངེས་པར་འཐོབ་
པ་བཞིན་ནོ། །དེ་བཞིན་དུ་ཡུལ་ཐ་དད་པའི་ནོར་བུ་ཐོབ་པ་ནི་འཇུག་པ་གཞན་ཁོ་ན་ལས་ཡིན་པར་ཤེས་པར་བྱའོ། །འདི་རྒྱས་པར་ནི་ཚད་མ་བརྟག་པར་བལྟ་བར་བྱའོ། །དེ་ལྟར་ན་ཡོངས་སུ་བཅད་པའི་འཇུག་པའི་ཡུལ་ཐོབ་པར་བྱེད་པས་ཡང་དག་པའི་ཤེས་པ་ཉིད་དུ་འདི་གཉི་
ག་བྱེ་བྲག་མེད་དོ། །དེ་ལྟར་ན་ནི་ཅི་ཞིག་ལྟར་འཇུག་པའི་ཡུལ་ཐོབ་པར་མི་བྱེད་པ་གང་ཡིན་པ་དེ་ཚད་མ་ཡིན་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་པས་གང་གི་ཕྱིར་ཚད་མའི་བྱ་བ་ནི་འཇུག་པའི་ཡུལ་སྟོན་པ་ཙམ་ཡིན་ནོ་ཞེ་ན། བདེན་ཏེ་ངོ་བོ་མ་ཡིན་པའི་ཕྱིར་གཅིག་ཏུ་དོན་ཐོབ་པའི་
རང་བཞིན་གྱི་ཤེས་པ་ཕྱི་མ་ནི་སྔ་མའི་ཡང་དག་པའི་ཤེས་པ་ཉིད་མ་ཡིན་ཏེ། འོན་ཀྱང་ཐོབ་པར་ནུས་པ་ཉིད་དོ། །དེའང་ཐོབ་པར་བྱ་བའི་དོན་ལས་བདག་ཉིད་ཐོབ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་འཇུག་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་དོན་ཐོབ་པར་རུང་བ་ཡོད་
པས་ན་དེ་ལའང་ཚད་མ་ཁོ་ནའོ། །ནུས་པ་ངེས་པ་ཡང་རྗེས་སུ་དཔག་པ་དང་དོན་བྱེད་པར་སྣང་བའི་མངོན་སུམ་ནི་རང་ཁོ་ན་ལས་འགྱུར་རོ། །འཇུག་པར་བྱེད་པའི་མངོན་སུམ་ཡང་ལ་ལ་ནི་རང་ཁོ་ན་ལས་ཏེ། འཁྲུལ་པའི་དོགས་པ་མཐའ་དག་བསལ་ནས་རང་བཞིན་གྱི་
ཁྱད་པར་ཁོང་དུ་ཆུད་པ་གང་ཡིན་པའོ། །འདི་ལྟར་སྒྲོན་མས་གསལ་བར་བྱས་པ་ན་སྔོན་པོ་ཡང་དམར་པོ་ཉིད་དང་། མིག་སེར་གྱིས་ཉམས་པས་དཀར་པོ་ཡང་སེར་པོ་དང་། ཐག་རིང་པོ་ནས་ཆུང་ངུ་ཡང་ཆེན་པོ་དང་། གཉིད་ཀྱིས་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཏུ་

མཐོང་སྟེ། དེའི་ཕྱིར་གང་ཞིག་རྨི་ལམ་ལ་སོགས་པས་ཤེས་པ་མ་བསླད་པ་དང་། ཡུལ་ཉེ་བ་དང་། གསལ་བྱེད་མི་མཐུན་པ་མ་ཡིན་པས་དངོས་པོ་གཟུང་བ་ནི་དེའི་རང་བཞིན་མྱོང་བ་ཉིད་ཀྱིས་དོན་བདེན་པར་ངེས་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པ་ནི་འཁྲུལ་པ་མེད་
པར་ལན་ཅིག་མ་ཡིན་པར་མཐོང་ནས་ཐ་སྙད་གོམས་པ་ལས་མཚོན་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་ལས་དོན་མེད་ན་མི་འབྱུང་བར་གྲུབ་པའོ། །སྔ་མའི་རང་བཞིན་དང་ཆོས་མཐུན་པ་ལས་དེ་ལྟར་རྟོགས་པ་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དོན་ལྐོག་ཏུ་མ་གྱུར་
པའི་ཕྱིར། ནོར་བུ་དང་དངུལ་ལ་སོགས་པའི་གཟུགས་རྟོགས་པ་བཞིན་ནོ། །དེ་བཞིན་དུ་མེ་དང་འབྲེལ་པ་ཤེས་པའི་མེ་མ་མཐོང་བར་དུ་བ་ལ་མེའི་འབྲས་བུར་རྟོགས་པ་ཡང་རྗེས་སུ་དཔག་པ་མ་ཡིན་ནོ། །གང་ཡང་རྗེས་སུ་དཔག་པར་བྱ་བ་ལས་མ་འདས་སོ་ཞེས་བྱ་བ་དེ་ནི་
རང་དང་གཞན་གྱི་རྒྱུད་ལ་ཡོད་པ་ཉམས་སུ་མྱོང་བ་མ་ཡིན་པའི་བློའི་དབང་དུ་བྱས་ནས་བརྗོད་པ་ཡིན་ཏེ། ཡུལ་ཉམས་སུ་མྱོང་བ་ལས་མ་རྟོགས་པ་ཞེས་གསུངས་པའི་ཕྱིར་རོ། །གང་ཡང་རྣམ་འགྲེལ་ལས། རྣམ་པ་མཚུངས་པ་ལས་ཐེ་ཚོམ་དུ་འགྱུར་རོ་ཞེས་བརྗོད་
པ་དེ་ནི་དོགས་པར་འགྱུར་བའི་ཡུལ་གྱི་ཤེས་པའི་དབང་དུ་བྱས་ནས་བཤད་པ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །ལ་ལ་ནི་དོན་མེད་ན་མི་འབྱུང་བ་གཞན་ལས་ངེས་པར་བྱེད་དོ། །གང་གིས་ན་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བ། དོན་མི་ངེས་པའི་ཕྱིར་ཚད་མ་མ་ཡིན་པར་
འགྱུར་བ། ཇི་ལྟར་རྗེས་སུ་དཔག་པ་མེད་ན་མི་འབྱུང་བའི་དོན་མཐོང་བས་ངེས་པ་ཚད་མ་ཡིན་པ་བཞིན་དུ། མངོན་སུམ་གྱི་ཚད་མ་ཉིད་ཀྱང་བདག་ཉིད་དོན་མེད་ན་མི་འབྱུང་བར་ངེས་པར་བྱེད་པ་ལས་ནི་མ་ཡིན་ཏེ། འོན་ཀྱང་སྣང་བ་ངེས་པར་བྱེད་པ་ལས་ཡིན་ནོ། །དོན་
ཐོབ་པར་བྱེད་པ་ནི་ཚད་མ་ཡིན་ལ། དེ་ཡང་འཇུག་པར་བྱེད་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཇུག་པར་བྱེད་པ་ཡང་འཇུག་པའི་ཡུལ་སྟོན་པ་ཉིད་ཡིན་པར་བརྗོད་དེ། དེས་ན་སྣང་བ་ངེས་པར་བྱས་པ་ནི་བསྟན་པ་ཡིན་པའི་ཕྱིར་འཇུག་པའི་ཡུལ་ལ་ཚད་མའི་བྱ་བ་ཡོངས་

