Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 181
Văn bản gốc(Tây Tạng)
Trang 14 / 21 (50.000 ký tự/trang)
གག་བྱ་ཡིན་ནོ་ཞེས་དགོངས་པའོ། །བདག་ཉིད་མ་ཡིན་པ་རིག་པ་ཡང་དེའི་ངོ་བོའི་བདག་ཉིད་རིག་པ་ཁོ་ན་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བ་སྟེ། བདག་ཉིད་ལ་ གནས་པའི་བློ་ཉིད་ཅེས་བྱ་བར་སྦྱར་རོ། །གཞན་དུ་ཞེས་བྱ་བ་ནི་དེའི་བདག་ཉིད་དུའོ། །བདག་ལ་གནས་པ་ཞེས་བྱ་བ་བདག་ཉིད་མ་ཡིན་པ་རིག་པ་ནི་གཞན་གྱིས་མ་རིག་པ་ཁོ་ན་ཡིན་པར་བསྟན་པ་ནི་བདག་ལ་གནས་པ་ཉིད་ཀྱང་ཞེས་བྱ་བའོ། །འབད་རྩོལ་ལ་སོགས་ཞེས་བྱ་བ་ནི་འབད་རྩོལ་དང་སྔོན་པོ་ ལ་སོགས་པའོ། །འདྲ་བའི་ཕྱིར་ཞེས་བྱ་བ་ནི་རིག་པ་སྟེ། བློ་ཉིད་ནི་འདྲ་བ་ཉིད་དེ་རིག་པའི་བློ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །རང་ལ་གནས་པ་ཉིད་ནི་མི་སྲིད་པ་ཡིན་ཏེ། རིག་པར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་འབད་རྩོལ་ལ་སོགས་པ་རྣམས་ཞེས་བྱ་བ་སྟེ། ཕན་ཚུན་རིག་པར་བྱེད་པ་ནི་བདག་ཉིད་ལ་གནས་ པ་ན་རིག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ལ་གནས་པས་ཁྱད་པར་ནི་ཕྱི་རོལ་ལས་ཡིན་གྱི་བློ་གཞན་ལས་མ་ཡིན་པ་དེའི་ཕྱིར་ནང་གི་བདག་ཉིད་ཡིན་པར་བསྟན་པ་ནི་བདག་ལ་གནས་པ་ཡིན་ན་ཞེས་བྱ་བའོ། །ཐ་དད་པ་མེད་པའི་ཕྱིར་ནི་བདག་ཉིད་གཅིག་པའི་ཕྱིར་རོ། །བློ་ནི་བདག་ལ་གནས་པ་ཉིད་ ཀྱིས་རྟོགས་བཞིན་པ་མ་ཡིན་པ་ནི། རྟོགས་པ་ཙམ་ལས་བདག་ལ་གནས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ལ་ཡང་ཁྱབ་པ་ཐལ་ཆེས་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་བདག་མ་རྟོགས་པར་ནི་ཞེས་བྱ་བའོ། །མི་བྱེད་ན་བྱེད་པ་ཉིད་མ་ཡིན་པར་བསྟན་པ་ནི་བྱེད་པ་པོ་ གཞན་བརྟགས་པས་ཞེས་བྱ་བའོ། །བྱེད་པ་པོའི་བྱེད་པ་ཉིད་ནི་བྱེད་པ་པོ་གཞན་གྱིས་ཡིན་པའི་ཕྱིར་དེའི་རྟོག་པ་ཡིན་ནོ་ཞེས་ཟེར་བ་ལ་དེ་དག་ནི་ཞེས་བྱ་བའོ། །བདག་དེ་ཡང་ལུས་ཀྱི་མ་ཡིན་ཏེ། དེ་ལྟ་བུ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི་ཡང་ན་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ནི་ལུས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་རོ། ། གཞན་དུ་ནི་ལུས་ལས་ཕྱི་རོལ་དུ་གྱུར་པ་གཞན་གྱིས་མ་རྟོགས་པ་ཞེས་བྱ་བའོ། །འགའ་ཞིག་ཀྱང་ནི་རྒྱུ་མ་ཡིན་པ་ལ་སོགས་པ་རྣམས་ཀྱི་ངོ་བོ་གཞན་ལ་བློ་གཞན་ཡིན་ནོ། །བློའི་མཚན་ཉིད་ནི་དོན་དང་འདྲ་བའི་དོན་རིག་པ་ཡིན་གྱི་ཐམས་ཅད་རང་རིག་པ་མ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་བློ་འདྲ་ཞེས་བྱ་བའོ། །བློ་ཡང་རྗེས་ སུ་དཔག་པར་བྱ་བ་རིག་པའི་ངོ་བོ་མ་ཡིན་པ་འདྲ་བ་ནི་ཐལ་ཆེས་པར་བྱེད་པ་ཡིན་པར་བསྟན་པ་ནི་ད་ནི་འདྲ་ལས་ཞེས་བྱ་བ་སྟེ། འདྲ་བའི་བློའི་ཕྱོགས་ལ་ཐལ་ཆེས་པས་འབའ་ཞིག་མ་ཡིན་གྱི་དོན་རིག་པ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་ཡང་འདྲ་བ་མ་ཡིན་པའི་ཕྱིར་དོན་ཉམས་སུ་མྱོང་བ་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། འདྲ་བ་ཅན་ནི་འདྲ་བའོ། །འཛིན་པའི་བྱེད་པས་རྗེས་སུ་དཔག་པ་ནི་རྒྱུའི་བློ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ཉིད་ཡིན་པར་བསྟན་པ་ནི་གལ་ཏེ་འདྲ་བ་རྣམས་ཞེས་བྱ་བ་སྟེ། འདྲ་ཙམ་གྱི་བློ་ཉིད་ཅེས་བྱ་བར་སྦྱར་ཏེ། འདྲ་བ་ཉིད་ཙམ་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་འཛིན་པར་བྱེད་པ་ཉིད་དེའོ། ། ཇི་ལྟར་ཞེས་བྱ་བ་ནི་མིག་ལ་སོགས་པའི་གཟུང་བར་བྱུང་བ་ཞེས་བྱ་བའི་དོན་ཏོ། །རིག་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བའི་དོན་བཤད་པ་ནི་ཁྱད་པར་གང་ལས་ཞེས་བྱ་བའོ། །དེས་བྱས་པ་ཞེས་བྱ་བ་ནི་བློས་བྱས་པའོ། །བློ་ཉིད་ཀྱང་ཞེས་བྱ་བ་ནི་རང་རིག་པ་ནི་གཟུགས་ལ་སོགས་པ་ལ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་རིག་པ་ ཡིན་ན་འདྲ་བ་ཉིད་ནི་ངེས་པའི་དོན་དུ་འདོད་པ་ཡིན་གྱི་འདྲ་བ་ཙམ་ནི་མ་ཡིན་པར་བསྟན་པ་ནི་དེ་ལྟ་ན་ཡང་ཞེས་བྱ་བའོ། །འདྲ་བ་ཉིད་ལས་ངེས་པ་རིག་པ་ནི་རང་རིག་པ་ལ་ཡང་ཡིན་པར་བསྟན་པ་ནི་དེའི་མྱོང་དེ་ཞེས་བྱ་བ་སྟེ་གཞན་གྱིས་ནི་མ་ཡིན་ཏེ། ལས་ཡིན་པས་ལྐོག་ཏུ་མ་གྱུར་པའི་ཕྱིར་བློ་དེའི་སེར་པོ་ལ་སོགས་ པའི་རིག་པ་ནི་མངོན་སུམ་ཡིན་ནོ། །གཞན་དུ་ན་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདྲ་བ་ཉིད་ཀྱི་མཚན་ཉིད་ཚད་མ་གང་གི་ཡིན་པ་དེ་ལྟ་བུའོ། །མིན་ཞེས་བྱ་བ་ནི་རང་རིག་པ་ལས་མེད་པ་སྣང་བཞིན་པའོ། །དེ་བསྟན་པ་ནི་མངོན་དུ་བྱེད་ན་ཞེས་བྱ་བའོ། །ཕྱི་རོལ་ནི་འཛིན་བྱེད་དང་འདྲ་བ་ཉིད་ལས་གཟུང་བ་ཡིན་ཡང་ འཛིན་བྱེད་ལས་ཐ་མི་དད་པ་མ་ཡིན་ནོ་ཞེས་ཟེར་བ་ལ་གལ་ཏེ་འདི་ཞེས་བྱ་བའོ། །སྐྱེས་པ་ཉིད་ན་རང་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན་ན་ཡང་ཅི་ཞིག་བྱ་ཞེས་བསྟན་པ་ནི་ཆུས་ཁྱེར་བ་ལ་ཞེས་བྱ་བའོ། །ངེས་པས་ནི་ཕྱི་རོལ་ཏུ་སྒྲོ་འདོགས་ན་དགོས་པ་ཁོ་ན་ཡིན་པར་བསྟན་པ་ནི་བྱ་བ་སྟེ་ཉམས་སུ་མྱོང་བའོ། །ལས་ནི་ ཕྱི་རོལ་གཟུང་བའོ། །རྣམ་གཞག་ནི་དེ་དག་གི་ངེས་པའོ། །འདི་ཞེས་བྱ་བ་ནི་འདྲ་བ་ཉིད་དོ། །འཇིག་རྟེན་ནི་ཕྱི་རོལ་རིག་པ་པོ་སྟེ་དེའི་ངེས་པ་དང་ལྡན་པ་ལ་སྟེ། གཟུང་བ་ཉིད་ལ་སོགས་པ་འཇིག་རྟེན་པའི་ཞེན་པ་ཙམ་གྱིས་སྟོན་པའི་ཕྱིར་རོ། །འདིས་ཞེས་བྱ་བ་ནི་འདྲ་བ་ལས་ཞེས་བྱ་བའོ། །གལ་ཏེ་ཕྱི་རོལ་སྣང་ བ་ཉིད་ཀྱིས་ཅི་ཞིག་བྱ་འོན་ཏེ་མ་ཡིན་ན་དེ་ལྟ་ན་ཡང་ཅི་དགོས་ཤེ་ན་དེ་ཉིད་དེ་ལྟར་ཞེན་པ་ཡིན་ཡང་ཇི་ལྟར་ཕྱི་རོལ་ཡིན་ཞེས་བསྟན་པ་ནི་རང་གི་ངོ་བོ་ཞེས་བྱ་བ་སྟེ་མྱོང་བ་དེའི་ངོ་བོ་ནི་སྔོན་པོ་ལ་སོགས་པའི་རང་བཞིན་རང་རིག་པ་དེའི་རིག་པ་ཡིན་ལ། དེར་སྒྲོ་འདོགས་པ་ནི་རྣམ་པར་རྟོག་པ་ཡིན་ཞིང་དེས་འཁྲུལ་པ་ནི་གཅིག་ ཏུ་བྱེད་པ་སྟེ་དེའི་ངོ་བོ་ཕྱི་རོལ་ཡིན་ལ། དེའི་རིག་པ་ཕྱི་རོལ་རིག་པ་ཡིན་ནོ་ཞེས་བྱ་བ་ནི་བྱེད་པའོ། །དེ་ལས་སྔོ་སོགས་ནི་ཕྱི་རོལ་ལ་ཉམས་སུ་མྱོང་བར་ཐ་སྙད་འདོགས་པ་ཡིན་ནོ། །གཞན་གྱི་བདག་ཉིད་ནི་བདག་ཉིད་མ་ཡིན་ཏེ། རིག་པ་མ་ཡིན་པ་ནི་དེ་ཡོད་ན་ཡང་རིག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། ཉེ་བར་བཏགས་ན་ཞེས་བྱ་བ་ནི་ཐ་མི་དད་པར་བྱེད་པ་ལས་སོ། །གཉི་ག་མཐོང་བ་ཁ་ཅིག་ཏུ་ཅུང་ཟད་ཉ་ཕྱིས་ལ་དངུལ་བཞིན་དུ་སྒྲོ་བཏགས་པ་མ་ཡིན་ནམ། གང་རུང་གཅིག་མཐོང་བ་ལ་ཇི་ལྟར་ཡིན་ཟེར་བ་ལ་གཞན་རིག་ན་ཡང་ཞེས་བྱ་བ་སྟེ། ཕྱི་རོལ་ལས་རང་རིག་པ་ཡིན་ལ་དེ་ལས་གཞན་པ་ནི་ཕྱི་རོལ་ལོ། ། གང་གི་ཚེ་དེའི་ངོ་བོ་རྟོགས་ཞེས་བྱ་བ་ནི་བག་ཆགས་ཡོངས་སུ་སྨིན་པ་ལས་རྟོགས་པར་བྱེད་པ་དེའི་ཚེ་བདག་གིས་ཞེས་བྱ་བར་སྦྱར་རོ། །ཐ་སྙད་ནི་ལུས་དང་ངག་གི་བདག་ཉིད་ཀྱིའོ། །རྟོག་པ་ཇི་ལྟ་བ་བཞིན་དུ་ཅིས་མི་འགྱུར་ཞེས་ཟེར་བ་ལ་བློ་ནི་ཞེས་བྱ་བ་སྟེ། ཕྱི་རོལ་ལས་བཟློག་པ་ནི་རིག་པ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་བློ་རང་གི་ཉམས་སུ་མྱོང་བའོ། །དེའི་ཞེས་བྱ་བ་ཕྱི་རོལ་གྱི་ཇི་ལྟར་ཡིན་པ་སྟེ། དོན་མྱོང་བ་གྲགས་པ་དང་རང་རིག་པ་གཉི་གར་ཞེས་བྱ་བའི་དོན་ཏོ། །གཅིག་རིག་ན་གཞན་མི་རིག་པ་དེས་གཟུང་བར་འགྱུར་བར་བསྟན་པ་ནི་རིག་པར་གྱུར་པ་མ་ ཡིན་པ་ཞེས་བྱ་བའོ། །དེ་ལྟ་བུའི་ངོ་བོ་ཡིན་ན་ཤེས་པ་ཉིད་དངོས་པོར་མི་འགྱུར་བ་མ་ཡིན་ནོ། །ཉེ་བར་བརྟེན་པ་དང་བྲལ་བའི། །ཤེས་པ་ཅུང་ཟད་སྐྱེད་མི་འགྱུར། །ཞེས་ཟེར་བ་ནི་རང་རིག་པ་ཙམ་ནི་ཞེས་བྱ་བའོ། །ལན་ནི་གང་ཚེ་ཞེས་བྱ་བའོ། །མྱོང་བའི་བདག་ཉིད་ནི་གཞན་མ་ཡིན་པ་བསྒྲུབ་པ་ཡིན་ གྱི་འདྲ་བ་ཉིད་ལ་བརྟེན་པ་ནི་མ་ཡིན་གྱི་འདྲ་བ་ཉིད་ལ་སོགས་པ་དེ་ལ་བརྟེན་པ་ཡིན་ནོ། །རང་ཉིད་ཅེས་བྱ་བ་ནི་རང་གི་རྒྱུ་མིག་ལ་སོགས་པ་ལས་སོ། །དོན་ལ་བརྟེན་པ་མ་ཡིན་ཞིང་དེའི་འདྲ་བ་ལ་བརྟེན་པ་མ་ཡིན་པ་སྟེ། བྱེད་པ་ནི་རང་ཉིད་ལ་བརྟེན་པ་ཡིན་ལ། སྐྱེ་བ་ཡང་རང་གི་རྒྱུ་མིག་ལ་བརྟེན་པའི་ཕྱིར་ དོན་ལ་རག་ལས་པ་ཅུང་ཟད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འབྲེལ་བ་ནི་ཡུལ་ཅན་ཉིད་དང་ངོ་། །དོན་ལ་ཤེས་པ་བསྟན་པ་ཡང་སྣལ་མ་རྣམས་ལ་སྣམ་བུ་བཞིན་དུ་མ་ཡིན་པར་བསྟན་པ་ནི་བདག་ཉིད་ཀུན་གྱིས་ཞེས་བྱ་བའོ། །ཤེས་བྱ་ཤེས་བྱ་མ་ཡིན་པར་འགྱུར་རོ་ཞེས་བྱ་བར་ཡང་རྟོགས་པར་བྱའོ། །ཟངས་ གཞོང་ལ་རྒྱ་ཤུག་གི་འབྲས་བུ་བཞིན་དུ་ཤེས་བྱ་ངེས་པ་མ་ཡིན་ཏེ། དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་མཚུངས་ན་ནི་ཕྱེ་ན་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་རྟོག་པའི་རྣམ་པ་ལ་མ་རེག་པས་སོ། །ཅི་ལས་ཤེ་ན་གང་ལས་ཞེས་བྱ་བ་སྟེ་མིག་ལས་མ་མཐོང་བའི་ཕྱིར་རོ། །ཤེས་ པ་ནི་ཕྱི་རོལ་ལ་འདུ་བས་སམ་ཕྲད་པ་དེ་ལ་བསྟན་པ་མ་ཡིན་གྱི་འོན་ཀྱང་དེའི་རྣམ་པ་ཅན་དུ་སྐྱེས་པས་མ་ཡིན་ནམ་ཞེས་ཟེར་བ་ལ། ཇི་ལྟར་སྔོ་སོགས་ངོ་བོའི་ཕྱིར། །ཞེས་བྱ་བའོ། །ཉམས་སུ་མྱོང་བ་ལ་ཡོད་པའི་སྔོན་པོའི་ངོ་བོ་མཐོང་བ་ལས་རྟེན་ཡང་ཉམས་སུ་མྱོང་བའི་བདག་ཉིད་དུ་འགྱུར་གྱི་ཕྱི་རོལ་ཉིད་མ་ཡིན་པར་ བསྟན་པ་ནི་དེ་བཞིན་ཞེས་བྱ་བའོ། །དེ་ཡང་སྟེ་ཉམས་སུ་མྱོང་བའི་ཡང་འབྲེལ་པ་ཅན་གྱི་བསྐྱེད་བྱའོ། །འབྲེལ་པར་ཡང་དོན་དེ་ལྟ་བུར་གོ་བར་བྱའོ། །ཉམས་སུ་མྱོང་བ་དང་སྔོན་པོ་ལ་སོགས་པ་ཡང་སོ་སོ་བ་ཉིད་དུ་འཇོག་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི་འོན་ཏེ་སྔོན་པོ་ཞེས་བྱ་བའོ། །ཉེ་བར་གཞག་པ་ མིན་པ་ནི་ཉེ་བར་འཇོག་པར་བྱེད་པ་མིན་པའོ། །སྔོན་པོ་རྟོགས་པའི་འབྲས་བུ་སོ་སོ་བ་གཅིག་ཉིད་ཡིན་ན་རྒྱུ་ཐ་དད་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་ཐ་དད་པ་ཞེས་བྱ་བའོ། །འདི་ཉིད་ཅེས་བྱ་བ་ནི་སྔར་མཐོང་བ་ཉིད་ལས་སོ། །ཐམས་ཅད་དུ་ནི་རབ་རིབ་ལ་དང་གཞན་ལ་ཡང་ངོ་། །རྣམ་པ་ཞེས་བྱ་བ་ནི་ཐ་དད་ པའོ། །རབ་རིབ་བཞིན་དུ་ཉེ་བར་འཇོག་པར་བྱེད་པ་དང་། གཞན་བཞིན་དུ་ཡོད་པ་ཡང་མ་ཡིན་པར་བསྟན་པ་ནི་འགལ་བ་མ་འཁྲུལ་པ་ཞེས་བྱ་བའོ། །མཐོང་བ་སྔ་མ་ཞེས་བྱ་བ་ནི་མངོན་སུམ་ཉིད་ནི་མི་དྲན་པ་ཉེ་བར་འཇོག་པར་བྱེད་པ་མ་ཡིན་ནོ། །བསྟན་པ་ནི་དོན་ནི་ཞེས་བྱ་བའོ། །ངེས་པའི་རྗེས་སུ་ འགྲོ་བའི་བྱེད་པ་ཅན་གྱི་མཐོང་བ་ནི་ཕྱི་རོལ་རྣམ་པར་གཞག་པར་བྱེད་པ་མ་ཡིན་ནམ། ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་ཟེར་བ་ལ་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཉམས་སུ་མྱོང་བ་མ་ངེས་པར་ཉམས་སུ་མྱོང་ངོ་ཞེས་བྱ་བ་ཇི་ལྟར་ཡིན། དོན་བཞིན་དུ་ནི་ཞེས་བྱ་བ་ནི་ཆོས་མི་མཐུན་པས་སྐྱོན་མེད་དོ་ཞེས་བྱ་བ་ཉམས་སུ་ མྱོང་བའི་བདག་ཉིད་ཀྱི་དོན་ལའོ། །དེ་ནི་ཞེས་བྱ་བ་ནི་ངེས་པའོ། །དོན་ལའང་རྟག་ཏུ་ཞེས་བྱ་བ་ནི་རྟ་ལ་རྟོགས་པར་བྱེད་པ་ན་ཡང་བ་ལང་མཐོང་བའི་ཕྱིར་རོ། །འདི་རེས་འགའ་མཐོང་བ་ཡིན་པའི་ཕྱིར་ཉམས་སུ་མྱོང་བའི་བདག་ཉིད་ལ་ཡང་ཡོད་དོ་ཞེས་བྱ་བར་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་ ཉམས་སུ་མྱོང་བའི་ཉམས་སུ་མྱོང་བ་ཞེས་བྱ་བའོ། །དེ་ནི་རྟག་ཏུ་མེད་པའི་དོན་བཤད་པ་ནི་ཡང་ན་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་ངེས་པ་ཉིད་མ་ཡིན་པ་ལས་ཏེ་ཞེས་པ་ལས་སོ། །དེ་ཁོ་ན་རྣམ་པར་གནས་པ་ནི་ཐ་དད་པའི་ཕྱིར་རོལ་རྣམ་པར་གནས་པའོ། །ཉམས་སུ་མྱོང་བ་ཙམ་ལས་ངེས་པའི་དོན་ བཞིན་ཉམས་སུ་མྱོང་བའི་བདག་ཉིད་ལ་ཡང་འགྱུར་བར་བསྟན་པ་ནི་ལྡོག་པ་ཉིད་ཀྱི་ཞེས་བྱ་བའོ། །གསལ་བར་ཉམས་སུ་མྱོང་བ་ནི་སྔོན་པོའི་ཡིན་གྱི་ཉམས་སུ་མྱོང་བའི་མ་ཡིན་པར་བསྟན་པ་ནི་གཞན་ཡང་ཞེས་བྱ་བའོ། །དཀར་པོ་ལ་སོགས་པ་མངོན་པར་གསལ་བའི་ངོ་བོ་སྣང་བ་ནི་མངོན་སུམ་གསལ་བ་ཉིད་དེ་ ངེས་པར་ནུས་པ་ཉིད་དོ། །དེར་མངོན་པར་གསལ་བ་ལས་གསལ་བའི་ངོ་བོ་གཞན་གྱི་དངོས་པོ་སྟེ་ཐ་དད་པའོ། །བདག་ཏུ་གྱུར་པའི་ངོ་བོའི་མངོན་པར་གསལ་བ་ལས་ཐ་མི་དད་པ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་གསལ་བ་གང་གི་ཡིན་པ་དེའི་གཞན་དངོས་ཏེ་སྣང་བ་ཡིན་ནའོ། །གསལ་མིན་ནི་མ་དམིགས་པ་ནའོ། །ཇི་ལྟར་ ནི་ཞེས་བྱ་བ་ནི་མ་ཡིན་པའོ། །གསལ་བ་ནི་མ་དམིགས་པའོ་ཞེས་བྱ་བའི་དོན་ཏོ། །མི་གསལ་བའི་ངོ་བོ་ཡིན་པ་ནི་དངོས་པོ་ཅུང་ཟད་ཀྱང་གསལ་བ་མ་ཡིན་པར་བསྟན་པ་ནི་མངོན་པར་གསལ་བ་མ་ཡིན་པས་ནི་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པའི་ཤེས་པའི་ངོ་བོའི་གསལ་བས་ དཀར་པོ་གསལ་བར་བྱས་པ་མ་ཡིན་ནམ་ཞེས་བྱ་བ་མི་རིགས་པར་བསྟན་པ་ནི་དེ་མངོན་པར་གསལ་བའི་ཞེས་བྱ་བའོ། །རིག་པར་བྱས་པ་ནི་མངོན་པར་གསལ་བའོ། །དེ་ཉིད་ནི་མངོན་སུམ་ཡིན་ཏེ་གཞན་མ་ཡིན་པ་ནི་མངོན་སུམ་མ་ཡིན་པའོ། །ཇི་ལྟར་ཞེས་བྱ་བ་ནི་དེ་མི་སྐྱེ་བའི་གནས་སྐབས་སུ་ ཁྱད་པར་མེད་པའི་ཕྱིར་རོ། །ལས་ཀྱི་ངོ་བོ་ནི་ཁྱད་པར་ཉིད་ཡིན་ལ་དེ་ཡང་ཁྱད་པར་མེད་པར་ཇི་ལྟར་ཡིན་ཞེས་ཟེར་བ་ལ་འདི་ཅི་ཞིག་ཅེས་བྱ་བ་སྟེ་རང་རིག་པ་མ་ཡིན་པའོ། །ལྷག་པ་དང་ཐུག་པ་མེད་པ་དང་རྟོགས་པ་མེད་པར་ཡང་བྱེད་པ་ཡིན་པར་བསྟན་པ་ནི་དེ་ཞེས་བྱ་བའོ། །མ་རྟོགས་པ་ཉེ་བར་བསྡུ་བ་ནི་ དེའི་ཕྱིར་ཞེས་བྱ་བའོ། །གསལ་མིན་ནི་རྟོགས་པ་མ་ཡིན་པའོ། །གཞན་ནི་རང་གི་ཁྱད་པར་ལས་སོ། །དེ་ལྟ་བུ་ཉིད་ནི་ཤེས་པ་ཉིད་ཀྱིས་སོ། །འདི་ཞེས་བྱ་བ་ནི་ཤེས་པའོ། །མི་གསལ་བ་ཉིད་དང་བདེན་པ་དང་། ལྐོག་ཏུ་གྱུར་པ་དང་། བེམས་པོ་སྟེ་ཕྱི་རོལ་མི་གསལ་བ་ཡིན་ན་གསལ་བས་གསལ་བར་མི་ འགྱུར་ལ། དེའི་གསལ་བ་ནི་དེ་ལས་གཞན་པས་ཡིན་གྱི་རང་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་གསལ་བ་ཞེས་བྱ་བ་སྨོས་ཏེ། གསལ་བའི་གསལ་བ་ནི་གསལ་བ་ཉིད་དེ་དཀར་པོ་ལ་སོགས་པའི་གསལ་བ་ཡང་ཡིན་པའི་ཕྱིར་གསལ་བ་གཞན་ལ་ཐུག་པ་མེད་པས་ཐམས་ཅད་མི་གསལ་བའི་སྐྱོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཤེས་པས་གསལ་བ་གསལ་བའི་ཕྱིར་གསལ་བ་གཞན་གྱིས་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ཐུག་པ་མེད་པར་འགྲེལ་པས་བསྟན་པ་ནི་གང་གིས་ཞེས་བྱ་བ་སྟེ། དེ་ཡང་ཞེས་བྱ་བ་ནི་གསལ་བའི་ཤེས་པས་གསལ་བ་ཉིད་དུ་འཛིན་པའོ། །རང་གི་ངོ་བོ་ཉིད་ཅེས་བྱ་བ་ནི་རང་ཉིད་ཡིན་གྱི་ཤེས་པས་ནི་མ་ཡིན་ནོ། ། གསལ་བ་སྔ་མས་ཞེས་བྱ་བ་ནི་དཀར་པོ་རྟོགས་པས་སོ། །དེའི་ཡང་ཞེས་བྱ་བ་ནི་དཀར་པོར་གསལ་བའི་ཤེས་པ་གསལ་བ་ཉིད་འཛིན་པའོ། །གཞན་གྱིས་ནི་ཤེས་པས་སོ། །དཀར་པོའི་གསལ་བ་ནི་དཀར་པོ་མ་ཡིན་པའི་གསལ་བ་བཞིན་དུ་གསལ་བ་དེ་རྟོགས་པར་མི་འགྱུར་བར་འཕེན་པ་ཡིན་ན་ཐུག་པ་མེད་པ་ཡིན་ནོ། ། གསལ་བ་ནི་རང་ཉིད་དམ་གསལ་བ་གཞན་གྱིས་ཀྱང་གསལ་བར་བྱེད་ལ། དེ་ལྟ་ཡིན་ན་ནི་དཀར་པོ་ལ་སོགས་པ་གསལ་བར་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་མཐོང་དང་ཞེས་བྱ་བའོ། །གསལ་བས་གསལ་བའི་ཤེས་པ་ཡིན་ན་ནི་དེ་དང་འབྲེལ་པའི་ཤེས་པས་འབྲེལ་པ་རྟོགས་པ་མ་ཡིན་པ་དཀར་པོ་ལ་ སོགས་པ་གང་གི་ཡིན་པའི་འབྲེལ་པ་ཅན་གྱི་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་འབྲེལ་པའི་ཤེས་པ་ཉིད་ཁྱད་པར་གྱི་ཤེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པར་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་རྟོགས་པ་ལ་ཡོད་པར་སྣང་བ་ཡིན་ནོ། །ཁྱད་པར་གཟུང་བ་ཉིད་ལས་ཞེས་བྱ་བ་ནི་ཁྱད་པར་ ཅན་བཟུང་བ་ཉིད་ལས་སོ། །གཞན་གྱི་བདག་ཉིད་ཉམས་མྱོང་མེད། །ཅེས་བྱ་བ་ནི་སངས་རྒྱས་པའི་གྲུབ་མཐའ་ཡིན་ནོ་ཞེས་ཟེར་བ་ཁྱེད་ཀྱི་ལྟར་ན་ཡང་ཞེས་བྱ་བའོ། །བསྟན་ཟིན་པས་ཞེས་བྱ་བ་ནི། །རང་གི་ངོ་བོའི་རང་བཞིན་དེའི། །མྱོང་བ་སྒྲོ་འདོགས་འཁྲུལ་པ་ལས། །སྔོ་སོགས་མྱང་བར་གྲགས་ ཡིན་གྱི། །གཞན་གྱི་བདག་ཉིད་མྱོང་ལས་མིན། །ཞེས་བྱ་བས་སོ། །འདིར་ནི་ཞེས་བྱ་བ་ནི་ཁྱོད་ཀྱི་འདོད་པ་ལའོ། །ཁྱེད་ཀྱི་འདོད་པ་ལ་ཁྱད་པར་ཅན་མ་ཡིན་པ་ཉིད་ཅེས་མ་ཡིན་ཞེས་ཟེར་བ་ལ་གང་ཕྱིར་གཉིས་ལས་ཞེས་བྱ་བའོ། །ཁོ་བོ་ཅག་གི་ཤེས་པ་གཅིག་ཉིད་ཤེས་པ་གཉིས་ཡིན་པ་བཞིན་དུ་ཁྱོད་ཀྱི་ནི་ མ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །འགྲེལ་པར་ནི་ཤེས་པ་རེ་རེ་ཉིད་ཡིན་གྱི་གཉིས་མ་ཡིན་པར་བཤད་པ་ནི་དོན་རྟོགས་པའི་དུས་སུ་ཞེས་བྱ་བའོ། །ངེས་པ་ལས་ཀྱང་གཅིག་རྟོགས་ན་གཉིས་ཀ་རྟོགས་པ་ཡིན་པར་བསྟན་པ་ནི་གཉིས་དག་འབྲེལ་པར་ཞེས་བྱ་བའོ། །འགྲེལ་པ་ནི་འདི་རང་གི་འདོད་ པ་མ་ཡིན་ཞེས་བྱ་བ་ཡིན་ཏེ། ཁྱེད་ཀྱི་འདོད་པས་ཞེས་བྱ་བའི་ཚིག་གིས་སོ། །ངེད་ཀྱི་ལྟར་ན་ཞེས་བྱ་བ་ལ་སོགས་པ་ཡང་རྟོགས་པ་དོན་ཡིན་ཏེ། ཇི་ལྟར་མཐོང་བ་ཡིན་ཞེས་ངེས་པ་ཡིན་པའི་ཕྱིར་རོ། །དོན་ཞེས་བྱ་བ་ནི་གནས་སྐབས་མ་ཡིན་པའོ། །དོན་རྟོགས་པ་ནི་དེ་ཉམས་སུ་མྱོང་བའོ། །དོན་གྱི་ངོ་ བོ་ཤེས་པ་ཡིན་པའི་ཕྱོགས་ལ་གཉི་ག་འབྲེལ་པ་ཅན་ཉིད་ཡིན་ཡང་དེའི་ཤེས་པ་ནི་ཤེས་པ་གཞན་གྱིས་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ་སྙམ་དུ་སེམས་པ་ནི་གང་གི་མཐོང་བ་ཞེས་བྱ་བའོ། །གང་གི་ཞེས་བྱ་བ་ནི་རྒོལ་བ་གང་གི་འདོད་པ་ལའོ། །དེ་ལ་ཞེས་བྱ་བ་ནི་འདོད་པ་ལའོ། །མཐོང་ཞེས་བརྗོད་ཅེས་བྱ་བ་ནི་ ངེས་པས་ཏེ་མཐོང་ངོ་ཞེས་བྱ་བ་ཡིན་གྱི་རང་རིག་པ་དང་འབྲེལ་པའི་ཞེས་པ་ལ་ནི་མ་ཡིན་ནོ། །འགྲེལ་པར་ནི་ཁྱད་པར་ལ་སོགས་པ་ཉིད་རང་གི་རིག་པ་གྲུབ་པ་མ་ཡིན་པར་བསྟན་པ་ཡིན་ནོ། །འདྲ་བ་མཐོང་བ་འཛིན་པ་དེ་ལྟ་ན་རང་ཉིད་རིག་པ་ཡིན་གྱི་གཞན་དུ་ན་ཐམས་ཅད་མི་དམིགས་ པར་ཐལ་བར་འགྱུར་བར་བསྟན་པ་ནི། རང་རིག་གྲུབ་ཅེས་བྱ་བའོ། །འདིའི་ནི་གཞན་གྱིའོ། །གང་ལ་ཞེ་ན་འདྲ་བ་ཉིད་ལ་སྟེ་འདྲ་བ་མཐོང་བའི་འདྲ་བ་ཉིད་ལའོ། །འགྲེལ་པར་ནི་ཁྱད་པར་ལ་སོགས་པ་ཉིད་དངོས་སུ་མ་ཡིན་པའི་ཕྱིར་དེར་ཞེན་པ་ཅན་གྱི་བདག་ཉིད་ཀྱི་རིག་པ་ལ་དོན་མེད་པ་ཡིན་ནོ་ཞེས་བྱ་བའི་ལན་གྱི་དོན་ བསྟན་པ་ནི། ཁྱད་པར་དང་ནི་ཁྱད་པར་ཅན། །ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་དང་ཞེས་བྱ་བ་ནི་དོན་དེ་ལྟ་བུའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །ཤེས་པ་མི་རིག་ན་ཤེས་བྱ་ཡང་མི་རིག་པ་ཡིན་ཏེ་རྟོགས་པ་ཉིད་རིག་པ་ཡིན་ན་ཡང་རང་གི་རིག་པ་ཉིད་དུ་ཐལ་བར་འགྱུར་བར་བསྟན་པ་ནི། ཉམས་མྱོང་མ་ལུས་ལྡོག་པར་འགྱུར། ། ཞེས་བྱ་བ་ཉིད་ཀྱིས། འགྲོ་བ་མ་ལུས་གསལ་མ་ཡིན། །ཞེས་བྱ་བ་བཞིན་དུ་དྲན་པར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །ཁྱད་པར་བདག་ཉིད་གཞན་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་འགྲེལ་པར་ཏེ་དེ་ཡང་ཞེས་བྱ་བའོ། །གཞན་གྱིས་རང་གི་ངོ་བོ་གཟུང་བའི་ཁྱད་པར་ཉིད་ལ་སོགས་པ་ཕྱིས་ གཞན་གྱིས་ཤེས་པར་བཤད་ནས། སྔ་མ་དེའི་ཡུལ་མ་ཡིན་ན་དེའི་ཕྱི་མ་དེའི་ཡུལ་དུ་ཇི་ལྟར་དེ་བཞིན་དུ་འཛིན་པར་འགྱུར་ཞེས་བྱ་བ་མེད་པས་དེའི་ངོ་བོ་མ་ཡིན་པའོ་ཞེས་བྱ་བས། གང་གི་མཐོང་བ་འདྲ་བ་ནི། །ཞེས་བྱ་བ་བཤད་པ་ཡིན་ནོ། །རང་རིག་གྲུབ་ཅེས་བྱ་བ་ལ་སོགས་པའི་བཤད་པ་ནི། དང་པོ་ཁྱད་པར་ མཐོང་བ་མེད། །ཞེས་བྱ་བའོ། །དྲན་པས་ཕན་བཏགས་པའི་དབང་པོ་ནི་དེ་ཉིད་ཀྱི་ཚེ་དེ་རིག་པ་ཡིན་གྱི་སྔར་ནི་མ་ཡིན་ནམ་ཞེས་ཟེར་བ་ནི་འོན་ཏེ་ཕྱིས་ཞེས་པའོ། །ཕན་མ་བཏགས་པའི་གཟུང་བ་ཇི་ལྟར་ཕན་བཏགས་པ་ཡོད་ན་གཞན་དུ་འགྱུར་ཞེས་བསྟན་པ་ནི། དེའི་ངོ་བོར་ཞེས་བྱ་བ་སྟེ་ཁྱད་པར་མ་ཡིན་པ་ཉིད་ ལ་སོགས་པའོ། །ཁྱད་པར་ཅན་ཉིད་ནི་ལྷག་པ་ཉིད་ཡིན་ཏེ་དེའི་ཡུལ་མ་ཡིན་པ་ཉིད་དུ་འགྱུར་བའི་ཕྱིར་དེ་ཉིད་གཞན་དུ་འཛིན་པ་ལ་རང་དབང་མེད་པའི་ཕྱིར་རོ། །ཉ་ཕྱིས་ལ་དངུལ་ལོ་ཞེས་བྱ་བ་ནི་འཁྲུལ་པ་ཉིད་ཡིན་པར་བསྟན་པ་ནི་དེ་ལྟར་ཡིན་པར་ཞེས་བྱ་བའོ། །གང་ཡིན་ཞེས་བྱ་བ་ནི་གནོད་པར་བྱེད་པ་ལ་ཡང་ གཞན་དུ་རིག་པར་བྱེད་པའི་ཕྱིར་རོ། །དྲུག་ལྡན་ལ་སོགས་པ་སྔར་མ་རྟོགས་པའི་ཕྱིས་རྟོགས་པ་ཉིད་ཡོད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་གལ་ཏེ་སྔར་ཞེས་བྱ་བའོ། །ཁྱད་པར་ཞེས་བྱ་བ་ནི་ཁྱད་པར་ལ་སོགས་པའི་ངོ་བོའོ། །ཐོས་པ་གོམས་པ་ཡིན་ན་དྲུག་ལྡན་ལ་སོགས་པ་ཡིན་གྱི་ཁྱད་པར་ཉིད་ལས་དབང་ པོའི་ཡུལ་མ་ཡིན་པར་བསྟན་པ་ནི་གལ་ཏེ་ཁྱད་པར་ཞེས་བྱ་བའོ། །རྟོགས་མི་འགྱུར་ཞེས་བྱ་བ་ནི་གོམས་པ་དང་གཞན་དུ་ཡང་ཚད་མས་མི་རྟོགས་པའོ། །ཚད་མས་མི་རྟོགས་པ་ཉིད་བསྟན་པ་ནི་རྟག་ཏུ་འབའ་ཞིག་པ་ཞེས་བྱ་བའོ། །རྟག་ཏུ་ནི་གོམས་པ་དང་གཞན་དུ་ཡང་གཞན་གྱིས་སོ། །རང་ཉིད་ ཀྱིས་འདྲ་བ་ཉིད་ཁོ་ནར་ཅིའི་ཕྱིར་རིག་པ་མ་ཡིན་ཞེས་ཟེར་བ་ལ་འདྲ་བ་ལས་ནི་ཞེས་བྱ་བའོ། །སྔར་ཉིད་ཅེས་བྱ་བ་ནི་འདྲ་བ་ཐམས་ཅད་ཕན་ཚུན་དུ་མྱོང་བ་ཉིད་ནི་ཐོབ་པར་འགྱུར་ཞེས་བྱ་བར་རོ། །རང་རིག་པ་མ་ཡིན་པ་ལ་འདྲ་བ་ཉིད་མེད་དོ་ཞེས་བྱ་བ་ཡང་གཉི་ག་རིག་པ་ཡིན་པ་ལས་བསྟན་པ་ནི་མཐོང་བ་དག་ཉིད་ ཅེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་དོན་ནོ། །དེ་ནི་འདི་ནི་འདྲ་བའོ་ཞེས་བྱ་བས་བསྟན་པའོ། །གཞན་གྱིས་རིག་པ་མ་ཡིན་ཏེ་ཐུག་པ་མེད་པའི་ཕྱིར་དང་། རང་ཉིད་ཀྱིས་ཀྱང་མ་ཡིན་ཏེ་ཁས་མ་བླངས་པའི་ཕྱིར་རོ། །དོན་རིག་པ་མ་ཡིན་པ་ལས་ཀྱང་འདྲ་བ་ཉིད་མ་ཡིན་པའི་ཕྱིར་འགྲོ་བ་མ་ལུས་པ་སེམས་པ་ ཅན་མ་ཡིན་པ་ཐོབ་པར་འགྱུར་བར་བསྟན་པ་ནི་འདྲ་བ་ཉིད་ཀྱང་ཞེས་བྱ་བའོ། །གཉིས་ཀ་ཡང་ཡིན་ལ་མཐོང་བ་ཡང་ཡིན་པ་དེ་མེད་པའོ། །དེ་དང་དེ་ཉིད་བཤད་པ་ནི་དེ་ཚེ་ཞེས་བྱ་བའོ། །ཤེས་པ་ཞེས་བྱ་བ་ནི་རང་དང་གཞན་གྱིས་མི་རིག་པས་སོ། །འབའ་ཞིག་མཐོང་ལ་ནི་དོན་མ་མཐོང་བ་ནའོ། །མཐོང་ བ་ནི་དོན་གྱིས་བྱས་པའི་རྣམ་པ་ཅན་ནི་སྒྲོ་འདོགས་པ་པོའི་དོན་རང་གི་དུས་ན་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ་རྣམ་པ་རང་གི་དུས་ཀྱི་དོན་ལ་མ་ངེས་པ་ཡིན་པར་བསྟན་པ་ནི་འདས་པ་དང་ཞེས་པའོ། །དོན་དང་དོན་གྱིས་མཐོང་བ་ཡང་དེ་དག་གིའོ། །དེ་ཁོང་ནས་དབྱུང་བ་ཡིན་ན་ཡང་ ཞེས་བྱ་བ་ནི་ལྷན་ཅིག་ཡོད་པར་རྟོག་པ་ནའོ། །རྣམ་པར་ཤེས་པ་ཉིད་ཅེས་བྱ་བ་ནི་དོན་དེ་ལ་རྗེས་སུ་ཞུགས་པའི་ཕྱིར་རོ། །ཤེས་པའི་རྗེས་སུ་ཞུགས་པ་མ་ཡིན་པ་ཉིད་ནི་རང་ཉིད་རིག་པ་མ་ཡིན་པའི་ཕྱིར་དོན་ཉིད་ཡིན་ལ་མ་རིག་པ་དང་མཐུན་པ་མེད་པ་ཡང་མི་མཐུན་པར་བྱེད་པ་ཡིན་པར་བསྟན་པ་ནི་ཕྱིས་ཀྱི་ ཞེས་བྱ་བའོ། །དེར་སྒྲོ་འདོགས་པ་ནི་དོན་དུ་སྒྲོ་འདོགས་པའོ། །མི་སྲིད་པའི་ཕྱིར་ནི་འདྲ་བ་ཉིད་མེད་པའི་ཕྱིར་རོ། །ཕྱིས་ཞེས་བྱ་བ་ནི་མཐོང་ངོ་ཞེས་བྱ་བའི་རྟོག་པས་སོ། །མི་འདྲ་བས་ནི་ཁྱད་པར་ཉིད་ལ་སོགས་པས་སོ། །ཕྱིས་མཐོང་བས་ཁྱད་པར་མེད་པ་ ལ་སོགས་པ་མཐོང་བ་ན་སྔ་མ་ནི་མཐོང་བའི་དུས་ཡིན་པའི་ཕྱིར། རང་དབང་མ་ཡིན་པར་བསྟན་པ་ནི་རང་གི་ངོ་བོས་ཞེས་བྱ་བའོ། །ཁ་རོག་འདུག་པ་ནི་སེམས་པ་མེད་པའི་ཕྱིར་རོ། །ཀ་བ་ལ་སོགས་པ་ཞེས་བྱ་བ་ནི་མཐོང་བ་མ་ཡིན་ནམ་ཞེས་བྱ་བར་སྦྱར་རོ། །མཐོང་བ་མི་འཐད་པ་མ་ཡིན་ པའི་ལན་ནི་འགལ་ཏེ་ཞེས་བྱ་བའོ། །རང་གི་ངོ་བོས་ནི་རང་ཉིད་ཀྱིས་ཏེ་དེ་གལ་ཏེ་རང་བཞིན་གཞན་ཡིན་ན་ཞེས་བྱ་བར་སྦྱར་རོ། །དེ་ཞེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པའི་མི་གསལ་བ་ཞེས་བྱ་བ་ནི་མ་དམིགས་པ་ནའོ། །གང་ཡིན་པ་འདི་ཞེས་བྱ་བ་དང་། སྣང་བ་དང་འདི་ཡིན་ཏེ་ཞེས་བྱ་བར་སྦྱར་ནས་རྒོལ་བའོ། ། ནང་དུ་ཞུགས་པའི་ཞེས་བྱ་བ་ནི་ལན་ཡིན་ཏེ་གསལ་བའི་རྣམ་པ་སྣང་བ་ནང་དུ་ཞུགས་པ་ནི་བློ་ལ་ཞེས་བྱེད་པའི་ཚིག་བསྒྱུར་ནས་སོ། །རང་རིག་པ་མ་ཡིན་ན་རྗེས་སུ་དཔག་པ་བཞིན་དུ་ཡང་དོན་གསལ་བ་མ་ཡིན་པར་བསྟན་པ་ནི་དེ་ཡང་ཞེས་བྱ་བའོ། །དོན་དམིགས་པའི་ངོ་བོའི་བློ་མངོན་སུམ་མ་ཡིན་ན། ཐམས་ ཅད་མངོན་སུམ་ཉིད་དུ་མི་འགྱུར་ཞེས་བསྟན་པའི་རིགས་པ་བསྟན་པ་ནི་བདག་རིག་མིན་པའི་ཞེས་བྱ་བའོ། །བདག་རིག་མིན་པའི་ཕྱོགས་དག་ལ་ཞེས་བྱ་བ་ནི་བློ་གཞན་གྱིས་བློ་མངོན་སུམ་མིན་པའི་ཕྱོགས་ལའོ། །མངོན་སུམ་མིན་ནི་རྟག་ཏུ་རྗེས་དཔག་པར་བྱ་བའོ། །ལན་བཏབ་པ་ཞེས་བྱ་བ་ནི་བློའི་སྣང་ བ་རང་ལས་ངོ་བོ་རྟོགས་པར་ཁྱད་པར་མེད་པའི་ཕྱིར་དེ་ལས་གཞན་པའི་དབང་པོའི་བྱེད་པའི་ངོ་བོ་མ་ཡིན་ཏེ། རང་རིག་པར་བྱ་བ་ཉིད་དུ་ལོག་པར་རྟོགས་པ་མེད་པའི་ཕྱིར་དང་ཁས་མ་བླངས་པའི་ཕྱིར་དང་ལྐོག་ཏུ་གྱུར་པ་ཉིད་དུ་ཁས་བླངས་པའི་ཕྱིར། རྟག་ཏུ་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་ན་བློའི་ ལོངས་སྤྱོད་པར་བྱ་བ་མངོན་སུམ་མ་ཡིན་པ་ཉིད་དུ་བསྟན་ནས། ལོངས་སྤྱོད་པ་མ་ཡིན་པར་བསྟན་པ་ནི་དེ་དག་གི་བློ་ཉིད་ཅེས་བྱ་བ་སྟེ་མངོན་སུམ་ཡིན་ནོ། །གང་ཡིན་ཞེ་ན་བདེ་སྡུག་འདོད་པ་ལ་སོགས་པའི་ཁྱད་པར་གང་དག་ཡིན་པ་དེ་དག་གོ་ཞེས་བྱ་བ་ནི་ངོ་བོ་བསྟན་པ་ཡིན་ནོ། །འདི་དག་བློ་ཉིད་ཅི་ ལས་ཡིན་ཞེས་པ་ལ་བསྟན་ཞེས་བྱ་བ་སྟེ་བློའི་ཚོགས་པ་ལས་བྱུང་བའི་ཕྱིར་ཡིན་གྱི་ཉེ་བར་ལེན་པ་དང་བཅས་པ་ནི་མ་ཡིན་ཏེ་རྟེན་ལ་སོགས་པ་བརྗོད་པའི་ཕྱིར་རོ། །དེ་ལྟ་བུའི་ངོ་བོ་ལ་སོགས་པའི་མཚན་ཉིད་དག་ལ་བློ་ཉིད་དམ་ཕུལ་དུ་བྱུང་བ་དག་མ་ཡིན་ཏེ། དེ་མིན་པ་ལས་ལོག་པས་ཕན་ཚུན་ཕན་འདོགས་ པ་དག་གི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །རྟེན་གྱི་དབྱེ་བ་ཐ་དད་པ་ནི་རྟེན་གྱི་ཁྱད་པར་རོ། །ཡུལ་ཉིད་ལ་ཞེས་བྱ་བ་ནི་འབྲས་བུ་ཉིད་ལའོ། །དམིགས་པ་ལ་སོགས་པ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་གི་རྐྱེན་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་ཤིན་ཏུ་ལྡོག་པས་ཞེས་བྱ་བའི་དགོངས་པའོ། ། མངོན་སུམ་དུ་ཞེས་བྱ་བ་ནི་གསལ་བ་སྟེ་ལས་ཀྱི་ངོ་བོ་དང་བྲལ་བའོ། །དེ་དག་ལས་གཞན་པ་ནི་དེ་ལས་གཞན་པ་སྟེ་བདེ་བ་ལ་སོགས་པའི་ངོ་བོ་དང་བྲལ་བའི་ཤེས་པ་འཛིན་པར་བྱེད་པ་དེ་དག་གི་རྟོགས་མེད་ནི་ལས་མ་ཡིན་པའི་ངོ་བོས་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་གཞན་གྱིས་ཀྱང་ལྐོག་ ཏུ་མ་གྱུར་པའི་ངོ་བོ་ནི་གཞན་གྱིས་ཀྱང་གཞན་གྱིས་བདེ་བ་རིག་པའི་ཕྱིར་ལས་དང་འབྲས་བུ་མ་ངེས་པའི་ངོ་བོ་ཡང་མ་བྱས་པ་འཐོབ་པའི་སྐྱོན་དུ་ཡང་འགྱུར་བར་བསྟན་པ་ནི་གལ་ཏེ་གཞན་གྱིས་ཞེས་བྱ་བའོ། །གཟུང་བ་ཉིད་དུ་རང་དང་གཞན་དུ་དབྱེ་བ་མ་ཡིན་པར་བསྟན་པ་ནི་གཟུང་བར་བྱ་བ་ཉིད་ཀྱིས་ཞེས་བྱ་བའོ། ། རང་ལ་འདུ་བ་དང་ཅིག་ཤོས་ཉིད་ཀྱིས་ཁྱད་པར་ཡོད་ཀྱང་མ་དམིགས་ན་ལོངས་སྤྱོད་པ་ལ་དགོས་པ་ཅན་མ་ཡིན་ཞེས་ཟེར་བ་ལ་མ་ཡིན་ཏེ་ཞེས་བྱ་བ་སྟེ་ཚིམ་པ་ནི་ལོངས་སྤྱོད་པའོ། །དམིགས་པ་ཡིན་ཡང་བདག་གི་མ་ཡིན་པ་ཉིད་ལ་ནི་ལོངས་སྤྱོད་པ་མིན་ཞེས་ཟེར་བ་ལ་ཡིད་དགེ་ཞེས་བྱ་བའོ། །ཡིད་དགེ་བ་ མིན་པ་ལ་ནི་དམིགས་པ་ཉིད་ལོངས་སྤྱོད་ཡིན་པར་མཐོང་གི་བདག་གི་བ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། །ཡིད་དགེ་བ་ལ་ནི་ཇི་ལྟར་གོམས་པས་གཞན་དུ་བ་ཉིད་ཡིན་གྱི་བདག་གི་བ་ཉིད་ལ་སོགས་པས་མ་ཡིན་པར་བསྟན་པ་ནི་ཡིད་དགེ་མིན་ལ་ཞེས་བྱ་བ་སྟེ་གྲུབ་མཐའ་ཅན་གྱིའོ། །དེ་ལ་ཞེས་བྱ་བ་ནི་གཞན་ནོ། །གཞན་གྱི་ རྫས་ཉེ་བར་སྤྱད་པས་ཀྱང་རང་ལ་བདེ་བ་བསྐྱེད་པའི་ཕྱིར་གཞན་གྱི་རྫས་བཞིན་དུ་བདེ་བ་དམིགས་པ་ན་ཡང་འདིའི་རང་གི་བདེ་བ་བསྐྱེད་པར་འགྱུར་བར་བསྟན་པ་ནི་གཞན་གྱི་ཞེས་བྱ་བའོ། །འདི་ལྟ་ཉིད་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱི་བདེ་བ་སྐྱེས་པའོ། །དེ་ལྟ་ཡིན་ཡང་བདག་ཉིད་ཀྱི་བདེ་བ་ལ་ལོངས་སྤྱོད་པ་མ་ཡིན་ནམ་ སྙམ་དུ་སེམས་པ་ལ། བདག་གིར་མ་དམིགས་ན་ལོངས་སྤྱོད་མ་ཡིན་ལ། ཉེ་བར་དམིགས་པ་ལོངས་སྤྱོད་ཡིན་ན་གཞན་གྱི་ཡང་ཅི་སྟེ་མ་ཡིན་ཞེས་བསྟན་པ་ནི་གང་གི་ཞེས་བྱ་བའོ། །དམིགས་པ་དང་ཅིག་ཤོས་དག་ལ་ལོངས་སྤྱོད་པ་དང་། ཅིག་ཤོས་ཉིད་ཀྱིས་རང་དང་ གཞན་དག་གི་ཁྱད་པར་ཡིན་པར་བསྟན་པ་ནི་མ་ཡིན་རང་བཞིན་དབྱེར་མེད་ཕྱིར་ཞེས་བྱ་བའོ། །རིང་ཕྱིར་དེའི་ཞེས་བྱ་བ་ནི་གཞན་གྱི་བདེ་བ་ཡིན་ཏེ་གཞན་གྱི་ཡུལ་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །རང་གི་བདེ་བ་བཞིན་དུ་གཞན་གྱི་ཡང་རིག་པ་ལ་རྗེས་སུ་ཞུགས་པའི་ཕྱིར་རིང་བ་ཉིད་མ་ཡིན་པ་ཁོ་ནར་ བསྟན་པ་ནི་རིག་ན་ཞེས་བྱ་བའོ། །གཞན་གྱི་བདེ་བ་ནི་རིག་པའི་རྗེས་སུ་ཞུགས་པ་ཡིན་ཡང་གཞན་གྱི་བདག་ཉིད་ལའམ། ལུས་ལ་རྗེས་སུ་ཞུགས་པ་མ་ཡིན་པ་མ་ཡིན་ནམ་དེའི་ཕྱིར་འདི་ལོངས་སྤྱོད་པ་མ་ཡིན་པར་བསྟན་པ་ནི་གལ་ཏེ་མ་རིག་ཕྱིར་ཞེས་བྱ་བའོ། །རིག་པའི་བདེ་བས་ནི་ལུས་ལ་ཆུ་དང་ འོ་མ་བཞིན་དུ་གཅིག་པ་ཉིད་དུ་འདྲེས་པ་ལ་ལོངས་སྤྱོད་ན་ལུས་རིག་པའི་བདག་ཉིད་དུ་འགྱུར་བར་བསྟན་པ་ནི་རིག་ན་ཞེས་བྱ་བ་སྟེ། ལྐོག་ཏུ་མ་གྱུར་པའི་ངོ་བོ་ནི་རང་གི་རིག་པ་ཡིན་ཞིང་བདེ་བ་བཞིན་དུ་ལུས་ཀྱང་ཀུན་དུ་རེག་པ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཐམས་ཅད་ཀྱིས་གཅིག་ཏུ་འདྲེས་པར་གྱུར་ པས་གལ་ཏེ་ལུས་ལ་ཡོད་པ་རིག་པ་ནི་གཞན་གྱི་བདེ་བ་དང་བདག་ཉིད་ཐམས་ཅད་ཀྱིས་འདྲེས་པར་མི་བྱེད་པ་དེ་ལྟ་ན་རང་གི་བདེ་བ་ཉིད་དེ་ལྟར་འདྲེས་པ་རིག་པ་ཡིན་ནོ། །དེ་ལྟར་ན་རང་རིག་པ་ཐོབ་པར་འགྱུར་བར་བསྟན་པ་ནི་ཕྱོགས་གཅིག་གིས་ནི་ཞེས་བྱ་བའོ། །གཞན་པ་ཞེས་བྱ་བ་ནི་ལོགས་ན་གནས་པའི་ གཟུང་བྱའོ་ཞེས་བྱ་བའི་དོན་ཏོ། །བདེ་བ་རིག་པའམ་རིག་པར་བྱ་བའི་ལུས་ལ་གཞན་དུ་རྗེས་སུ་དཔག་པ་ལས། གལ་ཏེ་རིག་པའི་ལུས་ལའམ་རིག་པ་ལ་རྗེས་སུ་ཞུགས་པ་ཡིན་ན་དེ་ལྟ་མ་ཡིན་པར་ཏེ། རྗེས་སུ་མ་ཞུགས་ན་རང་རིག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གནས་སྐབས་ཀྱི་རྣམ་པར་དབྱེ་བའོ། །རང་ གི་རིག་པ་དང་དེའི་བསྐྱེད་བྱ་ཉིད་ཀྱིས་དེའི་ངོ་བོར་སྣང་བ་ཡང་གཞན་གྱི་བདེ་བ་ལ་སྲེད་པ་མ་ཡིན་ཏེ་རྟགས་ལས་དེའི་རིག་པ་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ལས་སྐྱེས་པ་དང་ཞེས་བྱ་བའོ། །དེ་ལས་མི་སྐྱེ་བ་རྟགས་ཉིད་ལས་འབྱུང་བའི་ཕྱིར་རོ། །དེ་ལས་མི་སྐྱེ་བ་ཉིད་ཀྱིས་དེའི་སྣང་བ་མ་ཡིན་པ་དང་། རང་གི་རིག་པ་མ་ཡིན་པ་ཡང་ཇི་ལྟར་དེའི་རིག་པ་ཡིན་ཞེས་ཟེར་བ་ལ་དེ་བསྐྱེད་པ་དང་ཞེས་བྱ་བ་སྟེ་དེའི་རྣམ་པ་ཅན་ནོ། །དེར་སྣང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་དུའོ། །དེ་རིག་པར་བྱེད་པའི་རྗེས་སུ་དཔག་པ་ལ་ཡང་དེ་གཉི་ག་ཡིན་ཏེ་གཞན་དུ་ན་དེ་རིག་པར་བྱེད་པ་ཉིད་དུ་མི་རིག་པའི་ཕྱིར་ཐལ་ཆེས་པ་ཡིན་ པར་བསྟན་པ་ནི་དམིགས་པར་བྱེད་པ་གཞན་ལ་ཡང་ཞེས་བྱ་བ་སྟེ་དེ་རིག་པ་ཅན་གྱི་སེམས་ལ་ཁས་ལེན་པ་ཉིད་ཀྱིས་དེ་ལ་དམིགས་པ་ཉིད་ཡིན་ནོ། །དེ་ལས་སྐྱེ་བའི་རྟགས་ནི་མིག་ལ་སོགས་པ་བཞིན་དུ་ལྷན་ཅིག་བྱེད་པ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །དོན་གྱི་ཞེས་བྱ་བ་ནི་ངེས་པའི་ དོན་གྱི་ངོ་བོ་སྣང་བའི་ཤུགས་ཀྱིས་སོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཁྱད་པར་མེད་དོ་ཞེས་བྱ་བ་ནི་གཞན་གྱི་ཤེས་པ་ལས་གཞན་གྱི་བདེ་བའི་ཤེས་པ་ལའོ། །ཁྱད་པར་ཡོད་ན་ཡང་དེ་རིག་པ་མ་ཡིན་ཏེ། དེ་མིན་ངོ་བོ་རིག་མིན་ཕྱིར། །ཞེས་བསྟན་པ་ནི། ཅི་སྟེ་དེ་ལས་སྐྱེས་མིན་ཞིང་། །ཞེས་བྱ་ བའོ། །དུ་བ་ལས་མེ་བཞིན་དེ་ཡི། །དེ་ཡི་སྤྱི་ནི་རིག་པ་ཡིན། །ཞེས་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་དགག་པ་བྱེད་པ་ནི་སྤྱི་དག་ཀྱང་ཞེས་བྱ་བའོ། །མི་འཛིན་དེ་ནི་ཞེས་བྱ་བ་ནི་དངོས་པོ་མིན་པའོ། །དེ་འཛིན་པའི་བདག་ཉིད་ཁོ་ན་སྤྱི་འཛིན་པ་ཡིན་ལ། དེ་འཛིན་པ་མེད་ན་མི་སྲིད་པ་ཡིན་གྱི་ཁྱད་པར་ཅན་དེའི་ ངོ་བོ་ལས་གཞན་ཡང་མ་ཡིན་ཏེ་དེ་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་དངོས་མིན་ཞེས་བྱ་བ་སྟེ་རྣམ་པར་རྟོག་པའི་ཞེན་པར་ཁྱད་དང་ལྡན་པ་མ་ཡིན་པའི་གསལ་བའི་ངོ་བོ་སྤྱི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་གྱི་མཚན་ཉིད་ཅེས་བྱ་བ་ནི་འཛིན་བྱེད་རིགས་ཞེས་པས། ཤེས་པའི་རྣམ་པ་ འཇོག་ནུས་པ། །རྒྱུ་ཉིད་ལས་ནི་གཟུང་བར་ཤེས། །ཞེས་བྱ་བའོ། །གཞན་གྱིས་ཁས་བླངས་པའི་སྤྱིའི་བློ་ཡང་བརྟགས་པ་ཡིན་ལ། དེའི་རྣམ་པར་ཞེས་བྱ་བ་གསལ་བའི་རྣམ་པའོ། །འདི་ཞེས་བྱ་བ་ནི་སྤྱིའི་ངོ་བོ་རྟོག་པ་མེད་པ་ལ་ཡུལ་གྱི་རྣམ་ལ་ཡོད་པར་བསྟན་པ་ནི་ཉེ་བར་གཞག་པ་ཡིན་ཞེས་བྱ་བ་སྟེ་ཡུལ་དུ་འདོད་པའོ། །དེ་ལ། གང་དང་གང་ལ་ཉེར་གཞག་པ། །དེ་ཡི་གཟུགས་བརྙན་ཐོབ་པར་བྱེད། །ཅེས་བྱ་བའི་རིགས་པས་སོ། །རང་གི་གཞུང་ལུགས་བསྟན་པ་ནི་གོམས་པའི་བྱ་བ་སྟེ་རྨི་ལམ་བཞིན་དུའོ། །བློ་ནི་རྣམ་པར་རྟོག་པ་མ་ཡིན་པའམ་ཅིག་ཤོས་སོ། །འཇིག་རྟེན་རིག་པ་ནི་བཅོམ་ལྡན་འདས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་ཐ་ དད་པ་སྤྱི་མི་སྣང་བའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་གཞན་གྱི་བདེ་བ་རིག་པ་ལས་སོ། །མངོན་སུམ་གྱི་ལྐོག་ཏུ་གྱུར་པ་མ་ཡིན་པ་དང་། བདག་རིག་ཀྱང་སྟེ་དེ་དག་གྲུབ་པ་ནི་གཞན་གྱི་བདེ་བའི་བློ་ལའོ། །ཕྱི་རོལ་གྱི་ཕྱོགས་སུ་ལྷུང་བའི་ཕྱིར་ཞེན་པ་དང་ཅིག་ཤོས་ཀྱང་ཕྱི་རོལ་ཉིད་ ཡིན་པར་བསྟན་པ་ནི་གལ་ཏེ་ན་ཞེས་བྱ་བའོ། །རང་དབང་མ་ཡིན་ཞེས་ཟེར་བ་ནི་དེ་ཡང་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་གང་གི་བདེ་བ་དེའོ། །རང་བཞིན་ཞེས་བྱ་བ་ནི་གཞན་གྱིས་རྟོགས་བཞིན་པའོ། །དེ་ལ་ནི་བདེ་བ་དེ་གང་གི་ཡིན་པ་དེ་ལའོ། །དེ་དང་ཞེས་བྱ་བ་ནི་གཞན་དང་ངོ་། །གཞན་ནི་རང་དང་འབྲེལ་པའི་གསལ་བ་བཞིན་དུ་ ངོ་བོ་དེ་ཡང་རྟོགས་པར་འགྱུར་བ་ཞིག་ན་དེ་མེད་པའི་ཕྱིར་ཞེས་བསྟན་པ་ནི་མ་ཡིན་ཏེ་གཞན་ལ་ཞེས་བྱ་བ་སྟེ་གང་གི་བདེ་བ་དེའོ། །བརྗོད་པ་དེ་ཞེས་བྱ་བ་ནི་གཞན་ནོ། །སྟེང་དུ་གནས་པ་ཡིན་པ་ནི་རྒོལ་བ་ཐམས་ཅད་ཀྱི་ཡིན་གྱི་རིགས་པས་ནི་མ་ཡིན་ནོ། །གཞན་དག་ཀྱང་ཞེས་བྱ་བ་ནི་དེ་གང་གི་མ་ཡིན་པའོ། ། འོན་ཏེ་གཞན་གྱིས་ཀྱང་ཞེས་བྱ་བ་ནི་དེ་གང་གི་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་པའོ། །དེ་ཉིད་ཅེས་བྱ་བ་ནི་གཞན་གྱི་བདེ་བའི་ངོ་བོ་སྟེ་རྗེས་སུ་དཔག་པ་ཡང་རང་ཉིད་རིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ལ་ལོངས་སྤྱོད་པས་བདེ་བ་ལ་ལོངས་སྤྱོད་པ་ཅན་ཞེས་བྱ་བར་སྦྱར་ཏེ། རྗེས་སུ་དཔོག་པ་པོ་གཞན་ བདེ་བའི་བདག་ཉིད་ཀྱི་བློ་གལ་ཏེ་འཛིན་ན་མངོན་སུམ་དུ་བྱེད་པ་ཁྱད་པར་ཅན་གྱི་མངོན་སུམ་མ་ཡིན་པ་དེའི་ཕྱིར་དེའི་ལོངས་སྤྱོད་པ་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་མཚུངས་པ་དག་ནི་རང་དང་གཞན་གྱི་རིག་པ་དག་ལ་དོན་གྱི་ངོ་བོ་སྣང་བར་ཁྱད་པར་མེད་པ་ལ་ཐ་དད་ཅེས་བྱ་བ་སྟེ། ལོངས་སྤྱོད་པ་དང་ ཅིག་ཤོས་ཉིད་ཀྱི་ཁྱད་པར་ཉིད་དུ་མི་འགྱུར་བའོ། །རང་གི་ངོ་བོ་མངོན་དུ་བྱེད་པ་ནི་རྗེས་སུ་དཔག་པ་ལ་ཡང་ཡིན་ནོ་ཞེས་ཟེར་བ་ལ་རང་གི་ངོ་བོ་ཞེས་བྱ་བའོ། །རྣམ་པ་མཚུངས་པ་དག་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་གོ། །ཚོགས་པ་ཐ་དད་པ་ལས་འདི་དག་གི་སྣང་བ་ཐ་དད་པ་ཡིན་གྱི། ཡུལ་ ཐ་དད་པ་ལས་ནི་མ་ཡིན་པ་མ་ཡིན་ནམ། ཐག་རིང་བ་དང་ཅིག་ཤོས་ཉིད་ཀྱིས་གཅིག་ལ་ཡང་གསལ་བ་དང་ཅིག་ཤོས་ལ་གསལ་བ་དང་ཅིག་ཤོས་ཀྱི་སྣང་བ་ལྟ་བུའོ་ཞེས་ཟེར་བ་ནི་སྣང་བའི་དབྱེ་བས་ཞེས་བྱ་བའོ། །ཐག་རིང་བ་ཉིད་ལ་སོགས་པའི་རྒྱུའི་དབྱེ་བས་ཐ་དད་པ་ཉིད་དུ་སྣང་བ་ནི་དོན་བྱེད་པ་ཡིན་ གྱི་དེ་ལས་འདི་གཞན་ཡང་མ་ཡིན་ཞིང་། འདྲེས་པར་བྱེད་ཀྱང་ཞེས་པ་མ་ཡིན་ཏེ་དེ་ལྟར་སྣང་བས་གནོད་པའི་ཕྱིར་རོ། །དོན་གཅིག་གི་ཡུལ་གྱི་ཚད་མ་དང་ཅིག་ཤོས་ཀྱི་སྣང་བ་དག་འབའ་ཞིག་ཡིན་ཏེ་སེར་པོ་དང་ཅིག་ཤོས་ལྟ་བུ་ཡིན་པར་བསྟན་པ་ནི་རང་གི་ངོ་བོ་ལ་གནས་པ་ཉིད་ཅེས་བྱ་བའོ། །དེ་ཡང་རང་ གི་ངོ་བོ་སྣང་བ་ཡིན་ན་མི་རིགས་པར་བསྟན་པ་ནི་གཉི་གའི་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་རྒྱུ་ཐ་དད་པ་མ་ཡིན་པར་བསྟན་པ་ནི་མི་རིགས་པའོ་ཞེས་བྱ་བ་སྟེ་རྟགས་ཉེ་བ་ཡིན་ཞེས་བྱ་བས་མངོན་དུ་བྱེད་པ་ལ་དབྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །མངོན་དུ་བྱེད་པའི་བྱེད་པ་པོ་ཉིད་ཐ་དད་པ་ཡིན་ཡང་འབྲས་བུ་ཡང་ཐ་ དད་པར་འགྱུར་བར་བསྟན་པ་ནི། རང་གི་ངོ་བོ་ཐ་དད་ཀྱང་། །ཞེས་བྱ་བ་སྟེ་གསལ་བ་དང་ཅིག་ཤོས་ཉིད་དུ་མི་རིགས་པར་འགྱུར་རོ། །རྟོགས་པའི་རང་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པའི་ཁྱད་པར་མ་ཡིན་པའོ། །གང་གི་མ་མཐོང་བས་དྲངས་པའི་བདེ་བ་དེ་ཉིད་ལོངས་སྤྱོད་པར་བྱེད་པ་ལ་གང་དང་འབྲེལ་པ་དེ་དང་ལྡན་པའི་ ཤེས་པའི་ཤེས་པ་གང་གི་མིག་ལ་སོགས་པ་ལ་སྐྱེས་པ་དེ་ཉིད་རིག་པ་ཡིན་ནོ་སྙམ་དུ་སེམས་པ་རྗེས་སུ་བརྗོད་པ་ནི་མ་མཐོང་ཞེས་བྱ་བའོ། །རྣམ་ཀུན་དུ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པས་ཀྱང་ངོ་། །རང་གི་ངོ་བོ་སྣང་བ་ཡིན་ན་དེ་ལྟ་བུའི་དབྱེ་བ་མ་ཡིན་པར་བསྟན་པ་ནི་མྱོང་བའི་ཞེས་བྱ་བའོ། །ངེས་པའི་ ཁྱད་པར་བཤད་པ་ནི་ཅི་སྟེ་འགྱུར་ན་ཡང་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་མངོན་སུམ་ལ་ཡང་ངོ་། །འདི་ཡང་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའོ། །འགྱུར་མོད་ཅེས་བྱ་བ་ནི་རྒོལ་བ་ཁས་བླངས་པའོ། །བདེ་བ་དང་སྡུག་བསྔལ་ལ་སོགས་པ་བཞིན་དུ་རང་གི་རིག་པ་ལ་སོགས་ པ་ཡང་མ་མཐོང་བ་ཁོ་ན་ཡིན་ཞེས་ཟེར་བ་ལ་རང་རིག་པའི་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ནི་རང་རིག་པ་ཉིད་ཀྱི་ཕྱིར་རོ། །མྱོང་བ་ཐ་དད་པ་ནི་གསལ་བ་དང་ཅིག་ཤོས་ཉིད་དུ་སྣང་བའི་ངོ་བོ་ལའོ། །གསལ་བར་སྣང་བ་ཉིད་ཀྱི་རྗེས་སུ་དཔག་པའི་མིག་ཀྱང་ཅིའི་ཕྱིར་མ་ཡིན་ཞེས་ཟེར་བ་ལ་མིག་ལ་སོགས་པ་ཡང་ ཞེས་བྱ་བའོ། །མིག་ལ་སོགས་པ་མེད་ཀྱང་རང་རིག་པ་བཞིན་དུ་གསལ་བ་ཉིད་ཙམ་ལས་མངོན་སུམ་ཡིན་པར་བསྟན་པ་ནི་དང་པོ་ཞེས་བྱ་བའོ། །མ་གཏོགས་པ་ན་ཞེས་བྱ་བ་ནི་མངོན་སུམ་ཉིད་དུ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་ཅི་ཞིག་རྟོགས་པ་ཡིན་ཞེ་ན་འགའ་ཞིག་ཀྱང་ཞེས་བྱ་བའོ། །འདི་གཉིས་མེད་པ་ནི་ གསལ་བའི་དབང་པོ་ལས་སྐྱེས་པའི་ངོ་བོའོ། །ཉེ་བ་ཡང་དག་པར་རིག་པའི་ངོ་བོ་ནི་གཉི་ག་ཉེ་བ་ནི་མངོན་སུམ་ཉིད་ལ་རྒྱུ་མཚན་མ་ཡིན་པའོ། །གཞན་དུ་ཡོད་པའི་ཕྱིར་ཞེས་བསྟན་པ་ནི་ཉེ་བ་དང་ནི་ཞེས་བྱ་བའོ། །གསལ་བ་ཉིད་ཀྱི་ཕྱིར་ཐག་རིང་བའི་ཕྱིར་མངོན་སུམ་ཉིད་ཡིན་ ན་དེ་ཉིད་ལ་དེ་ཁོ་ན་རྒྱུ་མཚན་ཡིན་གྱི། ཉེ་བ་མ་ཡིན་པར་བསྟན་པ་ནི་དེའི་གསལ་བ་ཞེས་བྱ་བའོ། །དེ་མེད་ན་ཡང་ཞེས་བྱ་བ་ནི་ཉེ་བ་མེད་ན་ཡང་ངོ་། །མངོན་སུམ་དང་མངོན་སུམ་མ་ཡིན་པར་ཞེས་བྱ་བ་ནི་མངོན་སུམ་ཉིད་ཁོ་ན་ཡིན་གྱི་མངོན་སུམ་དང་ཅིག་ཤོས་ཀྱང་ཡིན་པ་ནི་མ་ཡིན་ནོ། །དེ་འདི་ལྟར་ངོ་བོ་ རིག་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ལ་དབྱེ་བ་མེད་པར་བསྟན་པ་ནི་གཞན་གྱི་བདེ་བ་རྣལ་འབྱོར་པའི་མངོན་སུམ་ཉིད་ཡིན་གྱི། རང་རིག་པ་མ་ཡིན་པར་འདི་ལ་ཁྱད་པར་མེད་པར་བསྟན་པ་ནི་གང་དག་གིས་ཞེས་བྱ་བ་སྟེ་འདོད་པའོ། །དེ་བཞིན་དུ་ནི་གཞན་བཞིན་དུའོ། །གདུང་བ་ནི་འདོད་ཆགས་ལ་སོགས་ པ་སེམས་པ་ལས་འཁོར་བ་ཅན་དག་གོ། །སྤྲོས་ཟིན་པ་ནི། མ་མཐོང་དོན་གཅིག་ལྡན་སོགས་ཀྱི། །ཞེས་བྱ་བས་སོ། །རྣལ་འབྱོར་པས་ནི་གཞན་ལ་གནས་པ་ཤེས་པ་ཡིན་གྱི་དེ་ལས་སྐྱེ་བ་ནི་མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡུལ་དབང་དུས་མེད་པས། །ཞེས་བྱ་བ་སྟེ། གསུམ་འདུས་པ་ནི་ རིག་པ་ཡིན་ལ་གཞན་གྱི་རྒྱུ་ཡིན་གྱི་རྣལ་འབྱོར་པའི་ནི་མ་ཡིན་ནོ། །སྐྱེ་བ་ཙམ་ནི་ལོངས་སྤྱོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། མྱོང་བ་ནི་རྣལ་འབྱོར་པའི་ཡང་ཡིན་པར་བསྟན་པ་ནི་སྡུག་བསྔལ་སྐྱེས་པར་ཞེས་བྱ་བའོ། །སྐྱེ་བ་ཉིད་ལོངས་སྤྱོད་པ་ཅིས་མ་ཡིན་ཞེས་ཟེར་བ་ལ། སྡུག་བསྔལ་ལ་སོགས་ཞེས་བྱ་བའོ། །མ་ རྟོགས་ན་རྗེས་སུ་འཛིན་པ་ལ་སོགས་པར་མི་བྱེད་པར་བསྟན་པ་ནི་འདི་ལྟར་ཕན་ཚུན་ཞེས་བྱ་བ་སྟེ་གཉི་གའི་བསྐྱེད་བྱའི་དེ་ཉིད་ནི་བྱེད་པ་པོ་གཉི་ག་ཉིད་གཞི་ཉིད་ཡིན་པས་སྒྲུབ་པར་བྱེད་པ་ལས་མཚུངས་པར་རྗེས་སུ་འཛིན་པ་སྐྱེད་པར་མི་བྱེད་དེ། དེ་རིག་པ་པོའི་རྗེས་སུ་འཛིན་པ་ཡིན་གྱི་དེ་མི་རིག་པའི་ནི་མ་ཡིན་ཏེ། དེའི་འབྲས་ བུ་སྤུ་ལྡང་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཅི་ཞེས་བྱ་བ་ནི་དྲི་བ་ལ་ཡིན་གྱི་ཐལ་འགྱུར་ལ་ནི་མ་ཡིན་ནོ། །ཐུན་མོང་བའི་འབྲས་བུ་བསྐྱེད་པ་ན་གཉི་གའི་ཐུན་མོང་བའི་བདེ་བ་ཡང་ཡིན་པའི་ཕྱིར་དགའ་བ་མི་མཉམ་པ་དང་། དགའ་བ་ཆེ་བ་དང་། དགའ་བ་ཆུང་བར་མི་འགྱུར་བར་བསྟན་པ་ནི་དེ་ལྟ་བུའོ་ཞེ་ན་ ཞེས་བྱ་བ་སྟེ། བ་སྤུ་ལྡང་བ་ལ་སོགས་པ་ཐུན་མོང་བ་བསྐྱེད་པ་ནའོ། །དེའི་ཕྱིར་ནི་རྣམ་པར་དབྱེ་བ་མཐོང་བའི་ཕྱིར་རོ། །མྱོང་བ་ཡོད་པ་དང་མེད་པ་དག་དེའི་རྒྱུ་ཡིན་པར་བསྟན་པ་ནི་རང་རིག་པ་ཡིན་ན་ཞེས་བྱ་བའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་མྱོང་ནའོ། །སྐྱེས་པ་ཙམ་ནི་བདེ་བ་ཅན་ཉིད་མ་ཡིན་ པའོ། །མིག་ལ་སོགས་པའི་ཕྲད་པ་ཡོད། །ཞེས་བྱ་བ་ནི་བདེ་བ་ཅན་ཉིད་མ་ཡིན་ནོ། །མེད་པ་ཞེས་བྱ་བ་ནི་རང་རིག་པ་ཙམ་མ་ཡིན་པ་ལའོ། །བདེ་བ་མཚུངས་པ་ཉིད་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་གཉི་གའོ། །དེ་ལ་ཞེས་བྱ་བ་ནི་དེ་དག་ལས་གང་ཡང་རུང་བའོ། །དེར་ནི་བདེ་བ་ལའོ། །ཁྱེད་ལ་ ཡང་རྣལ་འབྱོར་པ་ཡོད་པའི་ཕྱིར་གཞན་གྱི་བདེ་བ་རིག་པ་ན་དེ་ཁོ་ན་བཞིན་དུ་གདུང་བ་ཅིའི་ཕྱིར་མ་ཡིན་ཞེས་ཟེར་བ་ལ་གང་ཚེ་རང་ཉིད་ཅེས་བྱ་བ་སྟེ། སྣང་བ་ནི་མ་མྱོང་བ་དགག་པ་ལས་དང་རང་གི་ངོ་བོས་ནི་རྗེས་སུ་དཔག་པ་ལས་གཞན་གྱི་ངོ་བོ་དགག་པ་དང་། རང་ཉིད་ཅེས་བྱ་བ་ནི་འཛིན་པར་བྱེད་པ་གཞན་ གྱིས་གཟུང་བ་ཉིད་དགག་པའི་སྒོ་ནས་གཞན་གྱིས་གསལ་བར་བྱས་པ་མ་ཡིན་པའི་སྡུག་བསྔལ་ནི་གདུང་བ་ཡིན་ཞེས་བསྟན་པ་ཡིན་ནའོ། །གཞན་གྱི་གདུང་བའི་འབྲས་བུ་དང་ལྡན་པ་མ་ཡིན་ནོ་ཞེས་དགག་པ་ཉིད་བསྟན་པ་ནི། དེ་ཞེས་བྱ་བ་ནི་སྡུག་བསྔལ་ཏེ་དམིགས་པ་ཤེས་པ་གང་གི་ཡིན་པ་དེ་གདུང་བ་མ་ཞེས་བྱ་བའི་ དོན་ཏོ། །རྣལ་འབྱོར་པ་ནི་གཞན་གྱི་སྡུག་བསྔལ་རིག་པ་མ་ཡིན་གྱི། འོན་ཀྱང་ཤེས་པ་གཞན་གྱིས་སྔོན་པོ་ལ་སོགས་པ་བཞིན་དུ། དེ་དེའི་རྣམ་པ་ཅན་དེ་ནི་དེ་ལ་དམིགས་པ་ཅན་ཡིན་ཏེ། རང་ལ་ཡོད་པའི་བདེ་བ་ཁྱད་པར་ཅན་གྱི་རང་གི་རིག་པ་དང་ལྡན་པའོ། །རྣལ་འབྱོར་སྤྱོད་པ་པ་ནི་དེ་གཉིས་སུ་མེད་ པའི་རིག་པར་རོ་གཅིག་པ་རྟོག་པ་སྤངས་པ་རང་རིག་པའི་མཐར་ཐུག་པ་ནི་དགའ་བ་སྐྱེད་པར་བྱེད་པ་ཡིན་གྱི། འདི་གཞན་ལ་གནས་པ་ཉིད་ན་ཁོ་བོ་ཅག་ལ་བརྟེན་ནས་དེ་ལྟ་དེ་ལྟར་ཐ་སྙད་འདོགས་པར་བྱེད་པ་ཡིན་ནོ། །རྣལ་འབྱོར་པ་གཞན་གྱི་སྡུག་བསྔལ་རང་ཡང་དག་པར་རིག་པ་མ་ཡིན་ཏེ། དེ་ལྟ་བུའི་རྣམ་པ་ འདིའི་འཛིན་བྱེད་མ་ཡིན་ཏེ་དེ་མེད་ན་དེ་ལྟ་བུ་ཇི་ལྟར་ཡིན་ཞེས་ཟེར་བའི་ཐ་ཚིག་གོ། །རང་རིག་པ་མ་ཡིན་པ་ཡང་མེ་ལ་སོགས་པ་བཞིན་དུ་གཏོགས་པ་གདུང་བར་བྱེད་པ་ཅིས་མ་ཡིན་ཞེས་ཟེར་བ་ནི་མེ་ལ་སོགས་པ་ཞེས་བྱ་བའོ། །དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྒོམ་པ་སྟེའུ་དང་ཙན་དན་འདྲ་བ་ཉིད་དུ་ཡོད་པའི་ཕྱིར་ རོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་ཐ་དད་པ་གདུང་བར་བྱེད་པ་ཉིད་ཀྱིས་སོ། །ཐ་དད་པའི་སྡུག་བསྔལ་ནི་དེ་ལྟར་གདུང་བར་བྱེད་པ་མ་ཡིན་ཏེ། རང་ཉིད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་རང་རིག་པས་བྱེད་པའི་ཞེས་བྱ་བའོ། །ཐམས་ཅད་ནི་དེ་ལྡན་པ་དང་དེ་ལས་གཞན་པ་ཡང་ངོ་། ། གཞན་གྱི་བདེ་བས་སྒྲོ་བཏགས་པ་རྩིག་པས་བཞིན་དུ་རིག་པ་ཉིད་ཀྱི་ངོ་བོ་མ་ཡིན་ནོ། །དེའི་དངོས་མིན་རིག་མིན་ཕྱིར། ཞེས་ཟེར་བ་ལ། དེས་ན་ཤེས་པ་ཞེས་བྱ་བ། །ཞེས་བྱ་བའོ། །དེས་བྱས་པ་ཡང་དེས་ཕྱོགས་སུ་ལྷུང་བ་ཡིན་ཏེ་གཞན་དུ་ན་དེ་ལས་དེའི་རིག་པ་མ་ཡིན་ཏེ། རང་ཉིད་རིག་པ་ཙམ་ལས་ལྟ་བུ་སྟེ་བདག་ཏུ་ བྱེད་པའི་ཡུལ་དང་ཅིག་ཤོས་ཀྱི་རྒྱུ་མཚན་ཡང་འདི་དག་ལ་ཐ་དད་པ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཀྱི་རྣལ་འབྱོར་པ་དང་གཞན་གྱིས་ཡང་ངོ་། །དེས་ན་ཞེས་བྱ་བ་ནི་རང་རིག་པ་དང་ཅིག་ཤོས་ཉིད་ཀྱིས་སོ། །དམིགས་པ་ནི་རང་ཉིད་ཀྱི་མྱོང་བ་མ་ཡིན་པ་དང་། མྱོང་བ་ཡང་ཅིག་ཤོས་ཀྱིས་སྟེ་ དེ་དག་ནི་དོན་འདྲ་བ་ཉིད་ཡིན་ཏེ་དམིགས་པའི་ཆོས་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །མྱོང་བ་ནི་རིག་པ་སྟེ་བདག་ཅེས་བྱ་བ་ནི་ང་རྒྱལ་གྱི་ཡུལ་ལོ། །རང་ཉིད་གསལ་བ་རྟག་ཏུ་རྗེས་སུ་འགྲོ་བ་ཡིན་པ་དེས་ན་དེ་ལྟར་ཐལ་མི་འགྱུར་ཞེས་བྱ་བར་སྦྱར་ཏེ་གཟུང་བ་དང་ཅིག་ཤོས་བསྙེན་པའི་རང་བཞིན་དང་རང་བཞིན་ མ་ཡིན་པ་དག་གི་རིག་པའི་ཆ་དག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པའི་ཆོས་ཀྱི་རྗེས་སུ་བྱེད་པ་ནི་རེས་འགའ་བ་ཉིད་དུ་བསྟན་པ་ནི་དེའི་རྣམ་པ་ཞེས་བྱ་བའོ། །མྱོང་བའི་ནི་རང་རིག་པ་ཉིད་ཀྱིས་ཕྱི་རོལ་གྱི་ཆོས་ཀྱི་རྗེས་སུ་བྱེད་པ་བསྟན་པ་ནི་བདག་གི་ངོ་བོ་ཞེས་བྱ་བའོ། །རྣམ་པ་མེད་པ་ལ་ ཡང་ཡུལ་དུ་བྱེད་པ་ནི་རང་རིག་པ་ཉིད་ཡིན་པས་ཅིའི་ཕྱིར་གདུང་བར་མ་བྱེད་ཅེས་ཟེར་བ་ལ་དེའི་རྣམ་པ་ཞེས་བྱ་བ་སྟེ་ལོགས་ན་གནས་པ་ཉིད་ནི་རྣམ་པ་དང་བཅས་པ་ལ་མི་མཐུན་པ་མ་ཡིན་ཞིང་ཅིག་ཤོས་རྣམ་པ་མེད་པ་ལ་ཡང་མ་ཡིན་ཏེ་རིག་པ་ལ་བདག་ཉིད་རིག་པར་ཁྱད་པར་མེད་པའི་ཕྱིར། གཟུང་ བ་ཉིད་ཀྱིས་ཀྱང་དེ་ལ་ཀུན་དུ་རེག་པའི་ཕྱིར་ལ། མ་རེག་ན་ཡང་མི་རིག་པའི་རྣམ་པ་ལ་མངོན་དུ་བྱེད་པ་ཡིན་ལ། གཞན་ལ་ནི་དངོས་དེ་ཁོ་ནར་དེ་རེག་པར་བྱེད་པའི་ཕྱིར་ཆེས་ཤིན་ཏུ་གདུང་བ་ཉིད་ཡིན་ནོ། །རང་རིག་པ་ལ་རྗེས་སུ་ཞུགས་པ་ནི་གཞན་གྱི་རྣམ་པ་དང་དེའི་བདེ་བ་དག་ལ་ཁྱད་པར་ཅན་མ་ ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ནི། དེ་གཉིས་ལ་ཞེས་བྱ་བའོ། །དོན་དམ་པར་ནི་ཞེན་པ་མ་གཏོགས་པར་རོ། །ཇི་ལྟར་མ་གདུང་བ་དང་ཅིག་ཤོས་ཉིད་ཡིན་ཞེ་ན་འོན་ཀྱང་ཞེས་བྱ་བའོ། །དེ་ལྟ་མ་ཡིན་པས་ཞེས་བྱ་བ་གཉིས་སུ་མེད་པའི་དེ་བཞིན་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །བདེ་བ་ལ་སོགས་ པའི་རྣམ་པར་བདེ་བ་ཞེས་བྱ་བ་ནི་བདེ་བ་དང་ཅིག་ཤོས་ཉིད་ཀྱིས་སོ། །རྣམ་པ་མེད་པ་དག་ཅིག་ཤོས་ཀྱི་ཕྱོགས་དག་ལ་སྐྱོན་དང་ཅིག་ཤོས་མཚུངས་པ་ཡིན་ཡང་ཇི་ལྟར་རྣམ་པ་དང་བཅས་པ་ལ་རྗེས་སུ་ཆགས་པ་ཡིན་ཞེས་ཟེར་བ་ནི་ཤེས་རབ་ལ་སོགས་པ་ཡང་ཞེས་བྱ་བ་སྟེ་འདོད་ཆགས་ལ་སོགས་པ་ ཡང་ངོ་། །མཚན་ཉིད་མི་མཐུན་པ་ཉིད་ནི་རྣམ་པའི་དབྱེ་བ་ལས་རང་གི་རིག་པའི་དབྱེ་བ་ཡོད་པ་ཡིན་གྱི་དེ་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་གཟེགས་ཟན་ནོ། །རེ་ཞིག་རྣམ་པ་དང་བཅས་པ་ཉིད་དུ་བསྒྲུབ་པར་བསྟན་པ་ནི་ཤེས་རབ་དེ་ཉིད་ཅེས་བྱ་བ་སྟེ་གཟུང་བར་སྣང་བ་ཉིད་ དེའི་རྣམ་པ་ཉིད་དུ་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཞེས་བྱ་བ་མངོན་སུམ་མོ། །བསྟན་ཅིང་ཞེས་བྱ་བ་ནི། །རྣམ་པར་ཤེས་པ་ཐམས་ཅད་ཉིད། །ཡུལ་རྣམས་ལས་ནི་འབྱུང་བའི་ཕྱིར། །དེ་ལས་གཞན་རྒྱུ་ཡོད་ན་ཡང་། །རྣམ་འགས་ཡུལ་དུ་བྱས་པ་ཡིན། །ཞེས་བྱ་བ་ལ་སོགས་ པས་སོ། །རང་གི་རིག་པ་ཞེས་བྱ་བ་ནི་རྣམ་པ་དང་བཅས་པ་ཡང་ངོ་ཞེས་བྱ་བར་གནས་སྐབས་ལས་ཡིན་ནོ། །གཉིས་ཀ་མེད་ན་འགའ་ཡང་རྟོགས་པ་མེད་པ་ནི་དོན་གྱི་འབྲེལ་པ་མེད་པ་ཅན་ནོ། །དེས་ན་ཐ་སྙད་ནི་དོན་དང་ཤེས་པ་དང་རྟོགས་སོ་ཞེས་བྱ་བར་མི་འགྱུར་བའོ། །རྟགས་མེད་པའི་ཕྱིར་བློ་རྟག་ ཏུ་རྗེས་སུ་དཔག་པར་བྱ་བ་མ་ཡིན་པར་བསྟན་པ་ནི་གཞན་ཡང་ཞེས་བྱ་བའོ། །མངོན་སུམ་ཉིད་ནི་བདག་ཉིད་རིག་པའོ། །བློ་དང་དོན་དང་དེ་ལས་སྔ་མའི་སྟེ་འབྲས་བུ་ལས་རྟོགས་པར་བྱ་བ་འདས་པའི་དོན་ཅན་གྱི་བློའམ། རྒྱུ་འབྲས་ཚོགས་པ་ནི་འདུས་པ་ལ་འབྲེལ་པ་ཅན་ནོ། །གནས་སྐབས་པ་སྟེ་གཞན་འབྲེལ་པ་ མེད་པའི་ཕྱིར་རོ། །གང་གི་ཕྱིར་རྒྱུ་ཡང་མ་ཡིན་ལ་འབྲས་བུ་ཡང་མ་ཡིན་པ་ནི་རྟོགས་པར་བྱེད་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དབང་པོ་ཡོད་པ་ཞེས་བྱ་བ་དེ་དག་ཙམ་གྱིས་ནི་ཤེས་པ་མ་ཡིན་ཏེ་གཞན་དུ་ན་བློ་མེད་ཀྱང་འཐད་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་རྒྱུ་ཉིད་དུ་ཞེས་བྱ་བའོ། །ནུས་དང་ལྡན་པ་མེད་ ན་འཐད་པ་ཉིད་མ་ཡིན་པར་བསྟན་པ་ནི་ནུས་པ་ཡང་ཞེས་བྱ་བའོ། །རྒྱུ་དབང་པོ་ལ་སོགས་པ་ནི་རྟགས་མ་ཡིན་ཏེ་འབྲས་བུ་ལ་མ་ངེས་པའི་ཕྱིར་རོ། །ལྷན་ཅིག་ཏུ་ཁས་བླངས་ནས་མཐོང་བར་བརྗོད་པ་ཡིན་ཏེ། འབྲས་བུ་ནི་དེའི་ཡུལ་ཅན་ཉིད་ཀྱིས་དེ་མ་འཛིན་ན་དེ་དང་འབྲེལ་ པ་འཛིན་པ་མ་ཡིན་པས་ལྐོག་ཏུ་གྱུར་པ་ཉམས་སུ་མྱོང་བའི་ཤེས་བྱ་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་རྟགས་མ་ཡིན་ཏེ་མ་གྲུབ་པའི་ཕྱིར་རོ་ཞེས་བཤད་པ་ནི་མ་གྲུབ་པ་ནི་ཞེས་བྱ་བའོ། །མངོན་སུམ་དུ་གྲུབ་པ་ཉིད་ནི་རང་རིག་པས་རྟོགས་པའོ། །དོན་ནི་དེ་ལྟ་བུའི་གསལ་བའི་ངོ་བོ་མ་ཡིན་པར་བསྟན་པ་ནི་དོན་ཡོད་པ་ ཙམ་ལས་ཀྱང་ཞེས་བྱ་བའོ། །གང་ཁོ་ན་དོན་གསལ་བ་ཉིད་ཀྱི་རྟགས་ལྐོག་ཏུ་གྱུར་པ་དེ་ཁོ་ན་ཡིན་པའི་ཕྱིར་དེ་ཁོ་ན་འགྲེལ་པར་བསྟན་པ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་གསལ་བ་ཡིན་ནོ་ཞེས་བྱ་བ་ནི་ལེན་ནོ། །ལྐོག་ཏུ་མ་གྱུར་པའི་གསལ་བ་ནི་དབང་པོ་ལ་སོགས་པ་ཙམ་ལས་བྱུང་བའི་ བློ་ཡིན་ལ་བློ་གཞན་ཤུགས་ཀྱིས་ཐོབ་པར་འགྱུར་བ་ནི་མ་ཡིན་ནོ། །འདིས་ནི་ཞེས་བྱ་བ་ནི་གསལ་བ་ཤེས་པ་ཉིད་ཡིན་པས་སོ། །གསལ་བ་ཉིད་ཀྱི་དོན་ནི་ལྐོག་ཏུ་མ་གྱུར་པའི་ཤེས་པ་ཡིན་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་ཉིད་རྟོགས་པ་ནི་མ་ཡིན་ཏེ། དེའི་དབང་པོ་ལ་སོགས་པ་ལ་ལྟོས་པ་མེད་ པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་ལས་གསལ་བ་གཞན་ཡིན་ནོ། །གསལ་བ་ཉམས་སུ་མྱོང་བ་ཡིན་པ་དེ་ལྟ་ན་དེས་ནོན་པའི་དོན་གསལ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཟེར་བ་ལ། གསལ་བ་ཉམས་སུ་མྱོང་ཞེས་བྱ་བའོ། །དུས་གཅིག་གི་ཚེ་ནི་དེ་ཉིད་གང་གི་ཚེ་རྟགས་ཡིན་པའི་དུས་ནའོ། ། གཞན་གྱི་ཚེ་ཞེས་བྱ་བ་ནི་དོན་ལས་ཐ་མི་དད་པ་འགེགས་པར་བྱེད་པ་ཉིད་ཀྱིས་དབྱུག་པ་ཅན་བཞིན་དུ་ཁྱད་པར་བརྗོད་པ་ཡིན་ནོ། །མངོན་སུམ་གྱིས་ནི་རང་གིས་སོ། །ཐུག་པ་མེད་པ་ནི་རྟགས་དེ་ཡང་གཞན་ལས་ཡིན་ལ། དེ་ཡང་གཞན་རྗེས་སུ་དཔག་པ་ལས་ཡིན་གྱི་མི་ཤེས་པ་ནི་རྟགས་སུ་མི་འགྱུར་ རོ། །སྣང་བ་ནི་སྔོན་པོ་རིག་གོ་ཞེས་བྱ་བའི་ངེས་པས་སོ། །བྱ་བ་ནི་བྱེད་པ་པོའི་བདག་ཉིད་ཀྱི་བྱ་བ་ཤེས་པ་པོ་ཉིད་ཀྱི་ངོ་བོ་རྣམ་པར་འགྱུར་བའི་ལས་ཉིད་དུ་ཤེས་པར་བྱེད་པའོ། །ཉེ་བར་དམིགས་པའི་ལས་ཉིད་དུ་ཉེ་བར་དམིགས་པའི་བློ་ཉིད་ཀྱིས་བློ་གཞན་ཐོབ་པ་མ་ཡིན་ནོ། །ལས་ཙམ་ལ་བྱ་བ་ཙམ་ནི་དབང་པོ་ ལ་སོགས་པའི་བྱ་བ་ཡིན་གྱི་བློ་ནི་མ་ཡིན་ནོ། །དེའི་བློ་ཉིད་དུ་ཡང་རང་རིག་པ་ལ་རྩོད་པའི་མ་ཡིན་པར་བསྟན་པ་ནི་བྱ་བས་བྱས་པ་སྟེ་ཡིན་ན་ཞེས་བྱ་བའི་དོན་ཏོ། །ལ་ལས་མེད་ཅེས་བྱ་བ་ནི་གཞན་མིན་ཞེས་བྱ་བ་དང་སྦྱར་ཏེ་རྗེས་སུ་འགྲོ་བ་ལ་སོགས་པའི་རྟོག་པས་དམིགས་ཀྱིས་བསལ་བའི་བྱ་བ་ཡིན་གྱི། དོན་ དམ་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ལས་ཀྱང་སྟེ་མཐོང་བ་པོ་ལས་འཛིན་པའི་ལས་ཉིད་ནི་དེ་ཙམ་མ་ཡིན་ནོ། །དེས་ནི་འབྲས་བུ་ཁྱད་པར་ལས་བྱ་བའི་ཁྱད་པར་ནི་བློ་ཉིད་ཡིན་པར་ཟེར་བ་ནི། འོན་ཏེ་དོན་ནི་ཞེས་བྱ་བའོ། །དེ་ཉིད་ནི་འཛིན་པ་ཉིད་ཡིན་དུ་ཟིན་ཀྱང་ངོ་། །བློ་སྟེ་གཉི་གའི་ངོ་བོ་ཉིད་ནི་བློ་ དང་འཛིན་པ་ཡིན་གྱི་ཐ་དད་པའི་གསལ་བས་བསྒྲིབས་པ་ནི་མ་ཡིན་ནོ། །འདི་ནི་དོན་གྱི་བདག་ཉིད་ཀྱི་ཁྱད་པར་དབང་པོ་ལ་སོགས་པའི་བསྐྱེད་བྱ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་གསལ་དེ་དོན་ཉིད་ཀྱི། །ཞེས་བྱ་བ་སྟེ། དེའི་ཕྱིར་བདག་གི་རྣམ་པ་འགྱུར་བའི་ངོ་བོའི་བློ་གཞན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་ རེ་རེ་ཞིང་ཁྱད་པར་དོན་གྱི་དབྱེ་བས་མ་ཡིན་པར་བསྟན་པ་ནི་སྐྱེ་བ་དང་ནི་ཞེས་བྱ་བའོ། །ཇི་ལྟར་ཐ་དད་པ་མེད་ཅེ་ན་བློས་འཛིན་པ་ནི་ཞེས་བྱ་བའོ། །ཐ་དད་པ་ཡིན་ན་དོན་ཉིད་དེ་ལྟར་སྐྱེ་བ་ནི་མངོན་སུམ་མོ། །གང་གི་ཕྱིར་གྲུབ་པ་ལ་བློས་འཛིན་པའོ། །ཐ་དད་པའི་ཁྱད་པར་འཛིན་པ་ཇི་ལྟར་གནས་པའི་བློའི་བདག་ཉིད་ ཡིན་པར་བསྟན་པ་ནི་ཇི་ལྟར་གནས་པ་ཞེས་བྱ་བའོ། །ཇི་ལྟར་གནས་པ་བཞིན་དུ་མ་ཡིན་པ་ནི་ཉ་ཕྱིས་ལ་དངུལ་ལྟ་བུ་མ་ཡིན་པར་བསྟན་པ་ནི་རང་བཞིན་གཞན་དུ་ཞེས་བྱ་བའོ། །རང་དུས་དང་འབྲེལ་པ་ཞེས་བྱ་བ་ནི་དོན་ནོ། །དེ་ལའང་ཞེས་བྱ་བ་ནི་ལེན་ནོ། །ཐ་མི་དད་པའི་ཁྱད་པར་ཁས་ལེན་ན་དོན་ཉིད་ སྐད་ཅིག་རེ་རེ་ཞིང་སྐྱེ་བར་བསྟན་པ་ནི་དེ་འདོད་ན་ཡང་ཞེས་བྱ་བའོ། །ཐ་མི་དད་པའི་ཁྱད་པར་ཁས་ལེན་ན་ཡང་ཤེས་པ་རེ་རེ་ཞིང་ཁྱད་པར་རེ་རེ་ལ་སྟེ་ཤེས་པའི་ཁྱད་པར་དོན་ལས་ཐ་མི་དད་པ་ཡིན་ན། དོན་དང་ལྡན་པའི་བློ་གཞན་མེད་པར་བསྟན་པ་ནི་གལ་ཏེ་འདི་ཞེས་བྱ་བའོ། །དོན་བརྟགས་པས་ཅི་ཞིག་བྱ་ཞེས་ བྱ་བ་ནི་ཕྱི་རོལ་དང་བེམས་པོ་དང་སྐད་ཅིག་མ་དང་རང་རིག་པ་མ་ཡིན་པས་སོ། །རང་རིག་པ་ཉིད་ཀྱི་སྔོན་པོ་དེ་མ་ཡིན་པ་ལས་ལོག་པས་སྔོན་པོ་རིག་གོ་ཞེས་བྱ་བ་ལས་ཡིན་པར་བསྟན་པ་ནི་གང་གི་ཚེ་ཞེས་བྱ་བ་སྟེ་རྟོག་པ་ནི་ཐ་མི་དད་པ་དང་འགལ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ནི་ཕྱི་རོལ་ལོ། །རྟོགས་པ་ནི་ གཞན་ལས་ལོག་པའོ། །འབྱུང་བ་ནི་སྐྱེ་བའོ། །འདིའི་ཞེས་བྱ་བ་ནི་སྔ་མ་ཉིད་ལས་ད་ལྟར་བའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ལོང་བ་ཞེས་བྱ་བ་ནི་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །ཐ་མི་དད་པ་ལ་ཡང་ཤེས་པའི་ངོ་བོ་ཁྱད་པར་མེད་དོ་ཞེ་ན་དེ་ཡང་ཞེས་བྱ་བ་སྨོས་སོ། ། ཤེས་པའི་ཤེས་པ་ཉིད་ཁྱད་པར་གྱི་ཤེས་པ་ཡིན་པའི་ཕྱིར་དེ་ཉིད་ཐལ་འགྱུར་ཡིན་པར་བསྟན་པ་ནི་གལ་ཏེ་ཤེས་པ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་རྟོགས་པ་ཉིད་དོ། །དེའི་རང་བཞིན་ནི་ལྐོག་ཏུ་མ་གྱུར་པའི་རང་བཞིན་ནོ། །དོན་མེད་ནི་དེ་ལྟར་རབ་ཏུ་བརྗོད་ཅེས་བྱ་བར་སྦྱར་རོ། །དེ་མི་ཤེས་ན་ཤེས་པ་མི་ཤེས་ པའི་ཕྱིར་ཤེས་བྱ་ཡང་དེ་ལྟར་འགྱུར་བར་བསྟན་པ་ནི་ཤེས་གྱུར་ཉིད་དུ་ཞེས་བྱ་བའོ། །དོན་རྟོགས་སོ་ཞེས་བྱ་བས་དོན་ཤེས་ན་དེ་ཉིད་ཀྱི་ཚེ་དོན་གྱི་གོ་བ་ལས་བློ་ཤེས་པ་མ་ཡིན་ནམ། དྲན་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་དོན་ཞེས་བྱ་བའོ། །སྔོན་པོ་དང་སེར་པོའི་ཞེས་བྱ་བ་ཤེས་པས་ཤེས་པའི་ཤེས་པ་ ཡིན་ནོ་ཞེས་ཟེར་བ་ནི། དོན་ཤེས་ཙམ་དུ་ཞེས་བྱ་བའོ། །གང་གི་ཚེ་ཡང་མ་ཤེས་ན་དེའི་ཚེ་ཡང་དོན་རིག་པ་ཡིན་པའི་ཕྱིར། རིག་པའི་བདག་ཉིད་ཅན་གྱི་དོན་ཡིན་ནོ་ཞེས་བྱ་བར་ལན་འདེབས་པ་ནི་དེའི་ངོ་བོར་ཞེས་བྱ་བ་སྟེ། དེ་ལྟ་བུའི་ངོ་བོ་ནི་རིག་པའི་ངོ་བོ་ཉིད་དོ། །བློ་དང་དེས་བྱས་པའི་ཁྱད་པར་ཡང་མི་ཤེས་པ་ ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ། མཐོང་བ་མཐོང་གྱུར་མིན་གཞན་གྱི། །མཐོང་གྱུར་ཏེ་རང་ཉིད་ཀྱིས་མ་མཐོང་བའོ། །དེ་བཞིན་དུ་རང་གིས་མཐོང་བ་ཡང་སྟེ། ཤེས་པ་མི་ཤེས་ན་དོན་ཡང་བེམས་པོ་ཉིད་ཡིན་པའི་ཕྱིར་ཤེས་པར་མི་འགྱུར་ལ། མཐོང་བ་མངོན་སུམ་ཉིད་ཁོ་ན་སྣང་དུ་རུང་བ་ཉིད་ཡིན་ཞེས་བྱ་བའི་དོན་ ཏོ། །དེ་བསྟན་པ་ནི་གལ་ཏེ་མཐོང་བ་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་གཞན་པའམ་གཞན་མ་ཡིན་པ་ཡང་ངོ་། །མཐོང་བ་ཙམ་ལས་ཞེས་བྱ་བ་ནི་མཐོང་བ་ལས་སོ། །དོན་གྱི་ཁྱད་པར་ན་མཐོང་བ་ཉིད་དོ། །མཐོང་བ་ལས་ནི་རྟོགས་པའོ། །དེ་ཅི་ལས་ཤེ་ན་དེའི་ཞེས་བྱ་བ་སྟེ་ཁྱད་པར་གྱིའོ། །མཐོང་བས་ ཞེས་བྱ་བ་ནི་རྟོག་པ་མེད་པས་སོ། །གཞན་གྱིས་མཐོང་བ་ལ་ཞེས་བྱ་བ་ནི་གཞན་གྱི་བླ་ལའོ། །གཅིག་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་སྐྱེས་བུ་རེ་རེ་ཞིང་ཐ་དད་པ་ཡིན་པའི་ཕྱིར་རོ། །དོན་ལ་གནས་པའི་ཁྱད་པར་ལ་དོན་བཞིན་དུ་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་གཞན་གྱི་བློ་ལ་ཡང་རང་གི་ངོ་བོ་ཡིན་པར་གོ་བར་འགྱུར་ བ་བསྟན་པ་ནི་ཁྱད་པར་དེ་ཞེས་བྱ་བ་སྟེ། རང་གིས་མཐོང་བ་ལ་ཡང་གཞན་གྱི་ངོ་བོ་ཡིན་པར་གོ་བར་འགྱུར་ཞེས་བྱ་བར་ཡང་རྟོགས་པར་བྱའོ། །འགྲེལ་པའི་རིམ་པ་ནི་ཐམས་ཅད་དུ་ཐ་དད་པས་རྗེས་སུ་བསྒྲུབ་པར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་རང་གི་མཐོང་བ་ལ་དཔྱོད་པས་རྟོགས་པ་གང་ཡིན་པའོ། །རང་ཉིད་ཀྱང་ ནི་བདག་ཉིད་བྱེད་པ་པོ་ཅན་ནོ། །བདག་མ་རྟོགས་ན་དེ་ཡོད་པ་མ་ཡིན་པར་བསྟན་པ་ནི་རང་གིས་མཐོང་བ་དང་ཞེས་བྱ་བའོ། །གཞན་ལྟོས་ན་གཞན་གྱིས་མཐོང་བའོ། །གང་གི་ཕྱིར་མཐོང་བ་མཐོང་གྱུར་མིན། །ཞེས་བྱ་བ་མ་གྲུབ་པ་ཉིད་དང་། ཁྱད་པར་དེ་ཞེས་བྱ་བ་འདི་འགལ་བ་ཉིད་ཡིན་པ་དེའི་ཕྱིར་ཞེས་བྱ་བའོ། ། དོན་ཆོས་ཞེས་བྱ་བ་ནི་བློས་བྱས་པ་ལས་ཀྱང་ངོ་། །དུ་བ་ཡང་བློའི་ཆོས་ཅན་ལ་ཁྱད་པར་མེད་པ་ནི་རྟགས་མ་ཡིན་ནོ། །ཐུན་མོང་མ་ཡིན་པ་དེའི་ཆོས་རང་གི་རིག་པ་ཉིད་ཡིན་གྱི། དངོས་པོ་ཉིད་ལ་སོགས་པ་མ་ཡིན་པར་བསྟན་པ་ནི་རང་བློ་ཞེས་བྱ་བ་རང་གི་རིག་པ་ལས་ཏེ། དུ་བ་ཡང་རྟོགས་པ་ན་རྟགས་ཡིན་པའི་ རིག་པ་ནི་རང་རིག་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞེས་བྱ་བ་ནི་གང་ཡང་རུང་བ་སྟེ། གཏན་ཚིགས་ཀྱི་ཆོས་ལྐོག་ཏུ་མ་གྱུར་པ་ཁོ་ན་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་རང་རིག་པ་ཁོ་ནའོ། །བློ་ཉིད་ཅེས་བྱ་བ་ནི་རྟོགས་པའི་ངོ་བོ་སྟེ་རང་གི་རིག་པ་ཉིད་དོ། །དེ་ཡང་ཞེས་བྱ་བ་ནི་ཆོས་ཅན་གྱི་བློའོ། ། ཇི་ལྟར་ཞེས་བྱ་བ་ནི་ཆོས་ཀྱི་ངོ་བོ་བློའི་ཚོགས་པ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་ཡང་བློ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ཁོ་ན་བཞིན་དུ་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི་རྒྱུ་མཚུངས་པ་ལས་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །གཞན་སྐྱེས་ཞེས་བྱ་བ་ནི་བློའི་བསྐྱེད་བྱ་མ་ཡིན་ ཞེས་དེའི་ཚོགས་པ་ལས་བྱུང་བ་ཡང་མ་ཡིན་པའོ། །མཐོང་བར་གྱུར་པ་ནི་ཉེ་བར་དམིགས་པའི་ཡུལ་གཟུགས་ལ་སོགས་པའོ། །གང་ལས་ཞེས་བྱ་བ་ནི་རང་གི་རིག་པ་མེད་ན་རང་གཞན་དུ་རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་རང་ངམ་གཞན་གྱིའོ། །བདག་འབྲེལ་པ་ཅན་རྣམས་ ཡིན་པས་སྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར་འབྲེལ་པ་ཅན་ཡིན་ནོ་ཞེས་ཟེར་བ་ལ། རང་གི་བདེ་བས་ཞེས་བྱ་བ་སྨོས་སོ། །ཚོགས་པ་གཅིག་ལ་རག་ལས་པ་རྣམས་འབྱུང་བ་མཚུངས་པར་བསྟན་ནས། བློའི་འབྲས་བུ་མེད་པར་བསྟན་པ་ནི་གཟུགས་ལ་སོགས་ཞེས་བྱ་བའོ། །གཟུགས་ལ་སོགས་ པ་ནས་དམིགས་པ་དག་ཅེས་བྱ་བའི་བར་མ་གཏོགས་པ་གཞན་མི་དམིགས་ན། །གང་ཞིག་དེའི་འབྲས་བུར་འགྱུར་ཏེ་འདི་རྣམས་ནི་འབྲས་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པར་བློ་དང་ཚོགས་པ་མཚུངས་པར་ཞེས་བྱ་བ་ནི་ཚོགས་པ་སྔ་མ་ལས་ཕྱི་མ་ཡིན་ནོ་ ཞེས་བྱ་བའི་དོན་ཏོ། །དབང་པོའི་བློའི་རྒྱུ་ཡིན་ཞིང་འབྲས་བུ་ཡང་དམིགས་པ་མ་ཡིན་ནམ་ཞེས་ཟེར་བ་ལ་དེ་ལ་གཉིས་ནི་ཞེས་བྱ་བ་སྟེ་དབང་པོ་ལས་འདས་པ་ལ་འབྲས་བུ་ཉིད་ལ་སོགས་པ་མི་རྟོགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཡང་བློའི་རང་གི་ངོ་བོ་མཐོང་བ་ལས་སོ། །གཞན་དུ་ཞེས་བྱ་བ་ནི་བློ་ མེད་པ་ནའོ། །སྲེད་བྲལ་ཞེས་བྱ་བ་ནི་མི་འབྱུང་བས་རྟོགས་པ་མེད་ཅེས་བྱ་བར་སྦྱར་རོ། །དེ་ཉིད་དུ་ཡུལ་ཁོ་ནར་རོ། །བློ་ཉིད་ཡིན་ན་ཡང་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་བར་བསྟན་པ་ནི། གཟུགས་མཐོང་ཞེས་བྱ་བ་སྟེ་རང་གི་ངོ་བོའོ། །ཐམས་ཅད་ཀྱི་ནི་སྲོག་ཆགས་ཀྱིའོ། །དོན་རྣམས་ནི་གཟུགས་ མཐོང་བ་ནི་སྲོག་ཆགས་སོ་སོ་ལ་ཡོད་པའི་ཕྱིར་ཐ་དད་པ་ཡིན་ནོ། །དོན་ཡང་ཞེས་བྱ་བ་ནི་དེ་བཞིན་དུ་སྟེ་དེ་ལས་སྐྱེས་པའི་ཕྱིར་གཟུགས་མཐོང་བ་ལས་སྐྱེས་པའི་ཕྱིར་རོ། །ཤེས་པ་ཉིད་ཡིན་ན་ནི་ཐམས་ཅད་ཀྱིས་ཐམས་ཅད་ཉེ་བར་དམིགས་པར་བསྟན་པ་ནི་ཐམས་ཅད་ཀྱིས་ཞེས་བྱ་བའོ། །ངེས་པ་ དམིགས་པ་ལ་ནི་ཐུན་མོང་མ་ཡིན་པའི་ཕྱིར་རེ་ཞིག་རང་ཉིད་ཀྱི་རིག་པ་ཉམས་པ་མ་ཡིན་པས་བསྟན་པ་ནི་སོ་སོ་རང་ཉིད་ཅེས་བྱ་བའོ། །ཐུག་པ་མེད་པ་ལ་ཁྱད་པར་མཐར་ཐུག་པ་མེད་པས་ཐུན་མོང་བ་ཉིད་དུ་གནས་པར་མི་འགྱུར་རོ་ཞེས་ཟེར་བ་ནི་དེ་སྟེ་གཞན་གྱིས་ཞེས་བྱ་བའོ། །རང་རིག་པ་ཉིད་དུ་ཁས་མི་ལེན་པའི་ ཕྱིར་གཞན་གྱི་རིག་པས་ཐམས་ཅད་མ་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་འཇིག་རྟེན་པ་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པ་སྟེ་མ་གྲུབ་པ་རྟགས་མ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་མི་ཤེས་པ་ཡིན་ན་བློ་མངོན་སུམ་ཉིད་མ་ཡིན་ན། རྟགས་མ་ཡིན་པར་བསྟན་པ་ནི་རྟགས་ཡོད་ན་ཡང་ཞེས་བྱ་བའོ། །འདི་དེ་ མེད་ན་མི་འབྱུང་བའི་འབྲེལ་པ་ཡིན་པར་མི་ཤེས་ན་དེ་ལྟ་ན་དོན་གྱིས་གོ་བའི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟགས་དག་ནི་ཞེས་བྱ་བ་ནི་གཞན་དུ་མཐོང་བའོ། །དབང་པོ་ནི་རང་ཉེ་བ་ལས་འབྲེལ་པའམ། རང་ཉིད་མཐོང་བ་ལས་ལྟོས་པ་མ་ཡིན་ཞིང་དེ་དང་གཞན་བསྒྲུབ་པ་མ་ཡིན་ཏེ་ཐལ་ ཆེས་པའི་ཕྱིར་རོ། །མ་མཐོང་བ་ལ་རྗེས་སུ་དཔོག་པར་བྱེད་པའི་མཐོང་བ་ནི་མ་མཐོང་བ་ཞེས་བྱ་བར་སྦྱར་ཏེ། འབྲེལ་ཙམ་ཚད་མ་ཉིད་གནས་པའམ། །འོན་ཏེ་དབང་ཕྱུག་བཀའ་ཡིན་ན། །འབྲེལ་པ་མེད་བཞིན་མངོན་སུམ་ནི། །ཚད་མ་ཉིད་དུ་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་རང་གི་ངོ་བོ་དང་ཅིག་ཤོས་ཀྱི་ ཤེས་པ་ལ་ལྟོས་པ་དང་། ཅིག་ཤོས་ཀྱི་ངོ་བོར་རིག་པའི་ཕྱིར་མེ་འབྲེལ་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །མ་མཐོང་བའི་དབང་པོ་ལ་སོགས་པ་ནི་མ་མཐོང་བ་འགའ་ཞིག་གི་འབྲེལ་པ་ལས་དབང་པོ་ལས་འདས་པ་ཡིན་ཡང་རྟོགས་པ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ། རྟགས་དེ་ཉིད་ ལས་ཞེས་བྱ་བའོ། །འབྲས་བུ་ནི་རེས་འགའ་བ་ཡིན་པས་འབྲེལ་པ་མཐོང་བ་ནི་དམིགས་པ་ལ་སོགས་པ་ཡང་རྒྱུ་རྣམས་ཀྱི་གོ་བྱེད་ཡིན་ནོ། །ཆོས་ཅན་དེ་ཉིད་དམ་གཞན་ལ་རྗེས་སུ་འགྲོ་བ་མ་ཤེས་པ་ནི་རྟགས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེ་ནི་རྗེས་སུ་འགྲོ་བའི་ཤེས་པའི་ཡུལ་ལོ། །འདི་ལ་ཡང་ ཞེས་བྱ་བ་ནི་རྗེས་སུ་དཔག་པར་མངོན་པར་འདོད་པའི་སྟེ་རྗེས་སུ་དཔག་པ་ཉིད་མ་ཡིན་པར་མཚུངས་པའོ། །མཚན་ཉིད་གཞན་པ་དེ་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་མི་མཐོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དཔེ་ལ་ཁྱབ་པའི་སྒྲུབ་བྱེད་ནི་དེ་མེད་ན་མི་འབྱུང་བར་མ་རྟོགས་པ་ནི་དོན་གྱིས་གོ་བ་མ་ཡིན་ཡང་རྟོགས་ ན་ཡང་རྗེས་སུ་དཔག་པ་ཉིད་ཡིན་ཏེ། སྔར་མཐོང་བའི་རྗེས་སུ་འབྲང་བ་ཡིན་ནོ་ཞེས་ཟེར་བ་ལ་རྟོགས་པ་ཞེས་བྱ་བ་སྟེ་མངོན་སུམ་མ་ཡིན་པའོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་ཤེས་པ་ལས་སམ། ཤེས་པ་མ་ཡིན་པ་ལས་སོ། །དོན་གྲུབ་ཀྱང་བློའི་གྲུབ་པ་རྗེས་སུ་དཔག་པ་མ་ཡིན་པར་བསྟན་པ་ནི་ དེ་མ་གྲུབ་པར་ཞེས་བྱ་བ་སྟེ་བློ་མ་གྲུབ་ནའོ། །སྔར་བཤད་པའི་ཞེས་བྱ་བ་ནི་མ་ངེས་པ་ཉིད་དང་མ་གྲུབ་པ་ཉིད་དང་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའོ། །བློ་མངོན་སུམ་ཉིད་མ་ཡིན་ན་ཕྱི་རོལ་གྱི་དོན་མ་གྲུབ་པ་བཞིན་དུ་གཞན་གྱི་སེམས་མ་གྲུབ་པ་ཉིད་ཀྱི་ཕྱིར་ཐ་སྙད་མ་ལུས་པ་གྲུབ་པར་འགྱུར་བར་ བསྟན་པ་ནི་བརྗོད་དང་གཡོ་འགུལ་ལ་སོགས་མཐོང་ནས། རྗེས་སུ་དཔོག་པ་དེ་ཁྱོད་ལ་མི་འགྱུར་རོ་ཞེས་བྱ་བ་ནི་འབྲེལ་པའོ། །སེམས་དང་འབྲེལ་པ་གཡོ་འགུལ་ལ་སོགས་པའི་འབྲས་བུ་ཉིད་མངོན་སུམ་མ་ཡིན་པ་ལ་མི་འགྲུབ་པའི་ཕྱིར་རང་ལ་མཐོང་བ་ཉིད་ཀྱིས་ཁྱབ་པར་མཐོང་བ་ནི་གཞན་ལ་ ཡང་དེ་གོ་བར་བྱེད་པ་ཡིན་པར་ཟེར་བ་ནི་རང་ཉིད་ཀྱིས་མཐོང་བ་ཅི་ལས་ཞེས་བྱ་བའོ། །དཔེ་དང་བསྒྲུབ་བྱའི་འབྲེལ་པ་འཛིན་པ་ཚད་མ་གཞན་གྱིས་ཡིན་ན་ཐུག་པ་མེད་པ་ཡིན་ཏེ། ཤེས་པ་དེ་ཉིད་གཞལ་བྱའི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་རང་ཉིད་ དང་འབྲེལ་པ་ཡིན་ན་དེ་ལས་དང་པོར་དོན་མཐོང་བ་དང་། དེ་ལས་རྟོགས་པ་དང་མཐོང་བ་ལ་སོགས་པ་ཡིན་པས་ཐུག་པ་མེད་དོ། །དེས་ན་ཞེས་བྱ་བ་ནི་ཐུག་པ་མེད་པའི་ཕྱིར་ཡུལ་རྟོགས་པ་རང་ཉིད་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཡུལ་ཙམ་ཞེས་བྱ་བ་ནི་གཞན་གྱིས་ཁས་བླངས་པའོ། །ཡིད་ཀྱི་བློ་ ལ་རྟགས་ཉིད་ཀྱི་དོན་གྲུབ་པས་རྗེས་སུ་དཔག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གནས་སྐབས་ལས་སོ། །དོན་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་དོ། །རིགས་ལ་སོགས་པ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་ངོ་བོས་སོ། །ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི་གསལ་བའི་ངོ་བོ་རིགས་མ་ཡིན་ཏེ་དེ་འཛིན་པས་ མ་བཟུང་བའི་ཕྱིར་རོ། །ཁྲ་བོ་ལ་སོགས་པ་ནང་གི་ཁྱད་པར་མི་འཛིན་པ་ནི་ཐག་རིང་བ་ལ་སོགས་པ་ཉིད་ཀྱིས་མིག་སེར་ལ་སོགས་པས་དོན་ལ་སེར་པོ་ལ་སོགས་པའི་རྣམ་པ་ནི་དོན་གྱིས་མ་ཡིན་ཏེ། ཤེས་པ་ཡིན་པ་ནི་འདི་མི་གསལ་བ་ཤིང་ལ་སོགས་པར་མྱོས་པར་བྱེད་ལ་རྣམ་པར་རྟོག་པ་ཡང་མཐོང་བའི་ རྗེས་སུ་འབྲངས་ནས་ཡིན་ཏེ། གཞན་དུ་ན་བག་ཆགས་ལས་བྱུང་བ་ཡིན་གྱི་ཕྱི་རོལ་ལ་བརྟེན་པ་མ་ཡིན་ནོ། །དེ་བསྟན་པ་ནི་དེ་ཚད་མ་ཡིན་པའི་ཕྱིར་ཞེས་བྱ་བའོ། །སྣང་བ་ལས་ཐ་དད་པ་མ་ཡིན་ན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་བདེན་པ་ཉིད་ཡིན་པར་བསྟན་པ་ནི་འདི་ཅི་ཞིག་ཅེས་བྱ་བའོ། ། ཚད་མས་ཞེས་བྱ་བ་ནི་རྟོགས་པར་བྱ་བ་མ་ཡིན་པ་ལ་བདེན་པ་ཉིད་དུ་རྟོགས་པར་བྱེད་པར་མི་རིགས་པའི་ཕྱིར་རོ། །རང་རིག་པར་ཞེས་བྱ་བ་ནི་བདེ་བ་བཞིན་དུའོ། །གཞན་གྱིས་ཞེས་བྱ་བ་ནི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །མ་རིག་པ་ཉིད་ན་མཐོང་བ་ཉིད་ཀྱི་ཡུལ་དུ་རྣམ་པར་རྟོག་པ་ཡིན་གྱི་ཕྱི་རོལ་གྱི་ ཡུལ་དུ་ནི་མ་ཡིན་པའི་ཐུན་མོང་བའི་ཡུལ་ཅན་མ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ་དྲན་པས་ཞེས་བྱ་བའོ། །སྔ་མ་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པ་ནི་ཕྱི་རོལ་རིག་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་འདི་ལ་སྔ་མའི་རང་བཞིན་ཉིད་ནི་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཕྱི་རོལ་མ་ཡིན་པའི་ཡུལ་ཅན་ ཡིན་པའི་ཕྱིར་ཕྱི་རོལ་ལ་ལྟོས་ནས་རྟོགས་པ་མི་བདེན་པའི་ཐ་སྙད་ཀྱིས་ཡུལ་ཡིན་པར་བསྟན་པ་ནི་གཞལ་བྱ་ཞེས་བྱ་བའོ། །རྟོགས་པའི་དོན་ནོ་ཞེས་བྱ་བའི་རྟོགས་པ་འདི་ཡང་ཤེས་པའི་དོན་རྟོགས་པ་ཡིན་གྱི་བློ་མ་ཡིན་པར་བསྟན་པ་ནི་ཁྱེད་ཀྱི་བློ་ནི་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བ་མེད་ན་ཚད་མར་རྟོགས་པ་མ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བ་མ་ཡིན་ན་ཡང་རང་གི་རིག་པ་ཉིད་ཡིན་པར་བསྟན་པ་ནི་གསལ་མིན་བདག་ཏུ་ཞེས་བྱ་བའོ། །རང་རིག་པ་ཡིན་ན་ཕྱི་རོལ་རིག་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་ཡུལ་ནི་ཇི་ལྟར་ཞེས་བྱ་བ་སྟེ། གསལ་བ་ལ་ནི་རང་རིག་པ་ལའོ། །ངོ་བོ་ནི་ཡུལ་གྱི་བདག་ཉིད་ཀྱི་རང་བཞིན་ནོ། ། འཕོ་ཕྱིར་ནི་འདྲ་བ་སྐྱེད་པའི་ཕྱིར་ཡིན་གྱི་རང་ཉིད་གསལ་བས་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་ན་ཡང་དེའི་བདག་ཉིད་ཐོབ་པར་འགྱུར་ཏེ། ཡུལ་བཞིན་དུ་ངོ་བོའི་ཡང་ངོ་བོ་འཕོ་བའི་ཕྱིར་རོ། །གསལ་བ་དེ་ཡང་དེ་ལས་གཞན་པ་འཕོ་བའི་ཕྱིར་ཐུག་པ་མེད་པ་ཡིན་པར་བསྟན་པ་ནི་གསལ་ བ་དེའང་ཞེས་བྱ་བའོ། །དེ་སྟེ་ཡུལ་བཞིན་པའི་ངོ་བོ་གང་གི་ཡིན་པ་དེའི་ངོ་བོ་ཡང་གསལ་བ་ལས་ཐ་མི་དད་པ་ཡིན་ཏེ། རང་གི་རིག་པ་ཉིད་དུ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་རོལ་ནི་གསལ་བ་ལ་ངོ་བོ་འཕྱི་བས་གསལ་བ་ན་ཕྱི་རོལ་དུ་སྨྲ་བར་འགྱུར་རོ་ཞེས་ཟེར་བ་ནི་འོ་ན་ཇི་ལྟར་ཞེས་བྱ་བའོ། །ཕྱི་ རོལ་ཁས་བླངས་པས་དེའི་ངོ་བོའི་རིག་པ་རང་རིག་པར་བརྗོད་དོ་ཞེས་བསྟན་པ་ནི་དེ་ལྟ་ཡིན་མོད་ཅེས་བྱ་བའོ། །དེ་ཉིད་བཞིན་དུ་ན་སྒྲོན་མ་ཉིད་བཞིན་དུའོ། །སྔོན་པོ་ལ་སོགས་པ་ཕྱི་རོལ་ཉིད་ཀྱང་གཟུང་བ་ཁོ་ན་ཡིན་པར་བསྟན་པ་ནི་གལ་ཏེ་རང་ལས་ཞེས་བྱ་བའོ། །དེ་དང་ཆོས་མཚུངས་པ་ཉིད་ཀྱིས་ནི་སྒྲོན་ མ་དང་ཆོས་མཚུངས་པ་ཉིད་ཀྱིས་སོ། །འདིའི་ནི་ཤེས་པའི་འབྲེལ་པ་ཅན་གྱི་གསལ་བའི་རིག་པའིའོ། །འོན་ཏེ་རིག་པ་འདི་རང་གི་རིག་པ་ལས་གཞན་པ་ཕྱི་རོལ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རང་རིག་ཉིད་དུ་ཞེས་བྱ་བ་སྨོས་སོ། །སྒྲོན་མ་བཞིན་དུ་གསལ་བར་བྱ་བ་ཉིད་གསལ་བར་བྱེད་པ་ཉིད་ ཡིན་པར་བསྟན་པ་ནི་དེ་ཡང་སྣང་བ་གཞན་གྱིས་ནི་ཞེས་བྱ་བ་སྟེ། དེ་ཡང་ཞེས་བྱ་བ་ནི་སྒྲོན་མའི་ཡང་ངོ་། །སྔོན་པོ་ལ་སོགས་པའི་ངོ་བོ་གསལ་བ་ལ་འཕོ་བ་བཟུང་བ་ཡིན་པ་དེ་བཞིན་དུ་བློ་ལ་ཡང་ཡིན་པར་བསྟན་པ་ནི་དེ་ལྟར་བློ་ལ་ཞེས་བྱ་བའོ། །དེ་ལྟ་ན་ཡང་འཛིན་པར་བྱེད་པའི་བློ་ རང་གི་རིག་པ་ཡིན་ཏེ། གཞན་དུ་ན་རིག་པར་བྱ་བ་མ་རིག་པའི་ཕྱིར་རོ་ཞེས་བསྟན་པ་ནི་བློ་ལ་ཞེས་བྱ་བའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་བདག་ཉིད་རིག་པ་མ་ཡིན་ནོ། །ཆོས་མཚུངས་པ་ཉིད་ནི་གསལ་བར་བྱེད་པ་ཉིད་ཀྱི་ངོ་བོ་གནས་སྐབས་ལས་གང་གི་ཡིན་པ་དེའོ། །དེ་ཡང་འདྲ་ཉིད་ ཐམས་ཅད་ཕན་ཚུན་དུ། །མྱོང་བ་ཉིད་ནི་ཐོབ་པར་འགྱུར། །ཞེས་བསྟན་པ་ཉིད་ཡིན་ནོ། །ཡུལ་ནི་ཇི་ལྟར་གསལ་བ་ཡིན། །གསལ་བ་ངོ་བོ་འཕོ་ཕྱིར་རོ། །ཞེས་བྱ་བ་བསྟན་ནས་ཡུལ་དང་དབང་པོ་ལ་སོགས་པས་བསྒྲུབས་པའི་རང་གི་སྣང་བའི་བློའི་ངོ་བོ་ལ་འཕོ་བ་ཡིན་པར་བསྟན་པ་ནི་དེ་ཕྱིར་ཞེས་བྱ་བའོ། ། གསལ་བའི་ངོ་བོ་ནི་ཡུལ་ལ་འཕོ་བ་ཡིན་ལ། ཡུལ་ཡང་བདག་ཉིད་ལ་འཕོ་བའི་བློའི་བདག་ཉིད་ཡིན་པས་དེ་རིག་པས་རིག་པ་ཡིན་པར་བསྟན་པ་ནི་གཞན་འདིར་ཞེས་བྱ་བའོ། །གཅིག་གིས་དེ་ལྟར་རྟོགས་ཀྱང་གཞན་གྱིས་མ་ཡིན་ཏེ། རིག་པ་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་འདྲ་བ་ཡིན་ཡང་ ཞེས་བྱ་བའོ། །ཡུལ་གྱི་བདག་ཉིད་ཡིན་ན་རང་རིག་བློ་བཞིན་དུ་གཞན་གྱི་བློ་ཡང་འགྱུར་ཏེ། ཡུལ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་གསལ་བར་གྱུར་པ་ཉིད་གཞན་གྱི་གསལ་བར་གྱུར་པ་ཡིན་གྱི། རང་ཉིད་རིག་པ་ཉིད་དེ་ལྟར་འགྱུར་བ་མ་ཡིན་ཏེ། བློ་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་ རང་ཉིད་ཅེས་བྱ་བའོ། །འདི་ཉིད་ཀྱི་ཕྱིར་ཡུལ་ནི་གཞན་གྱིས་རིག་ན་གཞན་གྱིས་ཀྱང་ངོ་ཞེས་བསྟན་པ་ནི་དོན་ཞེས་བྱ་བའོ། །དེའི་ངོ་བོས་ཞེས་བྱ་བ་ནི་ཐུན་མོང་བས་ཡིན་གྱི་ཐུན་མོང་མ་ཡིན་པ་གསལ་བའི་ཉིད་དུ་གྱུར་པ་གཞན་གྱི་བློའི་ངོ་བོས་ནི་མ་ཡིན་པའོ། །བློ་གཞན་ཞེས་བྱ་བ་འདི་ལ་དཔེ་བསྟན་པ་ནི་ དཔེར་སྒྲོན་ཞེས་བྱ་བའོ། །སྒྲོན་གཉིས་ཞེས་བྱ་བ་ནི་གཞན་གྱིས་གསལ་བ་ཡིན་ན་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་འདི་ལའོ། །མར་མེ་དང་བུམ་པ་དག་ཅེས་བྱ་བ་ནི་ཐ་དད་པ་དག་ལའོ། །ཡོད་མེད་དག་ཏུ་འཛིན་པ་ཡིས། །ང་རྒྱལ་བག་མེད་ཕྲག་དོག་ལས། །རྒྱལ་བ་ཅན་མིན་ན་སུ་ཞིག །འགྲོ་ན་ ཆོ་འཕྲུལ་སྟོན་ནམ་ཅི། འགྲེལ་པ་བྱེད་པས། དེ་ལྟ་མིན་ན་ཡུལ་ཡང་ནི། །བློ་དང་ལྷན་ཅིག་ཆོས་མཚུངས་ཉིད། །ཅེས་བྱ་བས་གཞན་གྱི་ནི་ཐལ་ཆེས་པ་ཡིན་པར་བསྟན་ནས་རང་གི་ཕྱོགས་ལ་ནི། དེའི་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོས་རབ་གསལ་ཞིང་། །ཞེས་བྱ་བས་དེ་གསལ་བ་ཡིན་ནོ། ། དེ་བཤད་པ་ནི་གཟུགས་དང་བློའི། །ཞེས་བྱ་བའོ། །དེ་ལྟར་བློ་ལ་བློར་འདོད་ན། །ཞེས་བྱ་བས་གཟུང་བ་ཉིད་ཀྱི་སྐྱོན་གཞན་དུ་འདོད་པ་ནི་རང་གི་འདོད་པའི་འདྲ་བ་ཉིད་ལ་ཡང་ཡིན་པས་དེ་སེལ་བ་ཡིན་པར་བསྟན་པ་ནི་གསལ་བ་མ་ཡིན་པ་ནི་གཞན་གྱིས་གསལ་གྱི་ཞེས་བྱ་བའོ། །དེ་ནི་དེ་ལྟར་ཉམས་སུ་མྱོང་བས་བློ་ཡོད་པའི་ ཕྱིར་འདོད་པ་དང་། མྱ་ངན་གྱི་ངོ་བོ་ཉིད་ལ་བློ་ཉིད་མེད་པ་ཡིན་གྱི་མངོན་སུམ་པའི་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་བསལ་ནས་ངེས་པས་བསལ་བ་ནི། ཡུལ་དང་དབང་པོ་ཙམ་གྱིས་ནི། །ཞེས་བྱ་བའོ། །ངེས་པ་ལས་ཀྱང་བློ་མཐོང་བ་ཡིན་ནོ། །ཉམས་མྱོང་རྣམ་ཤེས་དེ་ཡང་ནི། །ཆ་གཉིས་དམིགས་པ་ཅན་གྱི་ནི། །རྣམ་ པ་གཅིག་ལས་ཁྱད་པར་ཅན། །ཤེས་དེ་ཡིས་ནི་དམིགས་པར་འགྱུར། །ཞེས་བྱ་བས་རྣམ་པ་གཉིས་ཉིད་ཡིན་ནོ། །ཇི་ལྟར་རྟོགས་ཞེས་བྱ་བ་ནི་རོ་ལ་སོགས་པ་ཡང་རྟོགས་པར་ཐལ་བར་འགྱུར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པའི་མིག་ལའམ་གཟུགས་ལའོ། །ཇི་ལྟར་ཞེས་བྱ་བ་ ནི་ཐལ་ཆེས་པ་ཉིད་དོ། །དེའི་བདག་ཉིད་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །དེའི་དོན་ངོ་བོ་ཉིད་མ་གྲུབ། །དེ་ཡང་དྲན་པ་ལས་གྲུབ་འགྱུར། །ཞེས་བྱ་བས་དོན་བློའི་རྣམ་པ་ཉིད་དུ་བསྟན་ཏོ། །དྲན་ལས་ཞེས་བྱ་བ་རང་རིག་པ་ཡིན་པར་བསྟན་པ་ནི་རང་རིག་པ་གྲུབ་པར་མ་ཟད་ཀྱི་ཞེས་བྱ་ བའོ། །ཉམས་མྱོང་མ་ལུས་ལྡོག་པར་འགྱུར། །ཞེས་བྱ་བས་ཉམས་སུ་མྱོང་བ་ལས་དྲན་པ་མ་ཡིན་ནམ། ཉམས་སུ་མྱོང་བ་ཡང་སྔོན་པོར་རང་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན་གྱི། གཞན་གྱིས་ཉམས་སུ་མྱོང་བ་མ་ཡིན་ཞེས་བྱ་བ་ལ་ངེས་པ་ཅི་ཡོད། །རང་ཉིད་ཀྱིས་ཉམས་སུ་མྱོང་བ་ནི་ཉམས་སུ་མྱོང་ བ་ཡིན་གྱི། གཞན་གྱིས་ཉམས་སུ་མྱོང་བ་ནི་མ་ཡིན་ཏེ་ཐུག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེར་མི་རུང་ཕྱ