Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 188

Văn bản gốc(Tây Tạng)

Trang 7 / 20 (50.000 ký tự/trang)
ྱིར་ཏེ་བརྡ་བྱ་བར་མི་ནུས་པའི་གཏན་ཚིགས་ཀྱི་ཕྱིར་བདེ་བ་ལ་སོགས་པ་དེ་དག་གི་བདག་རིག་པ་རིག་པར་བྱེད་པ་ཉིད་ནིའོ། །བརྗོད་པ་ནི་སྨྲ་བར་བྱེད་པའི་སྒྲ་ཡིན་གྱི། བསྟན་བཅོས་གཞན་ལས་གྲགས་

པ་ནི་མ་ཡིན་ཏེ། ཇི་སྐད་དུ། དོན་དང་ལྷན་ཅིག་ཏུ་བྱས་པའི་སྒྲ་ནི་བརྗོད་པའོ་ཞེས་བཤད་པ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་པའི་སྣང་བའོ། །དེ་གང་ལ་ཡོད་པ་ནི་ཅན་ཏེ་རིག་པ་ནི་དེ་ལྟ་བུར་གྱུར་པ་མ་ཡིན་ནོ། །དེ་ཉིད་རྣམ་པར་འབྲེལ་པ་བཤད་པ་ལ།
བརྡར་མི་ནུས་པའི་ཕྱིར་ན་ཞེས་བྱ་བ་ནི་དེའི་ཕྱིར་གྱི་སྒྲའི་འབྲེལ་པའོ། །དེས་ན་སྦྱོར་བ་ནི་གང་ཞིག་སྨྲ་བ་གང་གིས་བརྗོད་པར་བྱ་བ་བརྡ་ངེས་པར་མ་སྦྱར་བ་དེ་ནི་དེས་ཁྱད་པར་ཅན་དུ་གཟུང་བར་བྱས་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་སྒྲས་རྟ་བཞིན་ནོ། །བདེ་བ་ལ་སོགས་པའི་བདག་ཉིད་
ཀྱང་སྒྲ་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཉིད་དུ་བརྡ་ངེས་པར་མ་སྦྱར་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མེད་པའོ། །འདི་ལྟར་བརྡའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་སྒྲའི་ཁྱད་པར་ཅན་དུ་འཛིན་པ་ནི་རང་གི་ངོ་བོ་ཉིད་མ་ཡིན་ཏེ། དེའི་ཕྱིར་བརྡ་འཛིན་པས་ཁྱབ་པ་
ཡིན་པའི་ཕྱིར་འབྲེལ་པ་གྲུབ་བོ་ཞེས་ལན་མང་དུ་གཏན་ལ་ཕབ་ཟིན་ཏོ། །གང་དང་གང་ལ་བརྗོད་པ་དང་མ་འབྲེལ་པ་དེ་ལ་འདི་སྐད་ཅེས་བྱའོ། །རིག་པ་ཅན་རྣམས་ན་རེ་འདིས་རིག་པར་བྱེད་པའི་ཕྱིར་རིག་པའི་རང་བཞིན་གང་ལ་ཡོད་པ་དེ་དག་སྟེ། དེ་ལྟར་གྱུར་པ་མ་ཡིན་པའོ་
ཞེས་ཟེར་བའོ། །འདི་སྐད་དུ་གཞན་རིག་པར་བྱེད་པ་ཡིན་ན་ནི་ཤུགས་ཀྱིས་བདག་ཉིད་རིག་པར་འགྱུར་བ་ཡིན་ན། འདི་དག་ནི་རིག་པའི་རང་བཞིན་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འོ་ན་སིམ་པ་ལ་སོགས་པ་རིག་པར་འགྱུར་བ་ཇི་ལྟར་ཞེ་ན། སྨྲས་པ་ཤེས་པ་གཞན་གྱིས་
རིག་པར་བྱ་བ་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པ་ལྟར་གཟུང་བ་ནི་ཡིན་གྱི་འཛིན་པ་ནི་མ་ཡིན་ནོ། །དེ་དག་བུམ་པ་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་རང་བཞིན་ཉིད་དུ་སྣང་བར་ཐལ་ལོ་ཞེ་ན། དེ་ནི་མི་རིགས་ཏེ། རང་གི་ཕྱིར་བདེ་བ་ལ་སོགས་པ་དང་ཤེས་པ་བདག་ཉིད་གཅིག་
ལ་འདུ་བ་ཡིན་པ་དེས་ན་ཐ་དད་པ་མེད་པར་སྣང་བའི་ཕྱིར་རོ། །འདི་ཉིད་བསྟན་པའི་ཕྱིར་ཤེས་པ་ཁྱད་པར་དུ་བྱེད་དེ། གཅིག་ཀྱང་དེ་ཡིན་ལ་དོན་ཀྱང་ཡིན་པ་དེར་འབྲེལ་པའི་ངང་ཚུལ་གང་ཡིན་པ་སྟེ་ཤེས་པ་དེས་སོ། །དེ་དག་གིས་ཞེས་བྱ་བ་ནི་རྣམ་པར་འཇོག་པ་པོ་ཉིད་ཀྱིས་འབྲེལ་

པ་ཅན་ཉིད་དོ། །གང་གི་ཕྱིར་དེ་དག་གིས་དངོས་པོ་དེ་དག་རྣམ་པར་གཞག་པས་ན་རང་གི་བདག་ཉིད་དང་རྣམ་པར་འབྲེལ་པ་བྱེད་པ་ཡིན་ཏེ། དེས་ན་དེ་དང་དེ་མ་ཡིན་པའི་རང་བཞིན་ཅན་གྱི་དངོས་པོ་ནི་དེ་དག་གི་ཡིན་ནོ་ཞེས་འབྲེལ་པ་ཅན་གྱི་དངོས་པོ་ལ་ལྟོས་ནས་འབྲེལ་པ་ཅན་ཉིད་སྟོན་
པ་ཡིན་ནོ། །དེ་ཞེས་བྱ་བ་ནི་སཱ་ལུའི་མྱུ་གུའོ། །དེ་མིན་ཞེས་བྱ་བ་ནི་ནས་ཀྱི་མྱུ་གུའོ། །དེ་དང་དེ་མིན་བདག་གིས་རང་བཞིན་སཱ་ལུའི་མྱུ་གུ་དང་ནས་ཀྱི་མྱུ་གུ་དག་སྟེ། དེ་གང་དག་ལ་ཡོད་པ་དེ་དག་ནི་དེ་དང་དེ་མིན་རང་བཞིན་ཅན་ནོ། །སཱ་ལུའི་མྱུ་གུ་གཅིག་དང་རང་བཞིན་འདྲ་བའི་
སཱ་ལུའི་མྱུ་གུ་གཞན་བརྗོད་པ་ཡིན་ནོ། །དེ་བཞིན་དུ་སཱ་ལུའི་མྱུ་གུ་གཅིག་དང་རང་བཞིན་མི་འདྲ་བའི་ནས་ཀྱི་མྱུ་གུ་གཞན་ནི་དེ་མིན་རང་བཞིན་ཅན་དུ་བརྗོད་པ་ཡིན་ནོ། །སཱ་ལུའི་མྱུ་གུ་གཅིག་ལས་ཐ་དད་པར་མཚུངས་པ་ལས་སཱ་ལུའི་མྱུ་གུ་ནི་རང་བཞིན་དང་བཅས་པ་ཡིན་ལ་ནས་
ཀྱི་མྱུ་གུ་ནི་རང་བཞིན་མེད་པ་ཡིན་ནོ། །དེ་དང་དེ་མ་ཡིན་པ་ནི་དེ་དེ་མིན་ནོ། །དེ་དག་གི་རང་བཞིན་གང་ཡིན་པ་དེ་དག་ནི་དེ་དེ་མིན་དངོས་ཏེ། སཱ་ལུའི་མྱུ་གུ་དང་ནས་ཀྱི་མྱུ་གུ་ལ་སོགས་པ་གང་ཡིན་པའོ། །དེ་དག་གི་རྒྱུ་ནི་སཱ་ལུའི་དང་ནས་ཀྱི་ས་བོན་ལ་སོགས་པ་གང་ཡིན་པའོ། །དེ་དག་ལས་
སྐྱེས་པ་ནི་དེ་དེ་མིན་དངོས་རྒྱུ་ལས་སྐྱེས་སོ། །དེའི་རང་བཞིན་གཅིག་གི་རྒྱུ་གང་ཡིན་པ་དེ་དང་འདྲ་བ་ལས་སྐྱེས་པ་ནི་དེའི་རྒྱུ་ལས་སྐྱེས་པ་ཡིན་ཏེ། དེ་བཞིན་དུ་དེའི་རང་བཞིན་མ་ཡིན་པ་ལ་ཡང་སྦྱར་བར་བྱའོ། །དེ་ལ་དོན་ནི་གང་གི་ཕྱིར་དེ་དག་གི་དངོས་པོ་ཡང་དེ་དང་དེ་མ་ཡིན་པའི་རང་
བཞིན་གྱི་རྒྱུ་ལས་སྐྱེས་པར་འགྱུར་བ་དེས་ན་དེ་དང་དེ་མ་ཡིན་པའི་རང་བཞིན་དུ་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་དེའི་ཕྱིར་རོ། །བདེ་བ་ལ་སོགས་པ་ཅིའི་ཕྱིར་ཏེ་རྒྱུ་ཅིས་ཤེས་མ་ཡིན་ཏེ། བློའི་རང་བཞིན་མ་ཡིན། གང་གི་ཕྱིར་རྣམ་པར་ཤེས་པ་ལས་
ཐ་དད་པ་མེད་པའི་རྒྱུས་བསྐྱེད་པ་གང་ཡིན་པ་དེ་ནི་བློའི་རང་བཞིན་དུ་རིགས་ཏེ། དཔེར་ན་དེ་དག་གི་དངོས་པོ་རྣམ་པར་གཞག་པ་བཞིན་ནོ་ཞེས་དགོངས་པའོ། །ཚིག་ལེའུར་བྱས་པའི་དོན་ཉིད་རྣམ་པར་འགྲེལ་པ་བཤད་པ། དེ་དག་ཀྱང་ཞེས་བྱ་བ་ནི་རིག་པ་ཅན་དག་གོ། །དེ་དང་དེ་མ་ཡིན་

པ་ནི་དེ་དང་དེ་མ་ཡིན་པ་དག་སྟེ། སཱ་ལུའི་མྱུ་གུ་དང་ནས་ཀྱི་མྱུ་གུ་དག་གོ། །དེ་དག་ཉིད་ཀྱིའམ་རང་གི་ངོ་བོ་དེ་དག་ཉིད་ག་ལ་ཡོད་པ་དེ་རྣམས་ཀྱིའོ། །དེ་རང་བཞིན་ཏེ་ཡོད་པས་ན་དེའི་རང་བཞིན་ཅན་ནོ། །དེ་བཞིན་དུ་དེ་མ་ཡིན་པའི་རང་བཞིན་ཅན་ཡང་ངོ་། །དངོས་
པོ་རྣམས་ཀྱི་དེའི་རང་བཞིན་ཅན་དང་དེའི་རང་བཞིན་ཅན་མ་ཡིན་པ་ཅན་དེ་ལ་བརྒལ་ཞིང་བརྟགས་པ་ན་སྟེ་བརྩད་ཅིང་དྲིས་ནའོ། །རྒྱུའི་རང་བཞིན་ནི་ངོ་བོ་ཉིད་དེ་འབྲས་བུ་ངེས་པར་སྐྱེད་པར་རུང་བའི་མཚན་ཉིད་ལ་བརྟེན་ཏེ། འབྲས་བུ་ངེས་པར་བསྐྱེད་པའི་རྒྱུ་ཉིད་དུ་ཉེ་བར་རྟེན་ཏོ། །ཡང་ཇི་
ལྟར་རྟེན་ཞེ་ན། ངག་གི་དོན་གྱི་བདག་ཉིད་རྟེན་པའི་རྣམ་པ་བསྟན་པའི་ཕྱིར་བཤད་པ། དེའི་རང་བཞིན་གང་ཡིན་པ་དེའི་རྒྱུ་དེ་ལས་སྐྱེས་པ་ནི་དེ་ཉིད་ཀྱིའམ་རང་བཞིན་དེ་ཉིད་གང་ཡིན་པ་དེ་དག་ནི་དེའི་རང་བཞིན་ནོ། །དེ་བཞིན་དུ་དེའི་རང་བཞིན་མ་ཡིན་པའི་རྒྱུ་ལས་སྐྱེས་པ་ནི་དེའི་རང་བཞིན་
མ་ཡིན་པ་ཞེས་བྱ་བ་འདི་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ལྟ་བུ་ཞེས་བྱ་བའི་སྒྲ་ནི་འདིར་ཡང་སྦྱར་ཏེ་ངེས་ན་དོན་གྱི་འདི་ཡིན་ཏེ་ཞེས་བྱ་བ་དེ་ལྟར་སྤྱིར་རྒྱུ་ལས་འབྲས་བུའི་རང་གི་ངོ་བོ་ངེས་པར་སྨྲ་བ་ཡིན་ནོ། །དེ་ལྟར་རྒྱུའི་རང་བཞིན་ལ་རྟེན་པ་སྤྱིའི་རྣམ་པས་བརྗོད་ནས་ཁྱད་པར་དུ་བསྟན་པའི་ཕྱིར་དཔེར་ན་
ཞེས་གསུངས་སོ། །འདིས་ནི་སྤྱིར་བརྗོད་པའི་དོན་གྱི་ཡུལ་ཉེ་བར་བསྟན་པ་ཡིན་ཏེ། སྤྱིར་བརྗོད་པའི་དོན་ལྟ་བུར་ཇི་ལྟར་བལྟ་བར་བྱ་ཞེས་འདྲི་བའི་སྐབས་སུ་དཔེར་ན་ཞེས་ཉེ་བར་བླངས་པ་ཡིན་ཏེ། དོན་འདི་ལ་འདི་ལྟ་བུ་ནི་དེ་ཡིན་ནོ་ཞེས་བྱའོ། །སཱ་ལུའི་ས་བོན་ལ་སོགས་པ་གང་ཡིན་པ་དེ་དག་ལས་
སོ། །དེ་ལས་སྐྱེས་པ་གང་དག་ཡིན་པ་དེ་དག་ནི་དེས་བསྐྱེད་པ་སྟེ་སཱ་ལུའི་ས་བོན་ལ་སོགས་པས་བསྐྱེད་པའི་རང་བཞིན་ནོ། །སཱ་ལུའི་ས་བོན་ལ་སོགས་པ་དེ་དག་ལས་གཞན་དུ་གྱུར་པ་གང་ཡིན་པ་དེ་དག་ལས་ནི་གཞན་ཏེ། རང་བཞིན་མི་འདྲ་བ་སྐྱེ་བ་ཡིན་ནོ། །དཔེར་ནའི་སྒྲ་ནི་ཇི་ལྟར་འདིར་
བསྟན་པ་དེ་བཞིན་དུ་ཐམས་ཅད་དུ་བལྟ་བར་བྱའོ་ཞེས་ཉེ་བར་སྟོན་པར་བྱེད་པའི་དོན་ཏོ། །ལྟ་བུའི་སྒྲ་ནི་དེ་ལྟར་གྱི་དོན་ཏེ། །སྤྱིར་བརྗོད་པ་ནི་དེ་ལྟར་མཐོང་པའི་ཁྱད་པར་ཕ་རོལ་ལ་སྟོན་པའོ། །དེ་ལྟར་དེའི་ཕྱིར་དེ་དག་རྒྱུའི་རང་བཞིན་ལ་བརྟེན་པ་ཡིན་ནོ། །ཡང་ཇི་ལྟར་ན་རྒྱུའི་རང་བཞིན་ལ་བརྟེན་

ནས་འབྲས་བུ་རྣམ་པར་འཇོག་ཅེ་ན། གློ་བུར་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འབྲས་བུའི་དབྱེ་བ་རྒྱུའི་རང་བཞིན་གྱིས་བྱས་པར་མ་གྱུར་ན་ནི་ཚེ་གློ་བུར་འབྱུང་བ་ནི་གློ་བུར་བ་སྟེ། གློ་བུར་གྱི་སྒྲའི་ཚིག་ཕྲད་ནི་རྒྱུ་མཚན་མེད་པར་འབྱུང་བའི་དོན་ཏེ། རྒྱུ་མེད་པའོ། །
དེའི་དངོས་པོ་ནི་དེ་ཉིད་དེ། དེར་ཐལ་བར་འགྱུར་རོ། །དངོས་པོ་དེ་དང་གཞན་ལས་ཀྱང་སྐྱེ་བ་ཡིན་ན་རྒྱུ་ངེས་པ་མེད་པ་ཅན་དུ་འགྱུར་གྱི་རྒྱུ་མེད་པ་ཅན་དུ་ནི་མི་འགྱུར་བ་མ་ཡིན་ནམ། དེས་ན་རྒྱུའི་དབྱེ་བ་ལས་འབྲས་བུའི་དབྱེ་བ་ཁས་མི་ལེན་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་ཞེས་ཅིའི་
ཕྱིར་བརྗོད་ཅེ་ན། སྨྲས་པ། རྒྱུ་ངེས་པ་ཅན་ཉིད་ནི་རྒྱུ་མེད་པ་ཉིད་ཡིན་ཏེ། འདི་ལྟར་གང་ཞིག་གང་མེད་པར་འབྱུང་བ་དེ་ནི་དེའི་རྒྱུ་ཅན་མ་ཡིན་ཏེ། དཔེར་ན་དུ་བ་ཆུའི་རྒྱུ་ཅན་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་དུ་བ་མེ་དང་དངོས་པོ་གཞན་དེ་མེད་ཀྱང་འབྱུང་བའི་ཕྱིར་རྒྱུ་མེད་པ་ཅན་
ཉིད་དོ། །གཞན་ཡང་ཐ་དད་པ་དང་ཐ་དད་པ་མེད་པ་ལས་ལྡོག་པའི་དངོས་པོའི་རང་བཞིན་ངོ་བོ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་དེ་དག་རྒྱུ་མེད་པ་ཅན་ཉིད་ཡིན་ན་སྣ་ཚོགས་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་བ་དེས་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟར་གྱུར་ན་ཡང་ཡུལ་དང་དུས་དང་
རང་བཞིན་དང་དེ་དག་རྣམས་ཀྱི་ངེས་པར་དེ་མེད་པར་འགྱུར་བ་དེའི་ཕྱིར་ན་རྒྱུའི་རང་བཞིན་ལ་བརྟེན་པར་བྱའོ་ཞེས་འབྲེལ་ཏེ་གང་གི་ཕྱིར་དངོས་པོ་རྒྱུ་མེད་པ་ཅན་ཉིད་ཡིན་ན་ནི་ཡུལ་དང་དུས་ལ་ལྟོས་པར་ཡང་མི་འགྱུར་ཏེ། རྒྱུའི་རང་བཞིན་ནི་ལྟོས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་
ཏེ་མངོན་པར་འདོད་པའི་ཡུལ་དང་དུས་དག་སྤངས་ནས་གཞན་དག་ཏུ་ཡང་འདུག་པ་ཡིན་ན་དེ་ལྟ་ན་ནི་དེར་ངེས་པ་མེད་པས་དེ་ལ་མི་ལྟོས་པར་འགྱུར་བ་ཡིན་ན། ད་ལྟ་ནི་ཡུལ་དང་དུས་གཞན་སྤངས་ནས་མངོན་པར་འདོད་པའི་ཡུལ་དང་དུས་སུ་ངེས་པས་དེ་ལ་ལྟོས་པ་དང་བཅས་པ་ཡིན་ལ་དེ་ལ་
ལྟོས་པ་དང་བཅས་པ་ཉིད་ཀྱང་དེའི་རྒྱུ་ཅན་ཉིད་ཡིན་ནོ། །ཁ་ཅིག་གལ་ཏེ་དངོས་པོ་རྒྱུ་མེད་པ་ཡིན་ན་དེའི་ཚེ་ཆུ་མེའི་རང་བཞིན་ནམ་མེ་ཆུའི་རང་བཞིན་དུ་ཅིའི་ཕྱིར་མི་འགྱུར་ཞེས་རང་བཞིན་ངེས་པ་མེད་པར་སྟོན་པར་བྱེད་པ་དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་གྱུར་ན་ནི་ཆུའི་རང་བཞིན་གྱི་མེ་ནི་ཆུ་