སུ་རྫོགས་པ་ཡིན་ནོ། །གང་ཡང་སྣང་བ་དང་འགལ་བའི་རྣམ་པ་ངེས་པས་གནོད་པ་བསྐྱེད་པ་དེ་ནི་ཚད་མའི་བྱ་བ་མ་རྫོགས་པའི་ཕྱིར་ཚད་མ་མ་ཡིན་ཏེ། དཔེར་ན་སྨིག་རྒྱུ་འཛིན་པའི་ཤེས་པ་ལ་ཆུར་ངེས་པས་འཇུག་པ་བཞིན་ནོ། །མེད་ན་མི་འབྱུང་བར་ཐེ་
ཚོམ་ཟ་བས་ནི་ནམ་ཡང་མངོན་སུམ་གྱི་བྱ་བ་ལ་གནོད་པ་མ་ཡིན་ནོ། །འགའ་ཞིག་ཡོད་པར་ཞེན་པར་བྱས་པའི་ཡུལ་ཅན་ཅི་མེ་འདི་བདེན་ནམ་འོན་ཏེ་མ་ཡིན་ཞེས་མེད་ན་མི་འབྱུང་བར་ཐེ་ཚོམ་ཟ་བ་འདི་ལ་ཡང་། བདག་ཉིད་ཐམས་ཅད་གཞན་ལས་ཚད་མ་ཡིན་ནོ། །ཡང་འགའ་ཞིག་
ལོ་མ་ལ་སོགས་པ་དང་ལྡན་པ་ལ་སོགས་པའི་སྤྱི་ཤེས་པ་ལ་ཁྱད་པར་གྱི་ཡུལ་ལ་ཐེ་ཚོམ་ཟ་བ་དཔེར་ན་ཅི་འདི་དྷ་བའམ་འོན་ཏེ་པ་ལ་ཤ་ཞེས་བྱ་བ་ལྟ་བུ་དེ་ལ་ཡང་སྤྱི་ནི་རང་ལས་ཡིན་ལ། ཁྱད་པར་ནི་གཞན་ལས་ཡིན་ཏེ། གང་གི་ཕྱིར་མངོན་སུམ་གྱིས་དོན་བྱེད་པའི་དངོས་པོ་བཟུང་
ནས་ཤིང་ངོ་ཞེས་ངེས་པ་ཡིན་ལ། དོན་བྱེད་པར་ནུས་པ་ཡང་ཁྱད་པར་ཡིན་ཏེ། དེས་ན་འཇུག་པའི་ཡུལ་དུ་གྱུར་པའི་ཤིང་གི་རང་བཞིན་ནི་ཁྱད་པར་ཉིད་ཡིན་པས། དེ་ལ་ཡང་འཇུག་པར་བྱེད་པ་ནི་དེ་ཉིད་ཡིན་ནོ། །དེའི་ཤིང་ཤ་པ་ཉིད་ཀྱི་ཁྱད་པར་མེད་ན་མི་འབྱུང་བ་ངེས་པ་ནི་
གཞན་ལས་ཡིན་ནོ། །ཇི་ལྟར་ཐུན་མོང་དུ་གྱུར་པའི་ཤིང་ཉིད་ནི་ཁྱད་པར་གྱི་བདག་ཉིད་ཁོ་ནས་དོན་བྱེད་པ་ཡིན་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ཐུན་མོང་བ་སྐད་ཅིག་མ་ཉིད་ཀྱང་། སྔོན་པོ་ལ་སོགས་པ་ཉིད་ཀྱི་རང་བཞིན་གྱིས་དོན་བྱེད་པ་ཡིན་ནོ། །དེ་ནས་གལ་ཏེ་མངོན་
སུམ་གྱིས་སྐད་ཅིག་མ་ཉིད་གཟུང་བ་མ་ཡིན་ན་ནི་སྔོན་པོ་ལ་སོགས་པ་ཉིད་ཀྱི་མཐར་ཐུག་པས་དེ་ལ་ཚད་མར་འགྱུར་ཏེ། སྔོན་པོ་ལ་སོགས་པ་ཉིད་ཀྱིས་དོན་བྱེད་པའི་ཕྱིར་རོ། །ཁྱད་པར་འཛིན་པ་ནི་སྔོན་པོ་ལ་སོགས་པ་དོན་བྱེད་པ་མཐོང་བ་ན་ཐུན་མོང་དུ་གྱུར་པ་སྐད་ཅིག་མ་ཉིད་ལ་
སོགས་པ་ངེས་པ་མ་ཡིན་པ་དེའི་མཐར་ཐུག་པས་ཚད་མ་མ་ཡིན་ཏེ། མཐོང་བའི་དངོས་པོ་ལ་སོགས་པ་ཁོ་ནས་དོན་བྱེད་པ་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་སྤྱིའི་ངོ་བོས་དོན་བྱ་བ་བྱེད་པ་གཟུང་བ་ནས་ཁྱད་པར་གྱི་མཐར་ཐུག་པ་ནི་ཚད་མ་ཉིད་གཞན་ལས་ངེས་པར་བྱ་བ་ཡིན་ནོ། །

ཁྱད་པར་གཟུང་བ་ན་ཡང་སོ་སོར་སྣང་བའི་སྟོབས་ཀྱིས་སྤྱི་ངེས་ན་ནི་དེ་ལ་ཚད་མ་ཡིན་ཏེ། དཔེར་ན་ཤིང་ཉིད་ལ་ཤིང་ཤ་པ་འཛིན་པ་བཞིན་ཏེ། གཞན་དུ་ནི་ཚད་མ་མ་ཡིན་ནོ། །སྐད་ཅིག་མ་ཉིད་ནི་དེ་ལྟར་ཁྱད་པར་མ་ཡིན་ཞིང་། ཁྱད་པར་སྣང་བ་ལས་ངེས་པ་ཡང་མ་ཡིན་ཏེ། དེའི་
ཕྱིར་དེ་འདྲ་བ་ནི་ཚད་མ་གཞན་ཁོ་ནས་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་རེག་པ་ལ་སོགས་པ་ལྷན་ཅིག་རྒྱུ་བ་ཐ་དད་པ་ལ་ཡང་བལྟ་བར་བྱའོ། །དོན་བྱེད་པའི་ཤེས་པ་འབའ་ཞིག་ལས་ངེས་པ་ནི་མ་ཡིན་ཏེ། འོན་ཀྱང་གང་མེད་ན་མི་འབྱུང་བའི་དོན་འགའ་ཞིག་མཐོང་བ་ལས་ཀྱང་
ཡིན་ནོ། །རྣམ་པ་འདི་ལྟ་བུའི་ཐེ་ཚོམ་ནི་ཐམས་ཅད་ཀྱང་སྣང་བའི་རང་བཞིན་ངེས་པའི་འོག་རོལ་དུ་ཡིན་ཏེ། དེ་མ་ངེས་ན་ཡུལ་དེ་ལ་འཛིན་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ཐེ་ཚོམ་ནི་མངོན་སུམ་གྱི་བྱ་བ་ངེས་པ་ལ་ཡིན་ཏེ། རྣམ་འགྲེལ་ལས། མངོན་སུམ་
གྱི་བཟུང་བ་དང་མ་བཟུང་བ་ནི་སྣང་བའི་དབང་གིས་ཡིན་ནོ་ཞེས་བཤད་དོ། །སྣང་བ་ཡང་རང་ཉིད་ངེས་པའི་རང་བཞིན་དེ་ཁོ་ན་བཞིན་དུ་ངེས་པའི་ཕྱིར་མེད་ན་མི་འབྱུང་བའི་ཐེ་ཚོམ་ནི་ཕྱི་ནས་འབྱུང་བས་མངོན་སུམ་གྱི་བྱ་བ་མི་འགོག་གོ། །དེ་ཉིད་ཀྱི་ཕྱིར་དོན་བཞིན་དུ་རང་ཉིད་ལས་
ཉམས་སུ་མྱོང་བ་ངེས་པའི་དོན་མེད་ན་མི་འབྱུང་བ་ཞེས་བྱ་བའི་རང་གི་ངོ་བོ་ལ་ཡང་མངོན་སུམ་དེ་ཉིད་ཚད་མ་ཡིན་ནོ། །གཞན་ལས་ནི་ཕྱིས་འབྱུང་བའི་ཐེ་ཚོམ་སེལ་བ་འབའ་ཞིག་ཏུ་ཟད་དོ། །འདི་ལྟར་ཤེས་པ་ཕྱི་མ་གང་ཡིན་པ་དེས་ནི་ཤེས་པ་སྔ་མ་འཛིན་པ་མ་ཡིན་ནོ། །
རྟགས་ཀྱང་མ་ཡིན་ཏེ། དེ་སྐྱེས་པ་ཙམ་གྱིས་ཐེ་ཚོམ་སེལ་བའི་ཕྱིར་དང་། ཁྱབ་པ་དྲན་པ་མེད་པའི་ཕྱིར་རོ། །གཞན་དུ་ན་ཉམས་སུ་མྱོང་བའི་ཡུལ་གྱི་ཤེས་པའི་གསལ་བ་ཤེས་པ་ཕྱི་མས་ཚད་མར་རྗེས་སུ་དཔག་པའི་ཕྱིར་ཡུལ་ཉམས་སུ་མྱོང་བ་ལས་མ་གཏོགས་པ་ཞེས་མི་
གསུང་བར་འགྱུར་རོ། །དེའི་ཕྱིར་སྣང་བ་ངེས་པས་མངོན་སུམ་གྱི་བྱ་བ་རྫོགས་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་སྣང་བའི་དབང་གིས་ཡུལ་རྣམ་པར་འཇོག་པ་མ་ཡིན་ཏེ། འོན་ཀྱང་ངེས་པའི་དབང་གིས་ཏེ། རྣམ་འགྲེལ་ལས། ངེས་པ་རྣམས་ཀྱིས་མ་ངེས་གང་། །ཞེས་

