Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 181
Văn bản gốc(Tây Tạng)
Trang 13 / 21 (50.000 ký tự/trang)
་ཐུག་པའི་མེའི་བག་ཆགས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་མེ་ལ་སོགས་པ་ཞེས་བྱ་བའོ། །རང་གི་བག་ཆགས་བཞིན་དུ་མེའི་བག་ཆགས་ཀྱང་གྲོགས་བྱས་ནས་དུ་བའི་བློ་བསྐྱེད་པ་ཡིན་པར་བསྟན་པ་ནི་སེམས་རྒྱུད་དེ་རུང་ཞེས་བྱ་བའོ། །མེའི་སྣང་བ་ལ་རུང་བའི་ བག་ཆགས་སྙིང་པོ་སྟེ། དུ་བའི་བག་ཆགས་ཀྱི་སྙིང་པོ་ཅན་རྒྱུད་གང་གི་ནང་ན་ཡོད་པ་དེའི་སྙིང་པོ་ཅན་ཡིན་གྱི་ཕྱི་རོལ་གྱི་དུ་བ་མེའི་བསྐྱེད་བྱ་ཅན་ནི་མ་ཡིན་ཏེ། དེ་དག་གི་སྣང་བ་ལ་ཚད་མ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་འཁོར་བའི་སྤྲོས་པ་ཞེས་བྱ་བའོ། །སེམས་ཉིད་ལས་ཞེས་བྱ་བ་ནི་བག་ཆགས་ཀྱི་ངོ་བོ་ལས་སོ། །དུ་ བའི་བག་ཆགས་ཀྱང་ལྷན་ཅིག་བྱེད་པ་ལའོ། །ཅི་ལས་ཤེ་ན་མེའི་བག་ཆགས་ནི་དུ་བའི་སྣང་བ་སྐྱེད་བྱེད་ཡིན་ཏེ། དུ་བའི་བག་ཆགས་གྲོགས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རིམ་པའོ། །མེ་སྣང་བའི་བློ་ཉིད་ནི་རྟོགས་འགྱུར་ཞེས་གསུངས་པས་མ་འོངས་པའི་ཡུལ་ཉིད་དུ་གསུངས་པ་ཡིན་པར་བསྟན་པ་ནི་ ཐམས་ཅད་དུ་ནི་མ་འོངས་པ་ཞེས་བྱ་བའོ། །དུ་བ་ལས་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཚུལ་ལ་ཡང་ངོ་། །འདིའི་སྣང་བ་ནི་རབ་རིབ་ཅན་གྱིས་མཐོང་བ་ལས་ཁྱད་པར་བྱེད་དེ་དོན་གྱི་དབྱེ་བ་མེད་དོ་ཞེས་བསྟན་པ་ནི་དེའི་དུས་སུ་ཞེས་བྱ་བའོ། །ཕྱི་རོལ་ལ་ཡང་རང་གི་དུས་ན་ཤེས་པ་ལ་མེད་པ་དང་ཁྱད་པར་མེད་ པ་ན་བསྟན་པ་ནི་ཇི་ལྟར་ཚད་མ་ཉིད་ཅེས་བྱ་བའོ། །གཉའ་བོའི་ཚུལ་གྱིས་ཏེ་འཇལ་གཉའ་ལྟ་བུའོ། །བག་ཆགས་ཙམ་གྱིས་གོ་བྱ་ནི་བག་ཆགས་ཙམ་ལས་འབྱུང་བའི་མེའི་ཤེས་པའི་གོ་བྱེད་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་མངོན་སུམ་གྱིས་རྟོགས་པ་ཡིན་ལ་རང་གི་ངོ་ བོའི་རྟོགས་པ་ཡང་བག་ཆགས་ཉིད་ལས་ཡིན་ཏེ། རྨི་ལམ་ལྟ་བུའི་ཞེས་བསྟན་པ་ནི་བག་ཆགས་ཀྱང་ཞེས་བྱ་བའོ། །རིགས་སོ་ཞེས་བྱ་བ་ནི་ཕྱི་རོལ་ལ་ཚད་མ་མེད་པའི་ཕྱིར་སྣང་བ་གཞན་ཉིད་བག་ཆགས་ཉིད་ཀྱིས་མངོན་སུམ་ཡིན་པའི་ཕྱིར་རོ། །གནོད་པར་བྱེད་པའི་སྣང་ དུ་རུང་བར་བྱེད་པའི་བག་ཆགས་དང་འབྲེལ་པ་ཅན་གྱི་སེམས་ཀྱི་རྒྱུད་ཀྱི་བསྐྱེད་བྱ་དུ་བའི་བློ་ཡིན་ནོ་ཞེས་བྱ་བས་འབྱུང་བར་འགྱུར་བའི་མེའི་བློའི་བསྐྱེད་བྱ་ཉིད་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཐོབ་པར་བྱ་བའི་བློའི་བསྐྱེད་བྱ་ཉིད་མངོན་སུམ་གྱི་རང་གི་ངོ་བོ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་ཞེས་ བྱ་བ་ནི་ངེས་པ་ཡང་ཤེས་པའི་རྣམ་པའི་ཡུལ་ཉིད་ཀྱིས་ཕྱི་རོལ་དུ་མེད་པའི་ཕྱིར་རོ། །བདེན་ཏེ་ཕྱི་རོལ་མཐོང་བ་ཉིད་ལ་མཁས་པས་རིག་པ་ལ་མི་མཁས་པ་དག་ཕྱི་རོལ་དུ་མངོན་པར་རློམ་པར་བྱེད་ཅིང་དེ་ལྟར་མངོན་པར་འདོད་པ་ཡང་དེ་རྗེས་སུ་གཟུང་བའི་ཆེད་དུ་ཁས་བླངས་པ་ཁོ་ནས་ཤེས་པའི་རྣམ་པ་ ཉིད་བརྗོད་བྱ་ཡིན་པར་བསྟན་པ་ནི་མཁས་པ་རྣམས་ལ་ཞེས་བྱ་བའོ། །ལྷན་ཅིག་ནི་དེའི་བདག་ཉིད་དུ་མཐོང་བ་དེ་མྱོང་བ་ཡང་ཉམས་སུ་མྱོང་བའི་ངེས་པས་སོ། །དེ་ཡང་ནི་ཚུལ་གཉིས་ཉིད་དེ་རང་གི་རིག་པ་དང་སྔོན་པོ་ལ་སོགས་པ་ཉིད་ཀྱིས་སོ། །ཐ་མི་དད་པར་ཉམས་སུ་མྱོང་ བའི་ལྕགས་ནི་མེ་བཞིན་དུ་རྗེས་སུ་འགྲོ་བ་ལ་སོགས་པས་ཐ་དད་པ་ཁོ་ན་ཡིན་པར་བསྟན་པ་ནི་འཛིན་པ་ཉིད་ཅེས་བྱ་བའོ། །དེ་ཉིད་དང་ཞེས་བྱ་བ་ནི་རིག་པའི་རྣམ་པའོ། །ཐ་དད་པར་ཉམས་སུ་མྱོང་བ་ཡང་བདེ་བ་ལ་སོགས་པ་མ་ཡིན་པར་བསྟན་པ་ནི་ཐ་དད་པ་ལ་ཡང་ཞེས་བྱ་བའོ། །དུས་ཐ་དད་ པ་ལ་ཡང་རྣམ་པ་ཐ་མི་དད་པས་གཅིག་པར་རིག་པ་མ་ཡིན་པར་བསྟན་པ་ནི་དེ་ཉིད་ཅེས་བྱ་བའོ། །མངོན་སུམ་ནི་དེ་མ་ཡིན་པ་ལས་ལྡོག་པར་བྱེད་པ་འཛིན་པ་ཡིན་ཏེ། །དེ་ལ་མཆོག་ཏུ་འཛིན་པ་སྐྱེད་པར་བྱེད་པའི་ཕྱིར་འབྲེལ་པར་འཛིན་པར་བྱེད་པ་ཡིན་གྱི་འདི་མ་ཡིན་པའི་ཡུལ་ལ་སོགས་པ་འཛིན་པར་བྱེད་པ་མ་ཡིན་ པར་བསྟན་པ་ནི་མ་ཡིན་ཏེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་གཅིག་ཉིད་ཁོ་ན་ཡུལ་ལ་སོགས་པའི་དབྱེ་བ་ཅན་མ་ཡིན་པའོ། །དེ་བཞིན་དུ་སྔོན་པོ་མ་ཡིན་པ་དང་རིག་པ་མ་ཡིན་པ་ལས་ལོག་པར་འཛིན་པ་དང་། དེ་ལ་མཆོག་ ཏུ་འཛིན་པ་དག་གིས་ཐ་དད་པ་དང་ཐ་མི་དད་པ་དག་གོ། །རྟོགས་པའི་རང་བཞིན་དང་ཞེས་བྱ་བ་ནི་བདེ་བ་དང་སྔོན་པོ་དག་རིག་པ་གཅིག་གི་བདག་ཉིད་ཀྱི་ཁོངས་སུ་གཏོགས་པ་དག་གོ། །སྤྱིར་ཞེས་བྱ་བ་ནི་འདི་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །ལྷན་ཅིག་དམིགས་པ་ངེས་པ་ཉིད་ ནི་རང་རིག་པ་གཅིག་གི་བྱེད་པ་ལ་རྗེས་སུ་ཞུགས་པ་ཉིད་དོ། །དོན་གྱི་དབྱེ་བས་དབྱེ་བ་མེད་པ་བཞིན་དུ་རྣམ་པ་མེད་པ་ཉིད་ཀྱིས་དབང་པོ་ཐ་དད་པ་ལས་ཀྱང་ཐ་དད་པར་མི་འགྱུར་ཏེ། འདི་རྣམ་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་ གསལ་བ་དང་མི་གསལ་བ་དང་བསྲེས་པ་ལ་སོགས་པ་ཡང་ངོ་། །དབང་པོ་འགྱུར་བས་བྱས་པའི་འགྱུར་བའི་རྣམ་པ་ཅན་གྱི་ཤེས་བྱ་ནི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་པར་བསྟན་པ་ནི་དབང་པོའི་ཁྱད་པར་ཞེས་བྱ་བ་སྟེ། རྣམ་པ་ནི་དེ་ལྟ་བུའི་དབྱེ་བ་ཅན་ཡིན་གྱི་རྟོགས་པ་ནི་མ་ཡིན་ཏེ། ཁྱད་པར་ མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་ལ་ཡང་དེ་ལྟར་ཐ་དད་པ་མེད་དེ་དབྱེ་བ་མེད་པའི་ཕྱིར་རོ། །ཐ་དད་ན་ཡང་ཤེས་པ་ཐམས་ཅད་ལ་དེ་ལྟ་བུར་སྣང་བར་འགྱུར་ཏེ། ངོ་བོ་དེ་རེས་འགའ་བ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་གྱི་ཞེས་བྱ་བ་སྟེ། རྣམ་པ་ནི་འབྲས་བུ་ཡིན་ཏེ་ཇི་སྲིད་པ་པོའི་འདྲེས་ པ་ལ་སོགས་པས་ཐ་དད་པར་འགྱུར་གྱི་དོན་ནི་མ་ཡིན་ཏེ་རྟོགས་བྱ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཤེས་པའི་དོན་ལས་དེར་སྣང་བ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རུང་བའི་ཡུལ་ཉིད་དུ་ཁྱད་པར་མེད་པས་ཆ་བཞིན་དུ་ཆ་གཞན་ལ་ཡང་ཤེས་པ་དེ་ལྟ་བུའི་ངོ་བོ་ཉིད་དུ་འགྱུར་ཏེ། དབང་པོའི་ རྣམ་པར་འགྱུར་བའི་བག་ཆགས་རྣམས་ཀྱང་འཛིན་པའི་ངེས་པ་ཅན་ཉིད་མ་ཡིན་ན། དོན་ཉིད་དེ་ལས་དེའི་ཚེ་སྐྱེ་བ་ནི་ཤེས་པ་བཞིན་ཡིན་ཏེ། སྔར་ཡོད་པ་ལ་ཚད་མ་མེད་པའི་ཕྱིར་རམ། མི་འཛིན་པ་ཉིད་དུ་སྣང་བའི་ཕྱིར་ཡང་ཤེས་པའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་གྱི་རྣམ་ པ་གཅིག་ལས་དེ་དང་རྣམ་པ་གཅིག་པའི་ཤེས་པ་ནི་དབང་པོ་ལ་སོགས་པའི་དབྱེ་བ་སྣ་ཚོགས་པའི་ལྷན་ཅིག་བྱེད་པ་ཅན་སྣ་ཚོགས་པར་ནི་མི་རིགས་སོ་ཞེས་བསྟན་པ་ནི་དོན་ལ་བརྟེན་ནས་སོ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་དེའི་རྣམ་པ་ཅན་གྱིའོ། །འགའ་ཡིས་ཞེས་བྱ་བ་ནི་བསྲེས་པ་ལ་སོགས་ པས་སོ། །གཞན་ལས་ཀྱང་ཞེས་བྱ་བ་ནི་དབང་པོ་ལ་སོགས་པས་ཀྱང་ངོ་། །སྐྱེ་བར་འགྱུར་བ་ཡོད་ན་གཞན་ལས་ཀྱང་སྟེ་དབང་པོ་ལ་སོགས་པས་ཀྱང་ངོ་། །དེའི་རྣམ་པ་ཉིད་ནི་བསྲེས་པ་ལ་སོགས་པའི་རྣམ་པ་ཉིད་དོ། །རྣམ་པའམ་ཤེས་པ་ཉིད་ཀྱང་དེ་ལས་དེའི་ངོ་བོ་ཡིན་ལ་གཞན་ལས་ནི་གཞན་གྱི་རྣམ་ པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་བསྟན་པ་ནི་འདི་ལྟར་ཞེས་བྱ་བའོ། །འགའ་ཡིས་ཞེས་བྱ་བ་ནི་ལས་དང་འབྱུང་བ་ཆེན་པོ་ལ་སོགས་པ་ལས་སོ། །དབང་པོ་ནི་ཤེས་པ་སྐྱེད་པར་བྱེད་ཅིང་དེ་ཉིད་རང་གི་སྐྱོན་གྱིས་སྲེ་བར་བྱེད་ཀྱི། དོན་གྱི་བསྐྱེད་བྱའི་རྣམ་པ་ལ་མ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་རྣམ་པ་ ལ་ཡང་དབང་པོའི་སྐྱོན་གྱི་བྱེད་པ་མཐོང་བར་བསྟན་པ་ནི་མར་མེ་ལ་སོགས་ཞེས་བྱ་བ་སྟེ། དབང་པོ་ནི་སྐྱོན་བཞིན་དུ་དེའི་རྣམ་པ་ཡང་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མར་མེའི་རང་བཞིན་དེ་ལྟ་བུའི་རྣམ་པ་ཅན་མ་ཡིན་ནམ། ཇི་ལྟར་དབང་པོ་ཉིད་དེ་ལྟ་བུར་བྱེད་པ་ཡིན་ཞེས་ཟེར་བ་ལ་དེའི་ཞེས་བྱ་བ་སྟེ། མར་མེ་ཡང་རྒྱུ་མཚན་ཡིན་གྱི་དེ་ལྟ་བུའི་བདག་ཉིད་ནི་མ་ཡིན་ཏེ། དེ་ལྟ་བུའི་བདག་ཉིད་མ་ཡིན་པ་ཡང་སྐྱོན་ལས་བྱུང་བའི་རྒྱུ་མཚན་ཡིན་ཏེ། ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་ལ་དེ་ཉིད་ཀྱི་ཕྱིར་འདི་དེ་ཉིད་ཡིན་ན་གཞན་གྱིས་ཀྱང་མཐོང་བར་འགྱུར་རོ་ཞེས་ བྱའི་དོན་ཏོ། །དེ་ལྟ་བུའི་རྣམ་པ་ཕྱི་རོལ་ཉིད་ཡིན་ཡང་དབང་པོའི་སྐྱོན་ཡོད་ཀྱང་ཚད་མ་མ་ཡིན་པར་བསྟན་པ་ནི་ཡང་དག་མཐོང་ན་ཞེས་བྱ་བའོ། །ཉམས་པ་ཉིད་ནི་དེ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཡོད་པ་ཞེས་བྱ་བའོ། །ཕྱི་རོལ་ཉིད་ཀྱི་ཁྱད་པར་མཐོང་བ་ན་མ་ཉམས་པ་ཡིན་ལ་དེ་ལས་གཞན་པ་སྣང་ དུ་རུང་བ་དཀྱིལ་འཁོར་དང་བྲལ་བ་ལ་རྒྱས་པ་ཙམ་ཡང་མཐོང་བར་འགྱུར་བར་བསྟན་པ་ནི་རབ་རིབ་ཀྱིས་སྦྱངས་ཞེས་བྱ་བ་སྟེ། གཞན་གྱིས་མཐོང་བའི་ངོ་བོ་འཛིན་པའི་ནུས་པར་སྒྲོ་བཏགས་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་མིག་གོ། །གསལ་མ་ཡིན་ནོ་མི་ནུས་པའོ། །དེ་ལྟར་ན་གཞན་ལ་སྣང་བ་མི་ གསལ་བར་མཐོང་བར་འགྱུར་རོ། །འོ་ན་ཇི་ལྟར་ངེས་པར་བསྟན་པ་ཡིན་ཞེ་ན། གང་ཞིག་ཅེས་བྱ་བའོ། །གཞན་གྱི་སྣང་བ་མ་མཐོང་བའི་ཕྱིར་ནུས་པ་ཉམས་པ་ཡིན་གྱི་སྦྱངས་པ་སྟེ་ཁྱད་པར་ཅན་དུ་བྱས་པ་མ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །ཡང་དག་ཡང་དག་མིན་ནི་ཡང་དག་པ་ ཡིན་ན་ཐམས་ཅད་ཡང་དག་པ་དང་ཡང་དག་པ་མ་ཡིན་ན་ཐམས་ཅད་དེ་ལྟ་བུ་ཡིན་ཏེ། མཐོང་བ་ཉིད་དོན་བྱེད་པ་ཉིད་ཡིན་པ་དེའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ཡང་དེ་ཉིད་ཡིན་ཏེ་གཞན་དུ་ན་ཐུག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པ་ཉིད་མིན་ཏེ། ཕྱི་རོལ་གྱི་ཤེས་པའི་ཚོགས་པ་ལས་བྱུང་ བའི་ཕྱིར་རོ་ཞེས་བསྟན་པ་ནི་ཞེས་བྱ་བ་སྟེ། གང་ཞིག་ཅེས་བྱ་བ་ནི་ཤེས་པའི་ངོ་བོས་སོ། །གཞན་དུ་ནི་ཇི་ལྟ་བུར་ན་ཞེས་བྱ་བ་ནི་ཕྱི་རོལ་ཏེ་དབང་པོ་ཉིད་ནི་དེའི་བསྐྱེད་བྱ་མ་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར་དང་། དེ་མ་ཡིན་པ་ལས་ལོག་པའི་སྐད་ཅིག་གི་ཁྱད་པར་ཡང་དེའི་རྒྱུ་ཡིན་པའི་ཕྱིར་ཉེ་བར་ལེན་པ་ཡང་ རྒྱུན་ཁོ་ན་ཡིན་གྱི་སྐད་ཅིག་མ་ཉེ་བར་ལེན་པ་ལ་སོགས་པ་ཉིད་ནི་འཇིག་རྟེན་པ་མ་ཡིན་ཏེ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་རིབ་ལ་སོགས་པ་ཞེས་བྱ་བ་ནི་ཤེས་པའི་ཚོགས་པ་ལས་འབྱུང་བ་ཉིད་དོ། །གཞན་ཡང་དཀྱིལ་འཁོར་ཉིད་མཐོང་བ་མ་ཡིན་ཏེ་གང་གིས་དེའི་སྣང་དུ་རུང་བ་གཞན་ ཡང་མཐོང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་བསྟན་པ་ནི་སྣང་དབང་ཞེས་བྱ་བའོ། །གཅིག་གི་ནི་དཀྱིལ་འཁོར་དང་བྲལ་བའོ། །རྟོགས་པ་ནི་འདིས་སོ། །དེས་ན་ནི་རྟོགས་པའི་ནུས་པས་ཡིན་གྱི་གཞན་གྱི་རྒྱུ་མ་ཡིན་ནོ། །དཀྱིལ་འཁོར་མཐོང་བའི་ཡང་དཀྱིལ་འཁོར་ལ་སོགས་པ་རྒྱུ་མ་ཡིན་ཏེ་རང་ རིག་པ་ལས་གཞན་དུ་ཡུལ་མ་ཡིན་ལ། དེས་ན་ཡུལ་ཡང་རང་རིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ནི་ཡུལ་གཞན་ལ་སོགས་པ་ལའོ། །ཇི་ལྟར་ཞེས་བྱ་བ་ནི་རབ་རིབ་ཀྱིས་སྦྱངས་ཞེས་བྱ་བའི་རིགས་པས་སོ། །གང་དུ་ཞེས་བྱ་བ་ནི་གཞན་དུའོ། །རང་སྣང་བ་ཡིན་ན་ནི་ཞེས་བྱ་བ་ནི་དཀྱིལ་ འཁོར་རོ། །གཞན་ཡང་ནི་གཞན་དུ་ཡོད་པ་ཡང་ངོ་། །ཕན་ཚུན་དུ་ཞེས་བྱ་བ་ནི་གཞན་དུ་གནས་པ་ནི་འདིར་གནས་པའི་གཞན་དུའོ། །མྱོང་བ་ཉིད་དུ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་དག་ལས་གཅིག་ལས་ཡང་ཕྱི་རོལ་མི་གནས་པའི་ཕྱིར་རོ། །དེས་ན་ཡང་མྱོང་བའི་བདག་ཉིད་ལས་མྱོང་བའི་རྒྱུ་རྗེས་སུ་དཔོག་པ་ ཡིན་པར་བསྟན་པ་ནི་སྔོན་པོ་ལ་སོགས་པ་ལ་ཡང་མྱོང་བ་གནས་པར་འགྱུར་བ་རྣམས་ཞེས་བྱའོ། །དཀྱིལ་འཁོར་བཞིན་དུ་གཞན་ལ་ཡང་ཕྱི་རོལ་རྗེས་སུ་དཔག་པ་མ་ཡིན་པ་མ་ཡིན་ནམ་འབྲེལ་པ་མ་མཐོང་བར་ཁྱད་པར་མེད་པར་ཟེར་བ་ལ་དཀའ་བ་ལ་སོགས་པ་ཞེས་བྱ་བའོ། །གཞན་གྱིས་ནི་མི་གཞན་གྱིས་ སོ། །ཤེས་པ་གཞན་གྱིས་ནི་སྐྱོན་ལས་མ་བྱུང་བས་ཡིན་གྱི་དཀྱིལ་འཁོར་ཉིད་ནི་མ་ཡིན་ནོ། །དེའི་འབྲས་བུ་ནི་ཕྱི་རོལ་དོན་གྱི་འབྲས་བུའོ། །དེ་ལྟ་ན་ཇི་ལྟར་རྟོགས་པ་ཡིན་ཞེ་ན་དེ་ལྟ་བུ་མ་ཡིན་པའོ། །འཇིག་རྟེན་གྱི་ཞེས་བྱ་བ་ནི་དེའི་དེ་ལྟ་བུའི་ཞེན་པའི་ཐ་སྙད་དོ། །ཐམས་ཅད་ཉིད་ནི་དོན་བྱེད་པར་ ནུས་པའམ་ཅིག་ཤོས་ཀྱང་ངོ་། །ཅི་སྟེ་མ་ཡིན་ཞེ་ན་ཞེས་བྱ་བ་ནི་དེ་ལྟ་བུའི་ཞེན་པས་སོ། །ཇི་ལྟར་མི་འདོད་ཅེས་བྱ་བ་ནི་དེའི་བདག་ཉིད་མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིར་རོ། །མྱོང་བའི་ངོ་བོ་མ་ཡིན་ཡང་ཞེས་བྱ་བ་ནི་དོན་གྱི་སྟེ། གཞན་མྱོང་བའི་ཕྱིར་རམ་མྱོང་བ་གཞན་འཛིན་པར་བྱེད་པ་མེད་པ་ ན་ཚད་མ་མེད་པའི་ཕྱིར་དང་། རང་ཉིད་རིག་པ་ཡིན་ན་དོན་གྱིས་གོ་བ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཡིན་ཞེས་བྱ་བ་ནི་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །མ་ཡིན་ཏེ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྟོགས་པ་ཉིད་བཞིན་དུ་དོན་ལྐོག་ཏུ་མ་གྱུར་པ་ཉིད་དུ་འཐད་པའི་ཕྱིར་རོ། །དེ་ལ་ཡང་གཞན་ལ་ལྟོས་པ་ཡིན་ ན་རྟགས་མེད་པའི་ཕྱིར་རྒྱུ་རྟོགས་པ་མ་ཡིན་ནོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །འདི་ལ་ཚད་མ་ཅི་ཡོད་ཅེས་བྱ་བ་ནི་དེ་ལ་གཟུང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཁྱེད་ལ་ཡང་ཞེས་བྱ་བ་ནི་ངེས་པ་ཡོད་པ་ལའོ། །ངེས་པ་མེད་ཀྱང་ཕྱི་རོལ་སྣང་བ་ཡིན་ནོ་ཞེས་ ཟེར་བ་ལ་གཞན་རིག་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའོ། །བུམ་པ་ཞེས་བྱ་བ་ནས་གནས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་རྒོལ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་མུན་པའོ། །ཚོགས་པ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བའོ། །ངེས་པར་གྲུབ་པ་ཡིན་ན་དོན་དམ་པར་ནི་ཞེས་བྱ་བ་ནི་ལན་ཡིན་ཏེ། མངོན་ སུམ་ཉིད་མ་ཡིན་པའི་ཕྱིར་དང་། ངེས་པ་ཡང་དེའི་མཐར་ཐུག་པ་ཉིད་ཀྱིས་རང་དབང་མེད་པའི་ཕྱིར་དེ་ལྟ་བུའི་ངེས་པ་ལས་ཕྱི་རོལ་གྲུབ་པ་ནི་མ་ཡིན་ནོ། །ངེས་པ་ཙམ་འདི་ནི་རང་རིག་པ་ཡིན་ལ་མར་མེའི་གསལ་བ་ཉིད་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ་དབང་པོ་དང་བཅས་པ་ལས་རྟོགས་པ་འབྱུང་བའི་ཕྱིར་ བུམ་པ་དང་སྣང་བ་དང་བཅས་པ་ཉིད་ནི་མ་ཡིན་ལ་མར་མེ་ལས་ནི་ཡིན་གྱི་རང་ཉིད་ལས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཙམ་ནི་དཔེ་ཡིན་གྱི་རང་ཉིད་རྟོགས་པ་ནི་མ་ཡིན་ནོ། །རྣམ་པ་ནི་དཀྱིལ་འཁོར་གྱི་རྣམ་པའོ། །ཕྱི་རོལ་ཉིད་སྔོན་པོ་ལ་སོགས་པ་བཞིན་དུ་དཀྱིལ་འཁོར་དབང་པོ་ལ་སོགས་པས་རྟོགས་ པ་ནི་རྟོགས་པ་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེ་ན་མར་མེའི་སྣང་བ་ཁོ་ན་འཛིན་པར་མི་འགྱུར་ཏེ། གང་གི་ཕྱིར་དངོས་པོ་སོ་སོ་བ་ནི་དེ་ལ་འབྲེལ་པ་མེད་པས་ཏེ་དེ་ཉིད་ཡོད་ན་འཛིན་པ་མ་ཡིན་པར་བསྟན་པ་ནི། གཞན་ཡང་གལ་ཏེ་ཞེས་བྱ་བའོ། །མར་མེ་ལས་ཐ་དད་པ་དེའི་གནས་ཁོ་ན་འཛིན་པར་མི་འགྱུར་ བར་བསྟན་པ་ནི། གལ་ཏེ་དེ་ཉིད་ཅེས་བྱ་བ་སྟེ་དེ་དཀྱིལ་འཁོར་གྱི་རྣམ་པའོ། །གླིང་བུ་རྐྱང་པ་ལ་སོགས་པ་ལ་ཕྱོགས་གཅིག་འཛིན་པ་མ་ཡིན་པར་བསྟན་པ་ནི་ཁྱོན་དང་ལྡན་ཞེས་བྱ་བ་སྟེ། འཛིན་པ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་ཞེས་བྱ་བ་ནི་དེ་ལ་ལྟོས་པ་འཛིན་པ་ཡིན་ནོ། ། མར་མེ་ཙམ་གྱིས་ཞེས་བྱ་བ་ནི་མར་མེ་གང་དང་གང་དུ་མར་མེ་སྦར་བ་དེ་དང་དེ་ན་འབྱུང་བ་དེའི་ཕྱིར་གཉི་ག་རྒྱུ་ཉིད་མ་ཡིན་ནོ། །བྱེད་པ་འཇུག་པ་ཞེས་བྱ་བ་ནི་རྟོགས་པ་ཉིད་དུ་བྱེད་པའི་ཕྱིར་རོ། །དུས་མཚུངས་པ་ཉིད་ཀྱིས་ནི་རྟོགས་པ་ཉིད་ཀྱི་འབྲས་བུ་དང་ངོ་། །རྗེས་སུ་འགྲོ་བ་ལ་སོགས་པ་ནི་མིག་ དང་དེའི་གཟུགས་ཀྱི་ཡུལ་ལོ། །མར་མེ་ནི་དཔེའོ། །དེ་ཉིད་ནི་དཀྱིལ་འཁོར་ཉིད་དོ། །མིག་ནི་མིག་གི་དབང་པོའོ། །ཡོངས་སུ་གསལ་བ་ནི་སྔོན་པོ་ལ་སོགས་པ་རྟོགས་པའི་ངོ་བོའམ་དཀྱིལ་འཁོར་གྱི་ངོ་བོའོ། །དཔེར་ན་མར་མེས་མར་མེ་གསལ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ་འོད་ཀྱིས་ འོད་གསལ་བར་བྱ་བ་མ་ཡིན་ཏེ། རང་གསལ་བ་ཉིད་ཡིན་པ་དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ངོ་ཞེས་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཉིས་པོ་ནི་མིག་དང་གཟུགས་དག་གོ། །གཞན་ཞེས་བྱ་བ་ནི་དེ་ལྟ་བུའི་ངོ་བོས་བསྐྱེད་པའི་བག་ཆགས་སོ། །ཚུལ་གཉིས་ནི་རང་རིག་པ་དང་སྔོན་པོའི་ངོ་བོ་ ཡིན་གྱི་རང་རིག་པ་ལས་གཞན་པའི་དཀྱིལ་འཁོར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དོན་ཉིད་རང་རིག་པའི་རྣམ་པ་མ་ཡིན་པའོ། །མི་རུང་ངོ་ཞེས་བྱ་བ་ནི་རང་རིག་པའི་རྣམ་པར་རོ། །ཁྱད་པར་ལས་ནི་ཚོགས་པའི་ཁྱད་པར་ལས་ཏེ། ཐག་རིང་པོ་ལ་བར་དུ་ཡོད་པའི་སྣང་བ་འཕྲོས་པས་མང་ པོ་ཡིན་པའི་ཕྱིར་བཀབ་པ་མི་གསལ་བར་ནི་རིགས་ཏེ། ལྷ་ཁང་ལ་སོགས་པ་བཞིན་དུ་ཆ་འགའ་མི་འཛིན་པའི་ཕྱིར་དུ་མའི་བདག་ཉིད་དོན་ཡིན་པས་བསགས་པའི་ཕྱོགས་ཀྱིས་བྲི་བ་འཛིན་པ་ལ་འགལ་བ་མེད་དོ། །ཆེན་པོ་ལས་ཆུང་ངུ་ཡོད་པའི་ཕྱིར་རོ། །མྱ་ངན་དུ་ཆུང་ངུ་ལ་ཆེན་པོར་འཛིན་པ་ནི་ འཁྲུལ་པ་ཡིན་ཏེ། རྒྱས་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་དེར་འགྱུར་ཞེས་བྱ་བ་སྟེ། ཐག་རིང་བ་དང་ཉེ་བའི་ཁྱད་པར་ལས་སྣང་བ་ཐ་དད་པའི་ཕྱིར་བཀབ་པའི་ཆ་ནི་མི་འཛིན་ལ། ཅིག་ཤོས་ནི་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆ་གཅིག་བཀབ་པ་ཡིན་ན་དེའི་ཕྱོགས་གཞན་ཡང་བཀབ་ པ་ཡིན་ལ་མ་བཀབ་ན་ཡང་དེའི་ཆ་དང་ལྡན་པ་གཞན་ཡང་བཀབ་པར་མི་འགྱུར་ཏེ། རྡུལ་ཕྲ་རབ་ཉིད་དུ་ཁྱད་པར་མེད་དོ་ཞེས་བསྟན་པ་ནི་དེའི་སྟེ། སྣང་བས་ཆོད་པ་ཡིན་ན་ནི་ཆ་འགའ་ཞིག་མི་མཐོང་ན་ཅིག་ཤོས་ཀྱང་ངོ་། །མ་ཆོད་ན་ཡང་གཞན་མཐོང་ན་གཞན་ཡང་ངོ་ཞེས་བྱ་བའི་དོན་ཏོ། །མཐོང་ བའི་ཡུལ་ཞེས་བྱ་བ་ནི་རུང་བའི་ཡུལ་ན་གནས་པའོ། །གཞན་གྱི་ནི་ཐག་རིང་པོ་ལ་ངོ་བོ་གཞན་མེད་པའོ། །ཤེས་པ་ནི་དེ་ཡོད་པ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །དོན་ལ་མི་སྲིད་ན་ཤེས་པ་ལ་ཡིན་པར་བསྟན་པ་ནི་འདི་ནི་མཐོང་བ་ཞེས་བྱ་བའོ། །མ་ཚང་བ་མེད་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཡོངས་སུ་གྱུར་ པར་མཚུངས་པ་ཡིན་པའི་ཕྱིར་རོ། །དེའི་རང་བཞིན་ནི་དོན་གྱི་རང་བཞིན་ནོ། །སྣང་བ་ཐ་དད་ཀྱི་སྣང་དུ་རུང་བ་ནི་མ་ཡིན་ནོ་ཞེ་ན། སྣང་བ་ནི་ཞེས་བྱ་བ་སྟེ། སྣང་བ་ནི་དེ་ལས་ཐ་དད་པའི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣང་ བཞིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེའི་གནས་སྐབས་ན་མི་སྣང་བ་དང་ལྡན་པ་མ་ཡིན་ཏེ། མེད་པའི་ཕྱིར་དང་ཐག་རིང་པོར་མི་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་ཐ་དད་པ་ཡིན་ན་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་སྤྱི་ནི་དོན་གཞན་དུ་འདོད་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་དོན་གྱིའོ། །གསལ་ བ་ཉིད་ནི་ཕྱིས་དེ་ལྟ་བུའི་དོན་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ཞེས་བྱ་བ་ནི་དོན་ཉིད་ཡིན་ནའོ། །དེའི་ནི་ཐག་རིང་པོ་ན་སྣང་བའོ། །གཞན་ནི་རིང་པོ་མ་ཡིན་པ་ནའོ། །གཉི་ག་གཅིག་ཡིན་ཏེ། གཅིག་ཉིད་དུ་སྣང་བའི་ཕྱིར་ཞེས་བསྟན་པ་ནི་དེའི་ངོ་བོར་ཞེས་བྱ་བའོ། །རང་བཞིན་ཐ་དད་ནི་སྣང་བ་ལས་སོ། ། དེ་ཞེས་བྱ་བ་ནི་རྟོགས་པ་ཡིན་ཏེ་གཅིག་ཉིད་ཀྱིས་གནོད་པའི་ཕྱིར་རོ། །རྟོགས་པ་ཉིད་བག་ཆགས་ལས་ཐ་མི་དད་པའི་རྣམ་པ་ཅན་ཡིན་པ་དེའི་ཕྱིར་རྣམ་པ་དང་བཅས་པ་ཉིད་ཡིན་པར་བསྟན་པ་ནི་ཐ་དད་མེད་པར་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་དུས་ཕྱིས་སོ། །གང་ལས་ཞེས་བྱ་བ་ནི་ཆ་ ཡང་ཉེ་བ་བཞིན་དུ་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་དུ་མ་ཅན་གྱི་རྫས་ལ་ཡན་ལག་འགའ་ཞིག་རིང་པོར་སྣང་བ་གང་ཡིན་པ་ནི་རགས་པ་ཡིན་ལ་གཞན་ནི་དེ་ལྟ་མ་ཡིན་པ་དེའི་ཕྱིར་གསལ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་སྣང་བ་ཞེས་བྱ་བའོ། །སྣང་བ་མི་གསལ་བ་ ཞེས་བྱ་བ་ནི་ཐག་རིང་བའི་ཕྱིར་རོ། །ཐ་དད་ན་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཅན་ཐག་རིང་བའམ། གཞན་དུ་ཡང་སྣང་དུ་རུང་བའོ། །ཐམས་ཅད་ཉིད་ཅེས་བྱ་བ་ནི་ཡན་ལག་ཐམས་ཅད་དང་ལྡན་པ་ཁྱབ་པ་ཅན་ནོ། །མཐོང་བས་ཞེས་བྱ་བ་ནི་ཡན་ལག་མི་འཛིན་ན་ཡང་ངོ་། ། མི་སྣང་བའི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་གྱི་ངོ་བོ་འཛིན་པ་མི་གསལ་བ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཕྱི་རོལ་དོན་གཅིག་ཅེས་བྱ་བ་སྟེ། ཉེ་བ་ན་ཡང་ཡན་ལག་ཐམས་ཅད་འཛིན་པ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཡིན་ནའམ། རྡུལ་ཕྲ་རབ་ཀྱི་དབྱེ་བས་ གཅིག་ཡིན་པ་ལ་གཅིག་གི་འཛིན་པ་དང་མི་འཛིན་པ་ནི་གཞན་ལ་ཡང་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཕྲ་རྡུལ་དུ་མ་ཞེས་བྱ་བའོ། །གཞན་དུ་ན་ད་དང་བཅས་པར་འཛིན་པ་ནའོ། །གཞན་དུ་འགྱུར་བ་ནི་ཡོངས་སུ་གསལ་བའི་རྣམ་པ་ཉིད་དོ། །ཆེས་སྲབ་པའི་ཡན་ལག་མི་ འཛིན་པ་ཉིད་ཡན་ལག་ཅན་འཛིན་པ་ལ་ནི་མི་གསལ་བ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ནམ་ཞེས་ཟེར་བ་ལ་གཞན་ཞེས་བྱ་བ་ནི་ཡན་ལག་ཉིད་སེང་ལྡེང་དང་པ་ལ་ཤ་ལ་སོགས་པ་ལ་ནི་མ་ཡིན་ཏེ། ཡན་ལག་ཅན་དེ་ལྟ་བུའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ངོ་བོ་ཉིད་མ་ཡིན་ན་སྣ་ཚོགས་པ་གཅིག་ཏུ་གྱུར་ལ། ཐག་རིང་བ་ལ་དེ་ཐ་དད་པར་སྣང་བ་ཇི་ལྟར་དེ་ཙམ་ནི་མི་གསལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ཡང་མ་ཡིན་ཏེ། རང་བཞིན་རྟོགས་པ་ཉིད་མི་གསལ་བ་རྟོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ནི་གསལ་བ་ཡིན་ཏེ། ཐལ་བར་འགྱུར་ཞེས་བྱ་བ་དང་མཚམས་སྦྱོར་རོ། །དུ་མ་ཉིད་ཡིན་ན་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ བསགས་པའི་བདག་ཉིད་ཡིན་པའི་ཕྱིར་ཕྱི་རོལ་ལོ། །དེ་མི་འཛིན་ན་ནི་རྡུལ་ཕྲ་རབ་གཅིག་མི་འཛིན་ནའོ། །དེ་ལས་གཞན་པ་ནི་རྡུལ་ཕྲ་རབ་གཞན་ཏེ་དེ་དང་ལྷན་ཅིག་འཛིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་གཅིག་མི་འཛིན་ན་གཞན་འཛིན་པ་མ་ཡིན་ཏེ་བསྡུས་པ་འཛིན་པའི་ཕྱིར་རོ། །ཡོངས་སུ་གསལ་བ་ ནི་ངོ་བོའོ། །དེ་ཉིད་ཅེས་བྱ་བ་ནི་ཡོངས་སུ་གསལ་བ་ཉིད་དོ། །དེ་ལས་ཞེས་བྱ་བ་ནི་གཞན་འཛིན་པ་ལས་སོ། །དེ་ཞེས་བྱ་བ་ནི་གསལ་བ་ཉིད་དོ། །དེ་ལྟ་བུར་གྱུར་པ་ནི་དེ་ལས་གཞན་པ་འཛིན་པ་ལས་བྱུང་བའོ། །གཞན་གྱིས་ཀྱང་ནི་ཉེ་བ་ན་ཡོད་པས་པོ། །རྟོགས་པ་ཉིད་ནི་ཤེས་པ་ཉིད་དོ། ། དོན་འབར་བཞིན་པར་མཐོང་བ་ཞེས་བྱ་བ་ནི་བཟུང་བའོ། །འབྲས་བུ་འབར་བཞིན་པ་ཉིད་ཡིན་པས་མིག་ལ་དེ་ལྟར་བརྗོད་པ་ཡིན་གྱིས་རང་ཉིད་ལས་ནི་མ་ཡིན་ཏེ། མངོན་སུམ་ལས་རྟོགས་པའི་ཕྱིར་རོ། །དེ་ལྡན་ཞེས་བྱ་བ་ནི་འབར་བཞིན་པ་དང་ལྡན་པའོ། །དེའི་འབྲས་བུ་མཐོང་བ་ནི་མིག་གིའོ། །འོན་ ཀྱང་ཡུལ་ཉིད་ཀྱིས་རང་གི་ཆོས་ཡུལ་ཅན་ལ་སྒྲོ་འདོགས་པ་ཡིན་ནོ་ཞེས་ཟེར་བ་ནི་དེར་འགྱུར་ན་ཞེས་བྱ་བའོ། །ལན་ནི་སྔོན་པོ་ལ་ཡང་ཞེས་བྱ་བའོ། །ཤེས་པ་ལ་ཡོད་པ་ཉིད་ནི་མི་གསལ་བ་ཉིད་ཡིན་གྱི་དོན་ལ་གནས་པ་མ་ཡིན་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འཇིག་རྟེན་ཐམས་ཅད་ ཅེས་བྱ་བ་ནི་ངའི་མིག་ནི་འབར་བཞིན་ཞེས་རྒྱུ་མེད་བཞིན་པའི་གནོད་པ་མེད་པས་སོ། །རང་ཉིད་བདག་ཉིད་དུའོ། །གསལ་བ་དང་ཅིག་ཤོས་ཀྱང་རུང་ཕྱི་རོལ་མ་ཡིན་ནམ་དེ་ལྟར་ཞེན་པའི་ཕྱིར་ལ་ཤེས་པའི་རྣམ་པ་ཡང་དེ་ཉིད་ཀྱི་ཕྱིར་ཕྱི་རོལ་ཉིད་དུ་འཇོག་པར་བྱེད་ཡིན་གྱི་དོན་ གྱི་གནོད་པ་མེད་ན་འཁྲུལ་པའམ། མཐོང་བ་མེད་ན་གསལ་ཉིད་ལ་སོགས་པ་ལ་རྒྱུ་མཚན་འབའ་ཞིག་ནི་མ་ཡིན་ཏེ་བརྟགས་བཞིན་པ་ན་སྣང་བ་མི་གསལ་བ་དང་ཅིག་ཤོས་ལ་སོགས་པ་ཉིད་མཐོང་བའི་ཕྱིར་རོ། །དེ་ལ་ནི་དེ་དེ་ལྟ་བུའི་སྣང་བ་ཡིན་གྱི་དེ་ལྟར་སྣང་བ་ཡང་ཤེས་པའི་ཆོས་མ་ཡིན་ཏེ། ཤེས་ བྱ་ལ་གནས་པ་ཉིད་དུ་སྣང་བའི་ཕྱིར་རོ་ཞེས་ཟེར་བ་ནི་གལ་ཏེ་སྣང་བ་ཞེས་བྱ་བ་སྟེ། མི་གསལ་བ་ནི་སྣང་བ་ལ་ཡོད་པའོ། །མི་གསལ་བ་ལ་སོགས་པའི་དོན་ཇི་ལྟར་ཡིན་ཞེ་ན། དེ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་ན་དེས་བྱས་པ་ཡིན་པ་དེའི་ཕྱིར་དེར་དེའི་ངོ་བོ་ཉེ་བ་ན་འདུག་པ་ཡང་ཤེས་པར་ འགྱུར་རོ། །འོན་ཏེ་དེའི་བློ་དེ་ལྟར་བྱེད་པ་ཡིན་ན་དེ་ལྟ་ན་དེ་ལས་འོངས་པའི་རྣམ་པ་དང་ལྡན་པ་ཉིད་འདི་མ་ཡིན་པར་བསྟན་པ་ནི་གཞན་ཐ་དད་པ་ཞེས་བྱ་བའོ། །སྣང་བའི་ངོ་བོ་མི་གསལ་བ་ཉིད་ལ་སོགས་པ་བློ་ཐ་དད་པ་སྟེ་ཤེས་པ་འཛིན་པའི་བྱེད་པ་ཐ་དད་པ་ཡིན་གྱི། རང་ལས་ནི་མ་ཡིན་ཏེ་རང་ ལ་གནས་པའི་དབྱེ་བ་ནི་རྣམ་པ་ཡིན་ནོ། །རེ་ཞིག་མི་གསལ་བས་གསལ་བར་བྱེད་པ་མ་ཡིན་ཏེ། ཉེ་བ་ན་གནས་པས་མི་དམིགས་པའི་ཕྱིར་རོ། །དེས་བྱས་པའི་གསལ་བ་མི་གསལ་བ་ཡིན་ཞེས་བྱ་བ་ནི་བློ་ཉིད་ཀྱི་དེ་ལྟ་བུའི་རྣམ་པ་ཉིད་དམ་དེའི་བྱེད་པའི་ཡང་ངོ་། །བློ་དང་དོན་དག་འབྲེལ་པ་ ཅན་མ་ཡིན་པའི་སྣང་བའི་ཆོས་འགའ་ཡང་མེད་པར་བསྟན་པ་ནི་དོན་ནི་ཞེས་བྱ་བའོ། །མེད་པ་ཉིད་སྣང་བ་ནི་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །མེད་པའི་ངོ་བོ་སྣང་བ་ནི་མ་ཡིན་ཏེ། ཐག་རིང་བ་དང་ཅིག་ཤོས་ན་གནས་པ་ཐམས་ཅད་མངོན་སུམ་ཡིན་པའི་ཕྱིར་རོ། །སྐར་ཁུང་གི་བུ་གའི་ཉི་ཟེར་ལས་ཡོད་ པར་གོ་བའི་རྡུལ་རྣམས་ནམ་མཁའ་ཁྱབ་པར་བྱེད་པ་དེ་དག་གིས་ཐག་རིང་པོ་ནས་བསྒྲིབས་པའི་རྫས་ལྷ་ཁང་ལ་སོགས་པ་ཆེན་པོ་ཡིན་ཡང་ཆེས་མང་བ་རྣམས་ཀྱིས་བསྒྲིབས་པ་ཡིན་གྱི། སྣང་བ་ཆེན་པོ་ཡིན་ཡང་གསལ་བར་མི་ནུས་པ་ལ་མི་གསལ་བ་ཡིན་ནོ་སྙམ་དུ་སེམས་པ་ལ་ཉེ་བ་ཡིན་རྡུལ་ རྣམས་ཀྱིས་གཡོགས་པ་དང་སྣང་བ་མི་གསལ་བར་བྱེད་པ་ཡང་མཚུངས་པ་ཡིན་ཏེ། རྡུལ་ཕྲ་རབ་ཀྱིས་སྲབ་པ་ཉིད་ནི་སྣང་བ་དེའི་ཕྲ་བ་ཉིད་ལ་གནོད་པར་བྱེད་པ་ཡིན་ཏེ། སྣང་བ་ནི་མང་བ་ཉིད་བཞིན་དུ་ཅིག་ཤོས་མང་བ་ཉིད་ཀྱང་ཡིན་པར་བསྟན་པ་ནི་སྣང་བ་དེ་ཡང་ཞེས་བྱ་བ་སྟེ། ཐག་རིང་པོ་ན་ཡོད་པའི་ རྡུལ་རྣམས་ཀྱིས་བསྒྲིབས་པ་ཡིན་གྱི། ཅི་སྟེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེ་ན་ཉེ་བ་ལ་ཡང་དེ་སྟེ་བསྒྲིབས་པ་ཅིས་མ་ཡིན་ཞེས་བྱ་བ་ནི་གཡོགས་པ་དང་བསྒྲིབས་པ་དག་ཐག་རིང་བ་བཞིན་དུ་ཁྱད་པར་མེད་པའི་ཕྱིར་རོ། །དམིགས་པར་བྱ་བ་སྒྲིབ་པར་བྱེད་པ་ནི་ཐག་རིང་བ་ལ་ཡིན་གྱི་ཉེ་བ་ལ་ མ་ཡིན་པ་ཡིན་ནམ། ཐག་རིང་བར་ཡང་སྣང་དུ་རུང་བ་ཉེ་བ་ལ་ཆེས་ཤིན་ཏུ་བ་ལ་ཡིན་ནམ། གཞན་དུ་རིགས་སམ་ཡན་ལག་ཅན་ཡང་དེའི་གནས་སྐབས་དང་ལྡན་པ་དེའི་ཚོགས་པ་ལས་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཅིའི་ཕྱིར་ལན་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྒྲིབ་པར་བྱེད་པ་སྲབ་པའི་ ཕྱིར་ཉེ་བ་ལ་མི་སྲབ་པོ་ཞེ་ན། ལན་ནི་སྣང་བ་ཡང་ཞེས་བྱ་བ་སྟེ་ཉེ་བ་ལ་ཡང་འདི་སྲབ་པ་ཉིད་དོ། །ཐག་རིང་བ་ལ་ཡང་གཉི་ག་མཚུངས་པ་ཡིན་པའི་ཕྱིར་སྒྲིབ་པར་འགྱུར་བར་བསྟན་པ་ནི་གཞན་དུའང་ཞེས་བྱ་བ་སྟེ། ཐག་རིང་བ་ལ་ཡང་སྲབ་པར་བྱེད་པ་དང་ཅིག་ཤོས་དག་སྲབ་པར་མ་ཡིན་པར་མཚུངས་ པ་ཉིད་དོ། །ཤིན་ཏུ་ཉེ་བ་དེར་ཡང་ནི་ཉེ་བ་ལ་ཡང་ངོ་། །ནམ་མཁའ་ཅན་གྱིས་ཁྱབ་པས་ནི་རླུང་གིས་སོ། །འདི་ན་ཞེས་བྱ་བ་ནི་ཉེ་བ་པ་ལའོ། །སྲོག་ཆགས་གོ་དྷའི་མཇུག་མ་དང་། རི་བོང་གི་རྣ་བ་རིང་བ་ཉིད་མཚུངས་པ་ཡིན་ལ། ཐག་རིང་བ་ལ་རྡུལ་མང་བ་ཉིད་ཡིན་ན་སྣང་བ་ལ་ཡང་ཡིན་ཏེ། དེ་ ཡང་དེར་དེ་ལྟ་བུ་ཉིད་ཡིན་པའི་ཕྱིར་རོ། །ཉེ་བ་ལ་སྲབ་པ་ཉིད་ཀྱི་ཕྱིར་རྡུལ་སྒྲིབ་པར་བྱེད་པ་མ་ཡིན་ན་ཤིན་ཏུ་ཉེ་བ་ལ་ཆེས་ཤིན་ཏུ་ཡང་ངོ་ཞེས་བསྟན་པ་ནི་ཤིན་ཏུ་ཉེ་བ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དེས་གསལ་བར་བྱས་པ་སྟེ། ཐམས་ཅད་དུ་མི་གསལ་བའི་ངོ་བོ་ཡིན་པས་ཀྱང་མཐོང་བར་མི་འགྱུར་ཏེ་དབང་ པོས་མི་ནུས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐག་རིང་པོར་ཁྱད་པར་མཐོང་བ་ལས་དངོས་པོ་མི་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཐག་རིང་པོ་ནའམ་ཤིན་ཏུ་ཉེ་བ་ལ་ནི་མ་མཐོང་བའི་དབང་གིས་མི་གསལ་བའི་ངོ་བོ་གཞན་དེའི་ཚེ་ཉིད་ན་བྱུང་བ་ནི་གསལ་བ་མཐོང་བར་བྱེད་པ་ནི་སྣང་བ་ལ་སྒྲིབ་པར་བྱེད་པ་མ་ ཡིན་ལ། ཉེ་བ་ལ་ནི་དེ་ཉིད་སྣང་བ་གསལ་བས་བསྒྲིབས་པ་ཡིན་པར་འདོད་པ་གང་དག་གི་ཡིན་དེ་དག་གི་ཐག་རིང་པོ་ན་སྣང་བ་ཉམས་པས་བསྒྲིབས་པ་ནི་གསལ་བར་མཐོང་བར་བྱེད་པ་མ་ཡིན་ཞིང་ཉེ་བ་ལ་ཡང་མི་གསལ་བ་ཡིན་པར་བསྟན་པ་ནི་གལ་ཏེ་དེར་ཡང་ཞེས་བྱ་བའོ། ། དེ་བཤད་པ་ནི་མ་མཐོང་བའི་མིང་ཅན་ཞེས་བྱ་བའོ། །སེམས་པ་མེད་པ་ཞེས་བྱ་བས་རང་གི་ངོ་བོ་བསྟན་པའམ་མི་མཐུན་པ་ཉིད་ལ་སྐྱོན་མེད་པའོ། །དེ་ལ་གཅིག་ཉིད་ནི་ཐག་རིང་བ་དང་ཅིག་ཤོས་དག་ལ་མི་སྒྲིབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཞན་དག་གིའོ། །མཐོང་བར་འགྱུར་ཞེས་བྱ་བའི་ལན་བཤད་ པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །གཞན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གསལ་བའོ། །དེ་ཞེས་བྱ་བ་ནི་གསལ་བར་མཐོང་བར་བྱེད་པའོ། །དེ་ཞེས་བྱ་བ་ནི་མ་མཐོང་བ་ལས་སྐྱེ་བའོ། །རྒྱབ་ཏུ་ནི་གསལ་བར་མཐོང་བའི་ཕྱི་ནས་སོ། །མ་ཡིན་ཏེ་ཡུལ་གཅིག་ཉིད་ཅེས་བྱ་བ་ནི་མ་མཐོང་བ་ལས་བྱུང་བ་སྟེ། གསལ་ པོ་དང་ཡུལ་མཚུངས་པའོ། །འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཉེ་བར་འཛིན་པའི་རྒྱུ་མཚན་ཐུན་མོང་མ་ཡིན་པ་ཉིད་མཐོང་བ་ལས་མངོན་པར་འདོད་དོ། །ཡུལ་ལ་འཁྲུལ་པ་ཞེས་བྱ་བ་ནི་གསལ་བར་མཐོང་བ་པོའི་སྟེ་རྒྱབ་ཀྱི་ཕྱོགས་ཉིད་ཀྱང་གསལ་བའི་ཕྱོགས་ཉིད་དུ་སྣང་བའི་ཕྱིར་རོ། །དེ་ལྟར་ན་དེའི་ ཚེ་མེད་པ་ཉིད་ཡིན་ནོ་ཞེས་ཟེར་བ་ཡུལ་དེར་ཡང་ཞེས་བྱ་བའོ། །དེའི་དུས་ན་མེད་ལ་དུས་གཞན་གྱི་ཚེ་ཡོད་པར་དམིགས་ན་ཐལ་ཆེས་པར་བསྟན་པ་ནི་དེའི་དུས་སུ་ཞེས་བྱ་བའོ། །དེའི་དུས་ན་ཐམས་ཅད་མེད་པར་མཐོང་བ་ཡིན་ཞིང་། དོན་ཐམས་ཅད་མཐོང་བ་ཉིད་ཀྱང་མ་ཡིན་ནོ། །གཞན་གྱིས་ཀྱང་ཞེས་བྱ་ བ་ནི་སངས་རྒྱས་པས་ཀྱང་ངོ་། །མ་མཐོང་བ་དེ་ལས་ཞེས་བྱ་བ་ནི་བག་ཆགས་ལས་སོ། །མཐོང་བ་ནི་ཤེས་པ་དེའི་སྐྱེ་བ་སྟེ་གཞུང་འཛུགས་ན་ཞེས་བྱ་བར་སྦྱར་རོ། །རྨི་ལམ་བཞིན་དུ་ཡོད་པ་ཞེས་བྱ་བ་ནི་གཞུང་འཛུགས་པ་ཡིན་ལ། མེད་པ་ཉིད་ཀྱི་ཞེས་བྱ་བ་ནི་སུན་འདོན་པ་ཡིན་ནོ། །དངོས་གང་ཇི་ལྟར་ མཐོང་གྱུར་པ། །ཞེས་བྱ་བ་ནི་གསལ་བའི་ཡུལ་ཅན་ནོ། །རྒྱབ་ཏུ་གསལ་བར་མཐོང་བ་མ་ཡིན་པར་བསྟན་པ་ནི་མི་གསལ་ཞེས་བྱ་བའོ། །མདུན་ན་གནས་པ་ནི་གསལ་བར་མཐོང་བ་པོའི་ཡང་ངོ་། །དེ་ཞེས་བྱ་བ་ནི་གསལ་བའོ། །མ་མཐོང་བ་དེ་ལས་སྐྱེས་པ་པོ་གང་གི་སྒྲིབ་བྱེད་ཡིན་པ་དེ་ཉིད་དེ་མཐོང་ བ་ཡིན་པས་གཞན་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་དེ་ལ་གཅིག་ཅེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་ཐག་རིང་པོ་ན་གནས་པའི་གསལ་བའོ། །གལ་ཏེ་ཞེས་བྱ་བ་ནི་ལན་གདབ་པའི་ཆེད་དུ་རྗེས་སུ་བརྗོད་པའོ། །མ་མཐོང་བ་འདིས་བསྒྲིབས་པའི་ཕྱིར་བསྒྲིབས་པ་ཡིན་ན་མཐོང་བར་མི་འགྱུར་རོ་ཞེས་ བྱ་བ་ནི་གནས་སྐབས་ཁོ་ནའི་ཚིག་གི་ལྷག་མ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཅི་བྱེད་ཅེས་བྱ་བ་ནི་གོ་བྱེད་པའོ། །འབྲས་བུ་མེད་པར་རང་ཉིད་མེད་པའི་ཕྱིར་རོ། །ཐག་རིང་པོར་མ་མཐོང་བ་གསལ་བ་གང་ཡིན་པ་འབྲེལ་པ་ཅན་དེའི་མི་གསལ་བར་མཐོང་བ་གང་ཡིན་པའོ། །འདི་ཡང་ཞེས་བྱ་བ་ནི་བཏང་ སྙོམས་ཀྱི་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །སུན་འབྱིན་པ་དང་གཞུང་འཛུགས་པའམ་སུན་འབྱིན་པ་དེའི་ཡང་ངོ་། །དེའི་ཕྱིར་ཞེས་བྱ་བ་ནི་ཐག་རིང་པོར་མི་གསལ་བ་ཤེས་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་མྱོང་བ་ནི་ཐམས་ཅད་དོ། །རྒྱུ་བཞིན་དུ་ནི་མཚུངས་པ་དེ་མ་ཐག་པ་དང་དབང་པོ་ལ་སོགས་པའི་ རྒྱུ་ལས་མ་འདས་པའོ། །དོན་ལ་བརྟེན་པ་ནི་དབང་པོ་ལ་སོགས་པ་ལས་མ་ཡིན་ཏེ། དེ་ཡོད་ཀྱང་ཤེས་པ་གཞན་ལ་མེད་པའི་ཕྱིར་རོ། །ལྷག་མ་ནི་རྣམ་པ་མེད་པ་དང་ཐ་མི་དད་པའི་དབང་པོ་ལ་སོགས་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །བློ་ངན་རྣམས་ནི་ལུགས་ངན་ཞེས་བྱ་བ་ནི་རྣམ་པ་ མེད་པ་ཉིད་ཡིན་ན་དབང་པོ་ལ་སོགས་པ་མི་གསལ་བ་དང་འདྲེས་པ་ལ་སོགས་པ་རྗེས་སུ་བྱེད་པ་མེད་པར་ཐལ་བར་འགྱུར་བ་ལ་སོགས་པས་གནོད་པའི་ཕྱིར་རོ། །སྐད་ཅིག་པར་མངོན་པར་འདོད་པ་ནི་དོན་གྱི་ཤེས་པ་ཡང་རྣམ་པ་དང་བཅས་པ་ཡིན་ཏེ། དོན་རྒྱུ་ཡིན་པ་ཉིད་ཀྱི་དེའི་དུས་མ་ཡིན་པ་ན་མེད་ པའི་ཕྱིར་རོ་ཞེས་བསྟན་པ་ནི་ཤེས་པ་སྒྲ་དང་ཞེས་བྱ་བའོ། །ཅིག་ཤོས་ཀྱི་ནི་རྗེས་སུ་དཔག་པ་ལ་སོགས་པའོ། །གང་གིས་ཞེས་བྱ་བ་ནི་རྣམ་པ་མེད་ནའོ། །མེད་པ་ནི་ཞེས་བྱ་བ་ནི་རང་གི་ངོ་བོས་མི་གནས་པ་སྟེ། གཞན་གྱི་ངོ་བོས་ཀྱང་མཐོང་ན་གཞན་གྱི་རྣམ་པ་དང་བཅས་པ་ཉིད་ཡིན་ཏེ། རང་ རིག་པ་ལ་ནི་དེའི་བདག་ཉིད་ཀྱི་ཕྱིར་ཡང་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཉིད་ཁོ་ན་ཕན་འདོགས་པ་མ་ཡིན་ཏེ་ཐམས་ཅད་དེ་ལྟ་བུ་ཉིད་ཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི་གསལ་བར་འགྱུར་ཞེས་བྱ་བ་སྟེ། དམིགས་པ་ཉིད་ཀྱིས་ཕན་འདོགས་པ་ཉིད་དུ་རྟོགས་པ་ནི་དུས་གཞན་ ཁོ་ན་མ་ཡིན་པའི་ཕྱིར་རྣམ་པ་དང་བཅས་པ་ཉིད་ཡིན་ནོ། །རྗེས་སུ་དཔག་པ་ཡང་ཤེས་པའི་རྒྱུ་ངེས་པར་བྱུང་བ་གཟུང་བ་ཡིན་གྱི་ཐམས་ཅད་ནི་མ་ཡིན་པ་མ་ཡིན་སྙམ་དུ་སེམས་པ་ནི་གལ་རྒྱུ་ཞེས་བྱ་བ་སྟེ་སྔ་མ་ཉིད་ཀྱི་ཚོགས་པ་ནི། ཡུལ་གྱི་སྐད་ཅིག་ཤེས་དང་བཅས། ། སྣང་བ་དང་བཅས་གཟུགས་བཞིན་བྱེད། །དེ་ཕྱིར་ལྷན་ཅིག་རིག་པ་ཡིན། །ཞེས་བྱ་བའི་དོན་ཡིན་ནོ། །སོ་སོར་ངེས་པའི་རང་གི་ཚོགས་པ་ལས་བྱུང་བ་ཞེས་བྱ་བ་འདི་ནི་ངེས་པར་རྟོག་པ་ནི་སྐྱེ་བ་ལ་ཤེས་པ་སྟེ་རིག་པའི་བྱེད་པ་ལ་མེད་དོ། །རང་ལ་ཡོད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱེད་པ་ཡིན་གྱི་སྐྱེ་བས་ ནི་མ་ཡིན་ཏེ་འབྲེལ་པའི་ཉེ་བ་དང་གཞན་ལ་ཡང་ཁྱད་པར་མེད་པའི་ཕྱིར་དང་། གནོད་པའི་བདག་ཉིད་ཡིན་པའི་ཕྱིར་འདི་ལྷན་ཅིག་སྐྱེས་པ་ནི་བྱེད་པ་ལ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་རྣམ་པ་དེ་ཉིད་ཤེས་པའི་རང་བཞིན་ཡིན་པར་སྟོན་གྱི་སོ་སོར་ངེས་པ་ཉིད་ནི་མ་ཡིན་ནོ། །རྒྱུ་ལས་ཞེས་བྱ་བ་ནི་རྟོགས་པ་ བཞིན་དུ་དོན་ལས་ཀྱང་ཤེས་པའི་ཕྱིར་རོ། །དེའི་ཕྱིར་རྟོགས་པ་ཉིད་ལས་གཟུང་བ་ལ་སོགས་པ་ཉིད་མ་ཡིན་ཏེ། གཞན་དུ་ན་དོན་དང་ཤེས་པ་ཡང་རྒྱུ་ལས་སྐྱེས་པ་དོན་བཞིན་དུ་ཁྱད་པར་དུ་སྣང་བ་ནི་རང་ཉིད་རིག་པ་ལ་བྱེད་པ་དང་ལྡན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ་རྒྱུ་ཉིད་ལས་ངེས་པའི་ཕྱིར་རོ་ཞེས་ཟེར་བ་ ནི་འོན་ཏེ་རྒྱུ་དང་འབྲས་བུར་ཞེས་བྱ་བ་སྟེ། རང་གི་རྒྱུ་ལས་གཞན་སྐྱེ་བ་བཞིན་དུ་ཤེས་པ་ལས་ཀྱང་གཟུགས་ལ་སོགས་པ་མ་ཡིན་པར་བསྟན་པ་ནི་དེའི་ཚེ་ཡང་ཞེས་བྱ་བ་སྟེ་སྐྱེད་པར་བྱེད་པ་ཉིད་འཛིན་པར་བྱེད་པ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་བཞིན་དུ་བསྐྱེད་བྱའི་ཁྱད་པར་ལ་ཡང་ ཞིང་ལ་སོགས་པ་བཞིན་དུ་ས་བོན་འཛིན་པ་མ་ཡིན་ནོ། །དབང་པོ་ལ་སོགས་པ་ཉིད་ལས་ཁྱད་པར་ཅན་དུ་འབྱུང་བ་ན་ཤེས་པ་འབྲས་བུ་གཞན་ལས་ལྷག་པ་ཁོ་ན་ཡིན་པར་བསྟན་པ་ནི་གང་གི་ཚེ་ཞེས་དེའི་ཕྱིར་ཞེས་བྱ་བའོ། །གཟུང་བ་དང་འཛིན་པའི་དངོས་པོ་ནི་འཛིན་པ་མེད་པ་ལས་ཁྱད་པར་དང་ལྡན་པ་མ་ཡིན་ཏེ། རང་གི་རྒྱུད་ཉིད་ལས་བྱུང་བའི་ཕྱིར་རམ་གཟུང་བའི་ཤེས་པ་ལས་བུམ་པ་བཞིན་དུ་འཛིན་པ་སྐྱེད་པར་བྱེད་པའི་ཚོགས་པ་མ་ཡིན་པར་བསྟན་པ་ནི། གང་གི་ཚེ་ཤེས་པ་ཞེས་བྱ་བའོ། །བདག་དང་ཡིད་ཕྲད་པ་ལས་བྱུང་བའི་མངོན་སུམ་དང་དོན་གྱིས་གོ་བའི་ཤེས་པ་གཞན་ཡང་འདི་ལ་ཡང་སྟེ། འདས་པ་ འཛིན་པ་ལ་དེའི་རྣམ་པ་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །ཅིག་ཅར་བ་ཉིད་དེ་ཅིག་ཅར་ཤེས་པ་བྱུང་བ་ནི་ཡིད་ཀྱི་རྟགས་ཡིན་ནོ་ཞེས་པ་འགལ་བ་ཡིན་པར་བསྟན་པ་ནི་གཉིས་དུས་མཉམ་པར་ཞེས་བྱ་བའོ། །ཅིག་ཅར་སྐྱེ་བ་འགལ་བ་ཡིན་གྱི་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་བ་ལ་དུས་མཉམ་པ་ཉིད་ཡིན་ ན་ཡང་བྱ་བ་སྟེ། འཛིན་བྱེད་འཛིན་པ་ཡིན་ན་གཟུང་བྱ་འཛིན་པ་གཞན་ལས་དེ་དང་དེའི་འཛིན་པ་ཡིན་པའི་ཕྱིར་ཐུག་པ་མེད་པ་ཞེས་བྱ་བའི་དོན་ཏོ། །དོན་ཡང་ཞེས་བྱ་བ་ནི་ཤེས་པ་ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་དེ་འཛིན་པར་འདོད་པ་ཡང་རིགས་པ་མ་ཡིན་པར་བསྟན་པ་ནི་དང་པོ་གཟུང་བ་ཞེས་བྱ་ བ་སྟེ། དང་པོ་ཞེས་བྱ་བ་ནི་སྔ་མའོ། །ཕྱིས་ཀྱང་ཞེས་བྱ་བ་ནི་འཛིན་པའི་དུས་ན་མེད་པའོ། །གཟུང་བ་མ་ཡིན་ཏེ་སྐད་ཅིག་པ་ཡིན་པའི་ཕྱིར་དང་། མཐར་ཐུག་པར་འཛིན་པའི་ཕྱིར་དང་དེའི་དུས་མ་ཡིན་པའི་ཕྱིར་རོ། །ཡོད་ན་ཡང་གཞན་རྟོགས་པར་འགྱུར་ཏེ། དེ་དེའི་དུས་ཅན་མ་ཡིན་པའི་ཕྱིར་རོ་ཞེས་ བསྟན་པ་ནི་དེའི་རང་བཞིན་ཞེས་བྱ་བའོ། །དེའི་དུས་ན་གཟུང་བ་ཡིན་ན་འཛིན་བྱེད་དང་འཛིན་པ་ཡང་དེའི་དུས་ན་ཡིན་ཏེ། དུས་གཞན་ན་ནི་དེ་དང་དེའི་རྣམ་པ་ཡིན་ཏེ། དེའི་རྣམ་པ་མ་ཡིན་པ་ནི་དེའི་འཛིན་བྱེད་མ་ཡིན་པའི་ཕྱིར་རྣམ་པ་དང་བཅས་པ་ཡིན་ནོ་ཞེས་ཟེར་བ་ནི་སྔར་ཡང་ཞེས་བྱ་བ་ནས་ཐལ་བའི་ཕྱིར་རོ་ ཞེས་བྱ་བའི་བར་དུའོ། །དེ་ཞེས་བྱ་བ་ནི་གཟུང་བའི་སྟེ་རིག་པའིའོ། །དེ་ལྟ་བུ་ཡང་ཞེས་བྱ་བ་ནི་རིག་པ་ཉིད་ཡིན་ན་དབང་པོ་ལས་སྐྱེས་པ་ཉིད་ཀྱིས་སོ། །དབང་པོ་དེ་མ་ཡིན་པ་ལས་ལོག་པ་ནི་དེ་ཉིད་ཀྱི་བསྐྱེད་བྱ་མ་ཡིན་ཏེ། སྐད་ཅིག་མའི་སྐྱེད་བྱེད་ཉིད་ལ་སོགས་པ་མ་རྟོགས་པས་དབང་པོ་མ་ཡིན་པ་ལ་ སོགས་པའི་ཕྱིར་རོ། །འཛིན་པའི་རྣམ་པ་ཡང་ཐ་དད་པའམ་ཐ་མི་དད་པ་ཡང་ཏེ། གཞན་དུ་ན་མི་རིགས་པའི་ཕྱིར་རོ། །གཞན་དུ་ན་ནི་ཕྱི་ནས་སོ། །དེ་ལྟ་མ་ཡིན་པ་ནི་དོན་གྱི་དུས་དང་དེ་དང་ཐ་མི་དད་པའི་ངོ་བོ་དག་གོ། །གཞན་གྱི་ཞེས་བྱ་བ་ནི་སྐྱེས་བུ་གཞན་གྱིའོ། །རྟོག་པ་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་དོ། ། ཚོགས་པ་ངེས་པར་བྱེད་པ་སྐྱེ་བས་འཛིན་པ་ན་ཇི་ལྟར་ངེས་པ་ཡིན་ཞེས་ཟེར་བ་ལ་དེ་བྱས་ཤེས་པ་ཞེས་བྱ་བའོ། །འཛིན་པ་ལ་ངེས་པའི་གཟུང་བྱའི་དོན་སྣང་བ་ཉིད་ཀྱི་ཕྱིར་ཏེ་རྣམ་པ་ལས་སོ། །དེ་ཞེས་བྱ་བ་ནི་རྣམ་པར་སྒྲོ་བཏགས་པའི་དོན་ནོ། །གསལ་བ་ཞེས་བྱ་བ་ནི་འཛིན་པར་བྱེད་པའོ། །གཞན་ནི་མ་ ཡིན་ཏེ་དེའི་རྣམ་པས་རིག་པར་ངེས་པའི་ཕྱིར་རོ། །དེའི་བདག་ཉིད་ཡིན་པས་དེ་ཉིད་དེའི་རྣམ་པ་ཡིན་གྱི་དོན་རིག་པ་ནི་མ་ཡིན་ཏེ། དེ་འདི་ལ་རྗེས་སུ་མ་ཞུགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་བརྗོད་པ་ཡིན་ཞེས་བྱ་བ་སྟེ། ངེས་པའི་རྣམ་པར་རིག་པ་ནི་ལྐོག་ཏུ་གྱུར་པ་ནི་དེ་ལྟ་བུ་ཉིད་དུ་ ངེས་པ་ལ་ལྟོས་པ་མ་ཡིན་ཏེ། གསལ་བའི་ཕྱིར་གཞན་དུ་ན་དེ་མེད་པས་ལོགས་ན་གནས་པ་ཉམས་སུ་མྱོང་བས་ཉམས་སུ་མྱོང་བ་མ་ཡིན་པའི་བདག་ཉིད་ཐོབ་པའི་ཕྱིར་དེ་ལྟ་བུ་ཉིད་མ་ཡིན་ན་རྗེས་སུ་དཔག་པ་ལས་བྱུང་བ་མ་ཡིན་ཏེ། སྔ་ན་མེད་པར་རིག་པ་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །དོན་རིག་ན་ཡང་སྔ་ རོལ་དུ་དེ་མ་ཡིན་པའི་རྟོག་པས་འདི་དེ་ཁོ་ན་ཉིད་རྗེས་སུ་དཔག་པ་དང་འགལ་བ་ཡིན་ལ། དེ་ཉིད་ལས་གཞན་ཉིད་དུ་སྒྲོ་བཏགས་པ་ནི་རྗེས་སུ་དཔག་ལས་ལོག་པར་འགྱུར་བའམ་དོན་ལ་རྣམ་པར་གཞག་པ་ཡང་ཡིན་ཏེ། རྗེས་སུ་སྟེ་རྣམ་པ་རིག་པའི་ཕྱི་ནས་དོན་ལ་དཔོག་པ་ནི་རྣམ་པར་ རྟོག་པ་ཡིན་ཏེ། དེས་དོན་རྣམ་པར་འཇོག་པས་དོན་རྣམས་ལ་སྟེ། ངེས་པར་འཛུད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པའི་ངེས་པ་ནི་རང་ལས་ངེས་པ་ཡིན་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་མེད་ཀྱང་ཞེས་བྱ་བ་ནི་ཤེས་པའི་དུས་ན་སྐྱེད་པར་བྱེད་པ་ཉིད་ཡིན་པས་ཅིག་ཅར་བ་མ་ཡིན་པའི་ཕྱིར་སྔར་བྱུང་བའི་དོན་ དེས་བྱས་པ་ནི་ཤེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་རྣམ་པ་ནི་དོན་དེ་དང་འདྲ་བའི་བསྐྱེད་བྱའོ། །གལ་ཏེ་དེ་མ་གྲུབ་ན་དེའི་རྣམ་པ་ཉིད་ཅི་ལས་ཡིན་ཞེ་ན་དེ་གྲུབ་པར་བསྟན་པ་ནི་གཞན་གྱིས་ཞེས་བྱ་བ་སྟེ། རང་རིག་པ་ནི་གཞན་གྱིས་རིག་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །རང་ངམ་ཞེས་བྱ་བ་ ནི་རྣམ་པ་དབང་པོ་ལ་སོགས་པ་རྣམས་ལ་མེད་པའི་ཕྱིར་རོ། །གནས་ན་ནི་གྲུབ་ནའོ། །དེ་མེད་པར་ཞེས་བྱ་བ་ནི་དེའི་རྣམ་པའི་སྐྱེད་བྱེད་ཀྱི་དོན་མེད་ན་སྟེ་བག་ཆགས་ཙམ་གྱི་བསྐྱེད་བྱ་ཡིན་པའི་ཕྱིར་ཉ་ཕྱིས་ལ་དངུལ་དུ་ལྟ་བུའོ། །དོན་དམ་པར་ཞེས་བྱ་བ་ནི་རང་དང་གཞན་ལ་སྣང་བ་དག་གི་དབྱེ་བ་ཉམས་སུ་མྱོང་བའི་ ཕྱིར་ངེས་པ་གལ་ཏེ་མ་ཡིན་ན་ཞེས་བྱ་བའི་རིགས་པས་སོ། །རྗེས་དཔག་ལ་ལྟོས་ན་ཞེས་བྱ་བ་ནི་ཐོབ་པར་བྱ་བ་མངོན་སུམ་མ་ཡིན་པས་སྐྱེད་པར་བྱེད་པ་མ་ཤེས་པའི་ཕྱིར་རོ། །ལོང་བ་ཞེས་བྱ་བ་ནི་རྟོག་པ་ཙམ་ཡིན་པའི་ཕྱིར་རོ། །ཐམས་ཅད་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཁས་བླངས་པ་ལས་ཀྱང་ཡོད་པས་ དེ་ལྟ་བུར་གྱུར་པའི་ལུང་ལ་གོམས་པས་ཁས་བླངས་པའི་ཕྱིར་རོ། །སྣང་བཞིན་པ་ཉིད་ཀྱི་དོན་ལ་དེ་མ་ཡིན་པའི་ངོ་བོ་མི་རིག་པའི་ཕྱིར་ཤེས་པའི་རྣམ་པའི་རྟོག་པར་རྗེས་སུ་དཔག་པ་ལས་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་ལྷན་ཅིག་སྐྱེས་པའི་ཞེས་བྱ་བའོ། །རྟོགས་པའི་རྣམ་པ་ནི་བདག་ཉིད་དུ་གྱུར་པ་ རིག་ངེས་པར་བྱེད་པ་ཡིན་གྱི་རྗེས་སུ་དཔག་པར་བྱེད་པ་ནི་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ཡང་ཤེས་པ་བཞིན་དུ་རྟོགས་པའི་བདག་ཉིད་དུ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ནི་རྣམ་པ་དང་ཁྱད་པར་བྱེད་པ་འགལ་བ་དང་གཟུང་བ་ཉིད་ལ་ཡང་འགལ་བ་ཡིན་ནོ། །སྐྱེས་པ་ནི་སྐྱེས་པར་འགྱུར་བའོ། །གཟུང་བ་ཉིད་ ལ་འགལ་བ་དམིགས་པར་བསྟན་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བའོ། །དེའི་རྣམ་པ་ཁྱད་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི་དེས་ཕན་འདོགས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །རྣམ་པ་མེད་ཀྱང་ཡུལ་ཉིད་ཡིན་པའི་ཕྱིར་ཤེས་པའི་གཟུང་བྱ་ཡིན་ནོ་སྙམ་དུ་སེམས་པ་ལ་ཤེས་ལ་ཞེས་བྱ་ བ་སྟེ། ཡུལ་ཉིད་ནི་རྣམ་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པ་ཡིན་ན་དེ་མེད་ན་ཇི་ལྟར་ཡིན་ཞེས་བྱ་བའི་དོན་ཏོ། །རིགས་པ་ཡིན་ཏེ་ཞེས་བྱ་བ་ནི་གཞན་དུ་ན་ཐལ་ཆེས་པའི་ཕྱིར་རོ། །ཤེས་པའི་དུས་སུ་ཞེས་བྱ་བ་ནི་འཛིན་པའི་དུས་སུའོ། །ཇི་ལྟར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཉིད་ཤེས་པ་དང་ལྷན་ཅིག་ཡོད་པའི་ཕྱིར་ རོ། །གཟུང་བར་བྱ་བའི་རྡོ་རྗེ་དང་རྡོ་བ་ལ་སོགས་པ་ཡང་ཤེས་པ་སྐྱེད་ན་གང་གི་ཚེ་སྐྱེད་པར་བྱེད་པ་དེའི་ཚེ་བདག་ཉིད་ཐམས་ཅད་ཀྱིས་རྟོགས་པའི་ཕྱིར་རྟོགས་པ་ཉེ་བ་ཡིན་པས་འཛིན་པར་བྱེད་པའི་དུས་ན་མེད་པ་མ་ཡིན་པར་བསྟན་པ་ནི། བརྟན་གང་རྡོ་རྗེ་རྡོ་སོགས་ཀྱི། ཞེས་བྱ་བའོ། །ཤེས་པ་ནི་ཅིག་ཅར་རང་ ཉིད་སྐྱེད་པར་འགྱུར་ཞེས་བྱ་བ་ནི་ཅིག་ཅར་ཉིད་ཤེས་བྱར་འགྱུར་བའོ། །གཞན་ཡང་དེ་ལྟར་འཛིན་པར་འགྱུར་བར་བསྟན་པ་ནི་ཀུན་གྱི་ཞེས་བྱ་བའོ། །རང་གི་ངོ་བོས་དེའི་ཚེ་ཉིད་འབྱུང་ན་ངོ་བོ་གཞན་གྱིས་ནི་འཛིན་པའི་དུས་ན་ཡང་ངོ་ཞེས་བསྟན་པ་ནི་རང་ཉིད་ཅེས་བྱ་བ་སྟེ། ངོ་བོ་གཞན་ནི་དེ་ཉིད་ཀྱི་མ་ཡིན་ནོ། །དབྱེ་ བ་མེད་ཀྱང་དུས་གཞན་ལ་ཇི་ལྟར་མ་ཡིན་ཞེས་ཟེར་བ་ལ་གཞན་ལ་ལྟོས་མེད་ཕྱིར་ཞེས་བྱ་བ་སྟེ། དབྱེ་བ་མེད་པའི་ངོ་བོ་ནི་གཞན་ལ་མ་ལྟོས་པར་རྫོགས་པ་ནི་དེའི་ཚེ་ཉིད་དུ་ཡིན་གྱི་དུས་གཞན་དུ་ནི་མ་ཡིན་ཏེ། དེ་ལ་དབང་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་བཤད་པ་ནི་དུས་ཀྱི་ཆ་ཡིན་ཞེས་བྱ་བའོ། །ཤེས་པ་ གཅིག་གི་དུས་ཉིད་དུ་ཞེས་བྱ་བ་ནི་ཤེས་པ་གཅིག་ལ་སྐྱེད་པའི་དུས་ཉིད་ནའོ། །རྟག་པ་ཉིད་དུ་མི་འགྱུར་བ་ནི་འཛིན་པའི་དུས་ན་ཤེས་པ་ལ་སོགས་པ་བཞིན་དུ་ཡོད་ནའོ། །དེ་ཉིད་བསྟན་པ་ནི་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་སྟེ་སྐྱེད་པར་བྱེད་པའི་དུས་ནའོ། །དུས་ཀྱང་གཅིག་ཡིན་པས་དེ་ཉིད་ ཀྱི་ཆར་འགྱུར་བར་བསྟན་པ་ནི་དུས་ཀྱི་ཆ་མཐའ་དག་ཅེས་བྱ་བའོ། །ཤེས་པ་གཅིག་ལ་ཡང་དེ་ལྟ་བུར་ཡིན་པར་བསྟན་པ་ནི་ཤེས་པ་གཅིག་ལ་ཡང་ཞེས་བྱ་བའོ། །སྐད་ཅིག་རེ་རེ་ཞིང་ཤེས་པའི་བྱེད་པ་པོ་ཐ་དད་ཀྱང་ལས་གཅིག་མ་ཡིན་པར་བསྟན་པ་ནི་ལྷན་ཅིག་བྱེད་པ་ཞེས་བྱ་བའོ། །འབྱུང་ན་ཞེས་བྱ་བ་ནི་འབྱུང་ བའི་ངང་ཚུལ་ཅན་ནོ། །དེ་དག་ནི་ཤེས་པ་དག་གོ། །སྐྱེད་པར་བྱེད་པའི་ཤེས་བྱའི་ངོ་བོ་ཐ་དད་པ་རྟོགས་པར་བྱེད་པ་དེའི་དེ་ཉིད་དེ་ཤེས་པ་ལ་སོགས་པའི་སྐྱོན་འདི་ལ་ཡང་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པ་ལའམ་བུམ་པ་ལ་སོགས་པའི་སྐྱོན་ཡང་ངོ་། །ཚོགས་པ་ལས་བྱུང་བ་ཅིག་ཅར་གཉི་ག་ཡང་གཟུང་བ་ལ་ སོགས་པ་ཉིད་དང་སྦྱོར་བ་མ་ཡིན་པར་བསྟན་པ་ནི་སྔར་བཞིན་ཞེས་བྱ་བའོ། །སྐྱེ་བ་ནི་ངེས་པ་ཅན་ཡིན་ལ་འཛིན་པ་ལ་སོགས་པ་ནི་མ་ཡིན་ཏེ་འཛིན་པ་མེད་པའི་ཕྱིར་རོ། །ཤེས་པ་ཐ་དད་པ་ཡིན་ན་དེས་བྱས་པ་དེའི་ཡུལ་ཉིད་ཀྱི་ངོ་བོ་ཡང་ཐ་དད་པ་ཡིན་ཏེ། ཡུལ་མ་ཡིན་པ་ལ་དེ་ལྟ་བུ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཤེས་ པ་རྣམས་ཞེས་བྱ་བའོ། །དེ་ལྟ་བུ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། སྔ་མ་དང་ཕྱི་མ་མེད་པའི་ཕྱིར་རོ། །རག་ལས་པའམ་ཞེས་བྱ་བ་ནི་སྣང་དུ་རུང་བ་ཉིད་དོ། །གཞན་དུ་ཞེས་བྱ་བ་ནི་ཤེས་པས་བྱས་པའོ། །སྣང་དུ་རུང་བ་ཉིད་ནི་ཤེས་པ་ཡིན་གྱི་གཞན་མ་ཡིན་པ་མ་ཡིན་ནམ། དེའི་རྒྱུ་མིག་ལ་སོགས་པ་གཅིག་ཡིན་པ་ དེའི་ཕྱིར་དེ་ཡང་གཅིག་ཡིན་ནོ། །དེ་ཟེར་བ་ནི་འོན་ཏེ་ཞེས་བྱ་བའོ། །རང་གི་རྒྱུ་ལས་ཉེ་བར་བསྒྲུབས་པས་ཏེ་བསྐྱེད་པའི་མིག་ལ་སོགས་པ་གང་གི་ཡིན་པ་དེའོ། །རྟགས་ཉིད་ནི་གནས་པ་ཉིད་དོ། །མིག་མི་འཛུམས་པར་ཡང་མཐོང་ཡང་སྐད་ཅིག་རེ་རེ་ཞིང་མིག་ཉེ་བ་ལ་ལྟོས་པར་དེ་ལྟ་བུའི་ཁྱད་པར་གྱི་སྣང་བ་ཉིད་ཀྱང་ རྟོགས་པ་ཡིན་པར་བསྟན་པ་ནི་རྡོ་རྗེ་དང་རྡོ་ལ་སོགས་པ་ནི་ཞེས་བྱ་བའོ། །རྣམ་པ་ཀུན་དུ་ཞེས་བྱ་བ་ནི་མི་འཛུམས་པ་དང་ཅིག་ཤོས་ཀྱིས་མ་རྟོགས་པའི་ཕྱིར་རོ། །དེའི་ཚེ་ན་མེད་པའི་ཕྱིར་རོ། །མཐོང་བ་ཉིད་ཐ་མི་དད་པ་ལ་མ་ཡིན་ནམ་རྟོགས་པ་ནི་ཐ་དད་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་དོན་གཅིག་གི་ཡུལ་ཅན་ ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ཐ་མི་དད་པ་ལ་ཡང་ཐ་སྙད་ཡིན་པར་བསྟན་པ་ནི་དུས་ཕྱིས་དྲན་པ་ཞེས་བྱ་བ་སྟེ་འདི་མཐོང་ངོ་ཞེས་བྱ་བ་ནི་མཐོང་བའི་བདག་ཉིད་ཀྱི་རང་གི་རིག་པ་ཉིད་ཀྱང་སྔོན་པོར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་མེད་པར་ཞེས་བྱ་བ་ནི་མཐོང་བ་དང་རྣམ་པར་རྟོག་པ་དག་ཐ་མི་ དད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིག་པར་བྱ་བ་ཞེས་བྱ་བ་ནི་ཤེས་པའི་བདག་ཉིད་དོ། །ཡུལ་དེ་སྔོན་པོ་ལ་སོགས་པ་དེའི་ཤེས་པ་ཉིད་བྱེ་བྲག་ཡིན་པ་དེ་ལས་མཐོང་བ་ནི་རང་ཉིད་དང་ཡུལ་ཡང་རིག་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཇི་ལྟར་ཞེས་བྱ་བའི་བར་ནི་རྒོལ་བ་ཡིན་ཏེ། ཚུལ་ གཉིས་པ་ནི་ཡུལ་གྱི་སྟེ་རང་གི་རིག་པ་དང་གཞན་གྱི་རིག་པ་ལ་ཡང་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །སྐབས་ལས་ཞེས་བྱ་བ་ནི་རང་གི་རིག་པ་ཉིད་མེད་ན་ཡུལ་ཉིད་མི་རིགས་པར་འགྱུར་ཏེ་མ་རིག་པའི་ཕྱིར་རོ། །ཤེས་པའི་རིག་པ་བྱེད་པ་པོ་ཉིད་དུ་ཁས་བླངས་པ་ཉིད་ཀྱི་ཕྱིར་རང་གི་རིག་པ་ཡང་རྟོགས་པ་ཡིན་ལ་ཡུལ་གྱི་རྣམ་ པ་ཉིད་ནི་དེ་ལྟ་མ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་པར་བསྟན་པ་ནི་དེར་ཡང་ཞེས་བྱ་བའོ། །འདོད་པ་ནི་ལོག་པར་རྟོགས་པ་ཡིན་པའི་བར་རོ། །རིག་བྱ་ལས་རིག་པ་ནི་རང་ཉིད་ཀྱིས་ལྐོག་ཏུ་མ་གྱུར་པ་ཉིད་ཁོ་ན་ཁྱད་པར་ཡིན་པར་བསྟན་པ་ནི་དེ་དག་ཉིད་ཀྱིས་ཞེས་བྱ་བ་སྟེ། དེ་དག་ཉིད་ཀྱིས་ནི་ལྐོག་ཏུ་མ་གྱུར་པ་ ཉིད་ཀྱིས་སོ། །ཡང་དག་དྲན་ལས་ནི་རིག་པ་ལ་རྗེས་སུ་འཇུག་པ་མ་ཡིན་པ་མི་རིགས་པས་མི་དྲན་པའི་ཕྱིར་རོ། །རང་རིག་པ་ལ་ནི་གཞན་རིག་པ་མ་ཡིན་པ་ལའོ། །རིག་པ་ཙམ་ཞེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པ་ཙམ་སྟེ། སྔོན་པོ་རིག་པ་ལྐོག་ཏུ་མ་གྱུར་པ་ལ་ལོག་པར་རྟོག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། རང་རིག་པ་ཞེས་བྱ་བ་ནི་གཞན་གྱིས་སྒྲུབ་པ་ཉིད་མ་ཡིན་པའོ། །རྣམ་པར་ཕྱེ་ནས་ནི་གསལ་བའི་ངོ་བོས་སོ། །དོན་གྱི་རྣམ་པ་བཞིན་དུ་ཤེས་པ་ལ་ཡང་དྲན་པ་ཡིན་ཏེ། དེས་ན་སྔར་གཉི་ག་ཉམས་སུ་མྱོང་བ་མ་ཡིན་ནམ། མ་ཡིན་ཏེ་དོན་དམ་ཙམ་ཉམས་སུ་མྱོང་བ་ལ་དེ་ལྟ་བུ་མེད་པའི་ཕྱིར་རོ། །དྲན་པ་ལས་ཕྱིས་ དུས་ཀྱང་ཞེས། །འདི་ནི་བརྫུན་པ་ཉིད་སྨྲ་ཡིན། །དེ་ཉིད་ཚེ་འདི་ཡང་དག་རིག །དོན་གྱིས་གོ་བར་ཉེ་བར་སྐྱེད། །དོན་དེ་ཤེས་པར་ཡང་དག་རིག །དྲན་པ་ལས་ཀྱང་རྗེས་དཔག་ཡིན། །ཞེས་བྱ་བ་ནི་མི་རིགས་སོ། །དྲན་པ་ལས་ཞེས་བྱ་བས་དོན་གྱིས་གོ་བ་ཉིད་ཁྱེད་ཀྱིས་བསྟན་པ་ཡིན་ནོ་ཞེས་ཟེར་བ་ནི་རྣམ་པ་ མེད་པ་ལ་ཡང་ཞེས་བྱ་བ་སྟེ། ཤེས་པ་རང་རིག་པ་ཡིན་ཡང་རྣམ་པ་དང་བཅས་པ་ཡིན་ཏེ། དྲན་པའི་རྗེས་སུ་དཔག་པ་ལས་དོན་མངོན་སུམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་དྲན་པ་ལས་རྣམ་པར་རིག་པ་ཉམས་སུ་མྱོང་བ་ནི་ཉམས་སུ་མྱོང་བ་ གཞན་གྱི་མཚན་ཉིད་ཁོ་ན་འདིས་བརྗོད་པ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། གསལ་བའི་ཁྱད་པར་ཉམས་སུ་མྱོང་བ་མ་ཡིན་པས་དྲན་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་འདི་ནི་ཕན་ཚུན་ཞེས་བྱ་བ་སྟེ། སྔོན་པོ་དང་དེའི་རིག་པ་ཡང་དེ་ལ་གནས་པར་རིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉམས་སུ་ མྱོང་བ་ལ་ཡོད་པའི་གསལ་བའི་ཁྱད་པར་ཉིད་བསྟན་པ་ནི་དྲན་པ་བརྗོད་པར་འདོད་པ་ཞེས་བྱ་བའོ། །གསལ་བ་ཐ་དད་ཅེས་བྱ་བ་ནི་སྔོན་པོ་རིག་པའོ། །དེའི་ཚེ་རིག་པ་ཞེས་བྱ་བའི་དོན་བསྟན་པ་ནི་རང་སྤྱོད་ཡུལ་གྱིས་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་རིག་པ་ནི་ཕན་ཚུན་མ་འདྲེས་པ་ཉིད་དུ་རིག་པ་ནི་རང་གི་ རིག་པར་བྱ་བ་ལས་གཞན་དུ་ཉམས་སུ་མྱོང་བའི་མ་ཡིན་པར་བསྟན་པ་ནི་ཕྱེ་མེད་ཅིང་ཞེས་བྱ་བའོ། །རང་ཉིད་དུ་གྱུར་པའི་ཡུལ་གྱིས་རྣམ་པ་གཞན་དང་ལྡན་པ་ཤེས་པ་ཉིད་ཀྱི་ཕྱིར་འདི་ནི་འདི་ལྟར་ཏེ་འདི་སྔོན་པོའོ་ཞེས་བྱ་བ་དང་འདི་ལྟར་ནི་མིན་ཞེས་བྱ་བ་ནི་སེར་པོ་མ་ཡིན་པའོ། །འདི་ནི་ཞེས་བྱ་བ་ནི་དྲན་པའོ། །ཐ་ དད་མེད་འགྱུར་གྱི་དད་པ་ནི་གཞན་པའོ། །ཡུལ་གྱི་བྱེད་པ་ལས་དེའི་རྣམ་པ་མ་ཡིན་ཡང་འབྱེད་པར་འགྱུར་རོ་ཞེས་བྱ་བ་མི་རིགས་པར་བསྟན་པ་ནི་རྣམ་འབྱེད་མིན་ཞེས་བྱ་བ་སྟེ། ཤེས་བཞིན་དུ་བྱེད་པ་ལ་ཡང་ཡུལ་ལ་མ་ཞུགས་པའི་ཕྱིར་དབྱེ་བ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་རྣམས་ཀྱི་བདག་ ཉིད་དུ་གྱུར་པའི་ཡུལ་ལས་རང་གི་མཚན་ཉིད་ཁྱད་པར་གསལ་བ་ནི་གཞན་ཁོ་ན་མ་ཡིན་ནམ་མ་ཡིན་པར་བསྟན་པ་ནི་མེད་པ་ལ་རྣམ་འབྱེད་ཅེས་བྱ་བའོ། །མཚེ་སོགས་ཞེས་བྱ་བ་ནི་བ་ལི་དང་མགྲིན་བཟངས་ལྟ་བུ་དང་། མིག་འཕྲུལ་གྱི་རི་ལུ་གཉིས་ལ་སོགས་པ་དབྱེ་བ་མི་གསལ་བ་ལ་སོགས་པའོ། ། དྲན་པ་ལ་ཁྱད་པར་མི་གསལ་བའི་ཕྱིར་མི་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནས་དྲན་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་རང་སྤྱོད་ཡུལ་གྱིས་ཕྱེ་མེད་ཅིང་ཞེས་བཤད་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནས་དྲན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཉམས་སུ་མྱོང་བ་ཙམ་གྱིས་ནི་ཞེས་བྱ་བ་ བཤད་པའོ། །འགའ་ཞིག་ཅེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་དབྱེ་བའོ། །བརྟག་པ་ཞེས་བྱ་བ་སྟེ་རྣམ་པར་དབྱེ་བ་ཞེས་བྱ་བ་ནི་གནས་སྐབས་ལས་སོ། །རྒྱུ་མ་ཡིན་པ་ཡུལ་མ་ཡིན་པའི་ཕྱིར་དེ་མེད་པས་རྣམ་པ་མེད་པའི་ཤེས་པ་མི་དབྱེ་བ་ཁོ་ནར་འགྱུར་རོ་ཞེས་བརྗོད་པ་ཡིན་པར་བསྟན་པ་ནི་ཡུལ་གྱི་ རྣམ་པ་ཉིད་མེད་པར་ཞེས་བྱ་བ་སྟེ་ཉམས་སུ་མྱོང་བའི་ཡུལ་དྲན་པ་ནི་དེའི་རྣམ་པའོ། །མངོན་སུམ་ལས་གཞན་དུ་འདས་པ་ཡང་རེ་ཞིག་དམིགས་པ་མ་ཡིན་ཏེ་འདས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི། རྣམ་པ་དེ་ནི་འདས་པའི་ཞེས་བྱ་བའོ། །ད་ལྟར་ཉམས་སུ་མྱོང་བ་ཉིད་ཡིན་ན་དྲན་པ་ནི་མ་ཡིན་ ཏེ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ནི་ད་ལྟར་བ་ཡིན་ན་ཞེས་བྱ་བའོ། །དྲན་པ་ཉིད་དེ་ལྟ་བུའི་རྣམ་པ་ཅན་ཡིན་ཏེ། ཐ་མི་དད་པར་ཉམས་སུ་མྱོང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ལ་ཡང་འགྱུར་བར་བསྟན་པ་ནི་རྣམ་པ་དེ་ཞེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ནི་རིམ་པའོ། །ཉམས་སུ་མྱོང་བ་བཞིན་ དུ་དོན་ཉིད་ལས་དྲན་པ་རྣམ་པ་དང་ལྡན་པ་ཉིད་ཇི་ལྟར་ཡིན་ཞིང་གང་ལས་དེ་དེའི་རྣམ་པ་ཅན་ཡིན་ཞེས་ཟེར་བ་ལ་རྣམ་པ་དང་བཅས་པའི་ཞེས་བྱ་བའོ། །ཅི་ལས་ཤེ་ན་ཕན་མི་འདོགས་པར་ཁྱད་པར་མེད་པའི་ཕྱིར་ཐལ་ཆེས་པ་ཡིན་པར་བསྟན་པ་ནི་དོན་ལས་དྲན་བྱུང་ན་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དོན་ ཉམས་སུ་མྱོང་བའི་ངོ་བོའོ། །དོན་མེད་ན་མི་འབྱུང་ངོ་ཞེས་བྱ་བའི་མེད་པའི་ལས་ནི་དེ་རྒྱུ་མ་ཡིན་ནོ་ཞེས་བསྟན་པ་ནི་དོན་མེད་པར་ཡང་ཞེས་བྱ་བའོ། །རྣམ་པ་མེད་པ་ཉམས་སུ་མྱོང་བ་ཡིན་ན་ཡང་དྲན་པས་འདིའི་རྣམ་པ་ཇི་ལྟར་འཛིན་པ་ཡིན་ཞེས་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ལ་ནི་ཇི་ལྟར་ཉམས་ སུ་མྱོང་བ་ཡོད་པ་ངེས་པའི་ཕྱིར་དོན་ལ་བཞིན་དུ་ཐལ་ཆེས་པ་མ་ཡིན་པར་བསྟན་པ་ནི་གང་ཞིག་ཅེས་བྱ་བའོ། །གཉི་གའི་རང་བཞིན་དུ་ཞེས་བྱ་བ་ནི་སྔོན་པོ་ཉིད་དང་ལྐོག་ཏུ་མ་གྱུར་པ་ཉིད་དོ། །རང་རིག་པར་ཡང་རིག་པ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོ་འཛིན་པའི་དུས་ན་དེའི་འཛིན་པ་གཞན་མི་འབྱུང་བའི་ཕྱིར་དང་། རིག་པ་ མ་ཡིན་པས་ཐུག་པ་མེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འཛིན་བྱེད་གཞན་མེད་ན་སྔོན་པོ་ཉིད་ལྐོག་ཏུ་མ་གྱུར་པ་ཡིན་དུ་ཟིན་ཀྱང་ཇི་ལྟར་རང་རིག་པ་ཡིན་ཞེས་ཟེར་བ་ལ་ཚུལ་གཉིས་ཞེས་བྱ་བ་སྨོས་ཏེ། སྔོན་པོ་ལྐོག་ཏུ་མ་གྱུར་པ་ཞེས་བྱ་བ་ནི་ཚུལ་གཉིས་ཡིན་ལ། དེ་ལྐོག་ཏུ་གྱུར་པ་མ་ཡིན་ཞེས་བྱ་བ་ནི་རང་གི་རིག་པ་ ཡིན་ནའོ། །རང་རིག་ཕལ་ཆེར་གྲུབ་པ་ཞེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པའོ། །མྱོང་བ་ནི་ལྐོག་ཏུ་མ་གྱུར་པ་ཉིད་དེ་སྔོན་པོ་དང་ལྐོག་ཏུ་མ་གྱུར་པ་དག་ནི་ལྐོག་ཏུ་གྱུར་པ་མ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །ཕལ་ཆེར་ཞེས་བྱ་བ་ནི་སྔོན་པོའོ། །ལྐོག་ཏུ་མ་གྱུར་པ་ཞེས་བྱ་བ་འདི་ལ་ལྐོག་ཏུ་མ་ གྱུར་པ་ཉིད་དེ། སྒྲུབ་པར་བྱེད་པ་ཉིད་དུ་འཛིན་པ་ཡིན་གྱི་བསྒྲུབ་བྱ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པར་བྱེད་པས་ཞེས་བྱ་བ་ནི་གྲུབ་པས་སོ། །ཞར་ལ་ཞེས་བྱ་བ་བཤད་པ་ཡང་འདི་བཞིན་དུ་ཤེས་པར་བྱའོ། །གཟུང་དང་འཛིན་པར་འདོད་པ་ལ། །ཁྱོད་ཀྱི་གཅིག་འདོད་དེ་ལྟ་མིན། །དེ་ལྟའི་བདག་ ཉིད་གཅིག་ཉིད་ལ། །ཁྱོད་ལ་དཔེ་ནི་འགའ་ཡང་མེད། །ཅེས་ཟེར་བ་ནི་གལ་ཏེ་རང་རིག་པ་ཞེས་བྱ་བའོ། །མར་མེ་ལ་སོགས་པ་རྣམས་བུམ་པ་ལ་སོགས་པ་རྣམས་ཀྱི་གསལ་བྱེད་དུ་གྲགས་པ་གང་ཡིན་པ་དེ་དག་གསལ་བར་བྱ་བའི་ངོ་བོ་ཡིན་ཏེ། གསལ་བ་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ཡིན་ཏེ་མར་མེ་ལ་ སོགས་པ་ལ་ནི་ཞེས་བྱ་བའོ། །གཞན་ལ་ནི་དེ་མ་ཡིན་པ་ལའོ། །གསལ་བར་བྱ་བ་ཉིད་ཡིན་པར་གཟུང་བ་ཉིད་ཡིན་པར་བསྟན་པ་ནི་གང་ཚེ་དེ་དག་ཅེས་བྱ་བའོ། །དེས་མ་ཡིན་ཞེས་བྱ་བ་ནི་བྱེད་པ་ཡིན་པའི་ཕྱིར་རོ། །ཁྱེད་ཀྱིས་བདག་གཟུང་བྱ་འཛིན་པར་བྱེད་པ་ཁས་བླངས་པ་མ་ཡིན་ནམ་ཞེས་ཟེར་བ་ལ་ གལ་ཏེ་བདག་ཅེས་བྱ་བའོ། །བདག་ཉིད་དུ་ནི་སེམས་པ་ཅན་གྱི་ངོ་བོ་ཉིད་དུའོ། །ཡོད་མ་ཡིན་ཞེས་བྱ་བ་ནི་དེའི་གཟུང་བྱ་མེད་ཅིང་དེས་ནི་འཛིན་པ་མེད་ཅེས་བྱ་བའི་རིགས་པ་སྟེ་སྔོན་པོར་སྣང་བ་ནི་མངོན་སུམ་ཡིན་གྱི་བདག་སྣང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཟུང་བ་དང་འཛིན་པ་ཉིད་གཞན་གྱི་ གསལ་བར་བྱ་བ་ཉིད་མ་ཡིན་པ་ནི་རང་ཉིད་གསལ་བ་གསལ་བ་ཉིད་ཡིན་གྱི་རང་ཉིད་ལ་བྱེད་པ་ནི་མ་ཡིན་ནོ། །དེ་བསྟན་པ་ནི་གང་ལ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གསལ་བར་བྱ་བ་མ་ཡིན་པའི་ཕྱིར་དང་། གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་བསྟན་པ་ནི་མིག་བྱེད་པ་ཞེས་བྱ་བའོ། །དབང་ པོ་ལས་དེ་འཛིན་པའི་བདག་ཉིད་ཡིན་གྱི་དབང་པོ་ཉིད་དེ་ལྟ་མ་ཡིན་པར་བསྟན་པ་ནི་དེ་ལ་དབང་པོ་ཞེས་བྱ་བ་སྟེ་དབང་པོ་འཛིན་པ་མ་ཡིན་པའོ། །མར་མེ་དང་བུམ་པ་ལ་སོགས་པ་འདིར་དཔེ་ཡིན་ཞིང་བདེ་བ་ལ་སོགས་པ་དེ་དག་ཀྱང་ངོ་། །བདག་དང་སེམས་པ་ཅན་དང་སེམས་པ་ཅན་དུ་འདུ་བ་ཡིན་པས་གཟུང་བ་ཉིད་མ་ ཡིན་ཏེ། རང་གི་རིག་པ་ཉིད་དུ་འགྱུར་བར་བསྟན་པ་ནི་འདུ་བས་ཞེས་བྱ་བའོ། །མེད་དོ་ཞེས་བྱ་བ་ནི་འདུ་བ་ཅན་དག་ཐ་དད་པ་ཡིན་ན་འདུ་བ་མ་ཡིན་ལ། ཐ་མི་དད་ན་ཡང་དེ་གཉི་གའི་བདག་ཉིད་ཡིན་ན་ཡང་ངོ་། །བདག་ནི་སྔོན་པོ་རིག་པ་དང་སེར་པོ་ཡང་ངོ་ཞེས་ཚད་མ་པ་ནི་བདག་ཏུ་ཤེས་པའི་ཡུལ་སྔོན་ པོ་ལ་སོགས་པ་དང་ཐུན་མོང་བ་ཡིན་གྱི་དེ་ཉིད་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ནི་གལ་ཏེ་གཟུང་བར་བྱ་བ་ཞེས་བྱ་བ་སྟེ། སྔོན་པོ་ནི་སེར་པོར་རིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་བཞིན་དུ་ཚད་མ་བ་ལ་ཡང་ཡུལ་ཐུན་མོང་དུ་འགྱུར་གྱི་བདག་གིས་ཤེས་སོ་ཞེས་བྱ་བ་འདི་ཤེས་པ་ལྡོག་པ་ཉིད་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་རྣམས་གཟུང་བ་ཉིད་དུ་རང་རིག་པ་རྗེས་སུ་འབྲང་བ་ན་དངོས་པོ་ལྡོག་པ་བཞིན་དུ་དངོས་པོའི་ཤེས་པ་མ་ཡིན་པ་ལྡོག་པ་ཡིན་གྱི་ཤེས་པ་ནི་མ་ཡིན་ཏེ། དེ་ནི་ཚད་མ་བྱེད་པ་པོ་དང་ཐུན་མོང་བ་མ་ཡིན་པར་བསྟན་པ་ནི་ང་ནི་དཀར་ཤམ་ཞེས་བྱ་བའོ། །ལུས་ལྡན་པའི་ནི་ལུས་ལ་གནས་པ་དག་གི་ སྟེ་གཟུང་བ་ཉིད་དང་བདག་ཏུ་འཛིན་པའི་ཤེས་པའི་ཡུལ་ལ་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་རིག་པ་ཡང་མ་ཡིན་པ་ནི་གཟུང་བ་མ་ཡིན་པའོ། །དེ་ཡོད་ན་ཡང་ཞེས་བྱ་བ་ནི་བདག་གིས་གཟུགས་ཞེས་བྱ་བའི་མཐོང་བ་མེད་ན་ཡང་ངོ་། །མཐོང་བ་ནི་བདག་དཀར་ཤམ་མོ་ཞེས་བྱ་བ་ནི་དེའི་རང་བཞིན་ ཏེ། དཀར་ཤམ་གྱི་རང་བཞིན་གྱི་རྒྱུ་མཚན་ཉིད་ཡིན་པ་མ་ཡིན་ཏེ། འོན་ཀྱང་ཡོད་པ་ཉིད་དོ། །བདག་དཀར་ཤམ་མོ་ཞེས་བྱ་བས་གཟུགས་ཉིད་བརྗོད་པ་ཡིན་པར་བསྟན་པ་ནི་དཀར་ཤམ་ལ་སོགས་ཞེས་བྱ་བའོ། །གཟུང་བ་ཉིད་ཀྱི་ཞེས་བྱ་བ་ནི་བདག་གི་གཟུགས་སོ་ཞེས་བྱ་བ་མེད་པའི་ཕྱིར་རོ། །འགལ་ བ་ཅན་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བདག་དང་དཀར་ཤམ་མོ་ཞེས་གཟུང་བ་ཉིད་ལ་ལོག་པས་དཀར་ཤམ་དང་གཟུགས་དག་ལ་ཐ་དད་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་མ་ཡིན་ལ་ཞེས་བྱ་བ་ནི་འབྲེལ་པ་ཡོད་ཀྱང་ཉེ་བར་བཏགས་པ་མེད་པའི་ཕྱིར་གཞན་གྱིས་གསལ་བར་བྱ་བ་མ་ཡིན་པའི་ཡུལ་དུ་བདག་གོ་ཞེས་ བྱ་བའི་སྒྲ་སྔོན་ལ་སོགས་པ་ལ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་བདེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་གསལ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ལ་གཙོ་བོ་ཉིད་ཡིན་པར་བསྟན་པ་ནི་ང་དཀར་ཤམ་མོ་ཞེས་བྱ་བའོ། །བདག་དང་བདག་གི་སྒྲ་དག་གཞན་གྱིས་གསལ་བར་བྱ་བ་མ་ཡིན་པར་བརྗོད་པ་ དག་སྔོན་པོ་དང་བདེ་བ་ལ་སོགས་གཙོ་བོ་ཡིན་པར་བསྟན་པ་ནི་ངའི་བདེ་བ་ཞེས་བྱ་བ་དེ་དྲུག་པས་ཐ་དད་པར་བརྗོད་པ་ཡང་ངའི་བདག་ཉིད་དོ་ཞེས་བྱ་བ་དེ་ནི་སྨྲ་བ་པོའི་རྟོག་པ་ཙམ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དག་རྟོགས་པ་ཡོད་མ་ཡིན། །ཞེས་བྱ་བ་ནི་བསྡུས་ པ་དང་དེ་དང་ལྡན་པ་དང་བདག་ཉིད་དང་གནས་སྐབས་དང་ལྡན་པའི་དབྱེ་བ་ལས་དེ་ལྟ་བུའི་དབྱེ་བ་ཡིན་ཡང་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་ཡུལ་གཙོ་བོ་ཡིན་ཏེ། དེ་བཞིན་དུ་སྟེ་སེམས་པ་ཅན་གྱི་དབྱེ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །སྔ་མའི་ཞག་ལ་མཐོང་བ་ཕྱི་མའི་ཞག་ལ་བདག་གིས་མཐོང་ངོ་ཞེས་བྱ་བར་ འགྱུར་བ་མ་ཡིན་ནམ་ད་ལྟར་ཡོད་པའི་བདག་ཉིད་ལ་ཡང་དེ་ལྟ་བུར་འགྱུར་གྱི་གཞན་ལ་ནི་མ་ཡིན་ཏེ། གཞན་འདི་ནི་སྔོན་པོའམ་ལུས་ལ་སོགས་པའམ་ཉམས་སུ་མྱོང་བའོ་སྙམ་དུ་སེམས་པ་ལ་ཏེ་པོར་བཏགས་ཀྱང་ཞེས་བྱ་བའོ། །གཞན་དམིགས་པ་ནི་གཞན་ལས་མ་ཡིན་ཏེ། ཅི་ལས་ཤེ་ན་གཞན་ཞེས་བྱ་བ་སྟེ་ ལུས་ལ་སོགས་པ་ལས་གཞན་པ་ཉིད་ནི་གཞན་གྲུབ་ན་འགྲུབ་པ་ཡིན་ཏེ། བདག་གོ་ཞེས་བྱ་བ་ཡང་དེ་ཙམ་དུ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་སམ་གཞན་ཡང་ཤེས་པ་པོའི་རིག་པ་ནི་སྐད་ཅིག་རེ་རེ་ཞིང་ཐ་དད་པ་མ་ཡིན་ནམ། ཉམས་སུ་མྱོང་བ་པོའི་བདག་འདི་མཐོང་ངོ་ཞེས་དྲན་པ་ནི་ཤེས་པ་པོ་གཞན་ གྱི་མ་ཡིན་གྱི་ཡུལ་གཞན་ཡང་དེའི་རང་བཞིན་གྱིས་མ་ཡིན་ནོ། །ཤེས་པ་པོ་ལས་བྱུང་བ་ནི་གཞན་ལ་དམིགས་པ་མ་ཡིན་ལ་རང་ཉིད་རིག་པའི་ཉམས་སུ་མྱོང་བས་རྣམ་པར་མ་ཆད་པར་མ་ངེས་པ་ཅན་གྱི་བག་ཆགས་ཀྱིས་བྱས་པའི་སྒྲོ་འདོགས་པར་བྱ་བའི་དྲན་པའི་རྒྱུ་མ་ཡིན་ཏེ་ཉམས་སུ་མྱོང་བ་ཇི་ལྟ་ཇི་ལྟ་བ་ བཞིན་དྲན་པའི་ཕྱིར་རོ། །ཤེས་པ་པོ་ཡིས་ངོ་ཤེས་པ། །བག་ཆགས་ཀྱིས་བྱེད་འོས་ཡིན་ལ། །དེ་མིན་པ་ལ་དེར་ཤེས་པ། །འདི་ནི་འཁྲུལ་པའི་རྒྱུ་མ་ཡིན། །ཞེས་བསྟན་པ་ནི་ཐོག་མ་མེད་པའི་ཞེས་བྱ་བ་སྟེ་ཉམས་སུ་མྱོང་བ་དང་། དྲན་པ་དང་དེའི་གནས་སྐབས་པར་གནས་པ་རྣམས་ཐ་དད་པ་ ཡིན་ལ། ཐ་མི་དད་ན་ཡང་གཉི་ག་དུས་གཅིག་པར་འགྱུར་རོ། །ཐ་མི་དད་པ་ཡང་ཐ་དད་པར་མ་མཚོན་པ་ལ་རང་གི་རིག་པ་རྗེས་སུ་འཇུག་པ་ཡིན་ན་སྟེ་དེ་ལྟར་བག་ཆགས་ཡོངས་སུ་སྨིན་པའི་ཕྱིར་རོ། །སྔོན་དང་ད་ལྟར་འང་བདག་རིག་ཕྱིར། །བདག་གིས་འདི་ནི་ཤེས་པ་ཡིན། །ཞེས་བྱ་བ་ངེས་པ་ ཡིན་གྱི་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བ་མ་ཡིན་པ་ལ་བག་ཆགས་དང་དྲན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་འབྲེལ་པའམ་ཞེས་བྱ་བའི་དོན་དུ་རྟོགས་པ་ཡིན་ནོ། །ལུས་ལ་སོགས་པ་རང་ལ་གནས་པ་རིག་པ་དང་། ཅིག་ཤོས་ཉིད་ལ་ཡང་ཐམས་ཅད་ཀྱི་ཕན་ཚུན་དུ་འབྲེལ་པ་མེད་པ་མ་ཡིན་ཏེ། གཅིག་ གི་བདག་ཉིད་རིག་པའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །རིག་པའི་རྒྱུ་མཚན་གྱི་བདག་གོ་ཞེས་བྱ་བ་ལུས་ལ་བཞིན་དུ་རྩིག་པ་ལ་སོགས་པ་ལ་ཡང་འགྱུར་རོ་ཞེས་ཟེར་བ་ནི་འོ་ན་ཇི་ལྟར་ཞེས་བྱ་བའོ། །ཁྱད་པར་མེད་པར་བསྟན་པ་ནི་ཇི་ལྟར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དེ་བཞིན་དུ་ལུས་ལ་ཡང་ནི་མ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ཤེས་པ་ཉིད་ཡིན་ཡང་ལུས་བཞིན་དུ་རྩིག་པ་ལ་སོགས་པ་ལ་ཡང་ཅིས་མི་འགྱུར་ཞེས་ཟེར་བ་ལ། ཇི་ལྟར་རང་རིག་མིན་ཉིད་ཀྱང་། །ཞེས་བྱ་བའོ། །ངེས་པའི་བག་ཆགས་ཡོད་པས་དེ་ལྟ་བུའི་ཡུལ་ལ་རྟོག་པ་ཡིན་པར་བསྟན་པ་ནི་ཇི་ལྟར་བག་ཆགས་ཞེས་བྱ་བའོ། །རིག་པ་ ཉམས་སུ་མྱོང་བ་ནི་རྩིག་པ་ལྐོག་ཏུ་གྱུར་པ་མ་ཡིན་ཏེ། རང་ཉིད་ཁོ་ན་ཡིན་གྱི་གཞན་རིག་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཐུག་པ་མེད་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་མར་མེ་ལ་སོགས་པའོ། །མིག་ནི་དེ་ལྟ་བུའི་ངོ་བོའི་རིག་པ་སྐྱེད་པར་བྱེད་པ་ཡིན་གྱི་འཛིན་པ་མ་ཡིན་པར་ བསྟན་པ་ནི་མིག་ནི་ཞེས་བྱ་བ་སྟེ། གཟུང་བ་ཡིན་པའི་ཕྱིར་དང་། རང་རིག་པ་དང་དྲན་པ་ལས་ངེས་པར་གཟུང་བའི་ཕྱིར་རོ། །རང་རིག་པ་ཙམ་ནི་བདག་ཏུ་ཤེས་པའི་ཡུལ་མ་ཡིན་གྱི་རྟག་ཏུ་རྗེས་སུ་འབྲེལ་པ་ཡང་ངོ་ཞེས་བསྟན་པ་ནི་འབྲེལ་མི་རྟག་ཕྱིར་ཞེས་བྱ་བའོ། །རྟག་ཏུ་ནི་ཐེར་ཟུག་པ་ཉིད་དོ། །བདག་གོ་ ཞེས་བྱ་བ་མེད་ན་གཞན་གསལ་བར་བྱེད་པ་ཉིད་དུ་ཇི་ལྟར་གོ་བ་ཡིན་ཟེར་བ་ལ་ངར་འཛིན་པའི་ཞེས་བྱ་བའོ། །གཞན་ལ་ལྟོས་པ་མེད་པར་ཞེས་བྱ་བ་ནི་རང་གི་རིག་པར་བྱ་བ་མངོན་སུམ་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་ཞེས་བྱ་བ་ནི་འཛིན་པའི་རྣམ་པ་སྟེ། ལུས་དང་སྔོན་པོ་ལ་སོགས་པ་བྱ་བ་བྱེད་པའི་ འཛིན་པར་བྱེད་པ་གཞན་མཐོང་བ་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཡང་ནང་གི་རེག་བྱ་ཡིན་པས་གཞན་མ་ཡིན་ནོ། །ལྟོས་པ་མེད་པ་ནི་འཛིན་པ་ལ་སྟེ་ལས་ཀྱི་ངོ་བོ་མེད་ནའོ། །རྟོགས་པ་མེད་དོ་ཞེས་བྱ་བ་ནི་ལུས་དང་བདེ་བ་དག་རང་གི་རིག་པའི་བྱ་བ་གཅིག་ལ་ཞུགས་པའི་ཕྱིར་རོ། །རྐྱང་བ་དམིགས་ པ་ལས་ཐ་དད་པ་ཡིན་ན་ཐམས་ཅད་མི་དམིགས་པར་ཐལ་བར་འགྱུར་རོ། །ཐ་དད་པ་ཡིན་ན་ཡང་རང་གི་རིག་པ་ཙམ་ཡིན་པའི་ཕྱིར་བདག་ཉིད་མ་ཡིན་པའི་ངོ་བོ་ལ་མ་ཞུགས་པས་དེ་མིན་ངོ་བོ་མི་རིགས་པས་ཏེ་འདི་རིག་པ་མ་ཡིན་པར་བསྟན་པ་ནི་དེ་དག་ནི་ཞེས་བྱ་བའོ། ། བདེ་བ་ལ་སོགས་པས་ཐ་དད་ན་ཡང་ཞེས་བྱ་བ་ནི་འཛིན་པའི་དབྱེ་བ་འབྱེད་པར་བྱེད་པ་མ་ཡིན་པ་ཉིད་ཡིན་ན་དེའི་དབྱེ་བ་ལ་ཚད་མ་མེད་པའི་ཕྱིར་རོ། །འདོད་པ་ལ་སོགས་པ་ཞེས་བྱ་བ་ནི་འདོད་པ་མ་ཡིན་པ་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། མཛེས་པའི་གཟུགས་ལ་སོགས་པའོ། །འཛིན་པར་ བྱེད་པ་ལ་ལྟོས་པས་ཞེས་བྱ་བ་ནི་འཛིན་པར་བྱེད་པའི་ཁྱད་པར་ལ་ལྟོས་པ་སྟེ། གཅིག་གི་གཟུང་བ་ནི་ཅིག་ཤོས་ཀྱི་ཡང་མ་ཡིན་ཏེ། གཅིག་གི་འགལ་བ་མི་འཛིན་པའི་ཕྱིར་རོ། །འཛིན་པར་བྱེད་པ་ངེས་པ་ཡིན་ཡང་དངོས་པོ་གཅིག་ཉིད་དུ་འགལ་བ་ཡིན་པར་བསྟན་པ་ནི་གཅིག་ཏུ་རིག་པ་ཞེས་བྱ་བའོ། །ཐམས་ ཅད་ནི་བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པའོ། །དེ་ཉིད་ཀྱི་ཚེ་ནི་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ལྐོག་ཏུ་མ་གྱུར་པའི་དུས་ནའོ། །སྔོན་པོ་ཉམས་སུ་མྱོང་བ་ལྐོག་ཏུ་མ་གྱུར་པ་ཉིད་དེ་ལས་གཞན་དུ་མི་འཐད་པའམ་བློ་ཡང་རིག་པར་འགྱུར་བ་མ་ཡིན་པར་བསྟན་པ་ནི་འཇིག་རྟེན་རིག་བྱ་ཞེས་བྱ་བའོ། །ཤེས་ པ་ནི་རིག་པ་སྟེ་ལྐོག་ཏུ་མ་གྱུར་པ་ཉིད་དོ། །ལྐོག་ཏུ་མ་གྱུར་པ་རིག་པ་ནི་སྔོན་པོ་ལ་སོགས་པ་ལ་མ་གཏོགས་པ་དོན་གྱིས་གོ་བའི་ཡུལ་མ་ཡིན་པར་བསྟན་པ་ནི་དོན་གོམས་ཞེས་བྱ་བ་སྟེ། རང་ཉིད་ལྐོག་ཏུ་མ་གྱུར་པ་ཉིད་ཀྱིས་སྔོན་པོ་མ་ཡིན་པ་ལ་སོགས་པའི་ཁྱད་པར་ལས་ཀྱང་དོན་གྱིས་གོ་བ་ལ་ལྟོས་ པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྙམ་པའི་བཟུང་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གྱི་བློའི་ངོ་བོ་རྣམ་པར་རྟོག་པའི་ཤེས་པ་གང་གི་ཡིན་པ་དེ་དེ་ལྟ་བུའི་ངོ་བོའི་ཡུལ་ཅན་ནོ། །མཐོང་བའམ་རྟོགས་པས་ཀྱང་མ་རྟོགས་པའི་ངོ་བོ་ཚད་མའི་སྤྱོད་ཡུལ་མ་ཡིན་པ་མ་ཡིན་ ཡང་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི་རང་བཞིན་མ་རྟོགས་པ་ཞེས་བྱ་བའོ། །དེ་ལྟར་ནི་མི་འཛིན་པ་ཉིད་ཀྱིས་སོ། །རྟོགས་པ་མེད་པ་ཉིད་ནི་འཛིན་པ་རྟོགས་པ་མ་ཡིན་པ་ཉིད་དོ། །ངའི་ཞེས་བྱ་བ་འདིའི་དོན་གཙོ་བོ་ཡིན་གྱི་བདག་གི་ནི་མ་ཡིན་ནོ། །ལུས་ལ་སོགས་པ་ལས་གཞན་རྟོགས་པ་མ་ཡིན་ པར་བསྟན་པ་ནི་བློ་ཞེས་བྱ་བའོ། །དྲུག་པ་ཐ་དད་པར་ཐ་སྙད་འདོགས་པར་ཡང་རྣམ་པ་འགས་རྟོག་པ་ཙམ་ཡིན་པར་བསྟན་པ་ནི་གཟུགས་ལ་སོགས་པའི་ཁྱད་པར་ཞེས་བྱ་བའོ། །ཇི་ལྟར་གཟུགས་དམིགས་ཀྱིས་བསལ་བ་ལ་བསྟན་པ་ནི་གཟུགས་ལ་སོགས་པ་ནི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ གཅིག་གིས་མ་རྟོགས་པ་ནི་གཞན་གྱིས་ཀྱང་མ་རྟོགས་པའོ། །གཞན་ཡང་ཞེས་བྱ་བ་ནི་རྟོགས་པའོ། །གཟུགས་ཀྱི་གསལ་བའི་ངོ་བོ་རང་རིག་པ་ཡིན་པར་གྲུབ་པ་ཉིད་དུ་བསྟན་པ་ནི་རྟོགས་པ་ཉིད་ཅེས་བྱ་བའོ། །སྨྲས་པ་ཞེས་བྱ་བ་ནི། དེའི་ཚེ་བདག་གི་གཟུང་དོན་ལ། །གང་ཡིན་བདག་གིས་ མི་དྲན་པ། །གཟུང་བའི་ངོ་བོ་དང་བྲལ་བའི། །འཛིན་པའི་རྣམ་པ་དྲན་པར་བྱེད། །ཅེས་བྱ་བའོ། །ཁྱད་པར་ལ་ཞེས་བྱ་བ་ནི་གཟུང་བའི་ཁྱད་པར་གྱི་མཐར་ཐུག་པའོ། །ཐེ་ཚོམ་མི་ཟ་བ་ཡིན་ནོ་ཞེས་བྱ་བ་ནི་དོན་གང་ཡང་གཟུང་ངོ་ཞེས་བྱ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །སྔོན་པོའི་བདག་ཉིད་ཀྱི་བློ་ཉིད་བློ་ གཞན་གྱིས་གཟུང་བ་ཡིན་ནོ་ཞེས་ཟེར་བ་ནི་གཟུགས་སོགས་ཞེས་བྱ་བའོ། །རེ་ཞིག་སྔོན་པོ་འཛིན་པའི་དུས་ན་དེ་འཛིན་པར་བྱེད་པ་ཅིག་ཅར་མ་ཡིན་ཏེ། ཤེས་པ་མ་སྐྱེས་པའི་ཕྱིར་རོ། །གཞན་ལ་ཆགས་པས་མི་ཕྱོགས་པའི་ཕྱིར་རིམ་གྱིས་ཀྱང་འཛིན་པའི་རྣམ་པ་མེད་པ་དང་། གཟུང་བ་ཡང་མི་ རིགས་པར་བསྟན་པ་ནི་དེ་དངོས་ཅན་ཞེས་བྱ་བའོ། །འགགས་ཞེས་བྱ་བ་ནི་གཟུང་བའོ། །དེ་ཞེས་བྱ་བ་ནི་འཛིན་པར་བྱེད་པ་སྟེ། ཤེས་པ་ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་དོན་ཉམས་སུ་མྱོང་བ་ནི་དེ་མེད་ན་མི་འབྱུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ རྒྱུ་ཉིད་དུ་ཅིག་ཅར་བ་མ་ཡིན་པའི་ཕྱིར་རྒྱུ་མེད་ཡིན་པ་ཉིད་དུ་ཐལ་ཆེས་པའི་ཕྱིར་རོ། །གཟུང་བར་བྱ་བ་ཡང་སྔོན་པོ་དང་དེའི་ཤེས་པ་ཡང་ངོ་། །མངོན་སུམ་ལས་གཞན་པའི་འདས་པ་ལ་སོགས་པའི་ཡང་འཛིན་བྱེད་མ་ཡིན་ཏེ་དངོས་པོ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་རང་གི་ངོ་བོ་མེད་པ་ཞེས་བྱ་བའོ། ། རང་གི་རང་བཞིན་ཡང་ན་འཛིན་པར་བྱེད་པའི་སྟེ་ཁས་མ་བླངས་པའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་པ་ཞེས་བྱ་བར་སྦྱར་རོ། །ཐུག་པ་མེད་པར་ཞེས་བྱ་བ་ནི་འཛིན་བྱེད་གཞན་འཕེན་པ་ཡིན་ནའོ། །འཛིན་པར་བྱེད་པའི་རིག་པ་ཡང་གཟུང་བ་བཞིན་དུ་མ་ཡིན་ཞིང་། ལས་མེད་པ་ཉིད་ཀྱིས་ཡིན་པར་བསྟན་པ་ནི་ དོན་དུ་སྣང་བ་ཞེས་བྱ་བའོ། །གཟུང་བྱའི་ལས་ཅན་གྱི་ཤེས་པ་དེའི་སྔོན་པོའི་ཤེས་པ་དོན་དུ་སྣང་བ་དང་ལྡན་པའོ། །སྔོན་པོ་རིག་པའི་མངོན་སུམ་ཉིད་ལས་ཀྱི་ངོ་བོས་མ་ཡིན་པར་བསྟན་པ་ནི་བློ་ལ་ཞེས་བྱ་བ་སྟེ་སྔོན་པོ་རིག་པ་ལའོ། །འཛིན་པར་བྱེད་པ་ཞེས་བྱ་བ་ནི་མངོན་སུམ་ ཉིད་དོ། །བདག་ལ་ནང་མངོན་ཕྱོགས་ཞེས་བྱ་བ་ནི་ལས་དང་བྱེད་པ་པོ་ཉིད་ཀྱི་ངོ་བོས་ནི་མ་ཡིན་ཏེ། མངོན་སུམ་རིག་པ་འདི་ལས་ཀྱི་ངོ་བོ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བས་དོན་དུ་སྣང་བ་བཞིན་ཞེས་བྱ་བའི་དོན་བཤད་པ་ཡིན་ནོ། །བདག་གཅིག་ལ་འདུ་བའི་ཕྱིར་གཟུང་བ་དང་ཅིག་ ཤོས་ཀྱི་བློ་དག་ཕན་ཚུན་རྗེས་སུ་ཞུགས་པས་ནང་དུ་ཕྱོགས་པ་ཉིད་དུ་སྣང་བར་མི་རིགས་ཏེ་དྲན་པ་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་འོན་ཏེ་བདག་གི་ཉིད་ཀྱིས་བློ་ཞེས་བྱ་བའོ། །དོན་དུ་སྣང་བ་དང་ལྡན་པ་ཉིད་མེད་པས་ཕྱི་རོལ་དུ་མངོན་པར་ཕྱོགས་པ་ཉིད་རང་རིག་པ་མ་ཡིན་པ་ལ་འགྱུར་བ་མ་ཡིན་ པར་བསྟན་པ་ནི་ཡུལ་གང་གི་ནི་སྣང་བ་གང་ཞེས་བྱ་བ་སྟེ་ཁྱད་པར་དུ་སྣང་བའོ། །ཡུལ་གང་གི་ཞེས་བྱ་བ་ནི་བཤད་པ་པོའི་དང་ཤེས་པའི་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དེ་ཞེས་བྱ་བ་ནི་ཡུལ་དུ་སྣང་བའམ་ཡུལ་ཡང་རུང་བ་དེའི་ཤེས་པ་གང་གིས་ཞེས་བྱ་བར་བསྟན་པ་ནི་ཡིན་ནོ། །རང་གི་རིག་པ་མ་ཡིན་གྱིས་རང་ ཉིད་དུ་གྱུར་པའི་སྣང་བ་རིག་པ་མ་ཡིན་པའི་ཕྱིར་དེའི་སྒོ་ནས་དོན་རིག་པ་མ་ཡིན་པ་ནི་བདག་ཉིད་སྣང་བ་འཛིན་པ་ཉིད་དོན་འཛིན་པར་སྟོན་པར་བྱེད་པ་ཡིན་ཏེ། རྩ་བ་ནས་འཐུང་བ་ལ་སོགས་པ་ལྟ་བུའོ། །དོན་དུ་སྣང་བ་ནི་བློ་ནི་དོན་རིག་པ་ཡིན་གྱི་བདག་ཉིད་རིག་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི་མྱོང་གཞན་ཅི་ཡོད་ཅེས་ བྱ་བ་སྟེ། མྱོང་བའི་བདག་ཉིད་ནི་དོན་རིག་པའི་ངོ་བོ་ཡིན་པས་རྣམ་པ་མེད་པའི་བློ་མི་རིགས་པའི་ཕྱིར་རོ། །དེ་བཤད་པ་ནི་གལ་ཏེ་བློ་ནི་ཞེས་བྱ་བའོ། །དེའི་ངོ་བོར་ཞེས་བྱ་བའི་དོན་དང་འདྲ་བའི་བློ་ནི་དོན་རིག་པ་ཡིན་ཏེ་ངེས་པ་རང་ལས་རྟོགས་པར་བྱ་བ་ཙམ་གྱི་མཐར་ཐུག་པའི་ཕྱིར་རོ། །དེའི་ངོ་བོ་ཡང་དོན་བཞིན་ དུ་རྟོགས་བྱ་རྟོགས་པ་ཉིད་ཡིན་ནོ་ཞེས་ཟེར་བ་ལ། དེ་ཡི་རང་བཞིན་རིག་མེད་ན། །ཞེས་བྱ་བའོ། །དེ་ལ་ཡང་རང་རིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ནི་རང་རིག་པ་གཞན་ཞེས་བྱ་བ་སྟེ། བདག་ཉིད་དུ་གྱུར་པའི་རྣམ་པ་ཡང་ཕྱི་རོལ་ཉིད་དུ་རྟོགས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་མེད་པས་ཞེས་བྱ་བ་ནི་རང་རིག་པ་མེད་པས་ ཏེ་དེ་དང་འདྲ་བ་ཉིད་དམ་དེ་རིག་པའོ། །མྱོང་བའི་མཚན་ཉིད་ནི་ངེས་པ་རིག་པའོ། །སྔར་གྱི་དོན་གྱི་རྣམ་པ་ཙམ་ལས་ཞེས་བྱ་བ་ནི་བློའོ། །གཞན་དུ་ཞེས་བྱ་བ་ནི་རྣམ་པ་མེད་པའོ། །དེའི་ཚེ་ངེས་པ་རིག་པ་མ་ཡིན་ན་ཕྱི་རོལ་གྱི་རྣམ་པ་ཡང་བོར་ན་ངེས་པའི་དོན་དུ་རྣམ་པ་གཞན་ལ་བརྟེན་ན་ཐུག་པ་མེད་པ་ཡིན་ པར་བསྟན་པ་ནི་འདྲ་བ་ཐམས་ཅད་ཅེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་དོན་ཡང་ངོ་། །དེར་ཞེས་བྱ་བ་ནི་བློ་ཉིད་དོ། །དོན་ཉིད་ཀྱི་ཕྱིར་ནི་བེམས་པོ་ཉིད་ཀྱི་ཕྱིར་སྔོན་པོ་མ་ཡིན་ནོ། །རང་གི་རིག་པ་མ་ཡིན་པ་ལས་དོན་ཉིད་ནི་བློ་ཡིན་པར་མངོན་པར་འདོད་པ་ལ་ཡང་ཡིན་པར་བསྟན་པ་ནི་དོན་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བའོ། ། གཞན་ལ་མཐར་ཐུག་པ་ཡིན་པའི་ངོ་བོ་དོན་ཉིད་ཡིན་ནོ་ཞེས་ཟེར་བ་ནི་བློ་མ་ཡིན་ཞེ་ན་ཞེས་བྱ་བའོ། །རྒྱུ་ལས་གཞན་པ་མཐར་ཐུག་ཉིད་མ་ཡིན་ཏེ། དོན་ལ་ཡང་དེ་ཁྱད་པར་ཅན་མ་ཡིན་པར་བསྟན་པ་ནི་བློ་མ་ཡིན་པ་ཉིད་ཅེས་བྱ་བ་སྟེ་བློ་ཉིད་དང་ལྡན་པ་ནི་མ་ཡིན་ཏེ། ངོ་བོའི་ངེས་པ་ལ་ཕྱིན་ཅི་ལོག་པར་ཁྱད་པར་མེད་པའི་ ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བློ་མ་ཡིན་པ་ཉིད་ནི་དོན་མ་ཡིན་པའི་ངོ་བོའི་བློ་བཀག་པ་ཡིན་ན་དོན་མ་ཡིན་པ་ཉིད་ཀྱང་བློའི་དོན་བཀག་པ་ཡིན་ན་ད