ཉིད་ཡིན་པར་འགྱུར་རོ། །དེས་ན་བརྒལ་ཞིང་བརྟག་པའི་དོན་ནི་མེའི་ཕྱོགས་སུ་ཆུ་ཉིད་སྐྱེ་བར་ཅིའི་ཕྱིར་མི་འགྱུར་ཞེས་བྱ་བར་འདིར་འགྱུར་ལ་དོན་འདི་ཡང་ཡུལ་ངེས་པ་མེད་པ་ཉིད་ཀྱིས་རྟོགས་པ་ཡིན་ནོ། །གལ་ཏེ་གཅིག་ཉིད་སྣ་ཚོགས་སུ་ཅིའི་ཕྱིར་མི་འགྱུར་ཞེས་བྱ་
བའི་དོན་འདི་ཡིན་ན་ཡང་འདྲི་བ་འདི་ཡང་དུ་མའི་དངོས་པོ་རྒྱུ་མེད་པར་སྨྲ་བ་ལ་མི་འཐད་དེ། གང་གི་ཕྱིར་དེ་འདི་སྐད་དུ་དུ་མ་ཉིད་ནི་རྒྱུ་མེད་པ་ཡིན་གྱི། གཅིག་ནི་མ་ཡིན་ནོ་ཞེས་སྨྲ་བ་དེ་ལ་བརྒལ་ཤིང་བརྟག་པ་འདི་ཇི་སྐད་ཅེས་བྱ་བ་ཡིན། དེས་ན་འདིར་དོན་འདི་ཡིན་ཏེ། ཐ་སྙད་དུ་བྱ་བའི་
དངོས་པོ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ཅན་ཉིད་ཚོགས་པ་གཞན་ལ་གནས་པའི་ཡོན་ཏན་དང་འབྲེལ་པར་འགྱུར་ཏེ། དཔེར་ན་ཁབ་ལོང་དང་ཨ་རུ་ར་ལ་སོགས་པ་རྣམས་ལྕགས་ལེན་པ་དང་འཁྲུ་བར་བྱེད་ནུས་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་རྣམས་ཀྱང་ཅིའི་ཕྱིར་མི་འགྱུར་ཡང་དཔེར་
ན་མིག་གི་ཤེས་པས་གཟུགས་ཤེས་པར་བྱ་བ་དེ་བཞིན་དུ་སྒྲ་འཛིན་པའི་རྣ་བའི་ཤེས་པས་ཀྱང་གཟུང་བར་འགྱུར་ལ། དེ་བཞིན་དུ་སྒྲ་ཡང་རང་གི་རང་བཞིན་དུ་རྣམ་པར་གནས་པའི་མིག་གི་ཤེས་པས་གཟུང་བར་འགྱུར་ཏེ། དེ་ལྟ་ན་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་སོ་སོར་ངེས་པར་
འཛིན་པ་ཡང་འཐད་པར་མི་འགྱུར་བ་ཉིད་དོ། །དེ་བཞིན་དུ་ལྷན་ཅིག་སྤྱོད་པའི་རྫས་གཞན་དང་འབྲེལ་པ་ངེས་པ་ཡང་མི་འཐད་དེ། ཇི་ལྟར་ཙནྡན་དུ་མངོན་པར་འདོད་པའི་ཁ་དོག་དང་དབྱིབས་ཉིད་དྲོ་བའི་རེག་པ་དང་ལྷན་ཅིག་རྒྱུ་བར་འགྱུར་ལ་མེ་ཡང་གྲང་བ་དང་། འོ་ཐུག་རོ་མེད་པ་དང་།
ཆུ་མངར་བ་དང་རྗེས་སུ་འབྲེལ་པར་འགྱུར་རོ་ཞེས་དེ་ལྟར་རང་བཞིན་ངེས་པ་རྣམ་པ་གསུམ་འཐད་པར་མི་འགྱུར་རོ། །དེའི་ཕྱིར་གཞན་གྱིས་ཀྱང་འབྲས་བུའི་རབ་ཏུ་དབྱེ་བ་འདི་རྒྱུའི་རང་བཞིན་ཁོ་ནས་བྱས་པར་ཁས་བླང་དགོས་སོ། །ཚིགས་སུ་བཅད་པ་ཕྱེད་གོང་མ་བཤད་ནས་ཕྱེད་
འོག་མ་བཤད་པར་བཞེད་པས་བདེ་བ་ལ་སོགས་པ་དང་ཤེས་པ་རྒྱུ་ཐ་མི་དད་པར་སྦྱར་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡང་རྒྱུ་ཐ་དད་པའི་རྒྱུ་ནི་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེས་ན་བློ་དང་བློ་མ་ཡིན་པའི་རྒྱུད་རྣམ་པར་གནས་པའི་རྒྱུ་ཉེ་བར་ལེན་པའི་རྒྱུ་

ཉིད་ཐ་མི་དད་པར་བསྟན་པར་བྱ་བ་ཡིན་མོད་ཀྱི། འོན་ཀྱང་བདེ་བ་ལ་སོགས་པ་དང་ཤེས་པའི་ཉེ་བར་ལེན་པ་གཅིག་པ་ཉིད་ལ་དང་པོར་རྩོད་པ་དེ་ནས་འཆད་པར་འགྱུར་བ་ཁྱད་པར་མེད་པར་རྒྱུ་མཚུངས་པར་བསྒྲུབས་པའི་ཤུགས་ཉིད་ཀྱིས་ཉེ་བར་ལེན་པ་དང་ཐ་དད་པ་མེད་པར་བསྟན་
པ་བྱས་པར་འགྱུར་རོ་སྙམ་དུ་བསམས་ནས། ཚོགས་པ་ཉིད་ཐ་མི་དད་པར་སྟོན་པ་ཡིན་ནོ། །བདེ་བ་ལ་སོགས་པ་གང་ལ་ཡུལ་མེད་པར་མི་སྐྱེ་བ་གང་ཡིན་པ་དེ་དག་སྟེ། ཡུལ་མེད་ན་མི་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་བདེ་བ་ལ་སོགས་པ་ཡུལ་མེད་ཀྱང་སྐྱེ་བ་ཉིད་མ་ཡིན་
ནམ་ཞེས་དོགས་པ་ལ། བདག་ཉིད་ཇི་ལྟ་བའི་ཞེས་བྱས་པས་ཁྱད་པར་ཅན་གྱི་བདེ་བ་ལ་སོགས་པ་ཉིད་ལྡོག་པའི་སྒོ་ནས་འབྲས་བུ་ཉིད་དུ་སྟོན་པར་བྱེད་དོ། །གང་ཞིག་གང་གི་བདག་ཉིད་ཡིན་པ་ནི་བདག་ཉིད་ཇི་ལྟ་བུའོ། །འདི་སྐད་བརྗོད་པ་ཡིན་ཏེ། ཁྱད་པར་ཅན་གྱི་གཟུགས་ལ་
སོགས་པ་ལ་སོ་སོར་ངེས་པའི་བདེ་བ་ལ་སོགས་པ་རྣམས་ཀྱི་ཡུལ་དེ་དང་དེ་དག་ནི་རྒྱུར་གྱུར་པའི་བདག་ཉིད་ཡིན་ཏེ། དཔེར་ན་པི་ཝང་གི་སྒྲ་ཐོས་པ་ལས་བྱུང་བའི་ཡུལ་ནི་པི་ཝང་གི་སྒྲ་ཡིན་པ་བཞིན་ནོ། །དེ་ལ་བདག་ཉིད་ཇི་ལྟ་བའི་ཡུལ་དང་རྗེས་སུ་འབྲེལ་པའི་བདེ་བ་ལ་སོགས་པ་གང་
ཡིན་པ་རྣམས་བདག་ཉིད་ཀྱི་ཡུལ་དེ་ཚོགས་པ་མེད་པ་སྟེ། རུང་བའི་ཡུལ་དུ་མི་གནས་ན་མི་འབྱུང་བའི་རྒྱུའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཁྱད་པར་ཅན་གྱི་ཡུལ་ཅན་དུ་རབ་ཏུ་གྲུབ་པའི་བདེ་བ་ལ་སོགས་པ་རྣམས་ལྡོག་པའི་སྒོ་ནས་དེའི་འབྲས་བུ་ཉིད་དུ་བསྟན་པ་ཡིན་ནོ། །གང་ལ་དབང་པོ་ཡོད་
པ་མ་ཡིན་པ་དེ་དག་སྟེ། དེ་ལྟ་བུར་གྱུར་པ་ལ་ཡང་འབྱུང་བ་མ་ཡིན་ནོ། །ཡང་ཞེས་བྱ་བ་ནི་བསགས་པའོ། །གཟུགས་ལ་སོགས་པ་ལ་འབྲས་བུའི་དངོས་པོར་རྗེས་སུ་འབྲེལ་པ་རྗེས་སུ་འཇུག་པ་དེ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་རྣམས་ནི་བདེ་བ་ལ་སོགས་པའི་
རྒྱུ་གཟུགས་ལ་སོགས་པ་དེའི་ཡུལ་ཅན་གྱི་དབང་པོ་གང་ཡིན་པ་དེ་དག་སྟེ། དེ་ཡང་ཡིན་ལ་དབང་པོ་ཡང་ཡིན་པ་དག་སྟེ། དེ་དག་དང་བྲལ་བ་སྟེ་མེད་པ་ལ་ཞེས་མེད་པའི་ཕྱིར་རོ། །འདི་ནི་དབང་པོ་མེད་པ་ཉིད་ལ་འགོག་པའི་གཏན་ཚིགས་སོ། །དབང་པོ་ཡང་དེ་ཡིན་ལ་ཉམས་པ་མེད་

པ་ཡང་ཡིན་པ་དེ་ཉེ་བར་གནས་པ་ནི་ཡོད་པ་དང་མངོན་དུ་ཕྱོགས་པ་སྟེ། མངོན་དུ་ཕྱོགས་པར་མ་གྱུར་ན་ནི་ལྟ་བར་འདོད་ཀྱང་མིག་གིས་གཟུགས་མི་མཐོང་བའི་ཕྱིར་རོ། །དེས་ན་མངོན་དུ་ཕྱོགས་པ་ཡང་ཉེ་བར་གྱུར་པ་ཡིན་ནོ། །དེ་ལྟར་གྱུར་པ་ན་སྔར་དབང་པོ་མེད་
པ་ན་མ་མཐོང་བ་ལས་ཡང་སྟེ་ཕྱིས་མཐོང་བའི་ཕྱིར་རོ། །དེས་ན་གཏན་ཚིགས་འདི་གཉིས་ཀྱིས་ནི་གཟུགས་ལ་སོགས་པ་ལ་བརྟེན་པའི་བདེ་བ་ལ་སོགས་པ་མིག་གི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པར་བསྟན་ཏོ། །རྗེས་སུ་འགྲོ་བའི་ཚིག་འདི་ནི་སྔ་མ་དང་ཕྱི་མའི་རྒྱུ་ཉིད་སྟོན་པར་ཡང་
སྦྱར་བར་བྱ་སྟེ། ལྡོག་པ་ཙམ་ཉིད་བསྟན་པའི་ཕྱིར་རོ། །ཡང་ན་མ་མཐོང་བའི་མིག་གི་རང་བཞིན་དེའི་ཤེས་པ་གཞན་དུ་མི་འཐད་པས་རྣམ་པར་འཇོག་པ་ཡིན་གྱི་བདེ་བ་ལ་སོགས་པ་རྣམས་དེ་མེད་ན་མི་འབྱུང་བར་གོ་ཇི་ལྟར་ཞེས་དོགས་པ་ལ། རྗེས་སུ་འགྲོ་བ་བརྗོད་པ་ཡིན་ཏེ། ཇི་ལྟར་
དཔེར་ན་ཡུལ་དང་ཡིད་ལ་བྱེད་པ་དག་ལས་ཐ་དད་པའི་མིག་ཤེས་པའི་རྒྱུ་ཉིད་དུ་རྣམ་པར་གཞག་པ་དེ་བཞིན་དུ་བདེ་བ་ལ་སོགས་པའི་རྒྱུར་ཡང་གཞག་པར་ནུས་པ་ཡིན་ཏེ། གང་གི་ཕྱིར་བདེ་བ་ལ་སོགས་པ་རྣམས་དེ་ཡོད་ན་ཡོད་པ་དང་། མེད་ན་མེད་པ་དེའི་ཕྱིར་དེ་དག་རྒྱུ་ཡང་མིག་
ཡིན་ནོ་ཞེས་གཉི་ག་བསྟན་ཏོ། །བདེ་བ་ལ་སོགས་པ་གང་དག་སྐྱེ་བ་ལ་ཡིད་ལ་བྱེད་པ་མེད་པ་སྟེ་ཡིད་ལ་བྱེད་པ་ཡོད་པ་མ་ཡིན་པ་མ་ཡིན་པའོ། །གཉི་ག་ནི་ཡུལ་དང་དབང་པོའོ། །ཚོགས་པ་ནི་ཡུལ་རུང་བའི་ཡུལ་ན་གནས་པ་དང་ཉམས་པ་མེད་པའི་དབང་པོ་མངོན་དུ་ཕྱོགས་པའོ། །
གལ་ཏེ་གཉིད་ལོག་པའི་མིག་གི་དབང་པོ་མངོན་དུ་ཕྱོགས་པ་མ་ཡིན་ཡང་དབང་པོ་གཞན་དག་ནི་མངོན་དུ་ཕྱོགས་པ་ཁོ་ནའོ། །ཡང་འགའ་ཞིག་གི་ནི་མིག་ཀྱང་མངོན་དུ་ཕྱོགས་པ་ཉིད་ཡིན་ཏེ། འགའ་ཞིག་མིག་གི་འབྲས་བུ་གཡོ་བ་མེད་པར་མངོན་དུ་གྱུར་པའི་ཡུལ་ལ་འཇུག་བཞིན་
དུ་གཉིད་ལོག་པའི་ཕྱིར་རོ། །དེ་ལ་གཉི་ག་ཚོགས་ཀྱང་ངོ་། །གཉིད་ནི་གཉིད་དོ། །དེ་ལ་སོགས་པ་མྱོས་པ་དང་བརྒྱལ་བ་ལ་སོགས་པ་གང་ཡིན་པ་དེས་བསླད་པ་སྟེ། འཁྲུལ་པར་གྱུར་ཅིང་དབང་པོའི་ཤེས་པ་བསྐྱེད་པའི་ནུས་པ་ཉམས་པའི་བློ་གང་ལ་ཡོད་པ་དེ་ལ་དབང་པོ་ལས་སྐྱེས་པའི་