བསྟན་ཏོ། །དེ་ལ་རྟགས་མེད་པའི་རྣམ་པར་རྟོག་པ་ཐམས་ཅད་ནི། ངེས་པར་བྱེད་པ་མེད་པའི་ཕྱིར་གཞན་དུ་དོགས་པ་མ་བཟློག་པས་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ཡང་མ་ངེས་པར་དོན་ཡོད་པར་ཞེན་པ་ཡིན་ལ། དེ་འདྲ་བའི་དོན་ཡང་མེད་པས་ཐོབ་པར་
བྱེད་པ་མ་ཡིན་ནོ། །རྟགས་ལས་སྐྱེས་པ་ནི་དངོས་པོའམ་དངོས་པོ་མེད་པ་གཅིག་ཏུ་ངེས་པར་སྟོན་པ་ཡིན་ལ། དེ་ཡང་ཐོབ་པར་ནུས་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་ཚད་མའི་བྱ་བ་ནི་མེད་ན་མི་འབྱུང་བ་མཐོང་བ་ལས་ཐོབ་པར་བྱ་བའི་དོན་བསྟན་པ་ཡིན་ཞིང་མངོན་སུམ་གྱི་
བྱ་བ་ནི་སྣང་བ་ངེས་པར་བྱེད་པ་ཉིད་ཡིན་ནོ། །ཐེ་ཚོམ་ནི་དེའི་བྱ་བ་དང་འགལ་བ་མ་ཡིན་གྱི། འོན་ཀྱང་སྒྲོ་འདོགས་པ་ཡིན་ནོ། །རྣམ་འགྲེལ་ལས། གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་གང་བཤད་པ་ཡིན་ནོ། །དེས་ན་གོམས་
པ་མ་ཡིན་པ་ནི་ཚད་མ་མ་ཡིན་པ་ལ་འཇུག་པ་ཡིན་ནོ་ཞེས་གང་བཤད་པ་དེ་ནི་མ་འབྲེལ་པ་ཡིན་ཏེ། ཚད་མར་མ་ངེས་པ་ལས་ཞེས་བརྗོད་པར་བྱ་བ་ཡིན་ནོ། །གང་དུ་གཞན་ལས་ཚད་མ་ཡིན་པ་དེ་ལ་འཇུག་པ་དང་གཉིས་ཕན་ཚུན་བསྟན་པའི་ཉེས་པ་ནི་ཡོད་པ་མ་ཡིན་ཏེ། ཐེ་ཚོམ་ལས་
ཀྱང་འཇུག་པའི་ཕྱིར་རོ། །གང་ཡང་ཉེ་བའི་དངོས་པོ་ལ་མི་སླུ་བ་ལས་དབང་པོ་སྐྱོན་མེད་པར་ངེས་ཤིང་། དེས་ན་ཚད་མ་ཉིད་དུ་ངེས་པ་ཁོ་ན་ལ་འཇུག་པ་ཡིན་ནོ་ཞེས་བརྗོད་པ་དེ་ནི་ཡང་དག་པ་ཉིད་མ་ཡིན་ཏེ། ཟླ་བ་གཉིས་སུ་སྣང་བའི་དུས་ན་ཡང་ནམ་མཁའ་དྲི་མ་མེད་པ་ལ་
སོགས་པ་ལ་མི་སླུ་བའི་ཕྱིར་ཏེ། ཡུལ་ངེས་པ་ལ་འཁྲུལ་པའི་ཕྱིར་རོ། །གང་ཡང་འཇིག་རྟེན་རྒྱང་འཕེན་པ་ལ་རྗེས་སུ་དཔག་པ་ཚད་མ་ཉིད་དང་། ཕ་རོལ་དང་རྣམ་པར་ཤེས་པར་སྨྲ་བ་དག་ལ་ཡང་ཚད་མ་ཁྱད་པར་མེད་པར་བརྗོད་པའི་དོན་དུ། འདི་དག་གིས་དོན་ཡོངས་སུ་
བཅད་ནས་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་གཉི་ག་ཡང་མ་འབྲེལ་བ་ཡིན་ཏེ། འཇིག་རྟེན་རྒྱང་འཕེན་པ་དང་རྣམ་པར་ཤེས་པར་སྨྲ་བའི་དབང་དུ་བྱས་པ་ནི་འཆད་པར་འགྱུར་བའི་ཕྱིར་རོ། །རབ་ཏུ་བྱེད་པ་འདིར་གང་ཅུང་ཟད་བཤད་པ་དེ་ཐམས་ཅད་རྣམ་པར་ཤེས་པར་

སྨྲ་བ་ལ་ཡང་སྦྱར་བར་བྱ་བ་མ་ཡིན་ཏེ། དོན་གྱི་མཐུ་ཡིས་ནི། ཡང་དག་སྐྱེ་བ་ཡིན་ཕྱིར་རོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པར་ཤེས་པར་སྨྲ་བའི་ཚུལ་དང་མཐུན་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་གཉིས་ཞེས་གྲངས་ངེས་པ་མ་བཟོད་ནས་གལ་ཏེ་ཞེས་སྨྲས་ཏེ། མངོན་
སུམ་དང་རྗེས་སུ་དཔག་པ་དག་ལས་གཞན་པའི་ཚད་མ་ཡང་ཁས་བླང་བའོ། །སྒྲས་བསྐྱེད་པ་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་གྱི་ཤེས་པ་ནི་སྒྲའི་ཚད་མ་སྟེ། མངོན་སུམ་དོན་མིན་དངོས་པོ་ལ། །སྒྲ་ལས་སྐྱེས་པའི་ཤེས་པ་གང་། །ཞེས་གང་བརྗོད་པ་ཡིན་ནོ། །
ལྐོག་ཏུ་གྱུར་པ་ལ་འདྲ་བར་ཡོངས་སུ་གཅོད་པ་ཡང་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མན་མཐོང་བ་ལས་སྲོག་ཆགས་འདི་དང་འདྲ་བ་ནི་བ་ལང་ངོ་ཞེས་ལྐོག་ཏུ་གྱུར་པའི་བ་ལང་ལ་འདྲ་བར་འཛིན་པའོ། །སོགས་པ་སྨོས་པས་ནི་དོན་གྱིས་གོ་བ་དང་། དངོས་པོ་མེད་པ་ཡང་
གཟུང་ངོ་། །སྒྲ་ལ་སོགས་པ་འདི་དག་ནི་གཞལ་དུ་ཁོང་དུ་ཆུད་པའི་ཕྱིར་ཚད་མ་ཉིད་ཡིན་ན། ངེས་པ་དེ་གང་ལས་ཤེ་ན། ཚད་མ་ཞེས་སྨོས་ཏེ། ཁོ་བོ་ཅག་སྒྲའམ་ཉེ་བར་འཇལ་བ་ཞེས་བྱ་བའི་མིང་ལ་ནི་རྩོད་པར་མི་བྱེད་དོ། །འདི་དག་གི་ནང་ན་ཡང་ཚད་མ་ཡིན་པ་ནི་འདི་
གཉིས་ཁོ་ནའི་ནང་དུ་འདུ་ལ། གང་ཡང་ནང་དུ་མི་འདུ་བ་དེ་ནི་ཚད་མ་མ་ཡིན་ཏེ། དེས་ན་ཚད་མ་རྣམ་གཉིས་ཁོ་ནའོ། །ཅི་ལྟར་བསྟན་པའི་དོན་ཐོབ་པར་བྱེད་པའི་སྐྱེས་བུ་མི་སླུ་བར་བྱེད་པ་ནི་ཚད་མ་ཞེས་གྲགས་པ་དེ་བཞིན་དུ། ཤེས་པ་ཡང་བསྟན་པའི་དོན་ཐོབ་པར་བྱེད་
པ་མི་སླུ་བ་ནི་ཚད་མ་ཡིན་ནོ། །ཡང་དག་པའི་ཤེས་པ་ཡང་མི་སླུ་བ་ཉིད་ལ་བརྗོད་དེ། དེས་ན་ཐ་དད་པ་མེད་པས་ཡང་དག་པའི་ཤེས་པའི་སྐབས་སུ་ཚད་མ་ཞེས་བཤད་དོ། །དེ་ནི་འདི་ལྟར་གཞན་ཡིན་ན་ནི་ཚད་མ་མ་ཡིན་ལ། ཚད་མ་ཡིན་ན་ཡང་གཞན་མ་ཡིན་ནོ་ཞེས་
དམ་བཅས་པ་ཡིན་ནོ། །གཞལ་བྱའི་རང་བཞིན་ཡོངས་སུ་བཅད་པའི་དངོས་པོ་ཐོབ་པར་བྱེད་པ་ནི་ཚད་མར་བརྗོད་ལ། གཞལ་བྱ་ཡང་ཚད་མའི་ཡུལ་ཡིན་པའི་ཕྱིར་ཚད་མ་ལ་ཡུལ་དང་ལྡན་པས་ཁྱབ་པོ། །དེས་ན་གང་ཡུལ་དང་ལྡན་པ་མ་ཡིན་པ་དེ་ནི་ཚད་མ་མ་

