Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 179

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
ི་ཕྱིར་དམིགས་པ་དང་། མ་དམིགས་པ་དག་དེའི་བདག་ཉིད་ཡིན་པའི་ཕྱིར་དམིགས་པ་ཉིད་མི་དམིགས་པ་ཡིན་ནོ། །གལ་ཏེ་འདི་ཤེས་པ་གཞན་མི་དམིགས་པ་ཡིན་དུ་ཆུག་ན། ཤེས་བྱ་གཞན་མི་དམིགས་པ་ཅི་ལྟར་ཡིན་ཞེ་ན། ཤེས་
པ་དང་ཤེས་བྱ་དག་ཐ་དད་པ་མེད་དོ་ཞེས་བསྟན་ཟིན་པའི་ཕྱིར་ཉེས་པ་མེད་དོ། །ཡང་ན་འམ་གྱི་སྒྲ་ནི་དེ་བཞིན་གྱི་དོན་ཏོ། །ཅི་ལྟར་འདི་མི་དམིགས་སོ་སྙམ་པའི་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་ན་དེ་ལྟར་ངེས་པའི་དམིགས་པ་དམིགས་པ་ཡིན་པ་དེ་བཞིན་དུ་མ་དམིགས་སོ་སྙམ་པའི་ངེས་པ་ལས་
ཀྱང་མི་དམིགས་པ་ཉིད་ཡིན་ནོ། །གལ་ཏེ་དངོས་པོ་མེད་པར་བསྒྲུབ་པའི་དངོས་པོ་མེད་པ་ཡོད་པ་ཉིད་ཀྱིས་ན་དངོས་པོ་རྣམས་ཁྱད་པར་འགྲུབ་པ་མ་ཡིན་ནམ། དེ་ཅི་ལྟར་ན་དངོས་པོ་མེད་པ་འཆོལ་བར་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་
སོ་ཞེས་བྱ་བའམ། མི་དམིགས་སོ་ཞེས་རྟོག་ཅན་གྱི། །བློ་ནི་སྐྱེ་བར་འགྱུར་བ་ཡིན། །མྱོང་བ་ཁྱད་པར་ཅན་ཉིད་ལས། །དོན་རྣམས་ཁྱད་པར་ཅན་དུ་རྟོགས། །དེ་ལྟའི་བདག་ཉིད་ཅན་མྱོང་མིན། །འདི་ཡི་ཐ་སྙད་བློ་རྒྱུ་ཡིན། །གལ་ཏེ་མྱོང་བ་ཁྱད་པར་དུ་ན་མྱོང་བ་གཞན་གྱིས་དབེན་པ་མེད་ན་ནི། མྱོང་བར་བྱ་

བའི་ཁྱད་པར་རྟོགས་པ་ལ། གལ་ཏེ་རང་རིག་པར་དེའི་རང་བཞིན་གྱིས་མྱོང་བ་ཉམས་སུ་མ་མྱོང་ན་དེའི་ཚེ་ཁྱད་པར་རྟོགས་པར་མི་འགྱུར་རོ། །དངོས་པོ་མེད་པར་རིགས་པས་རྟོགས་སོ་ཞེ་ན། དབྱེ་བ་མེད་པར་མྱོང་བ་ལ་དངོས་པོ་ཆོད་པ་རིག་པར་ནུས་པ་ཡོན་པ་མ་ཡིན་ཏེ། ཚད་
མས་བཟུང་བ་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །འདི་ནི་བསྟན་ཟིན་པས་མི་བརྗོད་དེ། འདི་ལྟར། དྲན་པ་མེད་པར་དངོས་མེད་ཀྱི། །ཚད་མ་ཡོད་པར་སྲིད་མ་ཡིན། །ཁྱད་པར་གཞན་གྱི་མེད་པར་ཡང་། །བཟློག་པའི་ཟླ་བོ་དྲན་མ་ཡིན། །བཟློག་ཟླ་དྲན་པ་མེད་པར་ནི། །དངོས་པོ་མེད་པའི་
ཚད་མ་སྐྱེ་བ་མ་ཡིན་ལ། །བཟློག་པའི་ཟླ་དྲན་པར་ཡང་ཁྱད་པར་ཅན་ཡང་རིགས་མེད་པར་མ་ཡིན་ནོ། །འོན་ཏེ་སྔར་ཁྱད་པར་ཅན་དུ་མྱོང་ངོ་ཞེ་ན། དེ་ལྟར་ཡིན་ན་འདི་ཡང་ཡིན་པས་དངོས་པོ་མེད་པ་དོན་མེད་པ་ཉིད་དོ། །འོན་ཏེ་དངོས་པོ་མེད་པ་དེ་ཉིད་མེད་པའི་ཐ་སྙད་དུ་བསྒྲུབ་པོ་ཞེ་ན། གཞན་གྱིས་
འགྲུབ་པ་གཞན་གྱིས་བསྒྲུབས་པས་ཅི་བྱ། ཐ་སྙད་བསྒྲུབ་པ་ལ་ནི། རང་བཞིན་གྱི་གཏན་ཚིགས་ཀྱི་རང་བཞིན་མི་དམིགས་པ་དེ་ཉིད་ཡིན་ནོ། །དེའི་ཕྱིར་གཞན་གྱིས་དབེན་པ་ཉམས་སུ་མྱོང་བའི་ངོ་བོ་ཉིད་ལས་ཐ་དད་པའི་རྣམ་པར་རྟོག་པ་ཡིན་ལ་ཐ་དད་པ་དེ་ཉིད་ནི་དེ་ལས་གཞན་མེད་པ་ཡིན་ནོ། །
དེ་ཕྱིར་བློ་དབྱེ་རང་ཉིད་ལས། །གྲུབ་འགྱུར་དེ་དག་གིས་དེའི་དོན། །དེ་ལྟ་མིན་ན་ཐུག་མེད་ཕྱིར། །འགའ་ཡང་ཐ་དད་འགྲུབ་མི་འགྱུར། །བློ་ནི་རང་རིག་པ་ཉིད་གཞན་ལ་ལྡོག་པར་རབ་ཏུ་གྲུབ་ལ། དེ་ལས་ཀྱང་དོན་གྱི་ཁྱད་པར་ཡིན་པའི་ཕྱིར་མྱོང་བའི་ཐ་སྙད་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་
མངོན་སུམ་ཉིད་ལས་ཐ་དད་པ་མ་ཡིན་གྱི། འོན་ཀྱང་དངོས་པོ་མེད་པའི་ཚད་མ་ལས་ཡིན་ན། དེ་ལྟ་ཡིན་ན་ཐུག་པ་མེད་པའི་ཕྱིར་མི་རྟོགས་པར་འགྱུར་རོ། །འདི་ལྟར། གལ་ཏེ་དངོས་པོ་མེད་པ་ཡི། །ཚད་མས་ཐ་དད་སྒྲུབ་བྱེད་ན། །དངོས་མེད་དེ་ཡང་དངོས་མེད་པ། །གཞན་གྱིས་ངེས་བཟུང་དེ་
ཡང་ནི། །གཞན་གྱིས་དེ་ཡང་དེ་ལས་ནི། །གཞན་གྱིས་ཡིན་ཕྱིར་ཐུག་མེད་འགྱུར། །དེ་ལྟར་ན་ཐ་སྙད་མེད་པར་འགྱུར་རོ།། །།བམ་པོ་བཅོ་ལྔ་པ། གལ་ཏེ་དངོས་པོ་མེད་པའི་ཚད་མས་མངོན་སུམ་གྱིས་མ་རྟོགས་པའི་ཐ་དད་པ་རྟོགས་པ་ཡིན་ན། དངོས་པོ་མེད་པ་དེ་ནི་འགལ་ཟླ་དྲན་པ་

མེད་པར་མི་འཇུག་གོ། །འགལ་ཟླ་དྲན་པ་ཡང་མངོན་སུམ་གྱིས་ཐ་དད་པར་བཟུང་བ་ལས་འགྱུར་བ་ཡིན་པའི་ཕྱིར་དངོས་པོ་མེད་པར་དོན་མེད་པར་འགྱུར་ཏེ། དེ་ལྟར་ཡང་སྔོན་བཞིན་དུ་མངོན་སུམ་ཉིད་ཀྱིས་ཐ་དད་པར་འཛིན་པའི་ཕྱིར་རོ། །འོན་ཏེ་དེར་ཡང་དངོས་པོ་མེད་པར་ཐ་དད་པ་མ་ཡིན་པས་ན་དངོས་པོ་
མེད་པ་དོན་མེད་པ་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེའི་ཚེ་ཡང་དྲན་པ་ལ་ལྟོས་པས་དེར་ཡང་དངོས་པོ་མེད་པ་འཇུག་པར་བྱེད་པའི་དྲན་པ་གཞན་ཡིན་པར་འགྱུར་བས་ཐུག་པ་མེད་པར་འགྱུར་རོ། །འདི་ནི་ཁས་བླངས་ནས་བརྗོད་པར་ཟད་དེ། གང་གིས་དེའི་ཚེ་དངོས་པོ་མེད་པར་འཇུག་པ་ན་དེས་འདི་
ལས་ཐ་དད་པར་འཛིན་པ་དེ་ལྟར་བཟུང་བ་ནི་དེའི་ཚེ་འགལ་ཟླར་དྲན་པ་ནི་མི་སྲིད་དོ། །དེས་ན་དངོས་པོ་མེད་པ་ནི་འཇུག་པར་མི་སྲིད་པ་ཉིད་དོ། །དེའི་ཕྱིར་གཞན་གྱི་ལྟ་བ་ལ་ནི་ཐ་དད་པར་རྟོགས་པ་མེད་པ་ཉིད་དོ། །དེའི་ཕྱིར། རང་བཞིན་ཁྱད་པར་ཅན་མྱོང་ལ། །གཞན་གསལ་བ་ནི་གཞན་མ་ཡིན།
དེ་ཕྱིར་དེ་མི་དམིགས་པ་ཡང་། །དེ་ལས་ཁྱད་པར་ཅན་མི་དམིགས། །ཁྱད་པར་ཅན་གྱི་རང་བཞིན་དམིགས་པ་ཉིད་དེ་ལས་གཞན་མེད་པར་བསྒྲུབ་པ་ཡིན་ཏེ། ཁྱད་པར་ཅན་གྱི་རང་བཞིན་མྱོང་བ་མེད་པར་ནི་གཞན་དེར་མེད་པར་མི་འགྲུབ་པོ། །གལ་ཏེ་ཁྱད་པར་ཅན་ཉམས་སུ་མྱང་བས་ནི། དེ་དེ་
ལྟ་བུར་གྱུར་པ་ཉིད་དུ་འགྱུར་གྱི། དེ་དེ་ལ་མེད་པར་ཅི་ལྟར་འགྱུར། །ཡུལ་དང་དུས་གཞན་དུ་འགྱུར་བ་ནི་དེར་མེད་པ་ལ་མ་ཡིན་ཏེ། དེ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། རང་བཞིན་ཁྱད་པར་ཅན་མྱོང་ན། །གཞན་མ་གསལ་བར་ཅི་ལྟར་འགྱུར། །
གལ་ཏེ་གཞན་གསལ་མེད་ན་ནི། །དེ་ཉིད་གྲུབ་པར་འགྱུར་མ་ཡིན། །ཁྱད་པར་ཅན་གྱི་རང་བཞིན་མ་མྱོང་བ་ནི་དོན་མེད་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པའི་རང་བཞིན་ཁྱད་པར་ཅན་མྱོང་ངོ་ཞེ་ན། དངོས་པོ་མེད་པར་རྟོགས་པས་གཞན་གྱིས་ཅི་ཞིག་བྱ་དངོས་པོ་མེད་དེ་རྟོགས་ཀྱང་རང་
གི་ངོ་བོ་ཁྱད་པར་རྟོགས་པ་མེད་པ་ནི་ཁྱད་པར་ཅན་གྱི་རང་བཞིན་མྱོང་བ་མ་ཡིན་ནོ། །རང་གི་ངོ་བོ་ཉིད་རྟོགས་པ་ནི་གདོན་མི་ཟ་བར་འདོད་པར་བྱ་བ་ཡིན་ནོ། །དངོས་པོ་མེད་པར་གཞན་གྱི་རང་བཞིན་ནི་རང་གི་ངོ་བོར་རྟོགས་ནུས་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཁྱད་པར་ཅན་ཉམས་སུ་མྱོང་བ་གཞན་