བདེ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །དེས་ན་བདེ་བ་ལ་སོགས་པ་ཡིད་ལ་བྱེད་པ་ལ་ལྟོས་པ་ཅན་ཞེས་ཁོང་དུ་ཆུད་པ་ཡིན་ནོ། །གང་ཡང་དབང་པོ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་ལ་བརྗོད་པའི་རྒྱུའི་ཚོགས་པ་འདི་ནི། རྣམ་པར་ཤེས་པ་སྟེ་སྐབས་ཀྱི་དབང་པོ་ལ་བརྟེན་པའོ། །
དེ་སྐྱེས་པ་ལ་ཡང་རྒྱུ་སྟེ་སྐྱེད་པར་བྱེད་པའི་ཚོགས་པ་སྟེ་འདུས་པ་འདི་དག་ཙམ་དུ་ཟད་དེ། རྫས་ཀྱི་གྲངས་འདི་ཙམ་དུ་ཆད་པའོ། །གང་གི་ཕྱིར་འདིར་ཡང་སྔ་མ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འགྲོ་བ་ཡོད་པ་ཡིན་ནོ། །གང་གི་ཕྱིར་རྣམ་པར་ཤེས་པ་དང་བདེ་བ་ལ་སོགས་
པ་རྒྱུ་ཐ་དད་པ་མེད་པ་དེས་ན་སྟེ། དེའི་ཕྱིར་བདེ་བ་ལ་སོགས་པ་དམིགས་པ་མེད་པའི་རང་གི་ངོ་བོ་ཉིད་མ་ཡིན་ནོ། །ཇི་ལྟར་གྱུར་པ་ཞེ་ན། བཤད་པ་རང་གི་ངོ་བོ་སྟེ་ཉེ་བར་ལེན་པའི་རྒྱུ་དེ་དང་འབྲེལ་པའི་འབྲས་བུ་ནི་དེའི་འབྲས་བུ་སྟེ། དེའི་རང་གི་ངོ་བོ་ཡུལ་དང་དུས་དང་ཡོན་ཏན་གྱི་ཁྱད་
པར་སོ་སོར་ངེས་པ་དེ་ལྟར་གྱུར་པ་ནའོ། །དམིགས་པ་མེད་པའི་བདག་ཉིད་གང་དག་ཡིན་པ་དེ་དག་སྟེ། དེ་ལྟར་གྱུར་པ་མ་ཡིན་ནོ། །འདི་སྙམ་དུ་འདུས་བྱས་པའི་ཞེས་བྱ་བའི་བདག་གི་ཡོན་ཏན་ཡོད་དེ། དེ་ནི་རྣམ་པར་ཤེས་པ་ཉིད་ཀྱིས་བདག་དེ་ལ་སྐྱེད་པར་བྱེད་པ་ཡིན་ལ། དུས་
གཞན་དུ་ཡང་དེ་ལས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་ཡིན་ཏེ། ཇི་སྐད་དུ་ཤེས་པ་ལས་སྐྱེས་པ་དང་། ཤེས་པའི་རྒྱུ་ནི་འདུས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ནི་ཤེས་པ་ཉིད་ཀྱི་རྒྱུ་ཡིན་གྱི་བདེ་བ་ལ་སོགས་པའི་མ་ཡིན་པ་དེས་ན་རྣམ་པར་ཤེས་པ་ཉིད་བློའི་རང་བཞིན་གྱི་བདེ་བ་ལ་
སོགས་པ་ནི་མ་ཡིན་ནོ་ཞེས་སེམས་སོ། །དོགས་པ་དེ་ཉིད་བསྡུ་བའི་ཕྱིར་འདུས་བྱས་པ་ལས་ངེས་པ་ཡིན་ནོ་ཞེ་ན་ཞེས་སྨྲས་པ་ཡིན་ནོ། །ལན་བཤད་པ། དེ་ནི་རིགས་པ་མ་ཡིན་ཏེ། འདུས་བྱས་པ་དེའི་ནུས་པ་ཡོད་པ་དང་མེད་པ་དེའི་རྗེས་སུ་བྱེད་པ་དེ་མ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་
འདུས་བྱས་པ་ལ་ནི་ཡུལ་གཞན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་སམ། དབང་པོ་བཞིན་དུ་ལྡོག་པའི་སྒོ་ནས་ཤེས་པ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཤེས་པས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་ཅིང་དེ་སྐྱེ་བ་ལ་ནུས་པ་མ་མཐོང་བ་དེ་ཇི་ལྟར་དེའི་སྐྱེད་པར་

བྱེད་པ་ཡིན། གང་ཞིག་དེ་ཙམ་ཉིད་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་མཐོང་བ་ནི་དེ་དག་ལས་བྱུང་བ་ཡིན་ནོ། །དེ་ཙམ་ལས་འབྱུང་བ་ལ་དེ་ལས་གཞན་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་མ་ཡིན་པའི་ཡུལ་རྒྱུ་ཉིད་དུ་བརྟགས་ན་ནི་འགྲོ་བ་མ་ལུས་པ་ཐམས་
ཅད་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་ཚོགས་ན་འབྲས་བུ་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཐག་རིང་པོ་ན་གནས་པ་རྣམས་ཀྱི་རྒྱུ་ཡིན་ན་ཡང་རྡུལ་གཅིག་ཉམས་ན་ཡང་འབྲས་བུ་སྐྱེད་པར་མི་འགྱུར་ཏེ། གཞན་དུ་ན་ཐམས་ཅད་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་རྒྱུའི་མིང་
ཙམ་དུ་འགྱུར་རོ། །འདུས་བྱས་པ་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་ཡང་གི་སྒྲ་ནི་བསགས་པའོ། །དེ་ལྟར་ན་རེ་ཞིག་གཞན་གྱིས་བརྟགས་པའི་འདུས་བྱས་པ་ནི་འདིའི་རྒྱུ་མ་ཡིན་ནོ། །གཞན་ཡང་རྣམ་པར་ཤེས་པ་ཉིད་ལ་འདུས་བྱས་པར་ཕ་རོལ་འདོད་པ་མ་ཡིན་པ་དེ་ལྟ་ན་ཡང་འདུས་བྱས་པའི་
ཡོན་ཏན་ཅི་འདྲ་བར་མངོན་པར་འདོད་པ་དེ་ནི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། གང་གི་ཕྱིར་དེ་ནི་རྣམ་པར་ཤེས་པ་ལས་སྐྱེས་པ་དང་ཤེས་པ་གཞན་གྱི་རྒྱུ་ཡིན་ལ་འདུས་བྱས་པའི་ཆོས་ཀྱང་འདི་ཁོ་ན་ཡིན་པ་དེའི་ཕྱིར་གཞན་གྱིས་རྣམ་པར་ཤེས་པ་ཉིད་ལ་འདུས་བྱས་པའི་སྒྲར་བརྗོད་པ་ཡིན་ནོ་
ཞེས་སྟོན་པར་བྱེད་དོ། །འདུས་བྱས་པ་ཞེས་བྱ་བར་ཞེས་པ་ལ་ཞེས་བྱ་བའི་སྒྲས་ནི་འདུས་བྱས་པ་སྒྲའི་དོན་དུ་བྱེད་པའོ། །འདུས་པ་ཞེས་བྱ་བའི་སྒྲ་འདིས་ནི་རྣམ་པ་ཉིད་བརྗོད་པ་ཡིན་ནོ། །ཇི་ལྟ་བུའི་ཁྱད་པར་ཅན་ཞིག་ཅེ་ན། སྔ་མ་ཞེས་སྨོས་ཏེ། འདིས་ནི་ཤེས་པ་གཞན་གྱི་རྒྱུའི་
རང་བཞིན་དུ་བསྟན་པ་ཡིན་ནོ། །རུང་བ་ཞེས་བྱ་བ་འདིས་ཀྱང་ཤེས་པ་གང་ལས་གང་སྐྱེས་པ་དེ་ནི་དེའི་འདུས་བྱས་པ་ཡིན་པར་བསྟན་པ་ཡིན་ནོ། །རུང་བའི་ཤེས་པ་ནི་འདུས་བྱས་པ་ཡིན་ལ། དེ་ཡང་ཁ་ཅིག་ནི་བར་དུ་ཆོད་པ་ཡིན་ཡང་རུང་བ་ཉིད་ཡིན་ཏེ། དཔེར་ན་གོམས་པའི་ཤེས་པ་
བཞིན། གོམས་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཕྱི་མ་གསལ་བར་སྐྱེ་བ་ཡིན་ནོ། །ཁ་ཅིག་ནི་བར་དུ་མ་ཆོད་པ་ཉིད་དུ་ཤེས་པ་གསལ་བར་སྐྱེ་བའི་རྒྱུ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཆོད་དམ་མ་ཆོད་ཀྱང་རུང་སྟེ་ཕྱིས་འབྱུང་བའི་ཤེས་པ་ཁྱད་པར་ཅན་གྱི་རྒྱུའི་ཤེས་པ་ནི་འདུས་བྱས་པ་

ཞེས་བརྗོད་པ་ཡིན་ནོ། །ཡིད་ནི་བག་ཆགས་སད་པ་ན་བར་དུ་མ་ཆོད་པ་ཉིད་ཀྱིས་ཤེས་པ་ཕྱི་མའི་རྒྱུ་ཡིན་ཏེ། དེས་ན་གང་ལས་ཤེས་པ་གང་སྐྱེས་པ་དེ་ནི་དེའི་ཡིད་ཡིན་ལ། ཡང་གང་ལས་ཁྱད་པར་ཅན་དུ་འབྱུང་བ་དེ་ནི་འདུས་བྱས་པ་ཡིན་པར་ཁོ་བོས་རྟོགས་ཏེ། བདག་གི་
རིག་པ་ཡིན་ནོ། །འདི་སྐད་བརྗོད་པར་འགྱུར་ཏེ། བར་དུ་ཆོད་དམ་མ་ཆོད་ཀྱང་རུང་སྟེ། རྣམ་པར་ཤེས་པའི་རང་གི་ངོ་བོ་དང་ཁྱད་པར་དུ་འཕགས་པའི་རྒྱུ་ནི་རྣམ་པར་ཤེས་པ་ཉིད་ཡིན་ལ་དེ་ནི་བདེ་བ་ལ་སོགས་པ་ལ་ཡང་ཁྱད་པར་མེད་པར་སྔར་ཉིད་བསྒྲུབས་ཟིན་ཏེ། དབང་པོའི་
བདེ་བ་དང་བདེ་བ་མ་ཡིན་པ་ཉིད་རྣམ་པར་ཤེས་པ་སྔོན་དུ་འགྲོ་བ་ཅན་དུ་བརྗོད་པ་མ་ཡིན་ནམ། དེས་ན་ཡིད་ཀྱི་བདེ་བ་ལ་སོགས་པའི་རྒྱུ་རྣམ་པར་ཤེས་པ་ཇི་ལྟར་ཡིན། རྣམ་པར་ཤེས་པ་ཉིད་འདུས་བྱས་པར་ཡང་ཇི་ལྟར་འགྱུར་ཞེ་ན། དོན་གཉི་གའི་གཏན་ཚིགས་སྨྲས་པ།
ནང་གི་བྱེད་པ་ནི་ཡིད་དེ། དེ་ལས་བྱུང་བའི་ངང་ཚུལ་གང་ཡིན་པ་རྣམས་སོ། །བདེ་བ་ལ་སོགས་ཐམས་ཅད་ནང་གི་བྱེད་པ་ལས་བྱུང་བར་ཁྱད་པར་མེད་ཀྱང་མིག་ལ་སོགས་པའི་རྒྱུ་གཞན་མེད་པ་གང་དག་ཡིན་པ་དེ་ཉིད་ནི་ཡིད་ཀྱི་ཁྱད་པར་ཡིན་ནོ། །དེ་རྣམས་རྗེས་སུ་བྱེད་པའི་
ཕྱིར་རོ་ཞེས་འབྲེལ་ཏོ། །རྣམ་པར་ཤེས་པར་གཟུང་བར་བྱ་བ་གཅིག་ལ་ཡང་ནས་ཡང་དུ་འཇུག་ཅིང་བྱང་བར་བྱས་པ་ནི་གོམས་པའོ། །གཡེར་བའི་ཁྱད་པར་དང་ཞན་པ་དེ་དག་གི་དངོས་པོ་ནི་གཡེར་བ་དང་ཞན་པའི་ཡིད། །དེ་ལ་སོགས་པ་ནི་ཕྱིན་ཅི་ལོག་ཏུ་གསལ་བ་ཉིད་ལ་
སོགས་པ་གང་ཡིན་པའོ། །གཡེར་བ་དང་ཞན་པ་ལ་སོགས་པ་ཡང་དེ་ཡིན་ལ། ཁྱད་པར་ཡང་ཡིན་པ་དེ་ནི་གོམས་པའི་གཡེར་བ་དང་ཞན་པ་ལ་སོགས་པའི་ཁྱད་པར་ཏེ། དེའི་རྗེས་སུ་ཕྱེད་པ་རྗེས་སུ་འགྲོ་བའི་ཕྱིར་རོ། །དོན་འདི་ཡིན་ཏེ། རྣམ་པར་ཤེས་པས་སྔར་རྗེས་སུ་མཐུན་
པའམ་མི་མཐུན་པ་ཉིད་དུ་ཇི་ལྟ་ཇི་ལྟར་དོན་ལ་གོམས་པར་བྱ་བའི་གོམས་པ་དེ་དང་རྗེས་སུ་མཐུན་པར་དངོས་པོ་དེ་ལ་ཡིད་ཀྱི་བདེ་བ་དང་བདེ་བ་མ་ཡིན་པ་སྐྱེ་བར་འགྱུར་རོ། །བར་ཆད་མེད་པར་གཡེར་བར་གོམས་པ་ལ་ནི་ཤིན་ཏུ་གཡེར་བའི་བདེ་བ་འབྱུང་ཞིང་ཞན་པ་ལ་ནི་ཞན་པར་ཕྱིན་

ཅི་ལོག་ལ་ནི་རྗེས་སུ་མཐུན་པར་གོམས་པར་བྱས་པའི་དངོས་པོ་ལ་ཡང་མི་མཐུན་པར་གོམས་པར་བྱས་པར་གྱུར་ན་དེ་དང་རྗེས་སུ་མཐུན་པར་ཡིད་བདེ་བའམ། སྡུག་བསྔལ་སྐྱེ་བར་འགྱུར་ཞིང་། སྔར་སྐྱེས་པ་ཡང་ལྡོག་པར་འགྱུར་རོ། །དེས་ན་ཇི་ལྟར་རྣམ་
པར་ཤེས་པ་རྣམ་པར་ཤེས་པ་སྔ་མའི་ཁྱད་པར་གྱི་རྗེས་སུ་བྱེད་པ་དེ་བཞིན་དུ་ཡིད་ཀྱི་བདེ་བ་ལ་སོགས་པ་ཡིན་ལ། ཁྱད་པར་དུ་བྱེད་པའི་རྒྱུ་ལ་ཡང་འདུས་བྱས་པ་ཞེས་བརྗོད་པ་ཡིན་ནོ། །དེས་ན་འདུས་བྱས་པ་རྣམ་པར་ཤེས་པའི་བདག་ཉིད་ཅན་ནི་ཁྱད་པར་མེད་པ་གཉི་གའི་ཡང་
རྒྱུར་བསྒྲུབས་པ་ཡིན་ནོ། །གང་གི་ཕྱིར་ཁྱད་པར་དུ་བྱེད་པའི་རྒྱུ་ཉིད་འདུས་བྱས་པ་ཡིན་པ་དེས་ན་གོམས་པ་ཞེས་བྱ་བས་བག་ཆགས་བརྗོད་པ་མ་ཡིན་ཏེ། དེ་ནི་དེ་མ་ཐག་པའི་རྐྱེན་གྱི་རང་བཞིན་གྱིས་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཁྱད་པར་ལས་ཤེས་པ་ཁྱད་པར་
དུ་འགྱུར་བ་ཡང་མ་ཡིན་གྱི། འོན་ཀྱང་དེ་འཇོག་པར་བྱེད་པ་གོམས་པར་བྱེད་པའི་ཤེས་པའི་ཁྱད་པར་ལས་ཤེས་པ་ཕྱི་མ་ཁྱད་པར་དུ་འགྱུར་བ་ཡིན་ནོ། །ཁྱད་པར་དུ་བྱེད་པ་དེ་བཞིན་དུ་ཟིན་ཀྱང་དེའི་བག་ཆགས་འབྲས་བུར་གྱུར་པའི་རྣམ་པར་ཤེས་པའི་རང་བཞིན་ནི་ཤེས་པ་ཕྱི་མ་
ཁྱད་པར་ཅན་དུ་འགྱུར་བའི་རྒྱུ་ཡིན་པར་བརྗོད་དེ། དེས་ན་བག་ཆགས་འཇོག་པར་བྱེད་པའི་སྒོ་ནས་ཁྱད་པར་ཅན་གྱི་ཤེས་པ་ཕྱི་མའི་ཁྱད་པར་དུ་བྱེད་པ་པོ་ནི་གོམས་པར་བྱེད་པའི་ཤེས་པ་སྔ་མ་ཡིན་ནོ། །དེ་མ་ཐག་པའི་ཡིད་ཀྱང་བློའི་རང་བཞིན་གྱི་རྒྱུ་ཡིན་ལ། འདུས་བྱས་པ་
ཉིད་ནི་གཞན་གྱིས་སྔ་མའི་ཁྱད་པར་གྱི་རྗེས་སུ་འཇུག་པའི་རྒྱུ་ཉིད་ཡིན་པར་འདོད་དེ་དཔེར་ན་བལྟས་ནས་གཞག་པའི་སྣམ་ཡུག་ཕྱིས་བཤིག་ནས་བཀྲམ་པ་ན་འབད་པ་མེད་པར་སྔ་མ་ཉིད་ཀྱི་གནས་ཐབས་ཀྱི་རྗེས་སུ་འཇུག་པའི་རྒྱུ་འདུས་བྱས་པ་ཡིན་པ་དེ་བཞིན་དུ་སྔ་མ་དང་རྗེས་སུ་
མཐུན་པར་འགྱུར་བའི་ཤེས་པའི་རྒྱུ་ནི་འདུས་བྱས་པར་འདོད་དོ། །དེ་མ་ཐག་པའི་རྐྱེན་ལས་ནི་བློའི་རང་བཞིན་ཉིད་ཡིན་གྱི། གཡེར་བག་ཅན་དུ་འཛིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཡེར་བའི་རྒྱུ་ནི་དངོས་སམ་བརྒྱུད་ནས་ཀྱང་རུང་སྟེ་གོམས་པར་བྱེད་པའི་ཤེས་པ་སྔ་མ་ཡིན་པར་