ཡིན་ཏེ། དཔེར་ན་ནམ་མཁའི་ཨུཏྤ་ལ་བཞིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་གཞན་པའི་ཤེས་པ་ཡང་ཡུལ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པའོ། །དེ་བཞིན་དུ་ཚད་མའི་དབྱེ་བ་ནི་ཡུལ་གྱི་དབྱེ་བ་ལས་ཡིན་ཏེ།
གང་གི་ཕྱིར་ཚད་མའི་དབྱེ་བ་ནི་རྒྱུ་མཚན་དང་ལྡན་པ་ཡིན་ཏེ། རྒྱུ་མཚན་མེད་པ་ཉིད་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མཚན་གཞན་ཡང་མི་འཐད་པའི་ཕྱིར་ཕ་རོལ་གྱིས་ཀྱང་ཚད་མ་རྣམས་ནི་ཡུལ་གྱི་དབྱེ་བ་ལ་བརྟེན་པ་ཡིན་ནོ། །ཡུལ་ལ་ལྟོས་ནས་ཀྱང་ཚད་མའམ་
ཚད་མ་མ་ཡིན་པའི་ཕྱིར། ཡུལ་ལ་ལྟོས་པ་ཁོ་ནས་དེ་དབྱེ་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཚད་མའི་དབྱེ་བའི་རྒྱུ་མཚན་ནི་ཡུལ་གྱི་དབྱེ་བ་ཙམ་ཡིན་པའི་ཕྱིར་དེའི་དབྱེ་བས་ཁྱབ་པ་ཡིན་ནོ། །དེས་ན་གང་ཞིག་མངོན་སུམ་དང་རྗེས་སུ་དཔག་པའི་དོན་ལས་ཐ་དད་པའི་ཡུལ་ཅན་
མ་ཡིན་པ་དེ་ནི་དེ་དག་ལས་གཞན་པའི་ཚད་མ་མ་ཡིན་ཏེ། དཔེར་ན་མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ཉིད་མངོན་སུམ་དང་རྗེས་སུ་དཔག་པ་གཞན་ལས་སམ། དཔེར་ན་འཁྲུལ་པའི་ཤེས་པ་བཞིན་ནོ། །ཚད་མ་ལ་ཡང་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བའི་དོན་
ལས་ཐ་དད་པའི་གཞལ་བྱ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་དོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་འདིར་གཟུང་བའི་ཡུལ་གྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། རྗེས་སུ་དཔག་པའི་ཡུལ་མེད་པའི་ཕྱིར་རོ། །འཇུག་པའི་ཡུལ་
ཡང་ཡོད་པ་དང་མེད་པའོ། །དེ་ལས་གང་ཐོབ་པར་ནུས་པའི་ཡོད་པ་དེ་ཉིད་ཚད་མའི་ཁྱབ་པར་བྱེད་པར་ཉེ་བར་གནས་པའི་ཡུལ་དུ་འདོད་དོ། །མི་དམིགས་པ་ཡང་མེད་པ་སྒྲུབ་པར་བྱེད་པ་ནི་དགག་པར་བྱ་བས་སྟོང་པའི་ས་ཕྱོགས་ལ་སོགས་པས་བསྡུས་པ་ཐོབ་པར་བྱ་བ་
ཉིད་སྟོན་པར་བྱེད་དོ། །མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡང་ཐ་སྙད་དུ་རུང་བ་ཡིན་པའི་ཕྱིར་ཐོབ་པར་བྱ་བའི་ཡུལ་ཉིད་དོ། །གང་ཡང་མངོན་སུམ་མ་ཡིན་པ་སྟེ། ཐོབ་པར་ནུས་པའི་ཡུལ་མངོན་སུམ་མ་ཡིན་པའི་དོན་དེ་ནི་འདྲ་བའི་བདག་ཏུ་སྟེ། དཔེ་ལ་མཐོང་བ་

དང་ཐུན་མོང་དུ་རྟགས་ཀྱིས་རྗེས་སུ་འགྲོ་བའི་ཚུལ་གྱིས་རྟོགས་ལ་དེ་ཡང་འགྲེལ་པ་གཞན་ལས་འགྱུར་བ་ཡིན་ནོ། །རྟོགས་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་མངོན་སུམ་མ་ཡིན་པའི་དོན་དེ་རྣམ་པ་གཅིག་ཉིད་དུ་སྤྱིའི་ཚུལ་ཉིད་ཀྱིས་རྟོགས་ལ། དེ་ཡང་རྗེས་སུ་
དཔག་པ་ཡིན་ཏེ། དེའི་ཕྱིར་ཡུལ་གཞན་མེད་པས་ཡུལ་ཅན་གྱི་ཚད་མ་ཡང་གཞན་མེད་དེ། དེས་ན་གཏན་ཚིགས་གྲུབ་པའི་ཕྱིར་ཚད་མ་གཉིས་ཁོ་ནའོ། །གལ་ཏེ་འདི་སྙམ་དུ་དེ་ལྟ་ན་ཡང་དོན་གང་ཞིག་རྣམ་པ་དུ་མར་རྟོགས་པར་འགྱུར་བ་དེ་ནི་ཡུལ་གཞན་ཡིན་ལ། གཞན་གྱི་
ཡུལ་ཅན་ཡང་ཚད་མ་ཉིད་ཡིན་ནོ་ཞེས་དོགས་ན། དོན་ནི་རྣམ་པ་གཉིས་ཉིད་དེ་མངོན་སུམ་དང་ལྐོག་ཏུ་གྱུར་པའོ་ཞེས་སྨོས་སོ། །འདིས་ནི་འདི་སྐད་དུ་མངོན་སུམ་དང་མངོན་སུམ་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་མངོན་སུམ་མ་ཡིན་པ་ལས་གཞན་པའི་དོན་
ནི་མངོན་སུམ་ཉིད་དོ་ཞེས་སྟོན་པར་བྱེད་དོ། །གང་ཅུང་ཟད་མངོན་སུམ་མ་ཡིན་པ་དེ་ཁོ་ན་ཚད་མའི་ཡུལ་ཉིད་ནི་མ་ཡིན་གྱི། འོན་ཀྱང་དོན་བྱེད་པར་ནུས་པའི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་མངོན་སུམ་མ་ཡིན་པའི་སྒྲའི་དོན་ལྐོག་ཏུ་གྱུར་པར་བརྗོད་དོ། །མདོ་ལས་
ནི་གང་མངོན་སུམ་མ་ཡིན་པ་དེ་ནི་མངོན་སུམ་ཉིད་དོ་ཞེས་ཕན་ཚུན་སྤངས་ཏེ་གནས་པར་བརྗོད་པའི་དོན་དུ་མངོན་སུམ་མ་ཡིན་པ་ཞེས་སྨོས་སོ། །འདི་སྙམ་དུ་རྣམ་པ་དུ་མར་རྟོགས་པར་འགྱུར་བ། མངོན་སུམ་གང་ཡིན་པ་ཉིད་ལ་ཚད་མ་གཞན་གྱི་གོ་སྐབས་ཡོད་པར་འགྱུར་རོ་ཞེས་
དོགས་པ་ལ། མངོན་སུམ་གྱི་འཛིན་པའི་རྣམ་པ་ངེས་པར་བསྟན་པའི་ཕྱིར་དེ་ལ་ཞེས་སྨོས་ཏེ། ཤེས་པའི་སྣང་བ་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མཐུན་པ་རྟོགས་པར་བྱེད་པའི་དོན་གང་ཡིན་པ་དེ་ནི་མངོན་སུམ་མོ་ཞེས་སྦྱར་རོ། །འདིར་ཡང་རྒྱུ་དང་འབྲས་
བུའི་དངོས་པོ་ཙམ་ནི་ཤེས་པའི་སྣང་བ་གང་ཞིག་ཡོད་པ་དང་། མེད་པ་དག་གི་རྗེས་སུ་མཐུན་པ་ཞེས་བྱ་བ་དེ་ཙམ་གྱིས་རྟོགས་པར་འགྱུར་རོ། །རྗེས་སུ་མཐུན་པར་བྱེད་པ་ཞེས་སྦྱོར་བར་བྱེད་པ་པོའི་དོན་བརྗོད་པ་ནི་རྒྱུ་དུ་མ་ཉིད་ན་ཡང་སོ་སོར་སྣང་བ་གང་གི་གཞན་གྱི་དབང་དུ་གྱུར་པ་