དང་གཞན་དངོས་པོ་མེད་པ་སྒྲུབ་པ་ཡིན་ལ་གཞན་མི་དམིགས་པ་ཉིད་དངོས་པོ་ཡང་དེའི་ཁྱད་པར་ཅན་དམིགས་པ་ཉིད་ཡིན་ནོ། །དེས་ན་མི་དམིགས་པ་འདི་ནི། རང་ཉིད་མངོན་སུམ་ལས་རྟོགས་པས། །རང་ཉིད་ཙམ་གྱིས་འཇུག་པ་ཅན། །དེ་མེད་རྣམ་གཞག་གོ་བྱེད་ཡིན། །
དེས་ན་རང་བཞན་ངེས་པ་དམིགས་པའི་རང་བཞིན་མི་དམིགས་པ་ཉིད་དངོས་པོ་མེད་པ་ཡིན་པའི་ཕྱིར་མི་དམིགས་པ་དང་། དངོས་པོ་མེད་པ་དག་དེའི་བདག་ཉིད་དུ་གྲུབ་པ་དང་། མངོན་སུམ་གྱིས་གྲུབ་པ་ཡང་ཡིན་པས་ན་མ་གྲུབ་པ་དང་། འབྲེལ་པ་མེད་པའི་ཉེས་པར་མི་འགྱུར་རོ། །མི་དམིགས་པ་
དེ་ཡང་རྒྱུ་ནུས་པ་ཉིད་ཡིན་པས་ན། རང་ཙམ་གྱིས་འཇུག་པ་དངོས་པོ་མེད་པའི་ཐ་སྙད་འཇུག་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། དམིགས་པ་ངོ་བོ་མེད་པ་ནི་དམིགས་པ་ཡིན་ལ། དངོས་པོ་ངོ་བོ་མེད་པ་ཡིན་ན། དེའི་ཚེ་ཐུག་པ་མེད་པའི་ཕྱིར་མི་འགྲུབ་པ་ཉིད་དོ་ཞེས་བཤད་པ་ནི། གཞན་དུ་དོན་གྱིས་
མེད་པ་ཉིད། །མི་དམིགས་པ་ལས་རྟོགས་པར་འགྱུར། །གཞན་གྱིས་དམིགས་པ་མེད་པ་ཉིད། །ཡིན་པའི་ཕྱིར་ན་ཐུག་མེད་འགྱུར། །ཅི་ལྟར་དངོས་པོ་ངོ་བོ་མེད་པ་མི་དམིགས་པ་ལས་ཡིན་པ་དེ་བཞིན་དུ་དམིགས་པའི་ངོ་བོ་མེད་པའི་རང་བཞིན་མི་དམིགས་པ་ཡང་མི་དམིགས་པ་གཞན་ལས་ཡིན་
ལ། དེའི་ངོ་བོ་ཉིད་མེད་པ་ཡང་གཞན་ལས་ཡིན་པའི་ཕྱིར་ཐུག་པ་མེད་པའི་ས་ལས་མི་འགྲོལ་ལོ། །འོ་ན་དམིགས་པས་དངོས་པོ་སྒྲུབ་པའི་ཕྱིར་ན་དངོས་པོ་མེད་པ་མི་དམིགས་པས་བསྒྲུབ་པ་ཡིན་ནོ། །དམིགས་པ་ཡོད་པ་ནི་གཞན་གྱིས་བསྒྲུབ་པ་མ་ཡིན་པའི་ཕྱིར་དེ་མེད་པ་ཡང་། གཞན་གྱིས་བསྒྲུབ་
པ་མ་ཡིན་ནོ་ཞེ་ན། དེ་རུང་སྟེ། དམིགས་པ་རང་རིགས་ཉིད་ཀྱིས་ནི། །སྒྲུབ་པར་རིགས་པ་དང་ལྡན་ཡིན། །དེ་མེད་རང་ལས་འགྲུབ་པོ་ཞེས། །བྱ་བ་ཧ་ཅང་བབ་ཆོལ་ཆེས། །གལ་ཏེ་རང་གི་ངོ་བོ་ནི། །འདི་ནི་དངོས་པོ་ཉིད་དུ་འགྱུར། །གཞན་དམིགས་ཕྱིར་ན་ཤེས་མེད་པ། །གལ་ཏེ་མངོན་སུམ་ཉིད་ཅེ་ན། །
འོན་ཏེ་དེ་བཞིན་གཞན་ཡོད་པས། །དོན་མེད་པ་ཡང་འགྲུབ་པར་འགྱུར། །ཅི་སྟེ་མེད་པའི་ངོ་བོ་མེད་པ་གཞན་གྱི་མངོན་སུམ་ལས་འགྲུབ་པོ་ཞེ་ན། དངོས་པོའི་ཡང་དེ་བཞིན་དུ་འགྱུར་རོ། །གལ་ཏེ་དངོས་པོ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་ཕྱིར་གཞན་གྱི་མངོན་སུམ་ལས་མེད་པར་མི་

འགྱུར་ཏེ། དེའི་རྣམ་པར་ཤེས་པ་ལས་རང་བཞིན་གཞན་ཡིན་པའི་ཕྱིར་རོ། །རིག་པ་ནི་རིག་པ་ལས་རང་བཞིན་གཞན་མེད་པའི་ཕྱིར་ན། དེ་མེད་པ་གཞན་གྱི་མངོན་སུམ་ལས་འགྲུབ་པོ། །དེ་ལྟར་ཡང་མ་དམིགས་སོ་ཞེས་སྐྱེས་བུ་མཆོག་གིས་དམིགས་པ་གསལ་གྱི་དོན་མེད་དོ་ཞེས་ནི་མ་ཡིན་
ནོ། །དེས་ན་མི་དམིགས་པ་འདི་ནི། རང་ཉིད་མངོན་སུམ་ལས་རྟོགས་པས་ཞེས་བྱ་བ་ནི་ཤེས་པ་མེད་པའི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཞན་དམིགས་པ་ཡིས་ཕ་རོལ་པོ། །གཞན་དག་མེད་པར་ཅི་ལྟར་རྟོགས། །གལ་ཏེ་དེས་དབེན་པས་ཞེ་ན། དེ་ཅི་མི་དམིགས་ལས་མ་ཡིན། །
དེས་དབེན་པ་ཉིད་མེད་པར་ནི་ཤེས་པ་གཞན་དམིགས་པས་ཤེས་པ་གཞན་མེད་པར་བསྒྲུབ་པ་མ་ཡིན་ནོ། །དེས་དབེན་ན་དམིགས་པ་ཉིད་མི་དམིགས་པ་ཡིན་པས། དེ་ཅི་ལྟ་ན་དེ་ལས་གཞན་པའི་མྱོང་བ་མེད་པ་མངོན་སུམ་གྱིས་རབ་ཏུ་འགྲུབ་པ། འོ་ན་དེ་དམིགས་པའི་མཚན་ཉིད་ཀྱིས་འགྱུར་
བ་ཞེས་བྱ་བའི་ཁྱད་པར་དུ་བྱ་བ་མ་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ཡིན་ན་ཁྱད་པར་མེད་པར་འགྱུར་མོད། མི་དམིགས་པ་ཉིད་ནི་མི་ལྡོག་གོ། །དེས་ན་དགག་པ་གང་ཅི་སྙེད་པ་ཐམས་ཅད་ནི་མི་དམིགས་པ་ལས་ཡིན་ནོ་ཞེས་སོ། །མ་ཡིན་པར་དགག་པའི་རང་བཞིན་གྱི་དངོས་པོ་
མེད་པ་ནི་མངོན་སུམ་གྱིས་གྲུབ་པོ། །དེ་ཉིད་ནི་གཞན་ལ་ལྟོས་ཏེ་མི་དམིགས་པ་ཡང་ཡིན་ནོ། །འདི་མ་དམིགས་སོ་ཞེས་སྐྱེས་བུ་མཆོག་སྦྱར་བ་གང་ཡིན་པ་དེ་ནི་ཤེས་པ་མ་ཡིན་པའི་མཚན་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་ཏེ་དོན་གྱི་མེད་པ་དགག་པའི་ཕྱིར་ནི་མ་ཡིན་ཏེ། དེ་དང་ཐ་དད་པ་མེད་པས་
དངོས་པོའི་མེད་པ་ཡང་དེ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཡོད་པ་དང་དམིགས་པ་དག་གཅིག་ཉིད་ཡིན་པ་དེའི་ཚེ་དངོས་པོའི་ལྡོག་པ་ཡང་མངོན་སུམ་གྱིས་གྲུབ་པ་ཉིད་ཀྱི་དུམ་བུར་ནི་མ་ཡིན་ནོ། །གལ་ཏེ་ཁྱབ་པར་བྱེད་པ་མི་དམིགས་པ་ལས། དངོས་པོ་མེད་པ་འགྲུབ་པ་མ་ཡིན་ནམ། འདི་
ལྟར་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཡོད་པ་ནི། དམིགས་པས་ཁྱབ་པ་ཡིན་ལ། དེ་མེད་པ་སྟོང་པའི་རང་བཞིན་ལས་ནི་དངོས་པོའི་མེད་པ་འགྲུབ་པོ་ཞེ་ན། འདི་ནི་བདེན་ཏེ། དེ་ལྟ་ཡིན་ན་ཐམས་ཅད་དུ། །རང་བཞིན་མི་དམིགས་པ་འདི་ནི། །མེད་པའི་སྒྲུབ་བྱེད་མིན་འགྱུར་ཏེ། །མེད་དེ་

མངོན་སུམ་ཉིད་ཀྱིས་རིག །གལ་ཏེ་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཁྱབ་པར་བྱེད་པ་མི་དམིགས་པ་མེད་པ་མངོན་སུམ་གྱིས་གྲུབ་ན་འོ་ན་ཐམས་ཅད་དུ་མེད་པ་མངོན་སུམ་གྱིས་གྲུབ་པ་ཉིད་ལས་རང་བཞིན་མི་དམིགས་པ་ཞེས་བྱ་བ་མེད་པར་འགྱུར་རོ། །གལ་ཏེ་
མ་རྨོངས་པ་ལས་ཁྱབ་པར་བྱེད་པ་མི་དམིགས་པ་དངོས་པོ་མེད་པའི་སྒྲུབ་བྱེད་ཡིན་ན་རྨོངས་པས་ཀྱང་དེ་ཉིད་དྲན་པས་ཡུལ་དུ་བྱེད་པར་འགྱུར་མོད། མི་དམིགས་པ་གཞན་བརྟགས་པས་ཅི་བྱ། ཡང་ན་གལ་ཏེ་རང་བཞིན་མི་དམིགས་པ་སྨོས་པ་ཉིད་མཁས་པ་ལ་ཡང་ཡིན་པར་འགྱུར་ཏེ།
དུ་བ་གློ་བུར་བ་ལས་རྟོགས་པ་བཞིན་ནོ། །དེ་ལ་མངོན་སུམ་ཉིད་མེད་པ་ནི་མ་ཡིན་ནོ། །གཞན་ཡང་། འདིར་ནི་ཁྱབ་བྱ་ཁྱབ་བྱེད་དག །དོན་དམ་དུ་ན་ཐ་དད་མེད། །དམིགས་པ་ཉིད་ནི་ཡོད་པ་ཞེས། །དང་པོར་རབ་ཏུ་སྒྲུབ་ཕྱིར་རོ། །བལྟར་རུང་བའི་ཡོད་ན་ནི་དམིགས་པས་ཁྱབ་པར་བྱེད་
པ་མི་དམིགས་པས་བསྒྲུབ་པར་སྨྲ་བ་རྣམས་ཀྱི་སྟོན་པ་ཡིན་ན། འདི་ནི་རང་བཞིན་མི་དམིགས་པར་སྨྲ་བ་ལ་ཡང་མཚུངས་སོ། །དེའི་བདག་ཉིད་ཡིན་པས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་མ་ཡིན་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟར་ཡང་དམིགས་པ་ནི་ཡོད་པ་ཉིད་ཡིན་ནོ་ཞེས་བསྟན་
ཟིན་ཏོ། །གང་ཞིག་འབྲས་བུ་དེ་ནི་རྒྱུ་ཁྱབ་པ་དང་ལྡོག་པ་མེད་པའི་ཕྱིར་དེའི་རང་བཞིན་དང་ཁྱད་པར་མེད་པས་ན་དེ་མི་དམིགས་པ་ནི་རང་བཞིན་མི་དམིགས་པ་ཉིད་དུ་བརྗོད་དོ་ཞེས་འབྲས་བུ་མི་དམིགས་པ་རང་བཞིན་མི་དམིགས་པའི་ཁོངས་སུ་འདུ་བ་ཉིད་དུ་འཆད་པའི་རྨོངས་པ་དེ་མྱོང་བ་མི་
དམིགས་པ་རང་བཞིན་མི་དམིགས་པར་ཇི་ལྟར་མི་འཐད་དེ། དེའི་ཕྱིར་གཞན་ཡོད་པ་ཉིད་གཞན་མེད་པ་ཉིད་ཡིན་ལ། གཞན་མི་དམིགས་པ་གཞན་དམིགས་པ་ཉིད་ཡིན་ནོ། །དེ་ཡང་རང་བཞིན་མི་དམིགས་པ་ཁོ་ནའོ། །གལ་ཏེ་དེ་ལྟ་ན་ཡང་ཁྱད་པར་བྱེད་པ་མི་དམིགས་པ་མེད་པར་འགྱུར་
རོ་ཞེ་ན། བདེན་ཏེ། རང་བཞིན་མི་དམིགས་པ་ཉིད་དུ་ཐམས་ཅད་འདུས་པའི་ཕྱིར། འདུས་པ་ནི་འདོད་པ་ཉིད་པས་ཁོ་བོ་ལ་ཆད་པ་ཅི་ཡང་མེད་དོ། །འོ་ན་ཅི་ལྟར་ཐ་དད་ཅེ་ན། ཤིང་དང་ཤ་པ་ལྷག་པ་དང་། །ཆད་ཕྱིར་ཁྱབ་བྱ་ཁྱབ་བྱེད་དག །ཐ་དད་ཕྱིར་དང་ཉེ་བ་དང་། །རིང་བ་ལས་ནི་ཐ་དད་