འདོད་དོ། །དེས་ན་གོམས་པས་ནི་གོམས་པར་བྱེད་པ་བརྗོད་ཀྱི་བག་ཆགས་ནི་མ་ཡིན་ནོ། །གཏན་ཚིགས་འདིས་ནི་བདེ་བ་ལ་སོགས་པ་རྣམས་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་འདུས་བྱས་པའི་རྒྱུ་ཅན་ཉིད་དང་། འདུས་བྱས་པ་ཡང་རྣམ་པར་ཤེས་པའི་རང་
བཞིན་ཡིན་པར་བསྒྲུབས་པ་ཡིན་ནོ། །འདི་ཉིད་ཀྱིས་རྣམ་པར་ཤེས་པ་གོམས་པའི་གཡེར་བ་དང་ཞན་པ་ལ་སོགས་པ་རྗེས་སུ་བྱེད་པའི་ཕྱིར་དབང་པོའི་བདེ་བ་ལ་སོགས་པ་ཡང་རྣམ་པར་ཤེས་པའི་བདག་ཉིད་ཀྱི་འདུས་བྱས་པའི་རྒྱུ་ཅན་དུ་བརྗོད་པ་ཡིན་ཏེ་ནིམ་པ་ལ་སོགས་པའི་
རོ་སྔར་མི་འདོད་ཀྱང་གོམས་པ་ལས་ཀྱང་ཕྱིས་དབང་པོའི་བདེ་བའི་རྒྱུར་འགྱུར་རོ། །དེས་ན་ད་ལྟར་ཡིད་དང་དབང་པོ་པ་དག་རྒྱུ་གཅིག་ཉིད་ཀྱིས་བློའི་རང་བཞིན་ཉིད་དུ་བསྒྲུབས་པ་ལ། ཕ་རོལ་པོ་རང་བཞིན་གཅིག་པའི་རྒྱུ་མཚན་རྒྱུ་གཅིག་པ་ཉིད་ཡིན་པ་བཟློག་པའི་དོན་དུ་
ཧ་ཅང་ཐལ་བ་རྗོད་པར་བྱེད་དོ། །ཚོགས་པའི་མཚན་ཉིད་ཀྱི་རྒྱུ་མཚུངས་པའི་ཕྱིར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་སྡུག་བསྔལ་ལ་སོགས་པ་གང་ཡིན་པ་དེ་དག་གི་ཁྱད་པར་ནི་ཕན་ཚུན་ཉིད་དེ། ཁྱད་པར་དེ་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་
མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པའི་ཡུལ་དང་འབྲེལ་པར་ཁྱད་པར་མེད་པ་དེས་ན་ཅིའི་ཕྱིར་རེས་འགའ་ནི་ཤེས་པ་བདེ་བའི་རང་བཞིན་དུ་རེས་འགའ་ནི་སྡུག་བསྔལ་དང་ལྡན་པར་རེས་འགའ་ནི་གཉི་ག་ལས་བཟློག་པ་དང་ལྡན་པར་འགྱུར་ཞེས་བྱ་བ་ནི་དྲི་བའི་དོན་
ཡིན་གྱི་ཅིག་ཅར་དུ་ནི་མ་ཡིན་ཏེ། གང་གིས་བདེ་བ་ལ་སོགས་པ་སྲིད་པར་འགྱུར་བ་འགལ་བ་ཉེ་བར་ལེན་པ་མཚུངས་པ་རྣམས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །རྣམ་འགྲེལ་ལས་འགལ་བའི་ཉེ་བར་ལེན་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ན། །གཞན་དག་དེ་ལྟར་དོགས་
པ་ལ་བཤད་པ། ཁྱད་པར་མེད་པར་ཐལ་བ་མ་ཡིན་ཏེ། །གང་གི་ཕྱིར་བདེ་བ་ལ་སོགས་པའི་ཁྱད་པར་ནི་དེའི་ཚོགས་པ་ཉིད་ཀྱི་ཚོགས་པའི་ནང་དུ་འདུས་པ་ན་སྟེ། ཐ་དད་པ་མེད་པའི་རྫས་ཀྱིས་བསྐྱེད་པའོ། །དེ་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པ་དེས་བྱས་པའི་དེའི་ངོ་བོ་ནི་ཉིད་

དེ་དེའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། འབྲས་བུའི་ཁྱད་པར་ཐམས་ཅད་ནི་རྫས་གཞན་དང་འབྲེལ་པས་བྱས་པ་མ་ཡིན་ཏེ། འོན་ཀྱང་དེ་ཉིད་ཀྱི་ཚོགས་པའི་རྫས་ཡོངས་སུ་གྱུར་པས་བྱས་པ་ཡིན་ནོ། །འདི་ལྟར་ལུས་ཀྱི་གནས་སྐབས་གང་དང་
ཡུལ་གང་དང་སྔར་གྱི་གོམས་པ་གང་ཐོབ་ནས་བདེ་བ་སྐྱེ་བ་དེ་ཉེ་བར་གནས་ན་ནི་འབྲས་བུ་གཞན་དུ་མི་འགྱུར་ལ། སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་གཞན་ཉེ་བར་གནས་སམ། སྔར་གྱི་བདེ་བ་མྱོང་བར་འགྱུར་བ་དེ་ཉིད་གོམས་པས་སྡུག་བསྔལ་མྱོང་བར་འགྱུར་བ་ཉིད་
དུ་འགྱུར་ཏེ། ཉེ་བར་གནས་སམ་ལུས་ཀྱི་གནས་སྐབས་ཡོངས་སུ་གྱུར་པ་ལ་ནི་སྡུག་བསྔལ་སྐྱེ་སྟེ། དེས་ན་བདེ་བའི་རྒྱུར་འགྱུར་བའི་གོམས་པ་དང་། སྣང་བ་དང་མིག་དང་གཟུགས་དང་ཡིད་ལ་བྱེད་པའི་ཚོགས་པ་ནི་གཞན་དུ་མཐོང་ལ། སྡུག་བསྔལ་གྱི་རྒྱུ་ཡང་གཞན་དུ་
མཐོང་ངོ་། །དེའི་ཕྱིར་བདེ་བ་ལ་སོགས་པ་ཁྱད་པར་མེད་པར་ཐལ་བ་མེད་དོ། །ཡང་ནང་གི་ཁྱད་པར་འདི་འདྲ་བ་གང་ལས་ཤེ་ན། བརྗོད་པ། གང་གི་ཕྱིར་སྡུག་བསྔལ་གྱི་རྒྱུ་ནི་བདེ་བའི་རྒྱུར་གྱུར་པའི་མིག་ལ་སོགས་པ་ཉིད་ཀྱི་ཁྱད་པར་ཡིན་གྱི་དེ་དག་ལས་གཞན་པའི་རྒྱུ་ནི་མ་
ཡིན་ཏེ། དེའི་ཕྱིར་ནང་ཞེས་བྱ་བ་འདི་ཁྱད་པར་དུ་བརྗོད་པ་ཡིན་ནོ། །གདོན་མི་ཟ་བར་འདི་ལྟར་ཁས་བླང་བར་བྱ་སྟེ། མིག་གི་རྣམ་པར་ཤེས་པ་ཐམས་ཅད་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ལས་སྐྱེ་བ་ན་ཚོགས་པའི་ཁྱད་པར་ལས་རྣམ་པ་ཁྱད་པར་ཅན་དུ་
འགྱུར་ཏེ། སྔོན་པོ་དང་ལྡན་པའི་ཚོགས་པས་ནི་དེའི་རྣམ་པ་རང་བཞིན་གཞན་དང་འབྲེལ་པར་གྱུར་པ་ལས་ནི་རྣམ་པ་གཞན་དུ་མིག་སྐྱོན་དང་བཅས་པ་ལས་ནི་མཐོང་བ་མི་གསལ་ལ། ཕྱིན་ཅི་ལོག་ཏུ་གྱུར་ན་ནི་ཕྱིན་ཅི་ལོག་ཅེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་རིག་པས་མཐོང་བའི་ཕྱིར་
རོ། །ཡང་ཇི་ལྟར་ཁྱེད་བདག་དང་ཡིད་དང་འདུས་བྱས་པ་ལ་སོགས་པ་ཤེས་པའི་རྒྱུ་མཚུངས་པ་རྣམས་ལ། གཟུང་བར་བྱ་བ་ལ་སོགས་པ་གཅིག་ལ་རིང་བ་དང་རིང་བ་མ་ཡིན་པའི་རྒྱུས་ཐེ་ཚོམ་དང་གཏན་ལ་ཕེབས་པ་དང་། ཡང་དག་པའི་ཤེས་པ་དང་ལོག་པའི་ཤེས་པ་ལ་སོགས་པའི་ཁྱད་

པར་ཤེས་པ་ཉིད་ལས་འདས་པ་མ་ཡིན་པ་བཞིན་དུ་ཤེས་པའི་བདག་ཉིད་དུ་གྱུར་པའི་བདེ་བ་ལ་སོགས་པའི་ཁྱད་པར་ཡང་ནང་གི་དགའ་བ་ལ་སོགས་པར་གོམས་པའི་བག་ཆགས་ཀྱིས་བྱས་པ་ཡིན་ནོ། །གང་ཞིག་བློའི་རང་བཞིན་གཅིག་ལས་ཚོར་བ་དང་སེམས་པ་དང་འདུ་ཤེས་པ་ལ་སོགས་
པ་བློའི་རང་བཞིན་དུ་མ་སྐྱེས་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་དྲི་བའི་དོན་ཡིན་ནོ་ཞེས་ཟེར་བ་དེ་ནི་ཆེར་མ་འབྲེལ་པ་ཡིན་ཏེ། གང་གི་ཕྱིར་ཆུང་ངུ་ཆེན་པོར་བྱེད་པ་སྐྱོན་དུ་འགྱུར་ན། ནྱ་གྲོ་དྷའི་ས་བོན་ལས་མྱུ་གུ་ཆེན་པོའམ། རིམ་གྱིས་ཕུང་པོ་སྐྱེད་པར་ཇི་ལྟར་འགྱུར། མེ་སྟག་ཙམ་ཉེ་བར་
ལེན་པའི་རྒྱུར་གྱུར་པས་རྒྱུར་བྱས་པ་མེ་ལྕེ་འོད་རྒྱ་ཆེན་པོ་དང་ལྡན་པ་འབྱུང་བར་ཡང་ཇི་ལྟར་འགྱུར། ཁོ་བོ་ཅག་གིས་ཚད་ཡོངས་སུ་བགྲང་བར་མི་ནུས་ཏེ། འོན་ཀྱང་འདི་ནི་རྟོག་གེ་པའི་ཚིག་མ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་དོ། །རྟོག་གེ་པས་སྨྲས་པ་ནི་ཆུང་ངུའམ་ཆེན་པོ་ཡིན་
ཡང་བླ་སྟེ་ཉེ་བར་ལེན་པའི་རྒྱུ་འདྲ་བས་བསྐྱེད་པ་ནི་རིགས་མཐུན་པ་ཉིད་དུ་སྐྱེ་བར་འགྱུར་ལ། གཞན་ལས་ནི་རིགས་མི་མཐུན་པར་སྐྱེ་བར་འགྱུར་རོ། །དེ་ནི་འདི་འདྲ་བར་ཐ་དད་པ་བྱེད་པ་པོ་ཡིན་གྱི་གཅིག་ལས་དུ་མ་ཉིད་དམ། དུ་མ་ལས་ཀྱང་གཅིག་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་དད་པའི་
དོན་མ་ཡིན་ཏེ། ནས་གང་ཞིག་ལས་སཱ་ལུ་དང་ནས་དག་ཐ་དད་པར་ཁྱད་པར་མེད་པ་ལ་གནས་གཞན་གཅིག་པུ་འདྲ་བ་ཡིན་ལ་གཞན་ནི་མ་ཡིན་ཞེས་དྲིས་པ་ན་གཏན་ཚིགས་ནི་རྒྱུ་འདྲ་བ་དང་མི་འདྲ་བ་ལ་རྟེན་པར་བྱེད་ཀྱི་གཅིག་དང་དུ་མ་ཉིད་ལ་ནི་མ་ཡིན་ནོ། །དེའི་ཕྱིར་བློའི་རང་བཞིན་
གཅིག་ལས་རྣམ་པར་ཤེས་པ་སྟོང་ཕྲག་སྐྱེ་ཡང་ཐམས་ཅད་དུ་དེའི་ཉེ་བར་ལེན་པ་ལས་བྱུང་བ་ནི་རིགས་མི་མཐུན་པ་འགོག་པ་ཡིན་ཏེ། གཞན་ཡང་སྐྱོན་བརྗོད་པས་ཆོག་གོ། །དཀྱུས་མའི་དོན་ནི་འཐད་པ་མ་ཡིན་ཏེ། འདི་ལྟར་སྣང་བ་ནས་ཁྱིམ་ཕུགས་སུ་ཞུགས་པ་ལ་ཕན་ཚུན་ཁྱད་
པར་སྒྲུབ་པའི་མིག་ལ་སོགས་པ་རྣམས་བརྒྱུད་ནས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལས་མིག་ལ་སོགས་པ་ནི་སོ་སོར་འདུས་པ་ལས་སྐྱེས་པ་ཡིན་པ་དེས་ན་ཚོགས་པ་གཅིག་འབྲེལ་པའི་ཕྱིར་གཅིག་གི་རང་བཞིན་དུ་ཐལ་བར་འགྱུར་ཏེ། བདེ་སོགས་ཅི་ཕྱིར་ཤེས་མ་ཡིན། །ཞེས་

གང་སྨྲས་པ་དེ་ལ་ཁྱད་པར་བསྟན་ཏེ། ཚིག་ལེའུར་བྱས་པ་གཞན་དུ་བྱའོ། །འདི་སྙམ་དུ་ཡུལ་ལ་སོགས་པ་གཅིག་གིས་བསྐྱེད་པ་ཡིན་པ་དེ་ལྟ་ན་ཡང་ཉེ་བར་ལེན་པ་ཐ་དད་པ་ཡོད་པའི་ཕྱིར་དེ་དག་གི་ཐ་དད་པ་ནི་ཉེ་བར་ལེན་པ་ཐ་དད་པ་ལས་ཡིན་ནོ་ཞེ་ན་དེ་ནི་རིགས་
པ་མ་ཡིན་ཏེ། འདུ་བྱེད་སྐད་ཅིག་མ་ལྷན་ཅིག་བྱེད་པ་སོ་སོར་འབྲས་བུ་སྐྱེད་པར་ནུས་པ་རྣམས་ལ། ཉེ་བར་ལེན་པ་དང་གཞན་ཞེས་བྱ་བར་ནི་རྟོགས་པ་མེད་དོ། །ཉེ་བར་ལེན་པའི་རྣམ་པར་དབྱེ་བ་ཡོད་པ་ཡིན་ཡང་དེ་ལྟ་ན་ཡང་བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་དང་རྒྱུ་གཅིག་པ་
ཉིད་དུ་ཐེ་ཚོམ་ཟ་སྟེ། གང་གི་ཕྱིར་འབྲས་བུའི་ཐ་དད་པ་རྒྱུ་ཐ་དད་པར་བྱས་པར་འདོད་ལ་ཤེས་པ་དང་བདེ་བ་ལ་སོགས་པ་ཉེ་བར་ལེན་པ་གཅིག་པར་ཡང་འདོད་པ་གང་ཡིན་པ་དེ་དེ་དག་རང་བཞིན་འདྲ་བར་འདོད་པར་ཇི་ལྟར་མི་འགྱུར། དེས་ན་རང་བཞིན་འདྲ་བ་བཀག་པ་ཉིད་ཀྱིས་
འདི་དག་ཉེ་བར་ལེན་པ་འདྲ་བར་ཕ་རོལ་པོས་མི་འདོད་པ་ཡིན་ནོ། །དེ་ལས་ཀྱང་དེས་ཉེ་བར་ལེན་པ་གཅིག་པ་འབའ་ཞིག་བསྟན་པར་བྱ་བ་ཡིན་པ་ལས་བསྟན་བཅོས་མཛད་པས་ཚོགས་པ་ཐ་མི་དད་པར་བསྟན་པའི་འབད་པ་ནི་འབྲས་བུ་མེད་པར་རྟོགས་སོ་ཞེ་ན། རེ་ཞིག་ཉེ་བར་ལེན་
པའི་རྒྱུའི་རང་བཞིན་རྣམ་པར་ཤེས་པ་མེད་དོ་ཞེས་གང་བརྗོད་པ་དེ་ལ། འདི་ནི་ཉེ་བར་ལེན་པའི་རྒྱུའི་མཚན་ཉིད་དུ་བརྗོད་དེ། གང་སྐྱེ་བ་ནི་གང་གི་རྒྱུན་ལྡོག་པར་འགྱུར་བའི་རྒྱུན་ལྡོག་པའི་ཆོས་ཅན་དེ་ནི་ཅིག་ཤོས་ཀྱི་ཉེ་བར་ལེན་པ་ཡིན་ནོ། །དཔེར་ན་འཇིམ་པ་ལོག་པ་ན་སྐྱེ་བའི་
འཁར་གཞོང་གི་ཉེ་བར་ལེན་པ་ནི་འཇིམ་པ་ཡིན་པ་བཞིན་ནོ། །མྱུ་གུའི་ཉེ་བར་ལེན་པ་ས་བོན་ཡིན་ཡང་དབུས་ཀྱི་ཆ་ལས་མྱུ་གུ་སྐྱེ་བར་མཐོང་བའི་ཕྱིར་ཐམས་ཅད་མི་ལྡོག་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ས་བོན་ནི་རྫས་གཅིག་མ་ཡིན་གྱི། འོན་ཀྱང་རྡུལ་ཕྲ་རབ་འདུས་པ་ཡིན་
པས་དེའི་པགས་པ་དང་སྦུན་པ་དང་སྙིང་པོའི་ཆ་རྣམས་རྒྱུ་ཐ་དད་པ་ཡིན་ཞིང་། མྱུ་གུ་ནི་སྙིང་པོའི་ཆ་ལས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་གཙུབ་ཤིང་གི་ཆ་གང་ལས་མེ་འབྱུང་བའི་རྒྱུན་དེ་ཡང་འཆད་པ་ཡིན་ནོ། །དེ་བཞིན་དུ་ན་ག་ར་གའི་འབྲས་བུ་གཅིག་གི་པགས་པ་དང་། ཤ་དང་། ཁུ་