དེ་མངོན་སུམ་ཡིན་ནོ་ཞེས་ཅི་ནས་ཀྱང་རྟོགས་པར་བྱ་བའི་ཕྱིར་རོ། །གཞན་གྱི་དབང་དུ་གྱུར་པའི་སྦྱར་བར་བྱ་བ་ནི་དབང་པོ་ལ་སོགས་པ་ཡོད་ཀྱང་མི་འབྱུང་ལ། དོན་ཡོད་ན་འབྱུང་བ་ཉིད་ཀྱི་ཕྱིར་དེ་ཡོད་པ་ཙམ་གྱིས་འབྱུང་བ་ཉིད་སོ་སོར་སྣང་བ་དེ་ལ་རག་ལས་
པ་ཡིན་གྱི། དབང་པོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་ལས་ནི་དེ་དང་འདྲ་བ་ཉིད་ཅེས་དེ་དོན་གྱིས་བྱས་པར་བརྗོད་དོ། །དོན་གྱི་བདག་ཉིད་དུ་ཞེན་པས་དོན་གྱི་ཕྱོགས་སུ་གཞག་པའི་ཕྱིར་ཡང་དེ་དང་འབྲེལ་བ་ཡིན་ཏེ། དེས་ན་དོན་མངོན་སུམ་ཡིན་གྱི། གང་ལ་སོ་
སོར་སྣང་བ་རྣམ་པ་གཉིས་མ་འབྲེལ་པའི་དབང་པོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །སྔོན་པོ་མ་ཡིན་པ་ལས་ལྡོག་པའི་རང་བཞིན་ནི་མངོན་སུམ་ཡིན་གྱི་སྐད་ཅིག་མ་ཉིད་ནི་མ་ཡིན་ནོ། །རང་བཞིན་གང་གིས་སྣང་བ་ངེས་པའི་དོན་གྱི་རང་བཞིན་དེ་ནི་མངོན་སུམ་ཡིན་ཏེ། ངེས་པ་ནི་དེ་དང་
འབྲེལ་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་ཀྱིས་ནི་སྣང་བ་ངེས་པ་མ་ཡིན་ནོ། །ཐོབ་པར་བྱ་བ་ཡང་འདིར་འཇུག་པའི་ཡུལ་ཉིད་ལ་ངེས་པར་བརྟག་པར་བྱ་བ་ཡིན་ལ་འཇུག་པའི་ཡུལ་ཡང་ངེས་པ་ཉིད་ཡིན་ནོ། །སྐད་ཅིག་མ་ཉིད་ནི་དངོས་པོ་ལ་སྣང་དུ་ཟིན་ཀྱང་ངེས་པ་མ་ཡིན་ནོ། །
དེས་ན་ཚད་མ་གཞན་གྱིས་ངེས་པར་བྱ་བ་ཡིན་ནོ། །སྨིག་རྒྱུའི་རང་བཞིན་མཚན་ཉིད་གཟུང་དུ་ཟིན་ཀྱང་ཤེས་པའི་སྣང་བ་ལ་སྨིག་རྒྱུའི་རང་བཞིན་དུ་མ་ངེས་པའི་ཕྱིར་སྨིག་རྒྱུའི་མངོན་སུམ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་གཞན་དག་ཀྱང་ཤེས་པར་བྱའོ། །སྣང་བ་རྗེས་སུ་འགྲོ་བ་དང་ལྡོག་
པའི་རྗེས་སུ་འཇུག་པའི་མངོན་སུམ་འདི་ཉིད་ཀྱང་རྟོགས་པར་བྱེད་པ་ལ་ལྟོས་པ་ཡིན་ལ། ཤེས་པའི་རང་བཞིན་གྱིས་རྟོགས་པར་བྱེད་པའི་སྣང་བ་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འཇུག་པའི་དོན་དེ་རྟོགས་པའི་རྣམ་པ་ནི་འདི་ཡིན་གྱི་གཞན་ནི་མེད་དོ། །སྣང་བ་དོན་གྱི་རྗེས་སུ་
འགྲོ་བ་དང་ལྡོག་པའི་རྗེས་སུ་འཇུག་པའི་ཤེས་པ་ལ་ཡང་ཐམས་ཅད་མངོན་སུམ་ཡིན་ཏེ། གཞལ་བྱ་མངོན་སུམ་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གང་ཞིག་ཚད་མ་དུ་མའི་ཡུལ་དུ་འགྱུར་བ་མངོན་སུམ་གྱི་དོན་ལ་རྣམ་པ་དུ་མར་རྟོགས་པ་མ་ཡིན་ནོ། །སྣང་བ་སྨོས་པ་ནི་ཤེས་པའི་རྒྱུ་

ཐམས་ཅད་མངོན་སུམ་ཡིན་པ་བཟློག་པའི་དོན་དུའོ། །སྣང་བ་མ་སྨོས་ན་ནི་ཤེས་པ་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འཇུག་པ་དེ་མངོན་སུམ་ཡིན་པའི་ཕྱིར། དབང་པོ་ལ་སོགས་པ་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །སྣང་བ་སྨོས་ན་ནི་ཤེས་པའི་ཁྱད་པར་ལ་བརྟེན་པར་
འགྱུར་ལ། ཁྱད་པར་ཡང་ཤེས་པ་ལ་བརྟེན་པའི་ལྷན་ཅིག་བྱེད་པ་སོ་སོ་ལ་ཐ་དད་པ་ཡིན་ནོ། །སྣང་བའི་མཚན་ཉིད་ཀྱི་ཁྱད་པར་དེ་ཡང་ཡུལ་ཁོ་ན་ལས་ཡིན་གྱི། དབང་པོ་དང་དེ་མ་ཐག་པ་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་ཤེས་པ་མ་སྨོས་ན་ཡང་། གང་ཅུང་ཟད་འདྲ་བར་བརྟགས་པའི་རྒྱུ་
མཚན་དེ་ཉིད་མངོན་སུམ་དུ་བརྗོད་པར་འགྱུར་ལ། ཤེས་པ་ལ་གནས་པའི་འདྲ་བའི་རྒྱུ་མཚན་ཅན་ཡང་མངོན་སུམ་ཡིན་པར་འདོད་པ་ཡིན་ནོ། །གལ་ཏེ་དངོས་པོ་ལོག་ཏུ་ཟིན་ཀྱང་རྣམ་པར་རྟོག་པའི་གནས་སྐབས་ཀྱི་དངོས་པོར་སྣང་བ་མི་ལྡོག་པའི་ཕྱིར། ལྡོག་པ་དང་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་
པའི་ཤེས་པའི་སྣང་བ་འགའ་ཡང་མེད་པ་ཉིད་མ་ཡིན་ནམ། དངོས་པོ་ཉེ་བ་ན་རྟོག་པ་མེད་པའི་ཤེས་པ་ལ་གནས་པའི་སྣང་བ་མཐོང་བ་ལ་འདི་ནི་སྔོན་པོའོ་ཞེས་ཞེན་པར་བྱེད་པ་གང་ཡིན་པའི་རྣམ་པའི་གནས་སྐབས་དེ་ཉིད་ན། སྔོན་པོ་ཉིད་དུ་ངེས་པར་ཉམས་སུ་མྱོང་སྟེ་དེའི་ཕྱིར་རྟོག་པ་མེད་པ་
དང་རྟོག་པ་དང་བཅས་པའི་ཤེས་པ་ལ་གནས་པའི་རྣམ་པ་སྔོན་པོ་ཉིད་དུ་ངེས་པར་བྱས་པ་དག་ནི་གཅིག་པ་ཡིན་ལ། གཅིག་པས་ཀྱང་དངོས་པོ་ལ་འཁྲུལ་པའི་ཕྱིར། ཇི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ལས་དངོས་པོའམ་ཤེས་པ་མངོན་སུམ་ཉིད་ཡིན་ཞེས་དོགས་པ་ལ།
དེ་ནི་ཐུན་མོང་མ་ཡིན་པའི་དངོས་པོའི་རང་བཞིན་ཏེ་ཞེས་གསུངས་སོ། །དོན་འདི་ཡིན་ཏེ་དེ་དག་ཐ་མི་དད་པ་ཞེན་པར་བྱས་པས་ནི་གཅིག་པ་མ་ཡིན་ཏེ། གང་གི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཤེས་པ་ལ་གནས་པའི་སྣང་བ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་དུ་ཉམས་སུ་མྱོང་སྟེ། འདི་ལྟར་བུམ་བཞི་དག་
ཏུ་བུམ་པ་ཉིད་དུ་ཁྱད་པར་མེད་དེ། བུམ་པ་སོ་སོ་ལ་སྣང་བ་ཁྱད་པར་ཅན་དུ་ཡང་དག་པར་རིག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་ཡུལ་གྱི་སྣང་བ་ནི་དངོས་པོ་དུ་མ་ལ་ཐུན་མོང་ཉིད་དུ་ངེས་པར་བྱེད་དེ། དངོས་པོ་གཅིག་ལ་ཡང་བུམ་པ་ལ་སོགས་པར་བརྟགས་པ་ན། རྣམ་པར་རྟོག་པའི་སྣང་བ་