ཉིད། །ཤིང་ཉིད་ནི་ལྷག་པ་ཡིན་ལ། ཤིང་ཤ་པ་ནི་ཆད་པ་དང་། ཐག་རིང་པོར་ནི་ཁྱབ་པར་བྱ་བ་ལ་ལྟོས་ནས་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ལ། ཉེ་བར་ནི་རང་བཞིན་མི་དམིགས་པ་ཡིན་པས་དེ་དག་ཐ་དད་དོ། །དམིགས་པའི་མཚན་ཉིད་དུ་གྱུར་པའི་ཡོད་པ་དང་། དམིགས་པ་དག་ནི་ཕན་ཚུན་
ཁྱབ་པའི་ཕྱིར་ཐ་དད་པར་བརྟགས་པར་མི་ནུས་སོ། །དེས་རང་བཞིན་མི་དམིགས་པ་ཉིད་ཡིན་པས་རང་བཞིན་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུའོ་ཞེས་བྱ་བ་གནས་སོ། །དེ་ཉིད་ཀྱི་ཕྱིར། མི་སྣང་ངེས་པ་མི་རུང་ཕྱིར། །གཞན་དུ་གཞག་པ་འགོག་འགྱུར་དཔེར། །སེམས་ཅན་
གཞན་ལ་རྟགས་མེད་པའི། །རྣམ་རྟོག་ལ་སོགས་མི་འགྲུབ་བཞིན། །དེས་ན། འབྲས་བུ་ངེས་མེད་ཅན་འདིས་ནི། །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ངེས་པར་བསྒྲུབ་བྱ་གཏན་ཚིགས་ལ། །དང་པོའི་དབང་དུ་བྱ་བ་ཡིན། །རང་བཞིན་མི་དམིགས་པ་འདིས་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་
ལ་མེད་པ་ངེས་པར་བྱེད་པ་མ་ཡིན་ཏེ། ཡུལ་ཐག་རིང་བ་ལ་སོགས་པར་ངེས་པ་མི་རུང་བའི་ཕྱིར་རོ། །མི་སྣང་བ་ལ་ལྟོས་ནས་ནི་འདི་དམིགས་པའི་མཚན་ཉིད་ཀྱིས་གྱུར་པའི་མི་དམིགས་པ་ཉིད་མ་ཡིན་ནོ། །དང་པོ་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་གང་ཡིན་པ་ནི་གཏན་ཚིགས་མི་མཐུན་
པའི་ཕྱོགས་མཐའ་དག་ལས་ལྡོག་པར་ངེས་པར་བྱེད་པ་ཡོད་པ་ཡིན་ཏེ། རྒྱུ་དང་རང་བཞིན་ལྡོག་པ་ཉིད། །ཅེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །ཁས་བླངས་ནས་ཐལ་བར་བསྒྲུབ་པ་ལ་ནི་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་འགལ་ཞེས་བྱ་བའི་རྟགས་གཞན་ཡང་ཡོད་པ་མ་ཡིན་ནམ། འདི་ན་
གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེའི་དབྱེ་བ་དང་མཚན་ཉིད་ཅི་སྟེ་མ་བཤད་ཅེ་ན། དེ་ཡང་མི་དམིགས་པ་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །འདི་ལྟར། རང་གི་སྦྱོར་བ་དག་ལ་དེའི། །རང་གི་ངོ་བོ་སྦྱོར་བའམ། །དོན་ལ་གནོད་བྱེད་ངོ་བོ་སྟེ། །ཡོད་ན་ཡོད་པས་མེད་
ཕྱིར་རམ། །འགལ་བའི་གཏན་ཚིགས་ནི་མི་དམིགས་པ་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་ཡིན་ཏེ། དེ་ལས་གཞན་པའི་དབྱེ་བ་བཞིན་ནོ། །དེ་ལྟ་ཡིན་ན་འགལ་བ་དང་འགལ་བའི་འབྲས་བུ་དང་། འགལ་བས་ཁྱབ་པ་ལ་སོགས་པ་རྣམས་ཀྱང་གཞན་དུ་ཐ་དད་པར་བསྟན་པར་བྱེད་པར་འགྱུར་རོ། །གང་གི་ཚེ་

རབ་ཏུ་དབྱེ་བ་དུ་མ་འདི་དག་དེ་ཉིད་ཀྱི་ཡིན་པ་དེའི་ཚེ་ཉེས་པ་འདི་མེད་དེ། །འདི་ལྟར་རང་གི་ངོ་བོ་དང་རྒྱུ་དང་ཁྱབ་པར་བྱེད་པ་དང་། འབྲས་བུ་མི་དམིགས་པ་ཞེས་བྱ་བར་རང་གི་ངོ་བོས་སྦྱོར་བའམ་ཡང་ན་འདི་ན་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་དགག་པར་བྱ་བའི་དོན་
ལ་གནོད་པར་བྱེད་པའི་རང་གི་ངོ་བོས་སོ། །ཅི་ལྟར་མི་དམིགས་པ་དངོས་པོ་མེད་པ་སྒྲུབ་བྱེད་ཡིན་པ་དེ་བཞིན་དུ་དངོས་པོ་དང་བརྒྱུད་པས་འགལ་བ་དམིགས་པ་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགལ་བ་ཟློག་བྱེད་ཡིན་པའི་ཕྱིར་རོ། །འགལ་བར་ཅི་ལྟར་འགྲུབ་ཅེ་ན། །མེ་གཅིག་ཡོད་ན་ནི་རྒྱུ་མ་ཚང་
བ་མེད་པ་ཅན་གྱི་གྲང་བའི་རེག་པ་ལ་སོགས་པའི་འགལ་བར་རྟོགས་སོ། །འགལ་བ་ནི་དམིགས་པ་དང་མི་དམིགས་པའི་མཚན་ཉིད་ཡིན་ནོ། །དེས་ན་འགལ་བ་མཐོང་བ་ལས་དམིགས་པ་མཚན་ཉིད་ཀྱིས་གྱུར་པ་མི་དམིགས་པར་བསྒྲུབ་པོ། །དེ་ལ་ཡུལ་ཐག་རིང་པོ་ན་གནས་པའི་མེ་ལས་
དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པའི་རྗེས་སུ་དཔག་པས་གྲུབ་པས་མེད་པ་སྒྲུབ་པར་བྱེད་པའི་ཕྱིར། འགལ་བ་དམིགས་པ་ནི་རང་བཞིན་མི་དམིགས་པ་ལས་གཞན་མ་ཡིན་ནོ། །དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པའི་རེག་པ་འམ་དྲོ་བའི་རེག་པ་དེ་ཉིད་ཀྱང་དེས་དབེན་པ་ཡིན་
པའི་ཕྱིར་གྲང་བ་མེད་པ་ཡིན་ཏེ། དེས་ན་དེ་དམིགས་པ་ཉིད་དེ་མི་དམིགས་པ་ཡིན་ནོ། །འགལ་བའི་འབྲས་བུ་དམིགས་པ་ཡང་དེ་བཞིན་ཏེ། འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་དཔག་པ་ལས་རང་བཞིན་མི་དམིགས་པ་གྲུབ་པ་ཡིན་ལ་སྔ་མ་ནི་ཚོགས་པ་གཅིག་རག་ལས་པའི་རྗེས་སུ་དཔག་པས་
ཡིན་ནོ། །ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །བརྟན་དངོས་དང་ནི་འཇིག་པ་བཞིན། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་སྟེ། རྟག་པ་དང་ཅིག་ཤོས་བཞིན་ནོ། །འདི་ལྟར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བས་ནི་དེའི་བདག་ཉིད་འགོག་པར་རབ་ཏུ་གྲུབ་སྟེ། དཔེར་
ན་སྔར་ཕྱོགས་འདི་ནི་བུམ་པ་དང་བཅས་པ་མ་ཡིན་ཏེ། དེ་ཡོངས་སུ་སྤངས་ཏེ་གནས་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །ཐམས་ཅད་དུ་དངོས་པོ་མེད་པ་སྒྲུབ་པ་ནི་བཟློག་པ་དམིགས་པ་ཉིད་ཡིན་ནོ། །ཚད་མ་གཞན་གྱིས་གནོད་ཕྱིར་ཡང་། །དེས་འགྱུར་དང་ནི་ལྟོས་བཅས་བཞིན། །ཅི་ལྟར་ཕན་ཚུན་

གནོད་པས་འགལ་བ་ཡིན་པ་དེ་བཞིན་དུ་ཚད་མས་གནོད་པས་ཀྱང་ཡིན་ཏེ། ལྟོས་པ་དང་བཅས་པ་དང་ངེས་པར་འགྱུར་བ་ཡིན་ནོ། །འདི་ལྟོས་པ་དང་བཅས་པ་དང་ལྟོས་པ་མེད་པའམ། ངེས་པར་འགྱུར་བ་དང་། ཅིག་ཤོས་ཞེས་བྱ་བ་ནི་ཕན་ཚུན་འགལ་བ་ཡིན་ལྟོས་པ་དང་བཅས་པ་དང་ངེས་པར་
འགྱུར་བ་དག་ནི་ཕན་ཚུན་སྤངས་པ་མ་ཡིན་ཚད་མས་གནོད་པའི་མཚན་ཉིད་ཀྱིས་འགལ་བའི་ཕྱིར། འདི་འགལ་བ་གཞན་ཡིན་ནོ། །འདི་ལྟར་ལྟོས་པ་དང་བཅས་པ་ལས་ནི་ངེས་པར་འགྱུར་བ་མེད་པ་ཡིན་ལ་ངེས་པར་འགྱུར་བ་ཡོད་པ་དང་མེད་པ་དག་གིས་ཀྱང་དོན་དམ་ཕན་ཚུན་སྤངས་པས་འགལ་
བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཚད་མས་འགལ་བ་བསྒྲུབ་པ་ཡིན་གྱི། ཚད་མས་འགལ་བ་ཞེས་བྱ་བ་གཞན་མེད་དོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་འགལ་བས་ཁྱབ་པས་རང་བཞིན་ལས་ཀྱང་དོན་གྱིས་ན་འགལ་བར་འགྱུར་བས་ན་འདི་བཤད་དོ། །འདི་ལ་ཡང་དགོས་པ་ཅི་ཡོད་ཅེ་ན། འགལ་བས་
ཁྱབ་པ་དམིགས་པ་ཡང་གནོད་པ་སྒྲུབ་པར་བྱེད་པ་པོ་ཡིན་ནོ་ཞེས་ཅི་ནས་ཀྱང་བསྟན་པའི་དོན་དུའོ། །འདི་ལྟར་དངོས་པོ་བྱུང་བའི་འཇིག་པ་ཡང་ངེས་པར་འགྱུར་བ་མེད་དེ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་སྦྱོར་བ་མཐོང་བ་ཡིན་ནོ། །འདི་ལས་གཞན་དག་སྨྲ་བ་ནི། །འགལ་འབྲས་ཁྱབ་བྱ་
དམིགས་པ་ནི། །རབ་ཏུ་སྦྱར་བ་གང་ཡིན་པ། །དེར་ནི་འབྲས་བུ་རང་བཞིན་གྱིས། །གཏན་ཚིགས་དག་ཀྱང་འདུ་འགྱུར་བས། །གཏན་ཚིགས་ཐམས་ཅད་གཅིག་ཉིད་ཀྱིས། །མི་དམིགས་པ་ལས་གཞན་མེད་འགྱུར། །དེས་ན་གཏན་ཚིགས་རྣམ་གསུམ་ཡང་། །དེ་ཉིད་ཀྱིས་ནི་རབ་དབྱེར་
འགྱུར། །མི་དམིགས་གཅིག་པུ་ཞིག་གཏན་ཚིགས་ཡིན། འབྲས་བུ་དང་རང་བཞིན་གཉིས་ནི་དེའི་དབྱེ་བའི་ཕྱིར་རོ། །དེའི་དབྱེ་བ་ནི་དེ་ལས་ཐ་དད་པར་འགྱུར་བ་མ་ཡིན་ནོ། །ཁྲ་བོ་ཉིད་ལ་སོགས་པ་ལ་བ་ལང་ཉིད་ལས་ཐ་དད་པ་མ་ཡིན་པ་བཞིན་ནོ། །དེ་ལས་འབྲས་བུའི་གཏན་ཚིགས་ནི་འགལ་
བའི་འབྲས་བུར་དམིགས་པ་ཡིན་ལ་རང་བཞིན་གྱི་གཏན་ཚིགས་ཀྱང་འགལ་བས་ཁྱབ་པར་དམིགས་པ་ཡིན་ཏེ། མེ་མ་ཡིན་པ་དང་རྟག་པ་དག་མེད་པར་སྒྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་འདི་ལྟར་མི་རུང་སྟེ། །དེ་བདག་དེ་ལས་བྱུང་བ་ཡི། །གལ་ཏེ་གཏན་ཚིགས་འབྲེལ་པ་དང་། །རྗེས་སུ་མཐུན་པར་རྟོགས་