བའི་གནས་དང་། ས་བོན་གྱི་ཆ་རྣམས་འབྲེལ་པའི་ཕྱོགས་ནས་བཟུང་སྟེ་མེ་ཏོག་ལ་སོགས་པ་རྒྱུ་ཐ་དད་པ་ཡིན་ནོ། །དེ་བཞིན་དུ་མེ་རྡོའི་མེའི་སྐྱེ་གནས་ཀྱི་ཟུར་ལྕགས་མག་གིས་བཅག་པ་ན་ཆག་པའི་འཛེལ་མ་ལས་མེ་འབྱུང་བའི་རང་གི་སྐྱེ་གནས་ལྡོག་པ་ཡིན་ནོ། །མེ་སྐྱེ་བ་ན་
བུད་ཤིང་གི་སྙིང་པོའི་ཆ་འགའ་ཞིག་ནི་མེའི་དངོས་པོར་འགྱུར་ལ། གསེར་དུ་ཞུགས་པའི་རྡུལ་གྱི་ཚོགས་ཀྱི་ཆ་འགའ་ཞིག་ནི་དུ་བར་འགྱུར་རོ། །མེར་གྱུར་པ་ཡང་ཆ་འགའ་ཞིག་ནི་སོལ་བར་འགྱུར་ལ། ཤུན་པའི་ཆ་འགའ་ཞིག་ནི་ཐལ་བར་འགྱུར་བ་ཡིན་ཏེ།
དེའི་ཕྱིར་དེ་ལྟར་རྡུལ་ཕྲ་རབ་འདུས་པའི་རྫས་རྣམས་ལ་ཉེ་བར་ལེན་པའི་མཚན་ཉིད་འཁྲུལ་པ་ཡོད་པ་མ་ཡིན་ནོ། དེ་ལྟར་ན་ཡང་ཆུ་ཤེལ་རྣམ་པར་འགྱུར་བ་མེད་པ་ཉིད་ལས་ཆུའི་རྒྱུན་དང་། མེ་ཤེལ་ལས་མེ་དང་། གཉིས་བརྡབས་པ་ལས་ཕྲད་པ་ལས་སྐྱེས་པའི་སྒྲ་
དང་། བསིལ་ཡབ་ལས་རླུང་གི་ཚོགས་རབ་ཏུ་འབྱུང་བ་དང་། འོ་མ་ལས་ཞོ་དང་སྤྲིས་མ་དག་དང་། ཞོ་ལས་དར་བ་དང་མར་དང་། གསེར་རྡོ་ལས་སོ་ཐོག་དང་གསེར་དག་འབྱུང་བའི་ཕྱིར་ཁ་ཅིག་ནི་ཉེ་བར་ལེན་པ་མེད་པར་འགྱུར་ལ། ཞོ་ལ་སོགས་པ་ཡང་ཉེ་བར་ལེན་པ་
མཚུངས་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ལྷན་ཅིག་བྱེད་པ་ལ་ལྟོས་སམ་མི་ལྟོས་ཀྱང་བླ་སྟེ། ཉེ་བར་ལེན་པའི་རྒྱུ་གཅིག་ལས་རང་བཞིན་ཐ་དད་པ་དག་སྐྱེས་ན་ནི་ཐ་དད་པ་དང་ཐ་དད་པ་མེད་པ་དག་རྒྱུ་མེད་པའི་ཕྱིར། སྣ་ཚོགས་རྒྱུ་མེད་པར་འགྱུར་བ་ན་ཐམས་ཅད་
དུ་ཉེ་བར་ལེན་པ་ཐ་དད་པ་ལ་བརྟེན་པར་བྱ་བ་ཡིན་ནོ་ཞེ་ན་དེ་ལ་ཆུའི་ས་བོན་དུ་གྱུར་པ་ཟླ་བའི་འོད་ཀྱི་ཟེར་ཆུ་ཤེལ་དང་རེག་པས་ནུས་པ་སད་པར་གྱུར་པ་ཁོ་ན་དག་ལས་ཆུ་འབྱུང་བ་ཡིན་ནོ། །རིགས་མི་མཐུན་པ་ལས་ཇི་ལྟར་སྐྱེ་ཞེ་ན། བདག་གིས་དུས་འདི་སྲིད་ཀྱི་བར་དུ་རིགས་མཐུན་པ་དང་མི་
མཐུན་པའི་རྣམ་པར་དབྱེ་བ་མི་ཤེས་སམ། གང་ལས་གང་སྐྱེ་བར་མཐོང་བ་དེ་ནི་དེ་དང་རིགས་མཐུན་པ་ཡིན་ལ་ཅིག་ཤོས་ནི་རིགས་མི་མཐུན་པ་ཡིན་ནོ། །གཟུགས་དང་རོ་དང་ནུས་པ་དང་ཡོན་ཏན་ཐ་དད་པ་ཆུ་དང་ཆུ་ཤེལ་དག་ལས་སྐྱེས་པའི་ཆུ་དག་ཐ་དད་པ་དང་བྲལ་བ་ཡིན་ནོ་ཞེས་སེམས་དང་

ལྡན་པ་སུ་ཞིག་དོགས་པར་བྱེད། ཆུའི་ཉེ་བར་ལེན་པར་གྱུར་པ་སྐྱེད་པར་བྱེད་པའི་འོད་ཀྱི་ཚོགས་ནི་སད་པ་ཡིན་ཡང་མཐོང་བ་གང་ཡིན་པ་དེ་ནི་སྔ་ན་མེད་པ་ཉིད་དོ། །དེས་ན་ལྡོག་པའི་ཆོས་ཅན་སྐྱེད་པར་བྱེད་པ་ནི་གཞན་ཡིན་པ་ལ་མཐོང་བ་ཡང་གཞན་ཡིན་ནོ། །མེ་
ཤེལ་དང་རིག་པས་ནུས་པ་ཡོངས་སུ་བརྟགས་པས་བྱས་པའི་ཉི་མའི་འོད་ཟེར་གྱི་ཚོགས་ལས་མེ་འབྱུང་བ་ལ་ཡང་ཚུལ་འདི་ཉིད་རྗེས་སུ་འཇུག་པ་ཡིན་ནོ། །རླུང་ལ་ཡང་བླ་གབ་དང་བཅས་པའི་ཁང་བཟངས་ཀྱི་རླུང་མེད་པའི་བར་སྣང་གི་ཕྱོགས་སུ་སྲིན་དང་རས་བལ་ལ་སོགས་པ་གྱེན་དུ་
འགྲོ་བ་དང་ཐུར་དུ་འོང་བ་རྩོམ་པ་ལས་ཡོད་པར་རྗེས་སུ་དཔག་པ་དམིགས་པར་མི་འགྱུར་བའི་ཚོགས་པ་ཕྲ་མོ་ཡོད་པ་བསིལ་ཡབ་ཤུགས་དང་ལྡན་པར་གཡབས་པའི་ལྷན་ཅིག་བྱེད་པ་ལས་འཕེལ་བ་དང་ལྡན་པའི་རླུང་གི་ཚོགས་དམིགས་པའི་སྤྱོད་ཡུལ་དུ་འགྱུར་བར་རྩོམ་པ་གང་ཡིན་པ་དེ་
ཉེ་བར་ལེན་པ་ཡིན་གྱི་བསིལ་ཡབ་ནི་མ་ཡིན་ནོ། །དེ་དག་ཉིད་རྩིག་ངོས་ཀྱི་བུ་གའི་གསེང་དུ་ཞུགས་པ་བརྡབས་པའི་ལྷན་ཅིག་བྱེད་པ་ཅན་དག་ལས་སྒྲ་འབྱུང་བ་ཡིན་ཏེ། སྐྱེད་པར་བྱེད་པའི་ཆ་ནི་ཟད་པའི་ཆོས་སུ་འགྱུར་ལ་ལྷག་མ་ནི་འཕྱོ་བ་ཡིན་ནོ། །མཐོང་བའི་སྒྲ་བསྐྱེད་པའི་ནུས་པ་
གནས་ཐམས་ཅད་ཁྱབ་པ་ཤུགས་དང་ལྡན་པར་བརྡབས་པའི་ལྷན་ཅིག་བྱེད་པ་ཅན་ལྡོག་པའི་ཆོས་སུ་གྱུར་པའི་ཉེ་བར་ལེན་པ་དེ་ཉིད་ལས་སྒྲ་འབྱུང་བ་ཡིན་ནོ། །ཁ་ཅིག་ན་རེ་བརྡབས་པའི་རྫས་དེ་དག་དུས་ཀྱི་མཐར་ཐུག་པ་ལ་ལྟོས་ནས་ཅུང་ཞིག་འགའ་ཞིག་ཏུ་ཉམས་པར་མཐོང་བའི་ཕྱིར་
ལྡོག་པར་རྗེས་སུ་དཔག་པས་དེ་ཉིད་ལས་སྒྲ་འབྱུང་བ་ཡིན་ནོ་ཞེས་སྨྲས་པ་དེ་ནི་དེ་ལྟར་ཁྱབ་པ་མ་ཡིན་ཏེ། གང་གི་ཕྱིར་རིམ་གྱིས་སྐྱེ་བའི་ཆོས་ཅན་ན་ཚོད་གཞོན་ནུའི་གནས་ཕྲད་པ་དང་། རླུང་གིས་འཐབ་པར་བྱས་པའི་ལོ་མ་དག་ལས་ཀྱང་སྒྲ་འབྱུང་བ་དེ་ལ་འགའ་ཞིག་ཏུ་ཅུང་ཟད་ཉམས་
པ་ནི་རྟོགས་པ་མེད་པ་དེའི་ཕྱིར་སྔ་མ་ཉིད་རིགས་སོ། །གཞན་ནི་ནམ་མཁའ་ཁྱབ་པར་གནས་པ་བརྡབས་པའི་ལྷན་ཅིག་བྱེད་པ་ཅན་སྒྲ་ཕྲ་མོར་གྱུར་པ་ཉིད་ཉེ་བར་ལེན་པ་ཡིན་པར་སེམས་ཏེ། དེ་ཡང་ཡོད་པར་དམིགས་པའི་རྒྱུ་མཚན་ཅུང་ཟད་ཀྱང་མེད་པས་མི་འཐད་པའི་ཕྱིར་སྔ་མ་ཉིད་

ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །འོ་མ་ཡང་འོ་མ་དང་ཆུའི་ཆ་གཉིས་ཏེ། དཔེར་ན་ཞོའི་སྟེང་གི་སྤྲིས་མའམ་སྙིང་པོའི་ཆ་ནི་མར་གྱི་རྒྱུ་ཡིན་པ་བཞིན་ནོ། །ཡང་ན་འོ་མའི་མགྲིན་པ་དང་འོ་མའི་ཆ་ཡིན་ནོ། །དེ་ལ་ཆུའི་ཆ་ལས་ནི་ཞོ་ག་ཆུར་འགྱུར་རོ། །དེ་བཞིན་དུ་ཞོ་ལས་མར་དང་མར་
མ་ཡིན་པའི་ཆར་འགྱུར་བ་ཡང་རྫས་ཀྱི་རྒྱུ་ཐ་དད་པ་ཁོ་ན་ལས་ཡིན་ནོ། །མར་ལས་སྙིང་པོ་དང་སྙིང་པོ་མ་ཡིན་པར་འགྱུར་བ་ཡང་དེ་ཉིད་ལས་ཡིན་ནོ། །གསེར་རྡོ་ལས་སོ་ཐོག་དང་རྫས་ཀྱི་ཆར་འགྱུར་བ་ཡང་དེ་བཞིན་ཏེ་ཕྱོགས་འདིས་གཞན་ཡང་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་སྐྱེད་པར་
བྱེད་པས་ཁྱད་པར་དུ་བསྒྲུབ་པར་བྱ་བའི་འབྲས་བུའི་ཁྱད་པར་ཐམས་ཅད་ནང་དུ་སྡུད་པར་ནུས་པའི་བདག་ཉིད་གང་ལས་སྐྱེ་བ་དེ་ནི་ཉེ་བར་ལེན་པ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པའི་དམིགས་པ་ལ་སོགས་པས་ཕན་པར་བྱ་བའི་རང་བཞིན་ཐམས་ཅད་ནི་བློའི་རང་བཞིན་ཉིད། དེ་
མ་ཐག་པའི་རྐྱེན་ལས་སྐྱེ་བའི་ཕྱིར་ཏེ་ཉེ་བར་ལེན་པ་བཞིན་ནོ། །གང་ཡང་སོ་སོར་ནུས་པ་རྣམས་ལ་ཉེ་བར་ལེན་པའི་དོན་གང་ཞིག་ཡིན་ཞེས་སྨྲས་པ་དེ་ལ་བརྗོད་པར་བྱ་སྟེ། རྣམ་པ་གཅིག་པ་ཉིད་ཀྱིས་གཅིག་ཏུ་རྟོགས་པའི་ཡུལ་དུ་གྱུར་པ་དོན་བྱ་བ་བྱེད་པ་གཅིག་པ་རྣམས་ལ་རྒྱུ་དང་
འབྲས་བུའི་དངོས་པོ་ཉིད་དུ་ངེས་པར་བྱ་བ་ཡིན་གྱི། སྐད་ཅིག་མ་གཅིག་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པར་བྱ་བ་མ་ཡིན་ཏེ། ཚུ་རོལ་མཐོང་བའམ་གཞན་གྱིས་ཀྱང་རུང་སྟེ་རྗེས་སུ་འགྲོ་བ་དང་ལྡོག་པ་ཁོང་དུ་མི་ཆུད་པའི་ཕྱིར་རོ། །གང་གིས་ན་འདུས་པའི་ཡུལ་ཅན་གྱི་རྒྱུ་དང་འབྲས་
བུའི་དངོས་པོ་དངོས་པོའི་ཡུལ་ཅན་མ་ཡིན་པར་འགྱུར་བ་འདུས་པ་གཅིག་པ་ཉིད་བཀག་པ་ན་འདུས་པ་ཅན་རྣམས་ཀྱང་བཀག་པར་འགྱུར་བ་ནི་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་འདུས་པའི་ཡུལ་ཅན་ལ་ནི་ཇི་སྐད་བརྗོད་པའི་ལྡོག་པའི་ཆོས་སུ་གྱུར་པའི་ཉེ་བར་ལེན་པ་སྐྱེད་པར་བྱེད་པའི་རང་
བཞིན་གྱི་ཁྱད་པར་ཡིན་པར་རིགས་པ་ཡིན་ནོ། །ཉེ་བར་ལེན་པ་གཅིག་པ་ཉིད་མ་གྲུབ་བོ་ཞེས་བྱ་བ་གང་བརྗོད་པ་དེ་ཡང་རྣམ་པ་འདིས་བསྒྲུབས་པར་བལྟ་སྟེ། འདི་ལྟར་ཡུལ་གྱི་རྒྱུན་མ་ལོག་པ་ཉིད་ལས་བདེ་བ་ལ་སོགས་པ་སྐྱེ་བ་ན་དེ་ནི་ཉེ་བར་ལེན་པ་མ་ཡིན་ནོ། །ཡུལ་གྱི་ཕྱོགས་གཅིག་

ལོག་པ་ཡང་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ། །འཐད་པ་ཡང་མ་ཡིན་ཏེ། ཡུལ་གཅིག་རྒྱུར་གྱུར་པའི་བདེ་བ་དང་སྡུག་བསྔལ་དག་རྒྱུད་ཐ་དད་པར་སྐྱེ་བའི་ཕྱིར་རོ། །དབང་པོ་ཡང་མ་ཡིན་ཏེ། དེ་ལོག་ན་ཕྱིས་མིག་གི་རྣམ་ཤེས་མི་སྐྱེ་བར་འགྱུར་བའི་ཕྱིར་རོ། །
ཕྱོགས་གཅིག་ཀྱང་མ་ཡིན་ཏེ། དེའི་འབྲས་བུ་རྣམ་པར་ཤེས་པ་རྣམ་པར་འགྱུར་བ་ཐལ་བའི་ཕྱིར་རོ། །དེས་ན་ལྷག་མར་གྱུར་པ་རྣམ་པར་ཤེས་པ་ལྡོག་པའི་ཆོས་སུ་གྱུར་པ་ན་བདེ་བ་ལ་སོགས་པ་སྐྱེ་བའི་ཕྱིར་དེ་ནི་ཉེ་བར་ལེན་པ་ཡིན་ནོ། །འདི་ཉིད་བསྒྲུབ་པར་བྱ་བའི་དོན་དུ་
སློབ་དཔོན་གྱིས་དབང་པོ་ལ་སོགས་པ་ཐམས་ཅད་རྒྱུའི་མཚན་ཉིད་དུ་སྦྱར་བར་མཛད་དོ། །དབང་པོ་དང་ཡུལ་དག་རྒྱུན་མ་ལོག་པ་ལས་བདེ་བ་ལ་སོགས་པ་བསྐྱེད་པ་ན་རྒྱུན་ལོག་པ་གང་ཡིན་པ་དེ་ཉེ་བར་ལེན་པར་ཇི་ལྟར་འགྲུབ་ཅེ་ན། ཉེ་བར་ལེན་པའི་མཚན་ཉིད་གཉིས་སོ། །བདེ་བ་
ལ་སོགས་པ་རྣམ་པར་ཤེས་པ་དང་ཉེ་བར་ལན་པ་མཚུངས་པའི་ཕྱིར་བློའི་རང་བཞིན་གྲུབ་པ་ན། བདེ་བ་ལ་སོགས་པ་ཉིད་རྣམ་པར་ཤེས་པ་ཡིན་པར་གྲུབ་པ་ཡིན་ཏེ། མྱོང་བའི་རང་བཞིན་ནི་འདི་གཅིག་ཉིད་དེ་ཞེས་གང་འཆད་པར་འགྱུར་རོ། །ལྷན་ཅིག་བྱེད་པའི་རྣམ་པ་ཐ་མི་
དད་ཀྱང་ཉེ་བར་ལེན་པ་ཐ་དད་པ་ལས་ནི་འབྲས་བུ་ཐ་དད་པ་ཡིན་པས་རྒྱུ་ཐ་དད་པ་ཉིད་ནི་ཉེ་བར་ལེན་པ་ཐ་དད་པ་ཁོ་ན་ལས་ཡིན་ལ། ལྷན་ཅིག་བྱེད་པ་རྣམས་ལས་ནི་ཁྱད་པར་སྐྱེ་བ་ཡིན་ནོ། །དེས་ན་ཐམས་ཅད་དུ་ཐ་དད་པར་བྱེད་པའི་གཙོ་བོ་ནི་ཉེ་བར་ལེན་པ་ཐ་དད་པ་ཉིད་ཡིན་པར་བསམ་པར་
བྱའོ། །གང་ཞིག་གང་དང་རྒྱུ་ཐ་མི་དད་པ་དེ་ནི་དེ་ལས་རང་བཞིན་ཐ་དད་པ་མ་ཡིན་ལ། དཔེར་ན་སཱ་ལུའི་མྱུ་གུ་གཅིག་ལས་གཞན་པ་ཡིན་ནོ། །བདེ་བ་ལ་སོགས་པ་ཡང་རྣམ་པར་ཤེས་པ་ལས་རྒྱུ་ཐ་མི་དད་པ་ཡིན་ནོ། །ཁྱད་པར་རྒྱུའི་ཐ་མི་དད་པ་ཉིད་ལ་ནི་རྒྱུ་དང་ལྡན་པ་སྤྱིའི་རང་
བཞིན་གྱིས་ཁྱབ་པ་ཡིན་ལ། རྒྱུ་ཐ་དད་པ་མེད་པར་འབྲས་བུ་ཐ་དད་པར་འགྱུར་ན་ཡང་སྣ་ཚོགས་རྒྱུ་མེད་པ་ཅན་དུ་འགྱུར་བའི་ཕྱིར། ཁྱབ་པར་བྱེད་པ་མེད་པས་རྒྱུ་ཐ་མི་དད་པ་ཉིད་དེ་ལས་ལྡོག་པ་ན་རང་བཞིན་ཐ་མི་དད་པས་ཁྱབ་པའི་ཕྱིར་ན་རང་བཞིན་ཡིན་ནོ། །གལ་ཏེ་བདེ་བ་ལ་སོགས་པ་