ནས་སྐབས་དུ་མའི་ཐུན་མོང་ཉིད་ཡིན་ནོ། །མངོན་སུམ་གྱི་སྣང་བ་ནི་ཐུན་མོང་མ་ཡིན་པ་སྟེ། ཕྱིར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡུལ་ཉིད་ཀྱིས་དེ་དག་ཐ་དད་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཡུལ་དུ་སྣང་བས་ལྡོག་པ་དང་རྗེས་སུ་འགྲོ་བའི་རྗེས་སུ་འཇུག་པའི་དངོས་
པོ་ནི་མངོན་སུམ་མོ། །ཡུལ་དེའི་རང་བཞིན་མ་ཡིན་པ་ཐུན་མོང་དུ་སྣང་བས་དངོས་པོའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་མི་འཇུག་པའི་ཕྱིར་སྣང་བ་གཞན་དག་ཏུ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མེད་པར་རྟོགས་པ་ནི་མ་ཡིན་ནོ། །ཐུན་མོང་མ་ཡིན་པའི་དངོས་པོའི་རང་
བཞིན་ཡང་མངོན་སུམ་དུ་འདོད་དོ། །ཐུན་མོང་མ་ཡིན་པ་བརྟགས་པ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས། སྣང་བ་ཐ་དད་པ་དག་ཏུ་རྟོག་ན། དངོས་པོ་གཅིག་ཉིད་ལ་ཉེ་བ་དང་རིང་བའི་བྱེ་བྲག་གིས་ལྟ་བ་པོ་གཉིས་ཀྱི་ཤེས་པ་དག་གསལ་བ་
དང་མི་གསལ་བ་ཉིད་དུ་ཐ་དད་པར་སྣང་བ་ཡང་ཡུལ་དངོས་པོ་གཅིག་ཉིད་དུ་མི་འགྱུར་རོ། །ཅི་སྟེ་དེ་ལ་དངོས་པོ་གཅིག་ཏུ་ལྷག་པར་ཞེན་པ་ལས་ཡུལ་གཅིག་པ་ཉིད་ཡིན་ན་ནི་འདི་ལ་ཡང་ཡུལ་གཅིག་པ་ཉིད་ཡོད་པ་ཡིན་ཏེ། དངོས་པོ་གཅིག་ཏུ་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་དོགས་པ་ལ།
ཐུན་མོང་དང་ཐུན་མོང་མ་ཡིན་པར་སྣང་བ་དག་དོན་བྱེད་ནུས་པ་དང་། མི་ནུས་པ་དག་གིས་ཐ་དད་པར་བསྟན་པའི་ཕྱིར་རང་གི་མཚན་ཉིད་དོ་ཞེས་གསུངས་ཏེ། ཐུན་མོང་མ་ཡིན་པའི་དངོས་པོའི་རང་བཞིན་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་དེ། རང་བཞིན་གང་གིས་བདག་ཉིད་མཚོན་པ་དེ་ནི་རང་
གི་མཚན་ཉིད་ལ། དངོས་པོའི་བདག་ཉིད་ནི་དོན་བྱེད་ནུས་པའི་རང་བཞིན་གྱིས་མཚོན་པའི་ཕྱིར་དེ་ལ་རང་གི་མཚན་ཉིད་ཅེས་བརྗོད་དོ། །དེ་ཉིད་དེ་དོན་དམ་པར་ཡོད་པའི་དངོས་པོའི་རང་བཞིན་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། དེ་དག་སྣང་བ་ནི་དོན་བྱེད་ནུས་པ་དང་མི་ནུས་པ་དག་གིས་ཐ་དད་པ་ཡིན་ཏེ།
ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཙམ་གྱིས་ནི་མ་ཡིན་ནོ། །ཐུན་མོང་གི་ཡུལ་དུ་སྣང་བ་ནི་དོན་བྱེད་ནུས་པ་དང་བྲལ་བའི་ཡུལ་ཅན་ཡིན་ལ། གཅིག་ཤིག་ནི་དེ་ལས་བཟློག་པ་ཡིན་ནོ། །དེ་ནས་དེ་དག་ནི་ཡུལ་གཅིག་ཉིད་མ་ཡིན་ཏེ། གཅིག་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ནི་འདི་ཙམ་དུ་ཟད་པའི་

ཕྱིར་རོ། །གསལ་བ་དང་མི་གསལ་བར་སྣང་བ་དག་ནི་ཡུལ་གཅིག་པ་ཉིད་དེ། དོན་བྱེད་ནུས་པར་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་དེ་སྣང་བ་མ་ཡིན་པ་འཁྲུལ་པས་ཡུལ་དེའི་རང་བཞིན་དུ་སྣང་བའི་འཁྲུལ་པ་མ་ཡིན་པའི་ཕྱིར་མངོན་སུམ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །
ལྐོག་ཏུ་གྱུར་པའི་དོན་ཡང་རྣམ་པ་གཅིག་ཉིད་དུ་རྟོགས་པ་བསྟན་པའི་ཕྱིར། རབ་ཏུ་བྱེད་པའི་འགྲེལ་པ་གཞན་ནི་ཞེས་གསུངས་སོ། །འདི་ནི་འདི་ལྟ་བུར་གྱུར་པའི་དོན་ནི་རེ་ཞིག་མངོན་སུམ་ལ། དེའི་རང་བཞིན་དང་བྲལ་བ་གཞན་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ལྐོག་ཏུ་གྱུར་པའི་
དོན་ནི། མངོན་སུམ་སྤངས་པས་ཡོད་པ་ཉིད་ཡིན་པར་བསྟན་ཏོ། །མངོན་སུམ་དང་མངོན་སུམ་མ་ཡིན་པ་དེ་འདི་ཉིད་ཀྱང་རྟོགས་པ་པོ་གཅིག་ལ་ལྟོས་པའི་ཕྱིར་འཆོལ་པ་མ་ཡིན་ནོ། །གཞན་དེ་ཡང་རྟོགས་པར་མི་འཐད་པ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་སྣང་བའི་ཤེས་
པ་བསྐྱེད་པའི་ཕྱིར་སྒོ་ནས་དེ་ལ་རང་གི་ངོ་བོ་གང་ཡིན་པ་འཇོག་པ་སྟེ། གཏོང་བའི་ནུས་པ་དེ་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་འདིའི་རང་གི་ངོ་བོ་རྟོགས་པར་རིགས་པ་མ་ཡིན་ནོ། །གལ་ཏེ་ལྐོག་ཏུ་གྱུར་པ་ཉམས་སུ་མྱོང་བར་བྱ་བ་མ་ཡིན་དུ་ཆུག་ན་ཡང་། གཞན་མཐོང་བ་ན་མ་
མཐོང་བ་ཡང་རྟོགས་པར་འགྱུར་རོ་ཞེ་ན། གཞན་མཐོང་བ་ན་གཞན་མ་མཐོང་བ་ཡང་རྟོགས་པར་རིགས་པ་མ་ཡིན་ནོ། །ག་ལས་ཤེ་ན། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཅུང་ཟད་ཅིག་མཐོང་བ་ལ་མ་མཐོང་བ་ཐམས་ཅད་བརྟག་པར་བྱ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཧ་
ཅང་ཐལ་བར་འགྱུར་བའོ། །གལ་ཏེ་གཞན་མཐོང་བ་ན་ལྐོག་ཏུ་གྱུར་པ་བརྟག་པར་མི་རིགས་པ་ཡིན་ནོ། །འོ་ན་ནི་རྗེས་སུ་དཔག་པ་ཡང་ཚད་མ་ཉིད་དུ་མི་འགྱུར་ཏེ། དེ་ཡང་ལྐོག་ཏུ་གྱུར་པ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་དོགས་ན། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
མཐོང་བ་གཞན་དེ་མེད་ན་མི་འབྱུང་བ་ཉིད་ཡིན་ན་སྟེ། མི་འཁྲུལ་པ་ཉིད་ཡིན་ནའོ། །སྐབས་ཀྱི་རྟོགས་པར་བྱ་བ་ལྐོག་ཏུ་གྱུར་པའི་དོན་ནི་འབྲེལ་པ་ཅན་དུ་ཤེས་པར་བྱས་ཏེ། རྟོགས་པར་བྱ་བ་ལྐོག་ཏུ་གྱུར་པའི་དོན་ལ་མི་འཁྲུལ་པའི་དོན་མཐོང་བ་ལས་ནི་རྟོགས་པར་རིགས་པ་ཡིན་ནོ། །