ན་ནི། །རང་བཞིན་དང་ནི་འབྲས་བུ་ཉིད། །མི་རྟག་པ་ཡིན་ནམ་མེ་དང་ལྷན་ཅིག་འབྲེལ་ན་གཏན་ཚིགས་ཁྱབ་པར་བྱེད་པ་དང་འགལ་བ་དང་འགལ་བར་འགྱུར་བ་ཡིན་པས་དེ་མི་དམིགས་པའི་ངོ་བོར་རྟོགས་པ་ཡིན་ནོ། །དེ་ལ་དངོས་སུ་གཏན་ཚིགས་སུ་རྟོགས་པ་བོར་ནས་
བརྒྱུད་པ་ལ་བརྟན་པ་ནི་སྲིད་པ་མ་ཡིན་ནོ། །འབྲས་བུ་ནི་མེ་རྟོགས་པས་དེ་དང་འགལ་བའི་གྲང་བ་བཟློག་པ་ཡིན་གྱི། དངོས་པོ་ནི་དུ་བ་གྲང་བ་སེལ་བ་ལ་བྱེད་པ་ཡོད་པ་མ་ཡིན་ནོ། །དེས་ན་བརྒྱུད་ནས་རྗེས་སུ་དཔག་པའི་རྗེས་སུ་དཔོག་པའི་གཏན་ཚིགས་སུ་རྟོགས་པ་ཡིན་ནོ། །དེ་ལ་གཉིས་སམ་
གསུམ་སྒྲ་གཅིག་གིས་བསྟན་པ་ནི་དེ་གཏན་ཚིགས་གཞན་ཉིད་དུ་འགྱུར་བ་མ་ཡིན་ནོ། །གང་དུ་ཡང་སྒྲའི་དབང་གིས་དོན་གཞན་དུ་འགྱུར་བ་མེད་དོ། །སྦྱོར་བ་ཙམ་ཞིག་ཐ་དད་པར་བྱས་པ་ཡིན་ནོ། །དེ་ལྟ་ཡིན་དང་། འདི་ན་གྲང་བའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལ་དུ་བ་ལས་མེ་
རྗེས་སུ་དཔོག་པ་ནི་འབྲས་བུའི་གཏན་ཚིགས་སོ། །མེས་གྲང་བའི་རེག་པ་མེད་པར་བསྒྲུབ་པ་ནི་འགལ་བ་དམིགས་པ་ཡིན་ལ། གྲང་བ་མ་དམིགས་པས་གྲང་བ་མེད་པའི་ཐ་སྙད་བསྒྲུབ་པ་ནི་རང་བཞིན་མི་དམིགས་པའི་གཏན་ཚིགས་རྣམས་བརྒྱུད་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པའི་རྗེས་སུ་
དཔག་པ་ནི་རྗེས་སུ་དཔག་པ་གཞན་ཁོ་ནའོ། །གསུམ་པོ་རྣམས་སྒྲ་གཅིག་གིས་བསྟན་པས་གཅིག་ཉིད་དམ། གཏན་ཚིགས་གཞན་ཉིད་དུ་འགྱུར་བ་ནི་མ་ཡིན་ཏེ། དེ་ལྟར་ན་ཡང་། འདིས་ནི་དངོས་པོ་ལ་དངོས་པོའི་ཆ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །འོན་ཏེ་དོན་དམ་པར་རྣམ་པར་གཅོད་པ་
ཙམ་སྒྲུབ་པའི་ཕྱིར་མི་དམིགས་པ་ཉིད་དོ་ཞེས་འདོད་ན། དེ་ལྟ་ཡིན་ན་རང་རིག་པའི་མངོན་སུམ་ཉིད་དོ་ཞེས་ཅི་སྟེ་བརྗོད་དེའི་ཕྱིར་འདི་ནི་མི་བཟང་ངོ་། །དེའི་ཕྱིར་སྦྱོར་བ་ཐ་དད་པ་ཉིད་ལས་འགལ་བས་ཁྱབ་པ་དམིགས་པ་ཐ་དད་པ་ཡིན་ནོ། །ལྟོས་པ་དང་བཅས་པའི་ཕྱིར་ནི་འཇིག་པ་ངེས་པར་མི་འགྱུར་ཏེ།
འདི་ལྟར། རྒྱུ་གཞན་ལས་སྐྱེ་ཉེ་བར་ནི། །གདོན་མི་ཟ་བ་ག་ལ་ཡོད། །རྒྱུ་གཞན་དེ་ཡང་རང་གི་རྒྱུ་ལ་ལྟོས་པའི་ཕྱིར་ངེས་པ་མ་ཡིན་ལ། གཞན་ཡང་དེ་བཞིན་ཡིན་པས་འབྲས་བུ་ཡོད་པར་མི་ངེས་སོ། །འོན་ཏེ་རྫ་མཁན་ལ་སོགས་པ་དངོས་པོའི་རྒྱུ་གང་ཡིན་པ་དེ་ཉིད་དེའི་འཇིག་པའི་ཡང་ཡིན་པས་

ངེས་སོ་ཞེ་ན། འདིར་བཤད་པ། དངོས་པོའི་རྒྱུ་ལས་བྱུང་ཡིན་ན། །བརྒྱུད་པའི་དུབ་བས་ཅི་ཞིག་བྱ། །འདི་ལྟར། གལ་ཏེ་རྒྱུ་དེས་འཇིག་པ་བཞིན། །བསྐྱེད་པས་དེ་ཡིན་འཇིག་འགྱུར་ན། །དངོས་པོ་དེ་ཉིད་འཇིག་པ་ཡི། །ངང་དུ་བསྐྱེད་པ་ཅི་ཞིག་འབྱུང་། །གལ་ཏེ་རང་གི་རྒྱུ་དེ་ཉིད་ཀྱིས་འཇིག་པ་བསྐྱེད་
ནས། དེ་འཇིག་པ་ཡིན་ན་འཇིག་པའི་ངང་ཅན་ཉིད་དུ་བསྐྱེད་དོ་ཅོག་ཉིད་བརྒྱུད་པ་འདིས་ཅི་བྱ། འདིར་དངོས་པོའི་རང་བཞིན་ཉིད་ལ་གང་འདེབས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། དངོས་པོའི་རང་བཞིན་དེ་ལྟ་མ་ཡིན་པའི་ཕྱིར་རོ། །འདི་ལྟར། དེ་ནི་བདག་ཉིད་གྲུབ་གྱུར་ན། །བདག་ལ་ཕན་འདོགས་བྱེད་པ་
གང་། །བདག་ལ་ཕན་འདོགས་བྱེད་མིན་ན། །དེ་ཡིས་ལྟོས་བྱ་གང་ཅི་ཞིག །གལ་ཏེ་རང་གི་ངོ་བོས་གྲུབ་པ་ཡིན་པའི་ཕྱིར་འཇིག་པའི་རྒྱུས་བདག་ལ་ཕན་འདོགས་པར་བྱེད་པ་ནི་མི་སྲིད་ན། དེ་གྲུབ་པའི་རང་བཞིན་ལས་གཞན་དུ་འགྱུར་དགོས་སོ། །དེ་ལ་ཡང་མེད་པ་ལ་འཇིག་པའི་རྒྱུ་མེད་དོ། །
འོན་ཏེ་གྲུབ་པ་ལ་ཡང་ཁྱད་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཁྱད་པར་གྲུབ་པ་ཉིད་དམ། འོན་ཏེ་དེ་ལས་གཞན་ཡིན་ལ། གལ་ཏེ་གྲུབ་པ་ཉིད་ཡིན་ན་སྔ་མ་བཞིན་དུ་ཐལ་ལོ། །གལ་ཏེ་དེ་གྲུབ་ན་དེའི་བདག་ཉིད་བྱ་བ་མི་ནུས་པའི་ཕྱིར་དེའི་བདག་ཉིད་ལས་ཐ་དད་པར་བྱ་བ་ཡིན་ན། དེ་ལྟ་ཡིན་ན་འདི་
དེའི་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཉིད་པས་འདི་དེའི་ཅི་ཞིག་ཡིན་ཏེ། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉི་གར་སྣང་བ་ནི་བཤིག་ཟིན་པས་ཡང་མི་བྱའོ། །གཞན་ཡང་དངོས་པོ་རང་གི་རྒྱུ་ལས་དུས་གཞན་ཁྱབ་པའམ། དེ་ལས་གཞན་དུ་གྱུར་པ་གྲུབ། །གལ་ཏེ་ཕྱོགས་དང་པོ་ལྟར་
ཡིན་ན་དེའི་ཚེ། དུས་ཀྱི་ཆ་ཀུན་ཁྱབ་པ་དང་། །འབྲས་བུ་ཐམས་ཅད་གྲུབ་བྱེད་པར། །གལ་ཏེ་དེ་ཚེ་རྟོགས་ན་ནི། །འཇིག་པར་བྱེད་པས་ཅི་ཞིག་ཡོད། །ཆུས་ཁྱེར་བ་ལ་རགས་འཛུགས་པས་སུ། རགས་འཛུགས་པ་ནི་ཆུ་བཟློག་དོན་དུ་ཡིན། ཆུ་མི་འགོག་པར་རགས་འཛུགས་པ་མ་ཡིན་ཏེ། རགས་
འཛུགས་དེ་ནི་ངལ་བ་ཙམ་དུ་བས། འོན་ཏེ་འདི་ནི་དེ་བཞིན་དུ་རྟོགས་པ་མ་ཡིན་ན། དེ་ལྟ་ཡིན་ན་རང་གི་ཡུལ་ངེས་པས་མ་རྟོགས་པར་ཅི་ལྟར་འཇིག་པའི་རྒྱུ་འཇུག་པར་འགྱུར། འབྱུང་བར་འགྱུར་བའི་དངོས་པོ་བརྟགས་ནས་འཇུག་གོ་ཞེ་ན་མ་ཡིན་ཏེ། ངེས་པར་བརྟགས་ན་རང་གི་ངོ་བོར་གྲུབ་པ་ལ་

འཇིག་པའི་རྒྱུ་ཉེ་བར་སྦྱོར་བ་ཅི་ཡོད། འགལ་བའི་རང་བཞིན་གྱོ་མོ་ལ་ཉེ་བར་སྦྱོར་རོ་ཞེ་ན། འགལ་བ་འདི་ཡང་ཟློག་པར་བྱེད་པ་ཉིད་མ་ཡིན་ནམ། དེ་ལ་ཡང་ཐལ་བ་སྔ་མ་ཉིད་སོ་ན་འདུག་གི། ཕན་ཚུན་སྤངས་པ་ཙམ་གྱིས་ནི་ཟློག་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །འོན་ཏེ་དུས་
གཞན་གནས་པར་གྲུབ་པ་འཇིག་པའི་རྒྱུ་སྟོང་པའི་མཚན་ཉིད་ཅན་གྱི་དངོས་པོ་མེད་པར་བྱེད་དོ་ཞེ་ན། དུས་གཞན་དུ་གནས་པ་ལ་དེ་དང་མི་འགལ་བའི་ལྟོས་པ་ཉིད་བྱས་པ་ནི། དེ་ཟློག་པར་བྱེད་པ་མ་ཡིན་ཏེ། གཞི་བོ་ལ་ཆུ་བཞིན་ནོ། །ཆུ་ཡང་བུམ་པ་སོ་མ་བཏང་བའི་ཟློག་པར་བྱེད་པ་ཉིད་དོ་ཞེ་ན། དེ་
ལ་དུས་གཞན་དུ་གནས་པ་ཉིད་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པས་དུས་གཞན་དུ་གནས་པར་གྲུབ་པ་ཉིད་ལོག་པར་བྱེད་དོ་ཞེ་ན། དེ་ཡང་མི་རུང་སྟེ། རྗེས་སུ་དཔག་པས་རབ་གྲུབ་པ། །དེ་ཉིད་ལོག་པར་བྱེད་མ་ཡིན། །གཞན་ནི་མེད་པ་ཉིད་ཡིན་པས། །དེ་ཡང་ལྡོག་པར་བྱེད་པ་
མིན། །མངོན་སུམ་དང་འདྲ་བར་རྗེས་སུ་དཔག་པ་ཡང་ཚད་མ་ཁོ་ནའོ། །དེས་ན་དེ་གྲུབ་པ་ཡང་བདེན་པ་ཉིད་པས་ཅི་ལྟར་དེ་མེད་པར་འགྱུར། དེ་མེད་ན་དེ་རྟོགས་པ་མི་བདེན་པ་ཉིད་པས་ན། མངོན་སུམ་དང་རྗེས་སུ་དཔག་པ་མེད་པར་འགྱུར་རོ། །དེ་མེད་པའི་ཕྱིར་དངོས་པོ་མི་འགྲུབ་པའི་ས་ན་གང་
ཞིག་འཇིག །འགྱུར་བ་སྲིད་པ་འཇོག་གོ་ཞེ་ན། དེ་ནི་དམུས་ལོང་གོམ་སྟབས་དང་འདྲ་བས་དངོས་པོ་གཏན་ལ་མི་འབེབས་པའི་ཕྱིར་ན་འདི་ནི་གྱི་ནའོ། །འོན་ཏེ་དེ་ཉིད་འཇིག་པའི་རྒྱུས་གྱོ་མོ་ལ་སོགས་པ་གཞན་ཉིད་དུ་བྱེད་དོ་ཞེ་ན། འདི་ལ་ཡང་བརྗོད་པ། གཞན་ཉིད་བུམ་སོགས་ལའམ་ཅི། །འོན་ཏེ་
འཇིག་པའི་རྫས་ལ་འདོད། །བུམ་སོགས་ལ་ནི་གཞན་ཉིད་ཀྱིས། །དངོས་དེ་ཅི་ལྟར་འགྲུབ་པར་འགྱུར། །གལ་ཏེ་གཞན་དུ་གྱུར་པ་ཉིད་ཀྱིས་དངོས་པོ་དེ་བུམ་པའི་རང་བཞིན་ལ་ཡིན་ན། གཞན་དུ་གྱུར་པ་ཉིད་ཀྱིས་ནི་གཞི་དེ་ཉིད་ཡིན་ན། དེས་ན་བུམ་པ་རང་གི་ངོ་བོར་མཐོང་བར་འགྱུར་བས་ན་ཅི་ལྟར་
གཞན་དུ་གྱུར། འོན་ཏེ་བུམ་པ་མ་མཐོང་ན་འདི་གང་གིས་གཞན་དུ་གྱུར་པ་ཡིན། བུམ་པ་ལ་སྔོན་དུ་འགྲོ་བ་ཅན་གྱིས་གཞན་དུ་གྱུར་པ་ནི་དེའི་ཞེས་བསྟན་པར་འགྱུར་བ་ཡིན་ན། འཇིག་པ་ཡོད་ན་ནི། དེ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནོ། །འཇིག་པ་དེ་ཡང་གཞན་དུ་གྱུར་ན་ནི་ཐུག་པ་མེད་དོ། །འོན་ཏེ་འཇིག་