བདག་ཏུ་འཛིན་པའི་གཞི་ནང་དུ་འགྱུར་བ་ཡིན་ན་ནི། རྣམ་པར་ཤེས་པ་དང་ཉེ་བར་ལེན་པ་གཅིག་པར་དོགས་པ་མ་ཡིན་ནམ། གང་གི་ཕྱིར་ནང་སྟེ་བདག་ཏུ་འཛིན་པའི་གཞིར་འགྱུར་བ་དེའི་རང་གི་ངོ་བོ་ནི་མ་ཡིན་ཏེ། འོན་ཀྱང་སྒྲ་ལ་སོགས་པ་ཕྱི་རོལ་གྱི་རང་བཞིན་ཡིན་ནོ། །དེས་ན་
ཁྱོད་ཀྱིས་ཀྱང་དེ་དག་བཞིན་དུ་འདི་དག་ཀྱང་རྣམ་པར་ཤེས་པ་དང་རྒྱུ་གཅིག་པར་དོགས་པར་བྱ་བ་མ་ཡིན་ནོ། །ཁོ་བོ་ཅག་ལ་ནི་རྟག་པའི་རང་བཞིན་ནམ་མི་རྟག་པའི་ཡོངས་སུ་འགྱུར་བ་སྐྱེས་བུ་རྟག་པའི་ཤེས་པ་ཡོད་པ་དང་རྒྱུ་མཚུངས་པ་ཉིད་དུ་ག་ལ་འགྱུར། གལ་ཏེ་ཡང་ན་ནང་གི་
བདག་ཉིད་ཀྱི་བློ་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པ་ལ་དེ་ལྟ་ན་ཡང་དེའི་རང་བཞིན་ནི་སྐྱེས་བུས་སྤྱད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་དེ་ལ་གནས་པའི་ཡུལ་གྱི་སྣང་བ་ཡིན་ཏེ། བློ་ལ་ཤར་བའི་དོན་ནི་སྐྱེས་བུས་ཤེས་པར་བྱེད་དོ་ཞེས་གང་སྨྲས་པ་ཡིན་ནོ། །ཐ་དད་པ་མེད་པའི་ཕྱིར་
ན་དོན་བཞིན་དུ་བདག་ཉིད་ཀྱི་གཟུགས་བརྙན་ནི་བློ་ལ་ཡོད་པ་མ་ཡིན་ནོ། །དེས་ན་ཉམས་སུ་མྱོང་བཞིན་པའི་བདེ་བ་ལ་སོགས་པ་ནི་ཕྱི་རོལ་ཁོ་ན་ཡིན་ནོ། །དེ་ལྟར་ན་བཀག་པ་ཉིད་ཀྱིས་བདེ་བ་ལ་སོགས་པ་སེམས་པ་ཅན་ཡིན་པ་བཀག་པ་ཡིན་མོད་ཀྱི། ཉམས་སུ་མྱོང་བ་བདེ་བ་ལ་
སོགས་པའི་རྣམ་པའི་བདག་ཉིད་དུ་འགྱུར་བ་དེས་ན་བདེ་བ་ལ་སོགས་པ་མྱོང་བའི་རང་བཞིན་ཡང་ཡིན་ལ། ཕྱི་རོལ་དུ་ཡང་འགྱུར་རོ་ཞེས་གཞན་གྱི་ཚིག་གི་གོ་སྐབས་དོག་པར་བྱས་ནས། སེམས་པ་ཅན་ཡང་མ་ཡིན་གྱི་ཞེས་སྨྲས་ཏེ། ཡོངས་སུ་འགྱུར་བ་ཉིད་དུ་ཐལ་བའི་ཕྱིར་
སྐྱེས་བུ་ནི་བདེ་བ་ལ་སོགས་པའི་རྣམ་པ་འཛིན་པ་མ་ཡིན་པ་དེས་ན་བདེ་བ་ལ་སོགས་པ་སེམས་པའི་རང་བཞིན་དུ་ག་ལ་འགྱུར། དེའི་རྣམ་པ་འཛིན་པ་ནི་ཡུལ་ལ་ལོངས་སྤྱོད་པ་མ་ཡིན་ཏེ། འོན་ཀྱང་སྐྱེས་བུ་དང་ཡུལ་དག་གི་གཟུགས་བརྙན་བློ་གཅིག་ལ་འདྲེས་པ་ཡིན་ནོ། །འོ་ན་ནང་
དུ་རྟེན་པར་གསལ་བ་ཇི་ལྟར་ཞེ་ན་སྨྲས་པ། བདེ་བ་ལ་སོགས་པ་དེ་དག་གིས་བདག་ཉིད་དུ་གྱུར་པ་གང་དག་ཡིན་པ་བདེ་བ་ལ་སོགས་པའི་རྣམ་པར་འགྱུར་བ་སྒྲ་དང་གཟུགས་ལ་སོགས་པ་དེ་དག་སྟེ། རང་བཞིན་ནི་རྣམ་པར་འགྱུར་བ་རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་དག་ཉམས་སུ་

མྱོང་བ་ལས་བདེ་བ་ལ་སོགས་པ་མྱོང་བར་འགྱུར་བ་ཡིན་ལ་དེ་ལས་དེ་ཉམས་སུ་མྱོང་བར་རྟོགས་པ་སྟེ་ཤེས་ཤིང་ངེས་པ་ཡིན་ནོ། །འདི་སྐད་བསྟན་པ་ཡིན་ཏེ། བདེ་བ་ལ་སོགས་པ་ནང་དུ་མྱོང་བར་ངེས་པ་ནི། ཡུལ་སྣང་བའི་མཐར་ཐུག་པའི་ཕྱིར་ཡིན་གྱི་ཉམས་སུ་
མྱོང་བའི་བདག་ཉིད་དུ་འགྱུར་བའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཞན་ནི་གྲངས་ཅན་ནོ། །སྔ་མའི་འདོད་པ་འབའ་ཞིག་མི་རིགས་པར་མ་ཟད་ཀྱི། བདེ་བ་ལ་སོགས་པ་དོན་གྱི་བདག་ཉིད་དུ་འདོད་པ་དེའི་ལྟར་ན་ཡང་རིགས་པ་མ་ཡིན་ནོ། །ག་ལས་ཤེ་ན། བཤད་པ། ཕྱི་
རོལ་སྒྲ་ལ་སོགས་པ་ཁྱད་པར་མེད་ན་ཡང་སྟེ། རྣམ་པ་གཅིག་ཡིན་ཡང་དགའ་བ་སྟེ། བདེ་བའི་རྣམ་པ་དང་ཡོངས་སུ་གདུང་བ་སྡུག་བསྔལ་གྱི་རྣམ་པ་དག་གོམས་པ་ལས་ཏེ། བསྒོམས་པའི་ཁྱད་པར་ལས་ཁྱད་པར་འགྱུར་བའི་ཕྱིར་ཏེ། ཐ་དད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་
གཏན་ཚིགས་སོ། །དོན་གྱི་རང་བཞིན་མ་ཡིན་པ་དག་སྟེ་ཚད་མའི་འབྲས་བུའོ། །གལ་ཏེ་གོམས་པས་ཁྱད་པར་དུ་འགྱུར་བ་དེ་ལྟ་ན་ཡང་དོན་གྱི་རང་བཞིན་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། བཤད་པ། གང་གི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །སྒྲ་ལ་སོགས་པའི་
བདག་ཉིད་གང་ལ་ཡོད་པ་སྟེ། གལ་ཏེ་བདེ་བ་ལ་སོགས་པ་སྒྲ་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཁྱད་པར་སྣང་བ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གཟུགས་བརྙན་དང་ཡུལ་ཐ་དད་པ་མེད་པར་ཞེན་པའི་ཕྱིར་བདག་ཉིད་སྨོས་པ་བྱས་སོ། །དོན་ནི་གལ་ཏེ་སྒྲ་ལ་སོགས་པའི་རང་བཞིན་སྣང་བ་
ཡིན་ན་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཚེ་སྒྲ་ལ་སོགས་པ་ཁྱད་པར་མེད་པ་ལ་སྟེ་གཅིག་ཉིད་ལའོ། །གོམས་པའི་ཁྱད་པར་ལས་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་དང་བཏང་སྙོམས་ལ་བརྟེན་པར་གོམས་པར་བྱ་བའི་ཕྱི་རོལ་ལའོ། །དགའ་བ་དང་ཡོངས་སུ་གདུང་བ་ནི་བདེ་བ་དང་མི་བདེ་བའི་
སྣང་བའོ། །ཁྱད་པར་ནི་གཞན་ཉིད་དུ་འགྱུར་བའམ་འཕེལ་བ་སྟེ། རྟོགས་པར་བྱེད་པ་གཅིག་ལ་རིམ་གྱིས་སམ་མང་པོ་རྣམས་ལ་ཅིག་ཅར་དུ་མི་འགྱུར་རོ། །སྔོན་པོ་ལ་སོགས་པའི་དོན་གྱི་སྣང་བ་ནི་རྣམ་པའོ། །དེ་ཉིད་ཁྱད་པར་དུ་འགྱུར་བས་ཁྱད་པར་ཏེ་མངོན་སུམ་གྱིས་བཟུང་བའོ། །

སྔོན་པོ་ལ་སོགས་པས་བསྐྱེད་པ་དེ་གོམས་པས་འཕེལ་བ་དང་འགྲིབ་པ་མ་ཡིན་པ་དང་། སེར་པོ་ལ་སོགས་པའི་རང་བཞིན་མ་ཡིན་པ་དེ་བཞིན་དུ་འདི་ཡང་དེས་བྱས་པ་ཡིན་ན་གོམས་པས་ཁྱད་པར་དུ་མི་འགྱུར་གྱི་འོན་ཀྱང་དངོས་པོ་ཉིད་ཀྱི་ཕྱིར་འགྱུར་རོ། །གང་ཡང་དབང་པོ་གསལ་བ་
དང་མི་གསལ་བའམ། ཐག་ཉེ་བ་དང་རིང་བ་ན་གནས་པས་བྱས་པའི་ཁྱད་པར་དེ་ནི་སྔོན་པོའི་རྣམ་པ་ལས་མ་འདས་པ་དེའི་ཕྱིར་སྣང་བ་དེ་སྔོན་པོའི་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ཏེ། འོན་ཀྱང་རྡུལ་དང་འདྲེས་པའི་སྔོན་པོ་ཐག་རིང་པོ་ནས་བཟུང་བའམ།
དབང་པོའི་ཁྱད་པར་གྱིས་གསལ་བར་མི་སྣང་བ་འབའ་ཞིག་གོ། །སྒྲ་ལ་ནི་གོམས་པ་ལས་འདོད་པའི་བདག་ཉིད་ཐམས་ཅད་ལྡོག་ཅིང་བཟློག་པར་ཡང་འཇུག་པའི་ཕྱིར་དེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་མ་ཡིན་ཏེ། འདིར་ཁྱད་པར་ནི་འདི་འདྲ་བར་འདོད་པ་ཡིན་ནོ། །དེའི་ཕྱིར་
གང་ཞིག་གང་གི་བདག་ཉིད་སྣང་བ་དེ་ནི་གོམས་པ་ལ་ལྟོས་པ་མེད་པར་དེའི་རང་བཞིན་གྱི་ཁྱད་པར་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་འཇུག་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་སྣང་བ་བཞིན་ནོ། །གང་གི་ཕྱིར་དེ་སྣང་བའི་ཐ་སྙད་ལ་ནི་ཡུལ་ངེས་པ་ཉིད་ཀྱིས་ཁྱབ་པ་ཡིན་
ཏེ། འདི་ནི་སྔོན་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཐ་སྙད་ངེས་པའི་ཕྱིར་རོ། །དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་ཡང་དེ་སྣང་བ་ནི་ཐམས་ཅད་ལ་སྣང་བར་འགྱུར་བའི་ཕྱིར་ངེས་པ་སྤངས་པར་འགྱུར་རོ། །དེའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པས་མི་མཐུན་པའི་ཕྱོགས་
ལས་ལྡོག་པ་ན་དེའི་བདག་ཉིད་སྣང་བའི་ཐ་སྙད་ལ་དེའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པས་ཁྱབ་བོ། །དེས་ན་འགལ་བ་ཁྱབ་པ་དམིགས་པས་ཕྱི་རོལ་ལ་མི་ལྟོས་པར་གོམས་པའི་ཁྱད་པར་གྱི་རྗེས་སུ་བྱེད་པ་འགོག་པ་ཐལ་བར་བྱེད་པ་ཡིན་ནོ། །ཐལ་བ་བཟློག་
པའི་ཁྱབ་པ་སྒྲུབ་པ་ཡང་ཐལ་བའི་གཏན་ཚིགས་ཀྱི་ཁྱབ་པ་སྒྲུབ་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །གང་གི་ཕྱིར་ཐལ་བ་ལས་བཟློག་པའི་གཏན་ཚིགས་ནི་གང་དག་ཕྱི་རོལ་ལ་མི་ལྟོས་པར་གོམས་པའི་ཁྱད་པར་གྱི་རྗེས་སུ་བྱེད་པ་དེ་དག་ནི་ཕྱི་རོལ་གྱི་བདག་ཉིད་སྣང་བ་མ་ཡིན་ཏེ་ཞེས་ཁྱབ་པར་

བྱེད་པ་འགལ་བ་དམིགས་པའམ། ཡང་ན་བློ་ཉིད་ཅེས་སློབ་དཔོན་གྱིས་ཇི་ལྟར་བཀོད་པ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །ཕྱི་རོལ་གྱི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཉིད་ཀྱིས་དེའི་བདག་ཉིད་སྣང་བ་ལ་ཁྱབ་པར་གྲུབ་པ་ན་གཉི་ག་ལ་ཡང་འབྲེལ་པ་གྲུབ་པ་
ཡིན་ཏེ། རང་བཞིན་ལ་ནི་ཁྱབ་པར་བྱེད་པ་དང་འགལ་བའི་ཆོས་ལ་ཁྱབ་པར་བྱ་བ་དང་འགལ་བས་ཁྱབ་པ་གྲུབ་པའི་ཕྱིར་དང་། ཕྱི་རོལ་སྣང་བ་དགག་པ་ཉིད་ལ་ཡང་དེའི་ཁྱད་པར་གྱི་རྗེས་སུ་མི་བྱེད་པ་ཁྱབ་པར་བྱེད་པ་དང་འགལ་བ་ཡིན་པའི་ཕྱིར་རོ། །དེའི་ཁྱད་པར་ལས་ཞེས་བྱ་བ་ནི་
ཐལ་བ་བཟློག་པ་འཆད་དེ། གང་དག་སྒྲ་ལ་སོགས་པ་དེའི་བདག་ཉིད་ཀྱི་ཁྱད་པར་ལ་མི་ལྟོས་པར་གོམས་པར་བྱ་བའི་ཁྱད་པར་གྱི་རྗེས་སུ་མཐུན་པ་དེ་དག་ནི་ནང་ན་གནས་པའི་བློ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་བསྒྲུབ་བྱ་བསྡུས་པའོ། །གང་དག་གང་གང་གི་རང་བཞིན་གྱི་ཁྱད་
པར་མི་ལྟོས་པར་གོམས་པའི་ཁྱད་པར་ཡོད་པ་དང་མེད་པའི་རྗེས་སུ་འབྲེལ་པ་དེ་དག་ནི་ནང་ཉིད་ཡིན་ཏེ། ཤེས་རབ་ལ་སོགས་པ་བཞིན་ནོ། །ཤེས་རབ་ནི་ཤེས་པར་བྱ་བ་རྣམ་པར་འབྱེད་པའོ། །སོགས་པ་ཞེས་བྱ་བ་བརྩེ་བ་དང་ཡིད་བྱུང་བ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་དག་ནི་
དམིགས་པར་བྱ་བའི་དངོས་པོ་ཁྱད་པར་མེད་ཀྱང་གོམས་པའི་ཁྱད་པར་གྱི་རྗེས་སུ་བྱེད་པས་ཤེས་བྱའི་རང་བཞིན་སྣང་བ་མ་ཡིན་གྱི་འོན་ཀྱང་ནང་ཉིད་ཡིན་ཞིང་ཕྱི་རོལ་གྱི་བདག་ཉིད་སྣང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བདེ་བ་ལ་སོགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ནོ། །འབྲེལ་པ་གྲུབ་
པ་ནི་བརྗོད་ཟིན་ཏོ། །དེ་ལྟར་ན་ནང་ཉིད་ཡིན་པར་བསྒྲུབས་ནས་ཕྱི་རོལ་ཡིན་ཡང་སེམས་ཅན་དུ་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ནང་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་པའང་ཡིན་ནོ། །འང་ཞེས་བྱ་བའི་ཚིག་ཕྲད་ནི་བསགས་པའོ། །གཏན་ཚིགས་བཤད་
པ་མྱོང་ཕྱིར་ཏེ། གང་གི་ཕྱིར་བདེ་བ་ལ་སོགས་པ་མྱོང་བར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་མྱོང་བར་བྱ་བ་ཡིན་དུ་ཟད་མོད། དེ་ལྟ་ན་ཡང་སེམས་པ་ཅན་དུ་ཇི་ལྟར་འགྱུར་ཞེ་ན། བཤད་པ། དེ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་ལྟ་བུ་སྟེ། དེ་ལྟར་མ་གྱུར་པའོ། །དེས་ན་དོན་