ཁྱད་པར་འདི་ཉིད་བསྟན་པའི་དོན་དུ་ཡང་ཞེས་སྨོས་སོ། །གལ་ཏེ་མེད་ན་མི་འབྱུང་བ་མཐོང་བ་ལས་ཀྱང་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ཡོད་པ་མ་ཡིན་ཏེ། དངོས་པོ་འདི་ཐམས་ཅད་ནི་དངོས་པོ་གཞན་གྱི་འབྲས་བུ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོར་མ་གྲུབ་པ་ལ་
ལྐོག་ཏུ་གྱུར་པའི་དོན་དུ་རྟོགས་པ་ནི་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་མཐོང་བའི་དོན་གཞན་དེ། བཙོ་བ་དང་བསྲེག་པ་ལ་སོགས་པའི་དོན་བྱེད་པ་ཇི་ལྟ་བུའི་རྣམ་པ་དང་འབྲེལ་པ་གྲུབ་པ་སྟེ། རབ་ཏུ་གྲུབ་པ་དེ་ལྟ་བུའི་རྣམ་པ་ཉིད་དཔེ་ལ་
མཐོང་བ་དང་འདྲ་བར་ཕྱོགས་གང་དུ་དངོས་པོ་གཞན་དེ་མཐོང་བའི་ཕྱོགས་དེར་ཉེ་བ་ཉིད་དུ་གོ་བར་བྱེད་དེ། ཁོང་དུ་ཆུད་པར་བྱེད་ཀྱི་རང་གི་ངོ་བོ་མཐོང་བར་བྱེད་པ་ནི་མ་ཡིན་ནོ། །རྣམ་པ་འདིས་ཀྱང་ཚུལ་གསུམ་བསྟན་ཏེ། རྟགས་སུ་གྱུར་པའི་དངོས་པོ་དེ་གང་དུ་མཐོང་ཞིང་ཚད་མས་ཡུལ་དུ་
བྱས་པ་དེར་བསྒྲུབ་པར་བྱ་བའི་དོན་ཉེ་བ་ཉིད་དུ་གོ་བར་བྱ་བ་དེ་ཉིད་དེ་དག་གི་ཆོས་ཅན་ཡིན་ནོ། །གྲུབ་པ་སྨོས་པས་ཀྱང་རྗེས་སུ་འགྲོ་བ་དང་ལྡོག་པའི་རང་བཞིན་འབྲེལ་པ་ངེས་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེས་ན་མེད་ན་མི་འབྱུང་བ་ནི་སྒྲོན་མ་ལ་སོགས་པ་བཞིན་དུ་རང་གི་ངོ་བོ་ཉིད་ཀྱིས་གོ་བར་བྱེད་
པ་ནི་མ་ཡིན་གྱི། འོན་ཀྱང་མེད་ན་མི་འབྱུང་བ་ངེས་པར་བྱེད་པ་ཉིད་ཀྱིས་དེ་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་བརྗོད་ལ། དཔེ་ལ་མཐོང་བའི་དངོས་པོ་དང་འདྲ་བར་ལྐོག་ཏུ་གྱུར་པའི་དོན་ངེས་པ་ནི་སྤྱིའི་བདག་ཉིད་དུ་ཞེན་པ་ཡིན་ནོ། །གཞན་ཡང་གལ་ཏེ་འཇུག་པའི་ཡུལ་ནི་ངེས་པར་བྱས་པ་ཉིད་དུ་
བརྗོད་ལ། ངེས་པའི་ཡང་སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར། མངོན་སུམ་ཡང་འཇུག་པའི་ཡུལ་ལ་ལྟོས་ན་སྤྱིའི་ཡུལ་ཅན་ཉིད་ཡིན་པ་དེ་ལྟ་ན་ཡང་མངོན་སུམ་གྱི་རྗེས་ལ་བྱུང་བའི་ཞེན་པར་བྱེད་པས་དོན་དེ་རྒྱུད་གཞན་གྱིས་རང་བཞིན་གྱིས་དབེན་པར་ཡུལ་དུ་བྱེད་ལ། རྗེས་སུ་དཔག་པའི་ངེས་པས་ནི་
འཇུག་པའི་ཡུལ་དུ་གྱུར་པའི་རང་གི་མཚན་ཉིད་རྒྱུད་གཞན་ལས་ལོག་པའི་ཐ་དད་པའི་བདག་ཉིད་ཁྱད་པར་ཅན་རྣམ་པར་འཇོག་པར་མི་ནུས་ཏེ། འབྲེལ་པ་འཛིན་པའི་དུས་ན་མཐོང་བའི་དངོས་པོ་དང་མཚུངས་པའི་རང་བཞིན་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེས་ན་རང་གི་མཚན་ཉིད་ཀྱང་

འཇུག་པའི་ཡུལ་དུ་ཉེ་བར་གཞག་པ་ན། ངེས་པར་ཐ་དད་པ་རྒྱུད་གཞན་དང་ཐུན་མོང་མ་ཡིན་པ་རྣམ་པར་མི་འཇོག་པའི་ཕྱིར། རྗེས་སུ་དཔག་པ་ནི་འཇུག་པའི་ཡུལ་ལ་ལྟོས་ནས་ཀྱང་སྤྱིའི་ཡུལ་ཅན་ཡིན་ནོ། །མངོན་སུམ་ནི་ངེས་པ་ལ་ལྟོས་ནས་ཀྱང་ཁྱད་པར་གྱི་ཡུལ་ཅན་ཡིན་ནོ། །
རྒྱུད་གཞན་མེད་པའི་ཁྱད་པར་ཉིད་དུ་ཡུལ་ངེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདིར་གཟུང་བར་བྱ་བ་ལ་ལྟོས་ནས་སྤྱིའི་ཡུལ་ཅན་ཉིད་དམ་ཁྱད་པར་གྱི་ཡུལ་ཅན་ཉིད་མ་ཡིན་ཏེ། དེ་ནི་སྐབས་མ་ཡིན་པའི་ཕྱིར་རོ། །རང་གི་མཚན་ཉིད་ཡུལ་ཡིན་ན་ཡང་རྟགས་ནི་སྤྱིའི་ཡུལ་ཅན་དུ་བརྗོད་དེ། ཐ་
དད་གནས་པ་མེད་པའི་ཕྱིར། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །འདི་འདྲ་བའི་སྤྱིའི་ཚུལ་དུ་ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་རྗེས་སུ་དཔག་པ་ཡིན་ཏེ་དེས་ན་ཚད་མ་གཞན་སྲིད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་ཚུལ་དུ་དོན་རྟོགས་པ་ཡང་རྗེས་སུ་དཔག་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་
བཤད་དོ། །དེའི་ཕྱིར་ཚད་མ་གཉིས་ཁོ་ནའི་ཚད་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་འདི་འདྲ་བའི་རྟོགས་པ་རྗེས་སུ་དཔག་པ་ཡིན་དུ་ཆུག་ན་ཡང་། རྣམ་པ་གཞན་ནི་ཚད་མ་གཞན་དུ་འགྱུར་རོ་ཞེ་ན། གཞན་དུ་ན་རྟོགས་པར་མི་རིགས་པའི་ཕྱིར་རོ་ཞེས་གསུངས་ཏེ། རྣམ་པ་གཞན་དུ་ནི་ལྐོག་ཏུ་གྱུར་
པའི་དོན་མི་འཁྲུལ་པར་རྟོགས་པ་མེད་པའི་ཕྱིར་རོ། །དོན་འདི་ཡིན་ཏེ། གང་གི་ཕྱིར་དོན་ནི་རྣམ་པ་གཉིས་ཁོ་ན་སྟེ། མངོན་སུམ་དང་ལྐོག་ཏུ་གྱུར་པའོ། །མངོན་སུམ་ནི་དེ་སྣང་བ་ཉིད་ཀྱིས་རྟོགས་པར་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་ལ། དེ་ཡང་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །ལྐོག་
ཏུ་གྱུར་པ་ཡང་རྟགས་ཀྱི་རྗེས་སུ་འགྲོ་བའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། རྟགས་ལ་མི་ལྟོས་པའི་རྣམ་པར་རྟོག་པ་ནི་ཐེ་ཚོམ་ཉིད་ཡིན་པས་དེའི་ཡུལ་ཡང་ཐོབ་པར་མི་ནུས་ཏེ། གཉི་གའི་བདག་ཉིད་ཀྱང་མེད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །རྗེས་སུ་འགྲོ་བའི་ཚུལ་དུ་རྟོགས་པ་ཡང་རྗེས་སུ་
དཔག་པ་ཡིན་ནོ། །དེས་ན་ཤེས་པ་གཞན་ལ་ནི་ཐོབ་པར་བྱ་བའི་ཡུལ་འགའ་ཡང་ཡོད་པ་མ་ཡིན་ལ། ཚད་མ་ཡིན་ན་ཡང་ཡུལ་གཞན་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ལ། མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ཅན་ཉིད་ཀྱང་། དེའི་མཚན་ཉིད་