པའི་རྫས་གཞན་དུ་འགྱུར་རོ་ཞེ་ན། དེ་ཡང་མ་ཞིག་པ་ཉིད་མ་ཡིན་ནམ། ཅི་ལྟར་གཞན་དུ་གྱུར་པའི་མཚན་ཉིད་འཇིག་པར་ཡིན། དེ་ཡང་སྔར་གྱི་འཇིག་པའི་རྫས་ནི་མི་འཇིག་སྟེ། དེའི་ཚེ་མེད་པའི་ཕྱིར་རོ། །ཕྱི་མ་ཡང་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །གལ་ཏེ་ཁྱེད་ཀྱི་ཕྱོགས་ལ་ཡང་ཉེས་པ་འདི་ཉིད་དེ།
འབྲས་བུའི་དུས་ན་རྒྱུ་མེད་པས། །ཅི་ལྟར་དེ་དེའི་འབྲས་བུ་ཡིན་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། རྒྱུ་ནི་སྔོན་དུ་འབྱུང་ཉིད་དེ། །དུས་མཚུངས་པ་ནི་རྒྱུ་མ་ཡིན། །འཇིག་པ་དངོས་དང་དུས་མཚུངས་པ། །ཡིན་ཕྱིར་ལན་ནི་རུང་མ་ཡིན། །དངོས་པོ་ནི་གཞན་གྱི་ཚེ་ཡིན་ལ། །འཇིག་
པ་ཡང་གཞན་གྱི་ཚེ་ཡིན་ནོ་ཞེས་བྱ་བ་འདི་ནི་འཇིག་པ་ཡིན་པར་མི་འཐད་དོ། །གང་གི་ཚེ་དངོས་པོ་ཡོད་པ་དེ་ཉིད་ཀྱི་ཚེ་འཇིག་པ་ཡོད་པ་དེ་ན་འཇིག་པ་དང་ལྡན་པ་ཞེས་བྱ་བར་འཐད་དོ། །མེད་པ་ལ་ནི་མེད་པ་ཐ་མི་དད་དེ། ཤི་བ་ལ་ཤི་བ་མེད་པའི་ཕྱིར་རོ། །འབྲས་བུའི་ནི་ཤི་བ་ལ་ཡང་འཐད་
པ་ཁོ་ན་སྟེ་དེ་ནི་དངོས་པོ་གཞན་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་དེ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དེ་མེད་དོ་ཞེས་གཞི་མཐུན་པར་རྟོགས་པའི་ཕྱིར་རོ། །དངོས་པོའི་འཇིག་པ་ཞེས་གཞི་མཐུན་པ་མ་ཡིན་པ་ནི་བསྟན་པ་ཅན་གཞན་ཡིན་པའི་ཕྱིར་ཏེ། ཅི་ལྟར་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། །
དེ་བཞིན་དུ་མེ་དུ་བ་ཞེས་བྱ་བ་བཞིན་ནོ་མཐུན་པ་ནི་མ་ཡིན་ནོ། །གལ་ཏེ་འདིར་ཡང་གཞི་མཐུན་པ་དོན་དམ་པར་ཡོད་པ་མ་ཡིན་ཏེ། སྔོན་གྱི་རང་བཞིན་དྲན་པ་ལ་ཞིག་གོ་ཞེས་རྟོགས་པ་ཡིན་ལ་དེ་ཡང་ཕྱིས་བྱུང་བའི་འཇིག་པས་ཡིན་ནོ། །གཞི་མཐུན་པ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ།
དེ་ལྟ་ཡིན་ན་འགལ་བ་ཆེན་པོར་འགྱུར་རོ། །འདི་ལྟར། དྲན་པ་ཡི་ནི་རང་བཞིན་ལ། །དེ་ཉིད་དུ་ན་ཞིག་མེད་པ། །དེ་ཚེ་མཐོང་བའི་རང་བཞིན་ནི། །ཞིག་གོ་ཞེས་བྱ་བབ་ཆོལ་ཡིན། །ཞིག་པ་ཞེས་བྱ་བ་ནི་མེད་པ་ཉིད་ལ་བརྗོད་དོ། །ཡོད་པའི་གནས་སྐབས་ནི་མེད་པ་མ་ཡིན་ནོ། །མེད་པའི་གནས་
སྐབས་ན་ཡང་དེ་ཉིད་མེད་པའི་ཕྱིར་ཅི་ལྟར་དེའི་མེད་པ་ཡིན། དེའི་ཕྱིར་དངོས་པོ་མེད་པར་ཐ་དད་པར་སྨྲ་བ་ལ་མེད་དོ་ཞེས་གཞི་མཐུན་པ་མེད་པར་འགྱུར་རོ། །དེས་ན་དངོས་པོ་མེད་པ་ན་དངོས་པོ་ལ་གཞན་མ་ཡིན་པ་དེའི་ཕྱིར་གཞི་མཐུན་པར་འགྱུར་རོ། །ཕྱིས་འབྱུང་བའི་དངོས་པོ་མེད་པ་ནི་འདི་ཉིད་ཡིན་

ཏེ། དེ་ལས་ལྡོག་པ་དང་ལྡན་པའི་སྔ་མ་གང་ཡིན་པའོ། །ཕྱི་མ་མི་དམིགས་པ་ཡང་དེ་དམིགས་པ་ཡིན་ནོ། །དེ་ཡང་ད་ལྟར་བའི་རང་བཞིན་གྱི་གཟུང་བ་འཛིན་པའི་མངོན་སུམ་གྱི་རང་བཞིན་ཡིན་ནོ། །ཕྱི་མ་དང་ལྷན་ཅིག་འབྱོར་པར་འཛིན་ན་ནི་འཆི་
བའི་མཐར་ཐུག་པ་གཟུང་བར་ཐལ་ལོ་ཞེས་བསྟན་ཟིན་ཏོ། །དེས་ན་གཞན་དང་མ་འབྱོར་པར་རྟོགས་པ་སྐྱེས་པ་ཙམ་ལས་གྲུབ་པ་གཞན་ལ་མི་ལྟོས་སོ། །གང་གིས་ལྟོས་ནས་འཇིག་པ་དེ་ལྟ་བུ་དེ་ནི་དེའི་རང་བཞིན་གྱི་ངོ་བོ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་དངོས་པོ་ཁྱབ་
མིན་ན། །ཅི་ཡི་དོན་དུ་གཞན་ལ་ལྟོས། །འོན་ཏེ་དངོས་རང་ཁྱབ་ཉིད་ན། །དེ་ལ་ལྟོས་པ་དོན་མེད་ཉིད། །ཅེས་འདི་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་བཤད་པ། ལྟོས་མེད་དངོས་པོ་ནམ་ཡང་ནི། །དེ་ལྟ་མིན་པར་ཅི་ལྟར་འགྱུར། །དཔེར་ན་དེ་ཉིད་འཇིག་ཀ་མར། །ལྟོས་ལ་
བརྟེན་པར་མི་འདོད་བཞིན། །དང་པོ་ཁོ་ནར་མངོན་སུམ་གྱིས་ཆད་པ་ཉིད་དུ་མཐོང་བ་ན་འགའ་ཞིག་གི་ཚེ་ཡང་དེ་ལྟ་མ་ཡིན་ན་ཅི་ལྟར་འགྱུར་ཏེ་དཔེར་ན་རྟག་པར་སྨྲ་བ་དེ་ཉིད་འཇིག་པའི་གནས་སྐབས་སུ་གྱུར་པ་བཞིན་ནོ། །ལྟོས་པ་མེད་པ་སྐད་ཅིག་ཀྱང་། །དངོས་པོ་ཡོད་མི་འགྱུར་ཞེ་
ན། །གལ་ཏེ་དངོས་པོ་འཇིག་པ་ལ་ལྟོས་པ་མེད་པ་ཉིད་ཡིན་ན་སྐད་ཅིག་ཙམ་ཡང་ལྟོས་པ་ཡོད་པ་མ་ཡིན་པས་ན། སྐད་ཅིག་ཀྱང་དངོས་པོ་ཡོད་པའི་སྐབས་མེད་པར་འགྱུར་རོ། །དེ་ལྟར་ཡང་། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་
བཤད་པ་ཡིན་ནོ། །དེས་ན་དངོས་པོ་མཚན་ཉིད་ཀྱི་དེ་མ་ཐག་ཏུ་འཇིག་པར་འབྱུང་བ་ཅི་ལྟར་དེའི་བདག་ཉིད་དུ་འགྱུར། དེའི་བདག་ཉིད་མ་ཡིན་ན་ཡང་གཞིའི་མཐུན་པ་མེད་དོ་ཞེ་ན། དེ་ཡང་རྩྭ་ཀ་ཤ་ཀ་ཀུ་ཤ་ལ་འཇུ་བ་ཡིན་ཏེ། དེ་ལྟར་གྱུར་ན་དེ་དངོས་ཡིན། །དངོས་
མེད་དེ་ལྟར་ཅི་ལྟར་འགྱུར། །འཇིག་པ་ནི་དངོས་པོ་ཕྱི་མ་དང་། མ་བྱོན་དངོས་པོ་ཉིད་ཡིན་པས་དངོས་པོ་ཉིད་ཡོད་པ་མ་ཡིན་ན་དེ་ཅི་ལྟར་འགྱུར། དེའི་བདག་ཉིད་དུ་གྱུར་པ་ཡིན་ལ་དེ་མེད་པར་ཡང་འགྱུར་རོ་ཞེས་བྱ་བར་མི་འཐད་དོ། །དེ་ལྟ་ན། འོ་ན་འཇིག་པ་མེད་པས་ན།

འཇིག་པ་དང་མི་ལྡན་པར་འཇིག་པ་ཅན་དུ་ཅི་ལྟར་འགྱུར་ཞེ་ན། འཇིག་པ་ཐ་དད་པ་ཡོད་ཀྱང་རང་གི་ངོ་བོ་ལས་འཕོས་པ་མེད་པས་ཇི་ལྟར་འཇིག་པ་ཡིན། འཇིག་པའི་བདག་ཉིད་ཀྱི་ཐ་དད་དེ་ཉིད་འཕོ་བ་ཡིན་ནོ་ཞེ་ན། ཡིན་ལ་རག་མོད་དེ་ལྟ་ན་ཡང་། ཐ་དད་པ་ཉིད་དུ་རྟོགས་པའི་
ཡུལ་དུ་འགྱུར་བའི་ཕྱིར་རོ། །དངོས་པོ་སྔ་མ་ཁོ་ན་བཞིན་དུ་དམིགས་པར་འགྱུར་རོ། །ཐ་དད་པའི་ཐ་དད་པ་ནི་འདི་ཉིད་ཡིན་ཏེ། གཞན་གྱི་རང་བཞིན་འཕྲོག་པར་བྱེད་པ་མ་ཡིན་པ་ཞེས་བྱ་བ་གང་ཡིན་པའོ། །འགལ་བས་འཇིག་པ་ཟིན་པ་ཉིད་དེ། འཇིག་པ་མེད་ན་
འགལ་བར་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར། གང་དག་དེ་ཡོད་གཞན་ལྟོས་མེད། །དེ་དག་དེ་ཡོད་ལ་ངེས་ཡིན། །འབྲས་བུ་ཡི་ལ་གེགས་བྱེད་པ། །མེད་པ་ཅན་གྱི་ཚོགས་པ་བཞིན། །དཔེར་ན་གང་གིས་བྱེད་པ་སྲིད་པ་དང་བྲལ་བའི་རྒྱུ་ཚོགས་པ་ཐ་མ་རང་གི་འབྲས་
བུ་སྐྱེད་པ་ལ་འགལ་བ་ལ་ཡང་ལྟོས་པ་མེད་པས་དེ་ལ་ངེས་པ་དེ་བཞིན་དུ་དངོས་པོ་ཡང་འཇིག་པ་ལྟོས་པ་མེད་དེ། དངོས་པོ་འཇིག་པ་ལྟོས་པ་མེད་པའི་ཕྱིར་སྐད་ཅིག་མ་ཡིན་ནོ། །ལྟོས་པ་དང་བཅས་པ་ཡིན་ན། གདོན་མི་ཟ་བར་འཇིག་པར་འགྱུར་བ་མ་ཡིན་ནོ། །སྐྱེས་
པའི་ཕྱིར་འཇིག་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་པ་མེད་པའི་ནི་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འཇིག་པ་རྒྱུ་མེད་ཉིད་ཡིན་ན། །དེ་བདག་བསྒྲུབ་བྱ་སྒྲུབ་བྱེད་ཉིད། །ཕྱིས་འབྱུང་ཕྱིར་ན་བསྒྲུབ་བྱ་ནི། །རྒྱུ་ཉིད་དུ་ནི་
རིགས་མ་ཡིན། །ཕྱིས་འབྱུང་བའི་འཇིག་པ་ནི། སྔར་བྱུང་བའི་སྐྱེ་བ་དང་ལྡན་པའི་རྒྱུ་ཉིད་དུ་འགྱུར་བར་འཐད་པ་མ་ཡིན་ནོ། །འབྲས་བུ་ནི་རྒྱུ་ལས་གདོན་མི་ཟ་བར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེས་ན་དེ་རྒྱུ་ཉིད་ཀྱིས་ནི། །གཏན་ཚིགས་མ་ཡིན་ནོ། །གལ་ཏེ་རྒྱུ་
མེད་པ་ཡིན་ན་ནི་དེའི་བདག་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་ག་ལས་འཇིག་པ་རྒྱུ་མེད་པ་ཉིད་ཀྱང་ཇི་ལྟར་ཡིན་ཏེ། ཐོབ་པ་ལ་སོགས་པའི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་པའི་ཕྱིར་དང་འབྲས་བུའི་ཆོས་ཀྱང་དེ་ཙམ་དུ་ཟད་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ། དངོས་པོ་ཕྱིས་