མྱོང་བ་མ་ཡིན་པའི་ཕྱིར་རོ། །གང་ཞིག་དོན་གང་གི་རང་བཞིན་མ་ཡིན་པ་དེ་ནི་དེའི་མྱོང་བར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐ་མའི་ཚིག་དགྲོལ་བའི་ཕྱིར་བཤད་པ། གང་གི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏེ། ཡུལ་ཅན་གང་ཞིག་ཡུལ་གང་གི་སྟེ། དེ་ཉིད་ཀྱི་
རྣམ་པ་གང་ཡིན་པ་དེ་ལྟ་བུར་གྱུར་པ་མྱོང་བ་མ་ཡིན་ནོ་ཞེ་ནའོ། །དེ་ནི་ཞེས་བྱ་བ་ནི་གང་ཞིག་ཅེས་སྨོས་པ་དེ་ཉིད་ཡང་སྨོས་པའོ། །འདི་སྐད་དུ་མྱོང་བ་གང་ཞིག་ཡུལ་གྱི་རྣམ་པ་མི་འཛིན་པ་དེ་ནི་དེའི་མྱོང་བར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དཔེར་བརྗོད་པ་ཕན་ཚུན་གྱི་རང་
བཞིན་ཏེ། བདེ་བ་ལ་སོགས་པ་མྱོང་བ་གང་ལ་སྣང་བ་མེད་པའི་མྱོང་བ་དེ་ནི་གཞན་མྱོང་བར་བྱེད་པ་མ་ཡིན་ཏེ། སྡུག་བསྔལ་མྱོང་བ་ལ་བདེ་བའི་རྣམ་པ་མེད་པའི་ཕྱིར་དེའི་མྱོང་བར་བྱེད་པ་མ་ཡིན་ནོ། །ལྡོག་པའི་སྒོ་ནས་ཀྱང་དོན་འདི་བསྟན་པ་ཡིན་ཏེ། གང་ཞིག་གང་གི་མྱོང་བར་
བྱེད་པ་ནི་དེའི་རྣམ་པ་ཡིན་ནོ་ཞེས་བྱ་བའོ། །གྲངས་ཅན་ལ་དཔེ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེ་ན། དཔེ་མེད་ཀྱང་གནོད་པར་བྱེད་པའི་ཚད་མ་ཉིད་དཔེར་བྱེད་པ་ཡིན་ཏེ། སྒྲུབ་པར་བྱེད་པ་ལ་དཔེས་ནི་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་མྱོང་བར་བྱེད་པ་ལ་ངེས་པའི་
ཡུལ་ཅན་ཉིད་ཀྱིས་ཁྱབ་པ་ནི་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །འདྲ་བ་མེད་ན་ནི་ཁྱབ་པར་བྱེད་པ་ངེས་པ་མེད་པའི་ཕྱིར་མྱོང་བར་བྱེད་པ་མེད་པས་ཁྱབ་པར་བྱེད་པ་མི་དམིགས་པས་འབྲེལ་པ་གྲུབ་བོ། །མྱོང་བར་བྱེད་པ་ཉིད་འདྲ་བའི་རྒྱུ་མཚན་ཅན་དུ་རྣམ་པར་གཞག་པའི་དོན་དུ་
གཞན་གྱི་དོགས་པ་བཟློག་པའི་ཕྱིར་འདི་ནི་འདིའི་མྱོང་བར་བྱེད་པ་ཞེས་གསུངས་ཏེ། དེ་ལྟ་བུའི་རང་བཞིན་ཅན་གྱི་མྱོང་བར་བྱེད་པ་དང་མྱོང་བར་བྱེད་པ་ངེས་པའི་འབྲེལ་པའི་རྒྱུ་མཚན་ནི་མངོན་པར་གསལ་བ་གསལ་བར་གྱུར་པ་ཉིད་དོ། །གལ་ཏེ་ཡང་གྲངས་ཅན་གྱི་རྟག་ཏུ་གསལ་
བའི་བདག་ཉིད་ཀྱི་སྐྱེས་བུ་མངོན་པར་མི་གསལ་བ་ལས་མངོན་པར་གསལ་བར་བྱ་བ་མ་ཡིན་པ་དེ་ལྟ་ན་ཡང་ཡུལ་ལ་ཆགས་པའི་ཉེ་བར་བསླད་པ་ནི་གསལ་བའི་དངོས་པོ་ཐ་སྙད་དུ་བྱ་བར་གཟུང་བ་ཡིན་ལ་ཐ་སྙད་དུ་བྱ་བའི་གནས་སྐབས་ཀྱི་དོན་གྱི་དབང་གིས་ཡིན་ཏེ། དོན་ཡོད་པ་ལ་

སེམས་པའི་རང་བཞིན་ངེས་པ་ནི་གསལ་བ་ཡིན་པའི་ཕྱིར་རོ། །དེས་ན་དོན་གང་ལ་སེམས་པའི་ཐ་སྙད་དུ་འགྱུར་བ་དེ་ལས་དེ་མངོན་པར་གསལ་བ་ཡིན་པའི་ཕྱིར་རོ། །མངོན་པར་གསལ་བར་ཡོད་པ་ཡིན་ནོ། །འདི་འདིའི་ཞེས་བྱ་བའི་འབྲེལ་པ་ཡང་མངོན་པར་
གསལ་བའི་རྒྱུ་ཅན་ཡིན་པར་བརྗོད་པ་ཡིན་ནོ། །འདིར་འདི་ནི་སྔོན་པོ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་དོན་གྱི་ཁྱད་པར་དང་འབྲེལ་པས་མྱོང་བའི་ཐ་སྙད་དུ་གྱུར་པ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་ཡིན་ལ། བསྒྲུབ་པར་བྱ་བའི་དོན་ཉིད་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དོན་གྱི་ཁྱད་པར་
གྱི་འབྲེལ་པ་ལས་གཞན་དུ་གྱུར་པ་འདི་ནི་མྱོང་བའོ་ཞེས་བྱ་བ་གསལ་བའི་རང་བཞིན་ཙམ་འདི་ནི་རྒྱུ་མཚན་ཉིད་དུ་ཉེ་བར་ལེན་པ་ཡིན་ནོ། །མངོན་པར་གསལ་བ་འདི་ནི་དབང་པོ་རྣམས་དང་། ཡིད་དང་བློ་དང་ཡུལ་རྣམས་ལ་ཡང་རག་ལས་པ་ཡིན་ཏེ། དབང་པོ་དང་བློ་ལ་སོགས་པ་
མེད་པར་ནི་དེ་ལ་མྱོང་བར་བྱེད་པ་ཉིད་དུ་ཐ་སྙད་དུ་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འབྲེལ་པའི་རྒྱུ་མཚན་རང་བཞིན་ཙམ་མངོན་པར་གསལ་བ་ཡིན་པས་དབང་པོ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །རྒྱུ་དེའི་ཕྱིར་འདྲ་བ་ཉིད་ཡིན་ནོ། །དེའི་མྱོང་བ་ནི་དེ་མྱོང་བ་སྟེ། དེའི་
མཚན་ཉིད་དོ། །ཡུལ་གྱི་འབྲེལ་པ་ངེས་པའི་རྒྱུ་ནི་འདྲ་བ་ཉིད་ཡིན་ནོ། །ད་ནི་གུད་ན་གནས་པ་འགའ་ཞིག་སློབ་དཔོན་གྱིས། གྲངས་ཅན་ལ་ཡང་འདྲ་བ་བསྒྲུབ་པ་མི་འཐད་པར་མཐོང་བ་ནས་དེ་དང་འདྲ་བར་ཡང་སེམས་པ་ཅན་ལ་ཇི་ལྟར་ཞེ་ན་ཞེས་སྨོས་ཏེ། གལ་ཏེ་འདྲ་བ་མེད་ན་མྱོང་བར་
བྱེད་པ་ཉིད་མི་འཐད་པ་དེ་ལྟར་ན་ཡང་གྲངས་ཅན་གྱི་ཤེས་པ་ཡོད་པ་ལ་འདྲ་བ་ནི་འཐད་པ་མ་ཡིན་ནོ། །གང་གི་ཕྱིར་ཉམས་སུ་མྱོང་བའི་དུས་ལས་སྔར་འདྲ་བ་དེའི་བདག་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱིས་ཀྱང་དེ་ཉམས་སུ་མྱོང་བའི་དུས་སུ་སྔ་མ་ཡང་སྔ་མའི་རང་བཞིན་ལས་ཉམས་པ་མེད་པ་
སྟེ། ལྡོག་པ་མེད་པའི་རྒྱུའི་ཕྱིར་རོ། །གང་གི་ཕྱིར་འདྲ་བ་དེ་ནི་སེམས་པ་ཡོད་པའི་རང་བཞིན་ཡིན་ལ། དེ་སྔར་མ་གྱུར་ན་ནི་ཐམས་ཅད་དུ་དོན་ཏེ་མི་མྱོང་བར་ཐལ་ལོ། །མྱོང་བའི་དུས་ན་སྐྱེ་བ་ཡིན་ན་ནི་སྐྱེས་བུའི་རང་བཞིན་གཞན་དུ་འགྱུར་བས་མི་རྟག་པར་འགྱུར་ན་རྟག་པར་ཡང་

འདོད་པ་ཡིན་ནོ། །དེའི་ཕྱིར་གྲངས་ཅན་ལ་མྱོང་བར་བྱེད་པ་ཉིད་འདྲ་བའི་རྒྱུ་མཚན་ཅན་དུ་རྣམ་པར་གཞག་པར་མི་ནུས་སོ་ཞེ་ན། འདི་ནི་འདིའི་ཉེས་པ་གཞན་ཡིན་ཏེ་ཞེས་བྱ་བ་ལ་བསམ་པ་ནི་འདི་ཡིན་ཏེ། འདིར་གྲངས་ཅན་གྱི་ལྟ་བ་སྒྲུབ་པའི་སྐབས་ནི་མ་ཡིན་གྱི། འོན་
ཀྱང་མྱོང་བར་བྱེད་པ་ཉིད་བརྟག་པའི་སྐབས་ཡིན་ནོ། །འདྲ་བ་དེའི་རྒྱུ་མཚན་དུ་རྣམ་པར་གཞག་པ་ན་རང་གི་ནུས་པས་ཇི་སྙེད་གྲངས་ཅན་ལ་ཉེས་པ་གཞན་གྲུབ་པ་དེ་ཡང་ཁོ་བོ་ཅག་གི་བསམ་པ་གྲུབ་པའི་ཕྱིར་འདོད་པ་ཡིན་གྱི། སྐབས་ཀྱི་དོན་བཏང་བ་ནི་མ་ཡིན་ནོ་ཞེས་
སྟོན་པ་ནི་འདྲ་བ་མེད་པར་ནི་མྱོང་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་སྙམ་དུ་རྟག་ཏུ་ཡོད་པའི་སྐྱེས་བུ་ནི་རང་གི་ངོ་བོ་ཉིད་ཁོ་ནས། དེ་དོན་དེ་ལ་སེམས་པ་མ་ཡིན་ནམ་ཞེས་དོགས་པ་ལ། སྔ་མ་ཉིད་བསྒྲུབ་པའི་དོན་དུ་བཤད་པ། གང་གི་ཕྱིར་ཞེས་བྱ་བ་ནི་གཏན་
ཚིགས་ཀྱི་དོན་ཏོ། །གང་གི་ཕྱིར་རིག་པ་སྟེ། མྱོང་བ་ཡོད་པ་ཉིད་ནི་ངེས་པའི་དོན་དེ་མྱོང་བར་ཏེ། ཉམས་སུ་མྱོང་བར་རོ། །གང་གི་ཕྱིར་དེ་དོན་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་ཏེ། དེས་ན་ཐམས་ཅད་ལ་སྟེ་དོན་ཐམས་ཅད་ལ་ཁྱད་པར་ཏེ། ཐ་དད་
པར་བྱ་བ་མེད་པས་ན། དོན་ཐམས་ཅད་རིག་པར་ཐལ་བའི་ཕྱིར་འདྲ་བ་ཉིད་དེའི་རྒྱུ་མཚན་ཡིན་ནོ་ཞེས་མཇུག་བསྡུ་བའོ། །གང་གི་ཕྱིར་ཡུལ་སོ་སོ་ལ་ཁྱད་པར་དུ་མ་གྱུར་པའི་རིག་པ་ཙམ་པོ་འབའ་ཞིག་ནི། ཁྱད་པར་ཅན་དུ་མྱོང་བར་བྱ་བའི་དོན་གྱི་མྱོང་བ་མ་ཡིན་ཞིང་
རང་གི་རང་བཞིན་མྱོང་བ་ལས་དོན་གཞན་མྱོང་བ་ཞེས་བྱ་བ་ཡང་མ་ཡིན་ཏེ། དེའི་རང་གི་རང་བཞིན་ཉམས་སུ་མྱོང་བའི་བདག་ཉིད་དུ་དོན་ཉམས་སུ་མྱོང་བ་ཡིན་ན་དེའི་རང་གི་རང་བཞིན་ཁྱད་པར་མེད་པའི་ཕྱིར་དང་། དོན་མྱོང་བ་ཡང་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཁྱད་པར་མེད་པ་ཁོ་
ནར་འགྱུར་རོ། །འདི་ལྟར་ནི་རིགས་པ་ཡིན་ཏེ། ཤེས་པ་ཡོད་པ་གང་ཡིན་པ་དེ་ལ་འདྲ་བ་ཡོད་དེ། དེའི་བདག་ཉིད་ཡོད་པ་ཡིན་ན་ནི་འདྲ་བར་བྱེད་པ་པོའི་དོན་ལ་སྦྱོར་ཞིང་འབྲེལ་པར་བྱེད་པ་ཡིན་ནོ། །ཇི་ལྟར་འབྲེལ་པ་འདིའི་རྒྱུ་ནི་འདྲ་བ་ཉིད་ཡིན་པར་རིགས་པ་དེ་ལྟར་ནི་འབྲས་བུ་བསམ་

པར་འཆད་པར་འགྱུར་རོ། །ཉམས་སུ་མྱོང་བ་ནི་འདྲ་བ་དང་བཅས་པ་ཡིན་ལ། འདྲ་བ་ཡང་དེ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་བདེ་བ་ལ་སོགས་པའི་མྱོང་བའི་བདག་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་བཤད་པ་ནི། སེམས་པ་ཅན་ཡིན་པར་གྲུབ་བོ་ཞེས་བྱ་བ་ཡིན་ནོ། །འདི་
སྙམ་དུ་འོ་ན་ནི་སྔོན་པོ་ལ་སོགས་པ་རྣམས་ཀྱང་སེམས་པ་ཉིད་དུ་ཐལ་བར་འགྱུར་ཏེ། གང་གི་ཕྱིར་དེ་ལ་ཡང་རྣམ་པར་ཤེས་པ་སེམས་པར་བྱེད་པ་ན་དེའི་རང་བཞིན་ཉིད་དུ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་འདྲ་བའི་བདག་ཉིད་ཅན་གྱི་སྔོན་པོ་ལ་སོགས་པ་རྣམས་སེམས་པར་ཐལ་བར་
འགྱུར་ན་དེ་ལྟར་ཁས་བླངས་པ་ནི་མ་ཡིན་ནོ། །ཅི་སྟེ་རྣམ་པ་འདིས་རྣམ་པར་ཤེས་པར་སྨྲ་བ་ལ་བརྟེན་པ་ཡིན་ན་དེ་ལྟ་ན་ཡང་ངལ་བ་འབྲས་བུ་མེད་པ་ཡིན་ཏེ། གཞན་དག་ཀྱང་ཕྱི་རོལ་ཡིན་པ་འགོག་པའི་ཕྱིར་བདེ་བ་ལ་སོགས་པ་དམིགས་ཀྱིས་གཟུང་བས་ཅི་བྱ་ཞེས་དོགས་པ་ལ་
འདི་ཉིད་ཀྱང་ཁོ་བོ་ཅག་གི་བདེ་བ་ཞེས་གསུངས་ཏེ། བསྡུས་པས་ནི་འདི་ལྟར་བསྟན་པ་ཡིན་ཏེ། འདྲ་བ་གཅིག་པུ་ནི་བདེ་བ་ལ་སོགས་པ་སེམས་པ་ཅན་གྱི་རྒྱུ་མ་ཡིན་གྱི། འོན་ཀྱང་རང་བཞིན་གྱི་ཁྱད་པར་ཡང་ཡིན་ནོ། །དེ་ཡང་གང་ཞེ་ན་བཤད་པ། གང་སིམ་པར་འདོད་པ་
དང་རྗེས་སུ་མཐུན་པར་མྱོང་བ་སྟེ་ཉམས་སུ་མྱོང་བའོ། །འདི་ནི་སྡུག་བསྔལ་དང་གཉི་ག་ལས་བཟློག་པ་མཚོན་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་ཡང་ཇི་ལྟར་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །དོན་འདི་ལྟར་འདོད་པ་ཡིན་ཏེ། བདེ་བ་ལ་སོགས་པ་རྣམས་ཀྱི་རང་གི་དོན་བྱ་བ་ནི་
འདོད་པ་ལ་སོགས་པའི་རྣམ་པར་གསལ་བ་ཕན་འདོགས་པ་ལ་སོགས་པའི་བདག་ཉིད་ཅན་ཡིན་ལ། དངོས་པོ་རྣམས་ཀྱི་ཡོད་པ་ཡང་དོན་བྱེད་པའི་རྒྱུ་མཚན་ཅན་ཡིན་ནོ། །དེ་ནི་སིམ་པ་ལ་སོགས་པ་རྣམ་པར་ཤེས་པའི་རྣམ་པ་ལས་ཀྱང་འཐོབ་སྟེ། དེས་ན་ཤེས་པ་ལ་
གནས་པའི་སིམ་པ་ལ་སོགས་པའི་རྣམ་པ་དེ་ཉིད་བདེ་བས་བསྒྲུབ་པར་བྱ་བ་བསྒྲུབ་པའི་ཕྱིར་བདེ་བར་རིགས་སོ། །ཕྱི་རོལ་གྱི་བདེ་བ་ལ་སོགས་པ་རྣམས་ཀྱི་ཡོད་པར་རྣམ་པར་གཞག་པ་ཡང་འདི་ཉིད་ལས་ཡིན་ནོ། །སྔོན་པོ་ལ་སོགས་པར་ཡོད་པའི་རྒྱུ་མཚན་གྱི་འབྲས་བུ་ནི་སྔོན་