ཁོ་ན་ཡིན་པའི་ཕྱིར། ཇི་ལྟར་ན་ཚད་མ་གཞན་སྲིད་པར་འགྱུར། སྒྲ་ལས་བྱུང་བ་ལ་སོགས་པ་དག་ལས་རྣམ་པ་གཞན་དུ་རྟོགས་པ་གང་ཡིན་པ་ཡང་ཡོད་པ་མ་ཡིན་ནམ། ཅི་སྟེ་སྒྲ་ལས་རྟོགས་པ་ཡང་རྗེས་སུ་དཔག་པའི་ནང་དུ་འདུའོ་ཞེ་ན། དེ་ནི་མི་རིགས་ཏེ།
གང་གི་ཕྱིར་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ལ་བརྟེན་པ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འགྲོ་བ་དང་ལྡན་པའི་སྒྲ་དག་ལས་ལྐོག་ཏུ་གྱུར་པའི་དོན་ལ་འཁྲུལ་པ་མེད་པར་རྟོགས་པ་ནི་ཚད་མ་གཞན་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །དེའི་ཞེས་བྱ་བ་ནི་མི་བཟོད་པའི་ཚིག་སྟེ། སྒྲའི་རྟོགས་པ་རྗེས་སུ་དཔག་པའི་ནང་དུ་འདུའོ་ཞེས་བྱ་བ་གང་ཡིན་པ་འདི་མ་བཟོད་པའོ། །གང་གི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་བདག་ཉིད་ཀྱི་འབྲེལ་པ་ཁོ་ན་ནི་རྟགས་ཀྱི་མཚན་ཉིད་དེ། རང་བཞིན་མ་ཡིན་གྱི་འོན་ཀྱང་ཚུལ་
གཞན་ཡང་ཡོད་དོ་ཞེས་ངེས་པ་འགོག་པ་ཡིན་གྱི་འབྲེལ་པ་རྟགས་ཀྱི་མཚན་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི་མ་ཡིན་ནོ། །རང་བཞིན་གཞན་དེ་ཡང་གང་ཞེ་ན། གཟུང་བའི་ཆོས་དང་ལྡན་པའི་ཆོས་ཅན་ཞེས་སྨོས་ཏེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དག་གི་རྟེན་དུ་གྱུར་པའི་
ཆོས་ཅན་ལ་རྟགས་ཡོད་པ་གང་ཡིན་པའོ། །མཐོང་བ་ཞེས་བྱ་བ་ནི་མཐོང་བའི་ཡུལ་ཅན་གྱིས་ཡུལ་ཡོད་པ་སྟོན་པར་བྱེད་དོ། །མཐོང་བ་སྟེ་ཚད་མས་ཡུལ་དུ་བྱས་པའི་ཡོད་པ་ཉིད་ནི་སྒྲུབ་པའི་ཡན་ལག་ཡིན་ནོ་ཞེས་ཅི་ནས་ཀྱང་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ནི་སྒྲ་རྣམས་ལ་མེད་པའི་ཕྱིར་ལྡོག་
ཏུ་ཟིན་ཀྱང་ཚུལ་གཉིས་པོ་འདི་ལས་རྟོགས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་ཕྱོགས་ཀྱི་ཆོས་ཉིད་མེད་ཅེ་ན། གང་གི་ཕྱིར་སྐྱེས་བུ་ཆོས་ཅན་ཡིན་ན་ནི་དེ་ལ་སྒྲ་འབའ་ཞིག་ཡོད་ཀྱི་དོན་ནི་མ་ཡིན་ཏེ། གཉི་གའི་རྟེན་ཡང་ཆོས་ཅན་ཡིན་པའི་ཕྱིར་རོ། །སྒྲའི་བྱེ་བྲག་ཆོས་ཅན་ལ་སྒྲའི་
སྤྱི་གཏན་ཚིགས་ཀྱང་མ་ཡིན་ཏེ། དེ་དོན་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་ཏེ། སྒྲ་དོན་གྱི་འབྲེལ་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡིན་ལ། ཁྱད་པར་ཡང་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །སྒྲའི་སྤྱིའི་ཆོས་ཅན་ལ་སྒྲའི་ཁྱད་པར་གཏན་ཚིགས་ཀྱང་མ་ཡིན་ཏེ། དེ་ཡང་སྔ་

མ་བཞིན་དུ་བསྒྲུབ་པར་བྱ་བའི་དོན་དང་མ་འབྲེལ་པའི་ཕྱིར་རོ། །ཅི་སྟེ་ཡང་དོན་གྱི་ཁྱད་པར་ཆོས་ཅན་ལ་དོན་གྱི་སྤྱི་བསྒྲུབ་བྱར་རྟོག་པ་དེ་ལྟ་ན་ཡང་། དོན་གྱི་ཁྱད་པར་དང་སྒྲ་ལྷན་ཅིག་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་ཕྱོགས་ཀྱི་ཆོས་ཉིད་དུ་རིགས་པ་མ་ཡིན་ནོ། །
དོན་གྱི་ཁྱད་པར་གྲུབ་ན་ཡང་དོན་གྱི་སྤྱི་གྲུབ་པའི་ཕྱིར་རྟགས་ཉེ་བར་བླངས་པ་དོན་མེད་པ་ཡིན་ནོ། །དོན་གྱི་སྤྱི་ཆོས་ཅན་ཡིན་ན་ཡང་བསྒྲུབ་པར་བྱ་བ་ཁྱད་པར་དང་། རྟགས་སྒྲ་འབྲེལ་པ་མེད་པའི་ཕྱིར་རྟགས་མ་ཡིན་པ་ཉིད་དོ། །ཆོས་ཅན་ཡང་རྟགས་ཀྱི་བྱ་བའི་སྔོན་རོལ་དུ་གྲུབ་པ་ཡིན་པའི་
ཕྱིར་སྒྲ་སྦྱོར་བའི་སྔོན་རོལ་དུ་དོན་གྲུབ་ན་སྒྲ་སྦྱར་བས་ཅི་ཞིག་བྱ། མ་གྲུབ་པ་ཉིད་ཡིན་ན་ཡང་ཇི་ལྟར་ཆོས་ཅན་ཉིད་ཡིན་ན། དེའི་ཕྱིར་སྒྲ་རྣམས་ལ་ཕྱོགས་ཀྱི་ཆོས་ཡོད་པ་མ་ཡིན་ཏེ། དེས་ན་ཚུལ་གཉིས་ཀྱི་སྒྲ་ལས་དོན་འཁྲུལ་པ་མེད་པར་རྟོགས་པ་ནི་ཚད་མ་གཞན་ཡིན་ནོ་ཞེས་བྱ་བ་ནི་
གཞན་གྱིའོ། །འདིར་དཔྱད་པར་བྱ་སྟེ། འཇུག་པའི་ཡུལ་རྣམ་པར་འཇོག་པར་བྱེད་པ་ནི་ཚད་མར་འདོད་དོ། །དེ་ལ་བརྗོད་པར་བྱ་བར་འགྱུར་བའི་ཕྱི་རོལ་གྱི་དོན་དང་འབྲེལ་པ་ཡོད་དུ་ཆུག་ཀྱང་ཚིག་ལས་དོན་རྟོགས་པའི་ཤེས་པ་སྐྱེས་པ་གང་