འབྲེལ་མེད་པ་ཡི། །བདག་ཅན་དངོས་པོ་མེད་འཇིག་ན། །དེར་ནི་སྔར་ཡང་མཐོང་བའི་ཕྱིར། །ཅི་ལྟར་འཇིག་བྱེད་རྒྱུ་ཅན་ཡིན། །གང་ཞིག་གང་མེད་པར་ཡང་མཐོང་བ་དེ་ཅི་ལྟར་དེའི་རྒྱུ་ཅན་ཡིན། རྗེས་སུ་འགྲོ་བ་ཙམ་གྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ལན་
ཅིག་མ་ཡིན་པར་བསྟན་ཟིན་ཏོ། །ཅི་ལྟར་འཇིག་པར་བྱེད་པ་ཉེ་བས་གྱོ་མ་ལ་སོགས་པར་གྱུར་པ་ན་བུམ་པ་ཕྱི་མ་དང་འབྲེལ་པ་མེད་པར་རྟོགས་པ་དེ་བཞིན་དུ་སྐྱེས་མ་ཐག་པར་ཡང་ཡིན་ནོ། །སྔར་ཡང་ཕྱི་མའི་རང་བཞིན་དང་འབྱོར་པ་ནི་རྟོགས་པ་མ་ཡིན་ཏེ། འཆི་བའི་མཐར་
ཐུག་པར་རྟོགས་པར་ཐལ་ལོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །ཕྱིས་ཀྱང་ཕྱི་མ་དང་འབྲེལ་པ་ཙམ་ཉིད་འཇིག་པ་ཡིན་ནོ། །འཇིག་པ་ཉིད་ཀྱིས་མི་འབྱོར་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། འདི་ལྟར། མི་ནུས་པ་དང་མི་དགོས་ཕྱིར། །འཇིག་པ་ཉིད་ཀྱིས་དེ་བྱས་མིན། །འབྱོར་ནི་མ་
འབྱོར་པ་ལ་ཡང་། །འཇིག་པའི་ནུས་པ་སྲིད་མ་ཡིན། །གལ་ཏེ་འདི་རྒྱུ་ལས་འབྱོར་པ་ཉིད་དུ་སྐྱེས་སོ་ཞེ་ན། དེ་ལྟར་མངོན་སུམ་གྱིས་བཟུང་བས་ན། དེར་འཇིག་པ་ཉེ་བར་སྦྱོར་བ་ཅི་ཞིག་ཡོད་དེ། དེའི་ཚེ་ནི་དེའི་དོན་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་འདི་རང་གི་རྒྱུ་ལ་མ་འབྱོར་པ་ཉིད་དུ་
སྐྱེས་ན། དེ་ལྟ་ཡིན་ན་འཇིག་པ་དོན་མེད་དེ། བྱས་པ་ལ་རྒྱུ་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་གི་ངོ་བོས་སྐད་ཅིག་མར་གྱུར་པ་ཉིད་མངོན་སུམ་གྱིས་རྟོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟོགས་པ་མི་སྲིད་པའི་ཕྱིར་རོ། །གང་ཞིག་གཞན་དུ་རྟོགས་པར་ནུས་པ་དེ་ནི་གཞན་དུ་གྱུར་པ་
ཉིད་མ་ཡིན་ཏེ། གཞན་དུ་གྱུར་པ་ཉིད་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །དེའི་ཕྱིར་ངེས་པ་ནི་ལྟོས་པ་མེད་པ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ཏེ། རྒྱུ་ཚོགས་པ་ཐ་མ་བཞིན་ནོ། །གལ་ཏེ་ཉི་མ་ནུབ་པ་དང་། །འཆར་བ་ལྟོས་པ་དང་བཅས་པ་ཡིན་ཡང་གདོན་མི་ཟར་འགྱུར་བ་
མ་ཡིན་ནམ། ལྟོས་པ་མེད་པ་ཉིད་ཡིན་ན་ནི་འཆར་བ་དང་ནུབ་པའི་དེ་མ་ཐག་པ་དེ་ཁོ་ནར་ནུབ་པ་དང་ཤར་བར་འགྱུར་རོ། །ཚོགས་པ་ཡང་དངོས་པོ་མེད་པ་ལ་ངེས་པ་ནི་མ་ཡིན་གྱི། མྱུ་གུ་ལ་སོགས་པ་དོན་གཞན་ལ་ཡིན་ནོ། །དེས་ན་དཔེ་དེས་དེ་བཟློག་པ་ཉིད་དུ་

འགྱུར་གྱི་སྐབས་ཀྱི་བསྒྲུབ་བྱ་སྒྲུབ་པ་ནི་མ་ཡིན་ནོ་ཞེ་ན། འདིར་བརྗོད་པ། ཉི་མ་ནུབ་དང་ཤར་བ་ནི། །ཤར་དང་ནུབ་པས་ཁྱབ་མ་ཡིན། །རེས་འགའ་གཞན་དུའང་འགྱུར་སྲིད་དོ། །མི་འགྱུར་བ་ལ་ཚད་མ་མེད། །གལ་ཏེ་ཕལ་ཆེར་མཐོང་བ་དེ་ལྟར་ན་
ཡང་ཚད་མེད་པའི་ཕྱིར་འཆར་བ་དང་ནུབ་པ་དག་གིས་ནུབ་པ་དང་འཆར་བའི་དངོས་པོ་དག་ལ་མ་ཁྱབ་པོ། །འདི་ལྟར་བདག་པོ་ལ་གུས་པ་ལ་སོགས་པའི་ལོ་རྒྱུས་ཐོས་པ་ཡིན་ནོ། །དགུན་ཀ་ཕྱི་མོར་འཆར་བ་དང་། །མྱུར་བར་ནུབ་པར་འགྱུར་བའི་ཕྱིར། །སྲིད་
པའང་ཡོད་ཡིན་དེ་བཞིན་དུ། །གཞན་པ་ཉིད་ཀྱང་སྲིད་པ་ཉིད། །ནུབ་པ་ནི་ཉི་མའི་མ་ཡིན་གྱི། །འོན་ཀྱང་རི་ལ་སོགས་པས་བཅད་པ་ཡིན་ནོ། །རབ་ཏུ་དཔྱད་པ་ཉིད་དེ་ཡང་བདག་ལ་ལྟོས་པ་ཡིན་གྱི། རྣལ་འབྱོར་པས་ནི་གཞན་དུ་ཡང་མཐོང་བ་ཡིན་ནོ། །
གཞན་ཡང་ལྟོས་པ་དང་བཅས་པ་རྣམས་ནི་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་གལ་ཏེ་འགའ་ཞིག་གདོན་མི་ཟ་བར་འགྱུར་བ་ཡིན་ཡང་གཞན་དག་ནི་དེ་ལྟ་མ་ཡིན་པས་ཐེ་ཚོམ་ཟའོ། །ཚོགས་པ་ཐ་མ་ནི་དངོས་པོ་ཐ་དད་པ་ལ་ངེས་པ་ཡིན་ལ། འཇིག་པར་
ཐ་དད་པར་གྱུར་པ་ལ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་མི་རུང་སྟེ། འདི་ལྟར། ངོ་བོ་གཞན་ལ་རང་རྒྱུ་ལས། །ངེས་པ་གང་དེས་གསལ་བར་ནི། །རང་གི་རང་བཞིན་བདག་ཉིད་ཅན། །འཇིག་པ་དེ་ལྟར་ཅིས་མི་རྟོགས། །འཇིག་པ་ཞེས་བྱ་བ་དངོས་པོ་མེད་པའི་
རང་བཞིན་གཞན་ཉིད་ནི་མ་ཡིན་གྱི། འོན་ཀྱང་ཕྱི་མ་དང་འབྲེལ་པར་རྟོགས་པའི་ངོ་བོ་ཉིད་ཡིན་ཏེ། མཆི་གུའི་ལུས་ཞེས་བྱ་བའི་ཚུལ་གྱིས་དངོས་པོའི་འཇིག་པ་ཞེས་དེ་ལྟར་རྟོགས་པའི་ཡུལ་དུ་གྱུར་པ་ཡིན་ནོ། །ཅི་ལྟར་ཚོགས་པ་ཐ་མ་དེ་མྱུ་གུ་སྐྱེད་པའི་རང་བཞིན་དུ་ངེས་
པར་དངོས་པོ་ཡང་དེའི་ཕྱིས་ཀྱི་དངོས་པོ་དང་འབྲེལ་པ་མེད་པའི་ཐ་སྙད་དུ་ངེས་པ་ཡིན་ནོ་ཞེས་ཅི་སྟེ་མི་འདོད། གཞན་ཡང་ལྟོས་པ་མེད་པ་ཉིད་ཀྱིས་སྤྱིར་དེ་ལ་ངེས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པའི་དབྱེ་བ་རྟོག་པ་ནི་ལྟག་ཆོད་ཉིད་དེ། སྒྲ་

དང་བུམ་པ་འམ་ལུས་ཅན་དག་ལུས་ཅན་མ་ཡིན་པར་རྟོག་པ་བཞིན་ནོ། །དེའི་ཕྱིར་འགལ་བས་ཁྱབ་པ་དམིགས་པ་ནི་མི་དམིགས་པའི་དབྱེ་བ་ཉིད་ལ་དེ་ཡང་རང་བཞིན་གྱི་ཁོངས་སུ་འདུ་བར་འགྱུར་རོ། །དེས་ན་གཏན་ཚིགས་གཉིས་ཉིད་དང་། བཟློག་པ་གཉིས་ཉིད་
དོ། །དེས་ན་རིགས་མཐུན་པ་ལ་ཡོད་པ་དང་། རྣམ་པ་གཉིས་སུ་གྱུར་པ་དེ་ནི་གཏན་ཚིགས་ཡིན་ལ། བཟློག་པ་ནི་འགལ་བ་ཡིན་ཞིང་དེ་ལས་གཞན་དག་ནི་མ་ངེས་པ་རྣམ་པ་ལྔ་ཡིན་ནོ། །དེ་ལ་ཁྱད་པར་དང་སྤྱི་དག་གོ་བར་བྱེད་པ་ཉིད་དུ་རྩོད་པ་སྤང་བ་ཡིན་ནོ། །ལྷག་མ་རྣམ་
པ་གསུམ་ནི་ལྡོག་པའི་སྒོ་ནས་གོ་བར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །འདི་ལྟར། གཏན་ཚིགས་རྗེས་འགྲོའི་སྒོ་ནས་ནི། །གོ་བྱེད་ཉིད་དུ་གནས་ཡིན་ཏེ། །ཡོད་ཙམ་མཉམ་ལྷག་རྣམ་པ་ནི། །གསུམ་ཀའང་གོ་བྱེད་ཉིད་མིན་ཕྱིར། །གལ་ཏེ་རྗེས་སུ་འགྲོ་བར་བྱེད་པ་ཉིད་ལ་སྦྱོར་བ་ཡིན་ན། མི་
རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བར་ཡང་གོ་བར་འགྱུར་ཏེ། འདི་ལ་རྗེས་སུ་འགྲོ་བ་ནི་ཡོད་པ་ཉིད་དོ། །འོན་ཏེ་ཡོད་པ་ཙམ་གྱིས་གོ་བར་བྱེད་པ་མ་ཡིན་ཏེ། ལྡོག་པ་དང་ལྷན་ཅིག་པ་ལ་ལྟོས་པའི་རྗེས་སུ་འགྲོ་བ་གོ་བྱེད་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་རེག་པར་བྱ་བ་ཡིན་པའི་ཕྱིར་
རྟག་གོ་ཞེས་བྱ་བ་ནི་གོ་བྱེད་ཡིན་པར་འགྱུར་རོ། །འདི་ཡང་གོ་བར་བྱེད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མཉམ་པའི་ཕྱིར་རོ་ཞེ་ན། འོ་ན་མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་འདི་གོ་བྱེད་དུ་འགྱུར་ཏེ། འདི་ལ་རྗེས་སུ་འགྲོ་བ་ནི་སྟོབས་དང་ལྡན་པ་ལ་ལྡོག་པ་ནི་སྟོབས་ཆུང་བ་
ཡིན་ནོ། །འདི་ལྟར། གཙོ་བོ་དེ་ལས་གཞན་པ་ནི། །ཁྱད་པར་ལ་ནི་ལྟོས་མ་ཡིན། །ཟས་སོགས་ལ་ནི་སྦྱོར་བྱེད་པ། །གཞན་ལ་ལྟོས་པར་མ་མཐོང་ངོ་། །གལ་ཏེ་རྗེས་སུ་འགྲོ་བས་གོ་བར་བྱེད་པ་ཉིད་དུ་རབ་ཏུ་སྦྱོར་བ་ཡིན་ན། ལྡོག་པ་ཡོངས་སུ་རྫོགས་པ་ཡོད་པ་ལྟོས་པར་མི་འགྱུར་
ཏེ། དེ་ལ་གུས་པ་མེད་པ་ཁོ་ནར་གོ་བར་བྱེད་པ་ཉིད་སྦྱོར་བར་འགྱུར་ཏེ། ཟས་ལ་སྦྱོར་བར་བྱེད་པ་བཞིན་ནོ། །ལྡོག་པའི་སྦྱོར་བར་བྱེད་པ་ཡིན་ན་ནི། རྗེས་སུ་འགྲོ་བ་ཡོད་པ་ཙམ་ལྟོས་པར་འགྱུར་གྱི། མཉམ་པའམ་ལྷག་པ་ལ་ནི་མ་ཡིན་ཏེ། དཔེར་ན་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་