པོའི་རྣམ་པར་གསལ་བ་ཉིད་མ་ཡིན་ཏེ། རྣམ་པ་དེ་སྐྱེས་ཀྱང་སྔོན་པོ་ལ་སོགས་པས་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བའི་དོན་དུ་གཉེར་བ་རྣམས་འཇུག་པ་མཐོང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ནི་གང་གི་དོན་དུ་དེ་དག་འཇུག་པའི་དོན་བྱ་བའི་དེ་ཉིད་ཀྱིས་ཡོད་པ་ཡིན་ལ། དེ་
ཡང་བློ་ལ་གནས་པའི་སྔོན་པོ་དང་འདྲ་བ་ལས་མི་འགྲུབ་པའི་ཕྱིར་དེ་དང་འདྲ་བ་སྔོན་པོ་མ་ཡིན་པས་སྔོན་པོ་ལ་སོགས་པས་སེམས་པ་མ་ཡིན་ནོ། །སེམས་པ་ཅན་ཡིན་པར་གྲུབ་བོ་ཞེས་བྱ་བ་ནི་སིམ་པ་ལ་སོགས་པ་མྱོང་བ་ཙམ་གྱི་འབྲས་བུས་ཡོད་པར་རྣམ་པར་གཞག་པའི་
བདེ་བ་ལ་སོགས་པ་ནི་འདྲ་བའི་བདག་ཉིད་ལ་ཡང་འཐད་པ་ཡིན་ནོ་ཞེས་མཇུག་སྡུད་པར་བྱེད་དོ། །ཡུལ་དང་འདྲ་བའི་ཕྱིར་ཏེ། ཡུལ་དང་འདྲ་བ་ཡིན་པ་དེའི་ཕྱིར་མྱོང་བ་རིག་པ་བདེ་བ་ལ་སོགས་པའི་བདག་ཉིད་དུ་ཁས་ལེན་ནའོ། །རང་བཞིན་གང་གིས་མྱོང་བའི་རང་བཞིན་དེ་ནི་
མྱོང་བའོ། །གང་དག་ལ་དེ་ཡོད་པ་མ་ཡིན་པ་དེ་དག་སྟེ་དེ་ལྟར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་བདེ་བ་ལ་སོགས་པ་དང་འདྲ་བའི་ཕྱིར། མྱོང་བ་དེའི་བདག་ཉིད་དུ་འདོད་ན་དེའི་ཚེ་འདྲ་བར་བྱེད་པའི་བདེ་བ་ལ་སོགས་པ་རྣམས་ཕྱི་རོལ་དུ་འགྱུར་ཏེ། དཔེར་ན་ཕྱི་རོལ་
གྱི་སྔོན་པོ་བློའི་རྣམ་པའི་འདྲ་བར་བྱེད་པ་ཡིན་པ་བཞིན་ནོ། །དེས་ན་བདེ་བ་ལ་སོགས་པ་མྱོང་བའི་རང་བཞིན་དང་། མྱོང་བའི་རང་བཞིན་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་རོ། །ཡང་གི་སྒྲ་མེད་ཀྱང་འདྲ་བ་ལས་སེམས་པ་བདེ་བ་ལ་སོགས་པ་གྲུབ་པའི་ཕྱིར། ཕྱི་རོལ་ནི་མྱོང་བ་
མ་ཡིན་པར་ཡང་ཞེས་བྱ་བ་འདི། དོན་གྱིས་གོ་བའི་ཕྱིར་ཡང་གི་སྒྲ་མ་བཀོད་དོ། །གཞན་གྱི་དོགས་པ་ཟློག་པར་བྱེད་པ་ནི་དེ་ནི་དེ་ལྟ་མ་ཡིན་ཏེ། ཁོ་བོ་ལ་ཕྱི་རོལ་དུ་ཐལ་བར་མི་འགྱུར་རོ། །གང་གི་ཕྱིར་ཁྱེད་ཀྱི་ལྟ་བ་ལ་ཡང་བདེ་བའི་རང་བཞིན་མྱོང་བ་བདེ་བའི་བདག་ཉིད་ཅན་
ཡོད་པ་ཡིན་ནོ་ཞེས་དེ་ལྟར་བསྟན་པ་གང་ཡིན་པའི་དོན་དེ་ཉིད་ཀྱི་དོན་དུ་བཀོད་པ་ནི་ཉེ་བར་གཞག་སྟེ། ཇི་ལྟར་ཁྱེད་ཀྱི་ལྟ་བ་ལ་ཡང་མྱོང་བའི་རང་བཞིན་གྱི་བདེ་བ་ཁས་བླང་བར་བྱའོ་ཞེས་དེའི་དོན་དུ་བཀོད་པ་བྱས་པ་ཡིན་ནོ། །འོ་ན་ཁྱེད་རང་གི་ཕྱོགས་ལ་དེ་ཁོ་ནར་དོན་ཇི་ལྟ་བུ་ཞིག་

ཡིན་ཞེ་ན། བཤད་པ་མྱོང་བ་བདེ་བ་ལ་སོགས་པའི་བདག་ཉིད་ཡིན་པ་དེ་ལ་ཡང་ངོ་། །འདི་སྐད་དུ་ཁོ་བོ་ཅག་མྱོང་བ་བདེ་བ་ལ་སོགས་པའི་བདག་ཉིད་ཡིན་པ་སྤོང་བ་ནི་མ་ཡིན་གྱི་འོན་ཀྱང་མྱོང་བ་བདེ་བ་ལ་སོགས་པའི་བདག་ཉིད་ཁོ་ན་ལ་ཉམས་སུ་མྱོང་བའི་
མཚན་ཉིད་ཀྱི་ཚད་མ་ཤིན་ཏུ་གསལ་བས་འདི་ལྟར་མཐོང་ཞིང་ཤེས་སོ། །དགའ་བ་ནི་སིམ་པར་མྱོང་བའོ། །ཡོངས་སུ་གདུང་བ་ནི་དེ་ལས་བཟློག་པའོ། །དེ་དག་གི་རང་བཞིན་གང་ཡིན་པ་དེ་ལྟ་བུར་གྱུར་པ་དེ་ནི་གཅིག་ཏུ་རྟོགས་པར་མཐོང་ངོ་། །གཅིག་ཏུ་ཞེས་བྱ་བ་
འདིས་ནི་ཕྱི་རོལ་གྱི་བྱས་པ་འགོག་པར་བརྗོད་པའོ། །འདི་ལྟར་གང་གིས་ཕྱི་རོལ་གྱི་རང་བཞིན་ཉིད་ཀྱིས་འཛིན་པའི་རྣམ་པ་ལས་རྣམ་པར་ཆད་པའི་བདེ་བ་ལ་སོགས་པ་ལ་ཕྱི་རོལ་གྱིས་བྱས་པ་ཉིད་དུ་རིག་པར་འགྱུར་བ་མྱོང་བར་བྱེད་པ་འཛིན་པའི་རང་བཞིན་ཡང་གཞན་ལ། བདེ་
བ་ལ་སོགས་པའི་རྣམ་པ་གཟུང་བའི་རང་བཞིན་ཡང་གཞན་དུ་སྣང་བ་ནི་མེད་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པ་གང་ཞིག་ཕྱི་རོལ་གྱི་རང་བཞིན་གཟུང་བར་བྱ་བ་ཉིད་དུ་སྣང་བ་མ་ཡིན་པ་དེ་ནི་ཕྱི་རོལ་གྱིས་བྱས་པ་མ་ཡིན་ཏེ། དཔེར་ན་སེམས་པའི་རྣམ་པ་བཞིན་ནོ། །བདེ་བ་
ལ་སོགས་པའི་རྣམ་པ་ཡང་དེ་བཞིན་ནོ། །འདི་ཉིད་བསྟན་པའི་དོན་དུ་ནང་དུ་ཞེས་གསུངས་སོ། །བདེ་བ་ལ་སོགས་པའི་རང་བཞིན་མྱོང་བ་ལ་གནས་པ་ནི་ནང་དུ་བདག་ཏུ་འཛིན་པའི་གཞི་འཛིན་པའི་རྣམ་པར་མཐོང་གི་ཕྱི་རོལ་གཟུང་བའི་རྣམ་པར་ནི་མ་ཡིན་ཏེ། དྲི་ཞིམ་པོ་དང་
རྩུབ་མོ་ལ་སོགས་པ་ཉམས་སུ་མྱོང་བ་ན་ཕྱི་རོལ་གྱི་དངོས་པོ་དེ་ཉིད་བདེ་བའམ་སྡུག་བསྔལ་བའམ། འདོད་པའམ་སྡང་བར་སྣང་བ་ནི་མེད་ཀྱི་འོན་ཀྱང་འདོད་པ་དང་སྡང་བ་ནི་དེ་ལས་རྣམ་པར་ཆད་པ་བདག་ཏུ་འཛིན་པའི་གཞི་ནང་གི་འཛིན་པའི་རྣམ་པའི་རང་བཞིན་དུ་སྣང་བའི་
ཕྱིར་རོ། །དེའི་ཕྱིར་དེ་ལྟར་འཛིན་པའི་རང་བཞིན་དུ་གནས་པའི་བདེ་བ་ལ་སོགས་པ་ལ་ཕྱི་རོལ་དུ་ལྷག་པར་ཞེན་པ་མེད་པའི་ཕྱིར་ཕྱི་རོལ་གྱི་བྱས་པ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ཅག་ལ་བདེ་བ་ལ་སོགས་པའི་ཕྱི་རོལ་ཡིན་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་རྒྱུད་ལ་ཡོད་

པའི་བདེ་བ་ལ་སོགས་པ་དང་། ཆགས་པ་ལ་སོགས་པ་ལ་དམིགས་པའི་རྣལ་འབྱོར་པ་རྣམས་ཕྱི་རོལ་གྱི་ཀ་བ་ལ་སོགས་པ་བཞིན་དུ་བདག་ཏུ་འཛིན་པའི་གཞི་མ་ཡིན་པ་གཟུང་བའི་རྣམ་པར་བདེ་བའམ་ཆགས་པའམ་སྡང་བས་བདེ་བ་དང་ཆགས་པ་ལ་སོགས་པ་རྣམས་སུ་ཐལ་བ་
མེད་དོ། །རྣལ་འབྱོར་པས་ནི་ཆགས་པའམ་སྡང་བ་གང་ཡིན་པ་དེ་ནི་ང་མ་ཡིན་ཞེས་བྱ་བའམ། འཛིན་པའི་རྣམ་པ་ལ་བརྟེན་པའི་སྡུག་བསྔལ་ལ་སོགས་པ་ཡང་མེད་པའི་ཕྱིར་ན། བདག་ནི་སྡུག་བསྔལ་བའམ། བདེ་བའམ་སྡང་བ་མ་ཡིན་ནོ་ཞེས་འཛིན་པའི་རྣམ་པ་
མཐོང་བ་དེས་ན། ཁོ་བོ་ཅག་གི་ལྟར་ན་བདེ་བ་ལ་སོགས་པ་ཕྱི་རོལ་དུ་ཐལ་བ་མེད་དོ། །འདི་ནི་རེ་ཞིག་ཉམས་སུ་མྱོང་བ་ཡིན་ལ། འདི་ཕྱི་རོལ་གྱི་སྒྲ་ལ་སོགས་པའི་བདག་ཉིད་ཅན་གྱི་བདེ་བ་ལ་སོགས་པས་བྱས་པ་ནི་རིགས་པས་ཀྱང་ཡིད་ལ་འབབ་པ་མ་ཡིན་ནོ་ཞེས་བསྡུ་བའི་
སྒོ་ནས་བསྟན་པའི་ཕྱིར་ཡང་མ་ཡིན་ཏེ་ཞེས་གསུངས་སོ། །མྱོང་བའི་རང་བཞིན་འདིའི་བདེ་བ་ལ་སོགས་པའི་བདག་ཉིད་འདི་འཇོག་པར་བྱེད་པ་འདྲ་བར་བྱེད་པ་གཞན་གང་ཡིན་པ་དེ་སྟེ་དེ་ལྟར་ནི་མ་ཡིན་ནོ། །འདིའི་བདག་ཉིད་ལ་འདྲ་བར་བྱེད་པ་གཞན་ནི་འགའ་ཡང་འཐད་པ་མ་
ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །གཏན་ཚིགས་བཤད་པ། བདེ་བ་ལ་སོགས་པའི་བདག་ཉིད་ཀྱི་སྒྲ་ལ་སོགས་པ་དེ་ཁྱད་པར་མེད་དེ། སྣ་ཚོགས་མེད་ཀྱང་སྟེ་སྒྲ་ལ་སོགས་པ་གཅིག་ལ་ཡང་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱི་ཁྱད་པར་ལས་ཏེ་སྲོག་ཆགས་ཀྱི་རང་བཞིན་
ཐ་དད་པའི་ཁྱད་པར་བྱེ་བྲག་ལས་ཅིག་ཅར་དུ་གཅིག་ཉིད་ལ་བདེ་བ་ལ་སོགས་པ་སྐྱེ་སྟེ། དཔེར་ན་ཚྭའི་རྫས་གཅིག་ཉིད་ལས་རྔ་མོ་ལ་སོགས་པ་བཞིན་ནོ། །གོམས་པའི་ཁྱད་པར་ལས་ཀྱང་གཅིག་ལ་མང་པོ་རྣམས་ཅིག་ཅར་རམ། གཅིག་རིམ་གྱིས་བདེ་བ་ལ་སོགས་པ་དེའི་བདག་
ཉིད་ཁྱད་པར་དུ་གྲུབ་པ་ནི་མྱོང་བ་སྟེ་ངེས་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་དེའི་ཕྱིར་འཇོག་པར་བྱེད་པ་གཞན་ཡིན་པར་རིགས་པ་མ་ཡིན་པར་གྲུབ་པ་ཡིན་ནོ་ཞེས་མཇུག་བསྡུ་བ་སྟེ། ཚད་མའི་དོན་ནི་སྔར་གཏན་ལ་ཕབ་ཟིན་ཏོ། །འདི་སྙམ་དུ་བདེ་བ་ལ་སོགས་པའི་ཁྱད་པར་དང་རྗེས་སུ་

འབྲེལ་པ་ནི་བློ་ཡིན་གྱི། མྱོང་བ་ནི་བདེ་བ་ལ་སོགས་པའི་ངོ་བོའམ་དེའི་ཁྱད་པར་དང་ལྡན་པ་མ་ཡིན་ནོ། །འདི་ལྟར་བློ་ནི་ཕྱི་རོལ་གྱི་བདེ་བ་ལ་སོགས་པའི་རྣམ་པ་དང་། རང་ཉིད་ཀྱང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་ཕྱི་རོལ་ཁྱད་པར་མེད་ཀྱང་བློ་ལ་
གནས་པ་ནང་གི་བདེ་བ་ལ་སོགས་པ་ཉིད་ཁྱད་པར་ཅན་དུ་འགྱུར་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པའི་རྣམ་པ་གཞན་གྱིས་འཇོག་པ་ཡང་ཡིན་ལ། གཞན་ཁྱད་པར་མེད་པ་ཡང་ནང་གི་ཁྱད་པར་ཉིད་ལས་ཁྱད་པར་དུ་ཡང་འགྱུར་རོ་ཞེས་གཞན་དོགས་པ་ལ། སུན་དབྱུང་བའི་ཕྱིར་
འདི་ཅི་ཞིག་ཅེས་འདྲི་བར་མཛད་དོ། །འདྲི་བའི་བསམ་པ་ནི་འདི་ཡིན་ཏེ། བློ་དང་རིག་པའི་ཁྱད་པར་ལུང་ལས་གྲུབ་པའམ་ཉམས་སུ་མྱོང་བས་གྲུབ་པ་ཡིན་གྲང་། དེ་ལ་ལུང་གིས་གྲུབ་པ་ལ་ནི་རྩོད་པ་མ་ཡིན་ནོ། །ཉམས་སུ་མྱོང་བས་གྲུབ་པ་འདི་གཉིས་ལ་ནི་ཁྱད་པར་མ་མཐོང་སྟེ། དེས་
ན་འདི་ཞེས་མངོན་སུམ་གྱི་ཚུལ་དུ་བཟུང་ནས་འདྲི་བར་མཛད་དོ། །འདྲི་བའི་དོན་ནི་ཉམས་སུ་མྱོང་བས་གྲུབ་པའི་དངོས་པོ་གང་ལ་འཇིག་རྟེན་པ་བློའི་ཐ་སྙད་དུ་བྱེད་ཅེས་བྱ་བ་ཡིན་ནོ། །ཅིག་ཤོས་ཀྱིས་ཀྱང་ཞེན་པའོ་ཞེས་བྱ་བས་ཉམས་སུ་མྱོང་བས་གྲུབ་པ་ཉིད་བསྟན་པའི་དོན་དུ་མཚན་ཉིད་མ་
བརྗོད་པར་རྣམ་གྲངས་གཞན་གྱི་སྒོ་ནས་སྟོན་པར་བྱེད་དེ། གང་ལ་འཇིག་རྟེན་ཞེན་པའི་ཐ་སྙད་དུ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མྱོང་བའི་འདྲི་བ་དང་ལན་ལ་ཡང་བལྟ་བར་བྱའོ། །སློབ་དཔོན་གྱིས་ཀྱང་རྣམ་གྲངས་བཞི་ཀ་འཇིག་རྟེན་པས་ཉམས་སུ་མྱོང་བས་གྲུབ་པའི་དངོས་པོ་
གཅིག་ཉིད་ལ་སྦྱོར་བར་གཟིགས་ནས་བློ་དང་རིག་པ་འདི་གཉིས་ལ་ཁྱད་པར་ཅ