གོ་ཞེས་བྱ་བ་བཞིན་ནོ། །གང་ཞིག་རྩོལ་བ་ལས་བྱུང་བ་དེ་ནི་མི་རྟག་པ་ཉིད་དོ། །རྟག་པ་ཉིད་རྣམ་པར་གཅོད་པས་གོ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཏན་ཚིགས་གཞན་དག་ཀྱང་ངོ་། །འདི་ལྟར། གང་གིས་དེ་མེད་སྒྲུབ་བྱེད་པ། །རྟག་པ་ལས་ནི་ལྡོག་པ་ཉིད། །མི་རྟག་པ་ལ་ཡོད་པས་དེ། །ཡོད་པ་འདི་ནི་
སྒྲུབ་བྱེད་མིན། །གལ་ཏེ་མི་རྟག་པ་ལ་མཐོང་བ་དེ་ལྟར་ན་ཡང་རྟག་པ་མེད་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །རྟག་པ་ལ་མེད་པར་མཐོང་བས་ནི་དེ་མེད་པར་སྒྲུབ་ན་ནི། ངེས་པར་ཕུང་པོ་བཞིན་དུ་འཇུག་པར་འགྱུར་རོ། །མཐོང་བ་ནི་དེ་ལས་གཞན་དག་ཏུ་གདོན་མི་ཟ་བར་གཞན་དུ་མི་འགྱུར་བ་མ་ཡིན་ནོ། །
གལ་ཏེ་མཐོང་བའི་སྒོ་ནས་གོ་བར་བྱེད་པ་ཡིན་ནོ། །དེའི་ཚེ་མཐོང་བའི་མེ་ཉིད་ཐམས་ཅད་གོ་བར་བྱེད་པར་འགྱུར་གྱི། དེ་ལས་གཞན་པའི་གསལ་བ་ནི་རྟོགས་པ་མ་ཡིན་དེས་ན་དེ་ལས་གཞན་པའི་གསལ་བ་མཐོང་བ་ན་ཚད་མ་མ་ཡིན་པར་འགྱུར་རོ། །འོན་ཏེ་དེ་ཡང་ནང་དུ་བསྡུས་པ་ཉིད་དོ་ཞེ་ན། མ་ཡིན་
ཏེ། མཐོང་བའི་རྗེས་སུ་འབྲང་བས་ནང་དུ་སྡུད་པར་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ལྡོག་པ་ཡང་དེའི་རྗེས་སུ་འགྲོ་བ་ཉིད་ཀྱི་སྒོ་ནས་ངེས་པ་མ་ཡིན་ནམ། དེ་ཅི་ལྟར་རྗེས་སུ་འགྲོ་བ་གཙོར་གྱུར་པ་མ་ཡིན་ཞེ་ན། མ་ཡིན་ཏེ། མཐོང་བ་ནི་ལྡོག་པ་ངེས་པ་ལ་དབང་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །མཐོང་བས་ནི་
སྣང་བ་ཉིད་ངེས་པར་བྱེད་ཀྱི་དེ་ལས་གཞན་ནི་མ་ཡིན་ནོ། །གཞན་མཐོང་བ་ནི་གཞན་ངེས་པའི་རྒྱུ་མ་ཡིན་ནོ། །འདུ་བྱེད་པ་ལས་གཞན་དུ་ཡང་ངེས་སོ་ཞེ་ན། དེ་ནི་མི་རུང་སྟེ། དངོས་པོ་གང་གི་རང་བཞིན་ནི། །སྣང་བ་ལས་འབྱུང་འདུ་བྱེད་པ། །དེར་ངེས་པ་ཡི་རྒྱུ་ཡིན་ཏེ། །དེ་ལས་གཞན་དུ་ངེས་པ་མིན། །
གང་གི་ཚེ་འབྲེལ་པ་དེ་ཉིད་ལྡོག་པ་གཙོར་གྱུར་པ་དེའི་ཚེ་དེའི་སྒོ་ནས་གཏན་ཚིགས་གཞན་སེལ་བའི་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་མཐོང་བའི་སྒོ་ནས་འབྲེལ་པ་རྟོགས་པ་ནི་ཅི་ལྟར་ལྡོག་པས་འབྲེལ་པ་རྟོགས་པར་འགྱུར་རོ་ཞེ་ན། འདི་ཡང་འཚམ་པར་བརྗོད་པ་མ་ཡིན་ཏེ། རྗེས་འགྲོས་འབྲེལ་པ་ཡིན་ན་
ཡང་། །ལྡོག་པ་གཙོ་བོར་གྱུར་ཉིད་ལས། །འདའ་བར་འགྱུར་བ་མ་ཡིན་ཏེ། །སྔར་ཉིད་དུ་ནི་བརྗོད་ཟིན་ཏོ། །རྗེས་སུ་འགྲོ་བས་འབྲེལ་པ་འཛིན་ན་ནི་གསལ་བ་དེ་ཉིད་ལ་འགྱུར་གྱི། གསལ་བ་གཞན་གྱིས་ནི་མ་ཡིན་ཏེ། འདི་ལྟར་དེའི་ཚེ་གསལ་བ་གཞན་གྱིས་རྗེས་སུ་འགྲོ་བ་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་

དེ་དང་ཡང་ཕྱིས་འགྱུར་ཞེ་ན། དེ་ལྟ་ཡིན་ན་འཁྲུལ་པར་འགྱུར་ལ། འཁྲུལ་པའི་ཕྱིར་ན་སྔ་མ་འབྲེལ་པ་ཉིད་ཡིན་པར་མི་འགྱུར་རོ། །གསལ་བའི་སྤྱི་ཞེས་བྱ་བ་འདི་ཅི་ཡིན། མི་སྣང་བའི་རང་བཞིན་ནི་འབྲེལ་པའམ། གཞན་དུ་རྟོགས་པར་ནུས་པ་མ་ཡིན་ནོ། །གསལ་བ་རྣམས་
ལ་མཚུངས་པར་རྟོགས་པར་རྟོགས་པའི་རྒྱུ་མཚན་ནོ་ཞེ་ན། མཚུངས་སོ་སྙམ་པའི་རྟོགས་པ་ནི་ཡོད་མོད་ཀྱི་དེའི་ཚེ་རྒྱུ་མཚན་འདི་ལྟ་བུ་ཞིག་ཡིན་ནོ་ཞེས་ནི་བསྟན་པར་མི་ནུས་སོ། །གལ་ཏེ་མངོན་སུམ་གྱིས་མ་རྟོགས་སུ་ཆུག་ཀྱང་འབྲས་བུ་མཐོང་བ་ལས་རྗེས་སུ་དཔག་པས་རྟོགས་སོ་ཞེ་ན།
རྒྱུའི་སྤྱི་རྟོགས་པར་འགྱུར་གྱི་དེ་སྤྱི་ནི་མ་ཡིན་ཏེ། འདི་ལྟ་བུ་ཞེས་བྱ་བ་རྟོགས་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་ཡང་འབྲས་བུ་གཅིག་བྱེད་པ་ཉིད་ཡིན་པས་གཞན་ཅི་དགོས། འདི་ལྟར། བྱ་བ་འདི་ལ་བདག་ཅག་རྣམས་དབྱེ་བ་ཡང་མེད་དོ་ཞེས། འདི་ལ་འཇིག་རྟེན་མཐའ་དག་ནི། །བདག་གཅིག་
དུ་ནི་གནས་མ་ཡིན། །དེའི་ཕྱིར་དུ་བ་འདི་ནི་སྒྲུབ་པར་བྱེད་པའི་ཁྱད་པར་རྣམས་གཅིག་འགའ་ཞིག་མེད་ན་མི་འགྱུར་བའི་ཕྱིར་འདི་མེད་པ་ལས་དུ་བ་ལྡོག་པ་ཡིན་ནོ་ཞེས་གཞན་སེལ་བ་ཉིད་ཀྱི་སྒོ་ནས་འབྲེལ་པ་བཟུང་བའི་ཕྱིར་སྒྲ་དང་རྟགས་ཀྱིས་ནི་ལྡོག་པ་ཉིད་བསྒྲུབ་པ་ཡིན་ནོ། །དེས་ན་ལྡོག་
པ་ཉིད་གཙོར་རྟོགས་པ་ཡིན་ལ་མེད་ན་མི་འགྱུར་བ་ཉིད་ཀྱིས་ན་གསལ་བའི་ཡོད་པ་ནི་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །མེ་མེད་པ་མེད་ན་གདོན་མི་ཟ་བར་མེའི་གསལ་བ་འགའ་ཞིག་འཕེན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། མེ་མ་ཡིན་ལ་ལྡོག་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་གཞན་པ་
དག་ནི་མ་ངེས་པ་ཞེས་ངེས་པ་རྣམ་པ་ལྔར་བཤད་པ་མ་ཡིན་པ་འདི་ནི་རིགས་པ་མ་ཡིན་ཏེ། ལྷག་མ་དང་ལྡན་པ་དང་འགལ་བ་མི་འཁྲུལ་པ་ཡང་མ་ངེས་པ་གཞན་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། བསམ་པ་མ་ཤེས་པའི་ཕྱིར་རོ། །གཞན་རྣམ་པ་ལྔ་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་
ནི་མ་ཡིན་གྱི་འོན་ཀྱང་། དེ་ལ་རིགས་མཐུན་ལ་ཡོད་དང་། །རྣམ་གཉིས་དེ་མེད་ལ་མེད་པར་ངེས་པ་གང་ཡིན་པ་དེ་ནི་གཏན་ཚིགས་ཡིན་ཞིང་ཟློག་པར་ངེས་པ་ནི་དེ་ནི་འགལ་བ་ཡིན་ནོ། །དེ་ཡང་ཐབས་དེའི་བདག་ཉིད་དང་དེ་ལས་བྱུང་བ་འབྲེལ་པ་ཤ་སྟག་གོ། །གཞན་དག་ནི་མ་ངེས་པ་ཡིན་ཏེ།

དེ་ལྟར་འབྲེལ་པ་མ་ཡིན་པ་ནི་མ་ངེས་པ་ཡིན་ནོ་ཞེས་བྱ་བ་དག་གི་དོན་ཏོ། །ལྷག་མ་དང་ལྡན་པ་དང་འགལ་བ་མི་འཁྲུལ་པ་ཅན་ཡང་མཚན་ཉིད་འདི་ཉིད་ཡིན་པའི་ཕྱིར་དེ་གཉིས་ཀྱང་མ་ངེས་པ་མ་བཟློག་གོ། །དེས་ན་ཐམས་ཅད་ཁ་ན་མ་ཐོ་བ་མེད་དོ། །འདི་ལྟར། འགལ་བ་མི་འཁྲུལ་པ་ཅན་གྱི་ཡུལ་
ཕྲོགས་པ་ནི་བསྒྲུབ་པར་བྱ་བ་ལ་འབྲེལ་པ་མ་ཡིན་པ་ཉིད་དོ། །འོ་ན་ཅི་ལྟར་མི་འཁྲུལ་པ་ཡིན་ཏེ། འབྲེལ་པ་ཡང་མ་ཡིན་ལ་མི་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ལོ་ཞེ་ན། དེ་ལྟ་ན་ཡང་འོ་ན་མི་འཁྲུལ་པ་ཡང་ཡིན་ལ་ཐེ་ཚོམ་གྱི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་འགལ་བ་ཉིད་དོ། །ངེད་ཀྱི་
ཕྱོགས་ལྟར་ན་ནི་མ་འབྲེལ་པ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །མི་འཁྲུལ་པ་ཉིད་ཅི་ལྟར་ཞེ་ན། ཁས་བླངས་པའི་སྒོ་ནས་ཡིན་པས་སྐྱོན་མེད་དོ། །དེ་སྐད་དུ་ཡང་། འོ་ན་གང་གི་ཚེ་སྒྲ་ཉིད་རྟག་པར་ཁས་བླངས་པ་དེའི་ཚེ་འདི་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་སྨྲས་པ་ཡིན་ཏེ། འདི་ལྟར། གར་ཡང་མཉན་
པར་བྱ་བ་ཉིད། །འཇིག་པ་ཉིད་དུ་མཐོང་བ་མེད། །རྟག་པ་ཉིད་ལ་མཐོང་བའི་ཕྱིར། །གོ་བར་བྱེད་པ་ཉིད་དུ་འགྱུར། །གོ་བར་བྱེད་པའི་མཚན་ཉིད་དུ་ཁས་བླངས་པའི་ཕྱིར་གོ་བར་བྱེད་པ་ཡིན་ནོ། །མཐོང་བ་དང་མ་མཐོང་བ་ཙམ་གྱིས་ཀྱང་བྱེ་བྲག་པའི་གོ་བར་བྱེད་པའི་གཏན་ཚིགས་ཡིན་
ལ། དེ་ནི་འདི་ལ་ཡང་ཡོད་པས་གོ་བར་བྱེད་པ་ཉིད་དུ་འགྱུར་རོ་ཞེ་ན། སློབ་དཔོན་གྱིས་གསུངས་པ། གལ་ཏེ་འདིར་འགའ་ཞིག་བྱས་པ་ཉིད་ཀྱང་མི་རྟག་པའི་གཏན་ཚིགས་སུ་མི་བརྗོད་ན་གོ་བར་བྱེད་པར་འགྱུར་རོ། །གཉི་ག་ཡང་གོ་བར་བྱེད་པ་ཉིད་དུ་བརྟེན་ན་ནི་རང་གིས་ཁས་
བླངས་པ་ཉིད་ལས་ཐེ་ཚོམ་དུ་འགྱུར་རོ། །དེའི་ཕྱིར་ཁས་ལེན་པའི་བྱེ་བྲག་ཉིད་ཤིན་ཏུ་དོགས་པར་ཆུད་པ་ཡིན་ནོ། །འདི་ལྟར། གལ་ཏེ་སྒྲ་མི་རྟག་པར་ནི། །འདོད་ན་སྒྲ་ཉིད་རྟག་པར་དེར། །དེ་ཡི་སྒོ་ནས་གཏན་ཚིགས་ཉིད། །ཡིན་ན་གཞན་ཡང་གོ་བྱེད་འགྱུར། །
རིགས་པ་མཚུངས་པ་ཅན་དེ་ལྟར་མི་འགྱུར་བ་ཡིན་ཏེ། དེ་ལྟ་ན་ནི། འདི་རིགས་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་ཡིན་དང་ཐ་སྙད་མཐའ་དག་ཆད་པར་འགྱུར་རོ། །མཉན་བྱ་ཉིད་ཀྱང་བྱས་པ་དང་གཏན་ཚིགས་ཀྱི་རིགས་མཚུངས་པ་ཡིན་ཏེ་དེས་ན་བྱས་པ་ཉིད་འདི་

ཡང་བསྒྲུབ་པར་བྱ་བ་ལས་བཟློག་པ་འཁྲུལ་པ་མེད་པ་ཅན་ཡིན་པས། ཅི་ལྟར་གོ་བར་བྱེད་པ་ཉིད་མ་ཡིན་པ་དེའི་ཕྱིར་གཞན་གྱིས་ཁས་བླངས་པས་འགལ་བ་མི་འཁྲུལ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་སློབ་དཔོན་གྱི་དགོངས་པ་
རྟོགས་པར་བྱ་སྟེ། འོ་ན་གང་གི་ཚེ་སྒྲ་ཉིད་རྟག་པར་ཁས་ལེན་པ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མ་འབྲེལ་པ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་པས་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཁྱབ་པ་ཉིད་དོ། །དེ་ལ་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ནོ་
ཞེས་བྱ་བས་ཤུགས་ཕྱོགས་ཀྱི་ཆོས་མ་ཡིན་པ་ནི་གཏན་ཚིགས་མ་ཡིན་ནོ། །ཕྱོགས་ཀྱི་ཆོས་ཕྱིན་ཅི་ལོག་འགལ་བ་ཡིན་པའི་ཕྱིར། ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་ཆོས་མ་ཡིན་པའི་ནི་འགལ་བ་མ་ཡིན་ནོ་ཕྱོགས་ཀྱི་ཆོས་གཞན་ནི་མ་ངེས་པ་ཡིན་ནོ་ཞེས་
བྱ་བས་ཕྱོགས་ཀྱི་ཆོས་མ་ཡིན་པ་ནི་མ་ངེས་པ་མ་ཡིན་ནོ། །དེས་ན་མ་གྲུབ་པ་ཞེས་རང་གི་མིང་གིས་བསྟན་པར་བྱ་བ་ཡིན་ནོ། །ཆོས་ཅན་གྲུབ་པ་ཡང་མ་གྲུབ་པ་ཉིད་ལ་གང་ལ་ཡང་རུང་བ་ལ་མ་གྲུབ་པ་ཡང་ངོ་། །དེ་སྐད་དུ་ཡང་སློབ་དཔོན་གྱིས། །གཉི་ག་ལ་
ནི་གྲུབ་ཆོས་ཀྱིས། །ཐ་སྙད་བྱེད་ཕྱིར་ཟློག་པའམ། །གཉིས་ལས་གཅིག་ལ་མ་གྲུབ་དང་། །ཆོས་ཅན་མ་གྲུབ་ན་མི་འདོད། །ཅེའོ། །གལ་ཏེ་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ན་འོ་ན། ཅི་ལྟར་སྒྲ་ནི་མི་རྟག་པ་སྟེ། བྱས་པ་མི་རྟག་པ་ཡིན་པའི་ཕྱིར་དང་།
རྟག་པ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་ནི། འབྲས་བུ་ནི་སྔ་ན་ཡོད་པ་མ་ཡིན་ཏེ་མེད་པ་མི་བྱེད་ཕྱིར་དང་། ཉེ་བར་ལེན་པ་ལེན་པའི་ཕྱིར་དང་། ཐམས་ཅད་ལས་འབྱུང་བ་མ་ཡིན་པའི་ཕྱིར་དང་། ནུས་པར་བྱེད་པ་ནུས་པའི་ཕྱིར་དང་། རྒྱུའི་
དངོས་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་འགྱུར་ཞེ་ན། འདིར་བཤད་པ། གང་དུ་གཏན་ཚིགས་བསྒྲུབ་བྱ་ཡི། །རྗེས་འགྲོ་འམ་མེད་ན་མེད་པ་དག །ལྔ་པས་བརྗོད་དེར་དཔེ་ཡིན་ཏེ། །གཏན་ཚིགས་ཉེར་གཏོང་བདག་ཉིད་ལས། །དཔེར་ན་སྒྲ་མི་རྟག་སྟེ་བྱས་པ་

མི་རྟག་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ནོ། །སྒྲ་ནི་མི་རྟག་སྟེ་རྟག་པ་མ་བྱས་པའི་ཕྱིར་རོ། །སྒྲ་ནི་མ་བྱས་པ་ཡིན་ནོ་ཞེས་འདིར་ལྔ་པས་ནི་ཆོས་མཐུན་པ་དང་མི་མཐུན་པ་དག་གིས་དཔེ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ནི་དེ་ཁོ་ན་དང་བཅས་པ་ཡིན་ནོ། །དེ་བཞིན་དུ་མེད་པ་མི་བྱེད་པ་ལ་
སོགས་པ་ལ་ཡང་བལྟ་བར་བྱའོ། །ཇི་ལྟར་འདི་དག་གཏན་ཚིགས་མ་ཡིན་པ་དེ་ལྟར་ནི་བསྟན་ཟིན་ཏོ། །གཞན་ཡང་། འབྲེལ་པ་མ་གྲུབ་གཏན་ཚིགས་ནི། །བསྒྲུབ་བྱ་སྒྲུབ་པར་བྱེད་པ་ལ། །ནུས་མེད་འདི་ལ་དེ་མེད་པ། །དེས་ན་འདི་དག་གཏན་ཚིགས་མིན། །མེད་པ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་
བ་འདི་ཇི་ལྟར་གཏན་ཚིགས་མ་ཡིན་ཞེ་ན། མེད་པ་རི་བོང་གི་རྭ་ལ་སོགས་པ་བྱེད་པ་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ན་འདི་ཙམ་ལྡོག་པས་ནི་བཟློག་པ་གྲུབ་པ་མ་ཡིན་ནོ། །གལ་ཏེ་མེད་པ་འགའ་ཞིག་ལ་བྱེད་པ་མི་དམིགས་པ་དེ་ལྟར་ན་ཡང་ཐམས་ཅད་དེ་ལྟར་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་ནི་ག་
ལས་ཡིན་བཟློག་པའི་འབྲེལ་པ་མེད་པར་ནི་ལྡོག་པའི་ཁྱབ་པ་འགྲུབ་པ་མ་ཡིན་ནོ། །དུ་བ་མེད་པས་མེ་མེད་ལ། །ཁྱབ་པ་ཇི་ལྟར་གྲུབ་ཅེ་ན། །མེ་ཡིས་དུ་ལ་ཁྱབ་པར་ནི། །གལ་ཏེ་ཚད་མས་གྲུབ་གྱུར་ནའོ། །འགྲོ་བ་མཐའ་དག་ཏུ་བསྐོར་ཀྱང་དེ་དང་གཞན་ན་ཡང་མེད་དོ་ཞེས་ལྡོག་པའི་ཁྱབ་པ་རྟོགས་པར་
ནུས་པ་ནི་མ་ཡིན་ཏེ། ཡུལ་དུས་ཁྱབ་པར་མཐའ་དག་བསྐོར་བ་ཉིད་མི་སྲིད་པའི་ཕྱིར་རོ། །རྗེས་སུ་འགྲོ་བས་འབྲེལ་པ་འཛིན་ན་ནི། །དེའི་ཤུགས་ཉིད་ཀྱིས་ལྡོག་པའི་ཁྱབ་པ་རབ་ཏུ་འགྲུབ་པོ། །འདི་ཡང་སྔར་བསྟན་ཟིན་པ་ཉིད་དོ། །དེའི་ཕྱིར་འདི་དག་ནི་གཏན་ཚིགས་མ་ཡིན་ནོ། །དེའི་ཕྱིར་ཕྱོགས་ཀྱི་ཆོས་ཉིད་གཏན་
ཚིགས་དང་འགལ་བ་དང་མ་ངེས་པར་འགྱུར་བ་ཡིན་ནོ། །དེས་ནི་ཡོད་པ་དང་མེད་པ་རབ་ཏུ་བསྟན་པའི་ཚུལ་གྱིས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་གསལ་བར་བྱས་པ་ཡིན་ནོ། །ཚུལ་གསུམ་ལ་ལྷག་མ་ལུས་པ་རྟོགས་པར་བྱ་བའི་ཕྱིར་སྤྲོས་ལ། ལྷག་མ་དག་ནི་ཚད་མ་ཀུན་ལས་བཏུས་པ་ཉིད་ལས་ཕྱོགས་པར་བྱ་
བ་ཡིན་ཏེ། དེས་ན་རྣམ་འགྲེལ་མཛད་པས་ཐུགས་བཏང་སྙོམས་སུ་མཛད་དོ། །ཀྱེ་ཡི་རྩོད་རྣམས་རྟག་ཏུ་ཕྱོགས་ལྷུང་བས། །སྡང་ཡིད་རང་བཞིན་ཕྱོགས་བྱས་ནུས་པ་ནི། །དེ་ཉིད་རྟོགས་པ་སྒྲུབ་མིན་ཡིད་ཀྱི་ཚུལ། །དབུ་མར་གནས་པས་ཡིད་ཕྱིར་དེ་བློ་བསྒྲུབས། །གཞུང་ལུགས་པ་རྣམས་ཆོས་

ཀྱི་གྲགས་དཔལ་བཞེད་པ་དྲི་མེད་དེ་འདྲ་ཉིད་ཀྱིས་རྟོགས་བྱ་འདི། །བདག་འདྲས་བཤད་ལ་ཇི་ལྟར་དབང་ཞེས་འདི་ལ་ཡུན་རིངས་རྒྱུ་བསམས་ན། །འདིར་གོམས་ཙམ་གྱིས་གལ་ཏེ་གཞན་འདིར་དེ་ཉིད་དོན་གྲུབ་བྱ་བའི་ཕྱིར། །བདག་དང་གཞན་ལུགས་རིགས་དང་རིགས་མིན་དོན་འདིར་
བྱས་འགྱུར་འདིར་ཆེར་རིགས། །འདིར་ལེགས་རབ་མང་བརྗོད་པར་ནུས་མོད་ཀྱི། །གཞན་རྟོགས་གྲུབ་ཕྱིར་མདོར་བསྡུས་ནས་འདི་བྱས། །རིན་ཆེན་འབྱུང་གནས་ནས་རྙེད་རིན་ཆེན་ཚོགས། །ལེན་བྱེད་མཁས་པ་མེད་མོད་དེ་མེད་མིན། །ཆགས་ཕྱིར་གྲོང་པ་མཛེས་པ་ཡི། །
རྒྱན་གྱིས་ལུས་ནི་བརྒྱན་འདོད་ལྟར། །རྣམ་འགྲེལ་རྒྱན་ཡང་བདག་གིས་ནི། །བྱས་ཏེ་དྲེགས་པའི་ཕྱིར་མ་ཡིན། །དེ་ལྟར་སེམས་དེ་རྟག་ཏུ་དེ་བཞིན་གཤེགས་པའི་ཆོས་ཚུལ་ཞིབ་པོ་རྟོགས་བྱེད་པ། །གཞན་དོན་བསྒྲུབ་བརྩོན་བློ་ཅན་རྣམས་ཀྱི་བློ་གྲོས་འདི་ནི་
ལེགས་པའི་དོན་དུ་འགྱུར་བ་སྟེ། །འགྲོ་བ་མཐའ་དག་དགའ་བྱེད་དཔལ་དང་མེ་དང་ཟླ་བ་བསྐྱེད་པའི་མ། །གང་ཆེན་ལས་གཞན་རྒྱ་མཚོ་འང་འགྲོ་ན་འགར་ཡང་མཐོང་བ་ཡོད་དམ་ཅི། །དེ་ལྟར་བདག་གིས་སྨད་མེད་འདི་སྦྱར་བས། །དགེ་བ་དྲི་མེད་ཐོབ་
པ་གང་ཡིན་པ། །དེས་ནི་འགྲོ་བ་ཀུན་གྱི་དོན་གྲུབ་པར། །འགྲོ་བ་འདི་ནི་རྟག་ཏུ་གྲུབ་གྱུར་ཅིག །ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན་ལས་ལེའུ་བཞི་པའོ།། །།ཚད་མའི་བཤད་པ་ཆེན་པོ་རྣམ་འགྲེལ་གྱི་རྒྱན་སློབ་དཔོན་མཁས་པ་ཆེན་པོ་
ཤེས་རབ་འབྱུང་གནས་སྦས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བམ་པོ་དྲུག་ཅུ་ལྷག་ཆད་མེད་པར་ཡོད་དོ། །ཁ་ཆེའི་མཁན་པོ་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། སླད་ཀྱིས་
ཁ་ཆེའི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བཅོས་ཏེ་གཏན་ལ་ཕབ་པ།། །།