Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 179
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
་རྩ་བའི་གཏན་ཚིགས་ནི་མ་ཡིན་ནོ། །ཁྱོད་དག་ལ་ཞེས་གསུངས་པའི་ཕྱིར། །འདིར་བྱས་པས་དེར་ཡང་འགྱུར་བའི་ཕྱིར་སྐྱོན་མེད་དོ། །དེ་ཉིད་དུ་ཅིའི་ཕྱིར་མ་ཡིན་ཞེ་ན། དེར་བྱས་སམ་ འདིར་ཡང་བླང་སྟེ། འགལ་བ་ཅི་ཡོད། འདིར་བྱས་པ་ལ་ནི་དགོས་པ་ཡོད་པ་ཡང་ཡིན་ཏེ། འདི་ལྟར། རྟོགས་སོགས་ཀྱིས་བྱས་གཏན་ཚིགས་འགའ། །རང་གི་དོན་དུ་རྟོགས་མི་བྱེད། །སུ་ཡང་བདག་ཉིད་མངོན་འདོད་ལས། །སླུ་བར་བྱེད་པ་ཡོད་དམ་ཅི། །གཞན་ཡང་གཞན་གྱི་ དོན་ཉིད་ལ་མཆོག་ཏུ་འབད་པར་བྱ་བ་ཡིན་ནོ་ཞེས་བདག་ཉིད་ཆེན་པོ་འདི་ཉིད་ལ་ཆེར་འབད་དོ་ཞེས་བསྟན་པའི་ཕྱིར་འདིར་ཡང་དོན་སྨོས་སོ། །དོན་དམ་པར་ནི་རྟོག་པས་སྒྲོ་བཏགས་པའི་གཏན་ཚིགས་མ་ངེས་པ་ཉིད་དོ། །འདི་ལྟར། རྟོག་དང་ལུང་ངག་བྱེད་པ་པོའི། །འདོད་པ་ཙམ་དང་ རྗེས་འབྲེལ་དང་། །དངོས་ལས་གཞན་དུ་འགྱུར་བའི་ཕྱིར། །བརྟགས་པ་དག་ནི་འཁྲུལ་པ་ཡིན། །རྟོག་པས་སྒྲོ་བཏགས་པ་ནི་བསྒྲུབ་བྱའི་དངོས་པོ་དང་འབྲེལ་པ་མ་ཡིན་ཏེ། བག་ཆགས་ཙམ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མ་འབྲེལ་པ་ཉིད་ཀྱིས་གཏན་ཚིགས་མ་ ཡིན་ནོ་ཞེ་ན། འབྲེལ་པ་ནི་འདི་ཉིད་ཀྱིས་འཕེན་པའི་ཕྱིར་རོ། །གང་དུ་ཡང་འབྲེལ་པ་དངོས་སུ་བསྟན་པ་ནི་མེད་དོ། །དེས་ན་དོན་སྨོས་སོ། །ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ནི་རྟག་པ་དང་མི་རྟག་པ་དག་ལས་གཅིག་ལ་ངེས་པ་མ་ཡིན་ཏེ། གང་དང་གང་ཕྱོགས་སུ་བྱས་ པ་དེ་ལ་ལྟོས་ཏེ། དེ་དང་དེར་འཕོ་བའི་ཕྱིར་རོ། །འདི་འདྲ་བས་ནི་དངོས་པོར་འགྲུབ་པ་མ་ཡིན་ཏེ། བརྗོད་པར་འདོད་པ་གཞན་དུ་འགྱུར་ན་གཞན་སྒྲུབ་པའི་ཕྱིར་རོ། །གལ་ཏེ་ཕྱོགས་ནི་བསྒྲུབ་བྱ་ཡིན་པ་དེ་ལ་ལྟོས་ནས་གཞན་ནི་ཕྱོགས་མ་ཡིན་པའི་ཕྱིར་དེ་ལ་ཕྱོགས་དང་མཐུན་པའི་ཕྱོགས་ གང་ཡང་རུང་བ་ཉིད་ཅེས་བྱ་བའི་ཆོས་དེའི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་ཡིན་ནམ། དེས་ན་ཅི་ལྟར་གཏན་ཚིགས་མ་ཡིན་ཕྱོགས་དང་མཐུན་པའི་ཕྱོགས་དག་ལ་ངེས་པའི་ཆོས་ནི་བསྒྲུབ་བྱ་ལ་འཁྲུལ་པ་མི་སྲིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཕྱོགས་དང་མཐུན་ཕྱོགས་ དངོས་པོ་ལ། །འགར་ཡང་ངེས་པ་ཡོད་མ་ཡིན། །མི་རྟག་ཉིད་ཙམ་ཕྱོགས་མིན་ཏེ། །གཞན་པ་དག་ཀྱང་སྲིད་ཕྱིར་རོ། །གལ་ཏེ་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བའི་ཕྱིར་ཞེས་བྱ་བའི་དོན། སྒྲ་དང་བུམ་པའི་མི་རྟག་པ་ཉིད་ཀྱི་སྤྱི་ལ་མི་འཁྲུལ་པའི་ཆོས་དང་ ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ན་ནི། དེའི་ཚེ་ཆོས་དེ་བྱས་པ་ཉིད་ལ་སོགས་པའི་མཚན་ཉིད་ཁོ་ན་སྟེ། མི་འཁྲུལ་པའི་ཆོས་དེ་ཉིད་གང་ཡང་རུང་བའི་སྒྲ་བསྟན་པའི་ཕྱིར་རོ། །མི་འཁྲུལ་པའི་ཆོས་དེ་ནི་བྱས་པ་ཉིད་ལ་སོགས་པའི་མཚན་ཉིད་ཁོ་ནའོ། །དེ་ལྟ་ཡིན་ན་ནི་གཏན་ཚིགས་དེ་ དངོས་པོ་ཉིད་ཡིན་གྱི་བརྟགས་པ་ནི་མ་ཡིན་ནོ། །འོན་ཏེ་བརྗོད་པར་འདོད་པ་ལས་ཕྱོགས་བྱས་པ་ཉིད་ཡིན་ན་དེ་ནི་མི་རུང་སྟེ། གལ་ཏེ་མི་རྟག་པ་ཉིད་དུ་བརྗོད་པར་འདོད་པས་ཕྱོགས་ཡིན་པ་དེ་ལྟ་ན་ཡང་དེ་ཙམ་གྱིས་མི་རྟག་པ་ཉིད་དུ་མི་འགྲུབ་སྟེ། རྟག་པ་ཉིད་ཀྱིས་བརྗོད་པར་འདོད་པ་ནི་དེ་ཉིད་ཀྱི་ ཚེ་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་མི་རྟག་པ་ཉིད་ཀྱིས་ཕྱོགས་སུ་འགྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་བརྟགས་པའི་ཆོས་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །རང་ལ་གྲུབ་པའི་དོན་གྱི་སྒྲུབ་པར་བྱེད་པ་དེ་ཡང་ཚུལ་གསུམ་པ་ཉིད་ཀྱི་རྟགས་ཉིད་ཡིན་ཏེ། དེས་ན་ ཚུལ་གསུམ་པའི་རྟགས་སྟོན་པ་ནི་གཞན་གྱི་རྗེས་སུ་དཔག་པ་ཡིན་ནོ། །དེས་ན་གང་དག་གིས་ཕྱོགས་གལ་ཏེ་སྤྱི་ཁྱབ་པ་ཁས་ལེན་ན། དེ་མངོན་སུམ་དང་དེ་ལ་སོགས་པའི་ཚད་མས་སྒྲུབ་དགོས་ཏེ། ཁས་ལེན་པ་ནི་ཚད་མའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །ཡུལ་དང་དུས་རྣམ་པར་འཆད་པའི་ གསལ་བ་གཅིག་དང་འདྲེ་བས་རྣམ་པར་མ་བཅད་པའི་རང་བཞིན་གཞན་དང་བྲལ་བར་རྟོགས་པས་ཅི་ལྟར་དེ་ཁྱབ་པ་ཡིན་ཞེས་ཁས་བླངས་པར་རིགས། མངོན་སུམ་གྱི་དངོས་པོ་དུ་མ་བཟུང་ན་ཡང་། དེ་ལས་ཐ་དད་པའམ་གཞན་རྟོགས་པ་མེད་པའི་ཕྱིར་རོ། །མ་རྟོགས་པ་ནི་ཁས་བླངས་པར་མི་རིགས་ སོ། །གལ་ཏེ་དམིགས་པའི་རྣམ་པ་ཉིད་སྤྱི་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྣམ་པ་ལ་ནི་ཁྱབ་པ་མེད་པའི་ཕྱིར་རོ། །ཁྱབ་པ་ཉིད་དུ་དམིགས་ན་ནི། །གསལ་བ་མཐའ་དག་དམིགས་པར་འགྱུར་རོ། །དེ་ལྟ་ཡིན་དང་། ཡུལ་དང་དུས་ཐ་དད་པའི་གསལ་བ་མཐའ་དག་ རྟོགས་པར་ཐལ་བ་ཡིན་ནོ། །རྣམ་པ་གསལ་བ་གཅིག་གི་མཐར་ཐུག་པ་ཉིད་ལ་མ་ཁྱབ་པར་གྲུབ་ན་ནི་ཆོས་ཅན་མ་གྲུབ་པ་ཡང་སྤངས་པ་ཉིད་དོ། །འོ་ན་ཅི་ལྟར་འདི་ཐལ་བ་སྒྲུབ་པ་ཡིན་ཞེ་ན། ཕ་རོལ་པོས་རྣམ་པ་ཉིད་སྤྱི་ཡིན་པར་ཁས་བླངས་ཤིང་། ཡང་ན་ཁྱབ་པའི་ཕྱིར་ཐལ་བ་སྒྲུབ་པ་ ཉིད་དོ། །ཡང་ན་ཁྱབ་པའི་ཕྱིར་གསལ་བ་གཅིག་གི་མཐར་ཐུག་པ་ཉིད་དུ་དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ཐལ་བའི་དོན་ཡིན་ལ། བཟློག་པ་ནི་རྩ་བའི་གཏན་ཚིགས་ཡིན་ནོ། །ཐལ་བ་ནི། རྩ་བའི་གཏན་ཚིགས་ཀྱི་ཁྱབ་པ་སྒྲུབ་པའི་དོན་ཉིད་དོ། །གཞན་དག་ནི་རང་བཞིན་གཞན་དང་བྲལ་ བའི་ཕྱིར་ཞེས་བྱ་བ་ནི་རྩ་བའི་གཏན་ཚིགས་ཡིན་ལ། ཐལ་བ་ནི་དེ་རྟོགས་པར་བྱ་བ་ཉིད་ཡིན་ནོ། །འདི་ཉེ་བར་བཀོད་པ་ཡང་རྩ་བའི་མཐར་ཐུག་པར་བསྟན་པའི་ཕྱིར་རོ། །བྲལ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མེད་པ་དགག་པའི་རང་བཞིན་ཡིན་ལ། དེ་ནི་སྤྱི་དངོས་པོ་མེད་པ་ཡིན་ ན་ཡང་གྲུབ་པ་ཉིད་དོ། །གཏན་ཚིགས་དངོས་པོ་མེད་པ་ལ་ནི་དངོས་པོའི་རང་བཞིན་གྱི་ཆོས་ཅན་ཁས་བླང་བར་བྱ་བ་མ་ཡིན་ཏེ། དེ་དག་མེད་ན་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་སོ། །དེ་ནི་མ་ཡིན་པ་ཉིད་དེ། གལ་ཏེ་སྤྱི་ནི་ཆོས་ཅན་ན། །དེ་ལ་ཁྱབ་པ་མིན་ཉིད་སྒྲུབ། ། གཏན་ཚིགས་དངོས་མེད་ཙམ་ཡིན་ན། །གང་དུ་ཅི་ཞིག་གང་གིས་སྒྲུབ། །མེད་པ་ཙམ་དེ་གཏན་ཚིགས་ཡིན། །གང་ཡང་འབྲེལ་པ་མེད་པའི་ཕྱིར། །ཅི་ལྟར་བསྒྲུབ་བྱ་སྒྲུབ་པ་ཡིན། །འོན་ཏེ་གསལ་བ་གཞན་དང་འབྲེལ་པ་དང་བྲལ་བ་ཡིན་ན། དེའི་ཚེ་ཡང་དེ་གང་ཡིན་ཞེས་ངེས་པར་ བརྟག་པར་བྱ་བ་ཉིད་དོ། །དེའི་ཕྱིར་ངེས་པ་གཞན་གྱིས་བརྗོད་པའི་སྤྱི་བློ་ལ་གནས་པར་འགྱུར་བ་ཡིན་ནོ། །ཕྱོགས་ཀྱི་ཆོས་ཉེ་བར་བསྡུ་བ་མེད་པར་ནི་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད་ནུས་པ་མ་ཡིན་ནོ། །འོན་ཏེ་གཞན་སེལ་བའི་མཚན་ཉིད་ཀྱི་སྤྱི་བདེ་བར་གཤེགས་པ་ལས་གྲུབ་པ་ཡིན་ ནོ་ཞེ་ན། དེ་ལྟར་གཞན་གྱི་འདོད་པ་ཉིད་དུ་འགྱུར་ཏེ། གཞན་གྱིས་ཁས་བླངས་པ་ནི་ཉེས་ཀྱང་སུན་འབྱུང་བར་འདོད་པ་ཉིད་དོ། །གཞན་ཡང་གཞན་སེལ་བའི་མཚན་ཉིད་ཀྱིས་སྤྱི་ནི་ཁྱབ་པ་ཉིད་དུ་འདོད་པ་ཁོ་ན་འདི་ལྟར། ལྡོག་པར་མཚུངས་པ་ཉིད་དག་ནི། །ཡོད་སྲིད་དངོས་པོའི་ རྗེས་འགྲོ་མེད། །འཇུག་པ་ལ་སོགས་བྲལ་འགྱུར་ཕྱིར། །འོན་ཏེ་སྤྱི་ཡོད་པ་མ་ཡིན་པ་ལ་ཡང་བྲལ་བའི་མཚན་ཉིད་ཀྱི་གཏན་ཚིགས་ནི་ཡོད་པ་ཉིད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། མེད་པ་ལ་ནི་གཏན་ཚིགས་མི་རུང་བའི་ཕྱིར་རོ། །མེད་པ་སྒྲུབ་པ་ལ་རུང་བ་ཉིད་དོ་ཞེ་ན། མ་ཡིན་ཏེ། འབྲེལ་པ་མེད་ན་གཅིག་མེད་པས་གཞན་མེད་པར་རྟོགས་པར་བྱེད་པ་ཡིན་ནོ། །འབྲེལ་པ་ལ་རྗེས་སུ་འགྲོ་བ་ལ་འཛིན་པ་ཡིན་ཏེ། དེས་ན་དེའི་སྟོབས་ཀྱིས་གང་ན་ཁྱབ་པར་བྱེད་པ་མེད་པ་དེ་ན་ཁྱབ་པར་བྱ་བ་མེད་པ་ཡིན་ནོ་ཞེས་མི་མཐུན་པའི་ཕྱོགས་མེད་པ་ཙམ་ཞིག་སྟོན་ཏེ། རྩ་བའི་གཏན་ ཚིགས་མ་ཡིན་ནོ། །འོན་ཏེ་སོ་སོར་ངེས་པའི་དངོས་པོའི་ཡུལ་མེད་པར་སྒྲུབ་པའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པ་ཡང་ཉེ་བར་ལེན་ཏོ་ཞེ་ན། དེ་ལྟ་ཡིན་ན། འདི་ན་གང་ཤིང་ཤ་པ་མེད་དོ་ཞེས་བྱ་བའི་ཚུལ་གྱིས་ཚད་མས་གྲུབ་པའི་ཆོས་ཅན་གཞན་ཡོད་དགོས་སོ། །འོན་ཏེ་འདིར་ཡང་དངོས་ པོ་དང་དངོས་པོ་མེད་པ་ཐུན་མོང་བའི་ཆོས་ཅན་དུ་ལེན་ཏོ་ཞེ་ན། དེ་ཡང་མི་འཐད་དེ། དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་བ་གཞན་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པའི་སྣང་བ་ཉིད་གཉི་གའི་ཐུན་མོང་གི་ཆོས་ཅན་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོན་ཏེ་དངོས་པོ་ཉེ་བར་ལེན་པ་ཅན་མ་ཡིན་པར་ བསྒྲུབ་པ་ལ་དེ་དམིགས་པ་གཞན་གཏན་ཚིགས་ཡིན་པའི་ཕྱིར་དེ་ནི་གྱི་ནའོ། །དེའི་ཕྱིར་འདི་རྩ་བའི་གཏན་ཚིགས་ནི་མ་ཡིན་ཏེ། སྤྱི་ཆོས་ཅན་གྲུབ་པ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཉིད་སྤྱི་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་ནི། འདི་ཐལ་བ་སྒྲུབ་པ་མ་ཡིན་ཏེ། དེ་དག་ཁྱབ་པ་ཉིད་ མ་ཡིན་པ་ནི་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་རྒོལ་བ་གཉི་ག་ལ་གྲུབ་པ་ཉིད་གཏན་ཚིགས་ཡིན་གྱི། ཕྱིར་རྒོལ་གཅིག་པུ་ལ་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་གང་ཞིག་གཉི་ག་ལ་རབ་ཏུ་གྲུབ་པ་དེ་ནི་དོན་ཉིད་ཡིན་པས་དོན་སྨོས་པ་ཅི་དགོས་ཤེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཅི་ ལྟར་གཅིག་ལ་རྟོགས་ཙམ་ལས། །གྲུབ་བཞིན་གཉི་ག་ལ་ཡང་འགྱུར། །གང་ཕྱིར་རྟོགས་པ་འདི་དག་ནི། །ངེས་པར་སྐྱེ་དང་འབྲེལ་མ་ཡིན། །དེས་ན་ཕྱོགས་དང་མཐུན་ཕྱོགས་ལས་གང་ཡང་རུང་བ་ཉིད་ལ་སོགས་པ་གཉི་ག་ཡང་མ་གྲུབ་པ་ཡིན་ཡང་དོན་ཉིད་མ་ཡིན་པའི་ ཕྱིར་གཏན་ཚིགས་ཉིད་མ་ཡིན་ནོ། །འདི་ལྟར། དོན་སྨོས་དེ་ནི་སྒྲ་དག་དང་། །རྟོགས་པས་སྒྲོ་བཏགས་བདག་ཉིད་ཅན། །རྟགས་ཉིད་མིན་པར་སྒྲུབ་དོན་ཏེ། །དོན་ལས་དོན་ནི་གྲུབ་ཕྱིར་རོ། །རང་གི་མཐོང་བའི་ཁྱད་པར་ཅན་གྱི། དོན་སྨོས་པ་གང་ཡིན་པ་དེ་ནི་སྒྲ་དང་རྟོག་པ་ཙམ་གྱིས་སྦྱར་བའི་ བདག་ཉིད་ཅན་གཏན་ཚིགས་མ་ཡིན་པར་བསྟན་པའི་ཕྱིར་ཏེ། དོན་གཉིས་ལས་གོ་བར་བྱེད་པ་ཉིད་སྲིད་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པའི་མཚན་ཉིད་དག་ཁོ་ན་མ་རྟོགས་པའི་དོན་སྒྲུབ་པ་ལ་གཏན་ཚིགས་མ་ཡིན་པ་མ་ཡིན་ནམ། གལ་ཏེ་འདི་ལ་ཚུལ་གསུམ་ཡོད་ན་ ཅི་ལྟར་གཏན་ཚིགས་མ་ཡིན་པར་འགྱུར། དེ་སྟེ་ཚུལ་གསུམ་མེད་ན་དེའི་ཚེ་རང་གི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་ཁོ་ནས་བཟློག་ཟིན་པས་དོན་སྨོས་པས་ཅི་བྱ་སྟེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་སྟོན་པ་ཡིན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་ དཔག་པ་ལ་ཡང་རྟོག་པས་སྒྲོ་བཏགས་པའི་ཚུལ་གསུམ་གཏན་ཚིགས་ཀྱི་མཚན་ཉིད་ཐོབ་པ་ཡིན་པས། ཇི་ལྟར་དེ་ལས་ལྡོག་པ་ཡིན་འོ་ན་འདིར་སྨོས་པ་དེ་བྱ་བ་མ་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་དཔག་པ་ཉིད་དུ་འགྱུར་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་རང་གི་ངེས་པ་བཞིན་གཞན་ གྱི་ཚིག་ཀྱང་སྒྲུབ་པར་བྱེད་པར་འདོད་པ་དེ་དག་ནི། མི་རིགས་པར་སྨྲ་བར་བསྟན་པར་འགྱུར་ཏེ། དེ་ནི་མ་གྲུབ་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་པར་བྱེད་པ་སྒྲུབ་བྱེད་ཡིན་གྱི། བསྒྲུབ་བྱ་ཉིད་ནི་མ་ཡིན་ནོ། །ཚིག་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚིག་ནི་དངོས་སུ་སྒྲུབ་པ་མ་ཡིན་པའི་ཕྱིར་ཏེ། བསྒྲུབ་ བྱ་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །ཚིག་ནི་དོན་དང་འབྲེལ་པ་མ་ཡིན་ནོ། །དེའི་ཕྱིར། དོན་གྱིས་དོན་རྟོགས་ཕྱིར་དོན་ལ། །ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །དེས་ན་དེ་དག་རང་ཉིད་ལས། །སྒྲུབ་པར་བྱེད་པ་གནས་མ་ཡིན། །སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་ཚུལ་གསུམ་པས་བྱས་ པ་ཉིད་མི་རྟག་པ་གོ་བར་བྱེད་པ་ཡིན་ཏེ། དེ་དེ་ལ་འཁྲུལ་པ་མེད་པའི་ཕྱིར་ཕྱོགས་ཀྱི་ཚིག་གམ་གཏན་ཚིགས་ཀྱི་ཚིག་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྒྲ་རྟག་སྟེ། གཞལ་བྱའི་ཕྱིར་ཞེས་བྱ་བས་ཀྱང་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། དེ་ལ་ཡང་ཕྱོགས་དང་གཏན་ཚིགས་ཀྱི་ཚིག་ཡོད་པའི་ཕྱིར་རོ། །དེའི་ དོན་དེར་མ་འབྲེལ་པའི་ཕྱིར་གཏན་ཚིགས་མ་ཡིན་ནོ་ཞེ་ན། འོ་ན་ནི་འབྲེལ་པའི་ཕྱིར་དོན་ཉིད་ཀྱིས་དོན་རྟོགས་པར་འགྱུར་ཏེ། ཚིག་ནི་དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཚིག་ནི་དོན་མེད་པར་ཡང་ཡོད་པའི་ཕྱིར་རོ། །གང་དུ་གཏན་ཚིགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ ཡིན་པ་དེར། ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་པར་ནི་མ་བརྗོད་པར་གྲུབ་པོ། །འོན་ཏེ་བསྒྲུབ་བྱའི་ཚིག་བསྒྲུབ་བྱའི་དོན་སྒྲུབ་པར་བྱེད་པའི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གཏན་ཚིགས་དོན་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་དམ་བཅས་པ་ཙམ་ནི་སྒྲུབ་པར་བྱེད་པ་མ་ ཡིན་པའི་ཕྱིར་གཏན་ཚིགས་འགོད་དོ་ཞེ་ན། ཅི་ལྟར་སྒྲུབ་བྱེད་མ་ཡིན་པ་སྒྲུབ་བྱེད་ཡིན། ལྷན་ཅིག་པ་སྒྲུབ་བྱེད་ཡིན་ནོ་ཞེ་ན། ཅི་ལྟར་མཁོ་བ་མེད་པ་ལྷན་ཅིག་ཏུ་བྱེད། འགའ་ཡང་ཉེ་བར་མི་མཁོ་བ་ལྷན་ཅིག་ཏུ་འདོད་པ་ནི་མེད་དོ། དེའི་ཕྱིར་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་། ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །བསམ་པ་སྟོན་པར་བྱེད་པ་ལས། །ཚད་ཡིན་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །དེར་ཐེ་ཚོམ་གྱི་རྒྱུ་ཉིད་ནི་གཏན་ཚིགས་མ་ཡིན་ནོ། །དོན་དང་མ་འབྲེལ་པ་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཏན་ཚིགས་དགོད་པ་དོན་མེད་ པར་འགྱུར་རོ། །འོ་ན་ནི་ཅི་ལྟར་ཚིག་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་སྒྲུབ་པར་བྱེད་པ་ནི་དོན་ཀྱང་དེ་ལས་རྟོགས་པར་བྱེད་པ་མ་ཡིན་ཏེ། དེར་ཡང་དེ་འབྲེལ་པ་མེད་པ་ཉིད་དོ། །འབྲེལ་པ་ཡིན་ན་ནི་བསྒྲུབ་པར་བྱ་བ་དང་། འབྲེལ་པ་ཡང་གང་གིས་ཟློག་པར་བྱེད་ཅེ་ན། དེ་ ནི་བདེན་ཏེ། སྒྲུབ་པར་བྱེད་པའི་དོན་ཀྱང་ཚིག་གིས་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དོ། དེར་བསམ་པ་སྟོན་པ་ལས་ཚད་མ་ཡིན་པའི་ཕྱིར་ཏེ། དེས་ན་དངོས་སུ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གྲུབ་པར་བྱེད་པ་ལ་ཡང་ཚིག་གི་ཚད་མ་ཉིད་འཕེན་པ་ཡིན་ནོ། །བསྒྲུབ་བྱ་ལ་ཡང་ཚད་མ་འཕེན་པར་འགྱུར་ རོ་ཞེ་ན། མ་ཡིན་ཏེ། དེར་ནི་དེ་ཉིད་ཀྱི་ཚེ་ཚད་མར་འགྱུར་བའི་ཕྱིར་རོ། །ཚིག་གིས་ནི་སྔོན་ཞུགས་པའི་ཚད་མ་འཕེན་པ་ཡིན་ཏེ། དེ་ལ་བརྗེད་པ་སྲིད་པའི་ཕྱིར་རོ། །ད་ལྟར་བ་ལ་ནི་མངོན་སུམ་ཉིད་ཚད་མ་ཡིན་པས། དེ་ལ་ཚིག་གིས་ཅི་བྱ། མངོན་སུམ་གྱི་དོན་ལ་ནི་ གཞན་གྱི་ཉེ་བར་བསྟན་པ་ཆེན་པོ་མ་ཡིན་ནོ། །དེའི་ཕྱིར་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོ་ན་ཕྱོགས་ཀྱི་ཚིག་བརྒྱུད་ནས་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་སྒྲུབ་པར་བྱེད་པའི་ཚིག་བཞིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། ། གཏན་ཚིགས་བརྗོད་པ་རང་ཉིད་ལ། །ནུས་པ་མེད་ཀྱང་ནུས་སྟོན་བྱེད། །གལ་ཏེ་ཚད་མས་གྲུབ་པའི་ནུས་པ་སྟོན་པར་བྱེད་པ་ཡིན་ན་ནི་ཅི་ལྟར་སྒྲུབ་པར་བྱེད་པའི་ཚིག་སྒྲུབ་པར་བྱེད་པ་ཡིན་པ་དེ་བཞིན་དུ། ཕྱོགས་ཀྱི་ཚིག་ཀྱང་འགྱུར་བ་ཡིན་ན་ནི། མ་གྲུབ་པར་སྟོན་པ་ན་ཅི་ལྟར་གྲུང་པར་བྱེད་པ་ཡིན། རང་ཉིད་མི་ནུས་པ་ནི་ནུས་པ་ལ་མ་བརྟེན་པར་ནུས་པ་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །འདི་ལྟར། འགྱེལ་བ་འགྱེལ་བ་ལ་བརྟེན་ནས། །གང་དུ་འང་བརྟེན་པར་འགྱུར་མ་ཡིན། །དེ་བཞིན་མ་གྲུབ་མ་གྲུབ་པ། །དེ་ཉིད་ཀྱིས་ནི་རབ་གྲུབ་མིན། །ཕྱོགས་ཀྱི་ཚིག་གིས་ནི་བསྒྲུབ་པར་བྱ་བ་མ་གྲུབ་པ་ ཉིད་བརྗོད་པར་བྱ་བའི་ཕྱིར་ཅི་ལྟར་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་ཡིན། གཏན་ཚིགས་ཀྱི་ཚིག་ནི་རང་ཉིད་ནུས་པ་མེད་ཀྱང་ནུས་པ་རྗོད་པར་བྱེད་པ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པ་བརྗོད་དོ། །བསྒྲུབ་བྱའི་དོན་དང་འབྲེལ་པ་ཡིས། །སྒྲུབ་པར་བྱེད་པ་བརྗོད་པའི་ཕྱིར། །ཚིག་ནི་སྒྲུབ་བྱེད་ཡིན་ བརྗོད་དེ། །དེ་རང་ཉིད་ནི་སྒྲུབ་བྱེད་མིན། །དེས་ནི་གཞན་གྱི་དོན་དང་རྗེས་སུ་དཔག་པ་ཞེས་བྱ་བ་ནི་འགལ་བ་ཡིན་ནོ། །འདི་ལྟར། བསྟན་པར་བྱ་བ་ལ་ལྟོས་ནས་ནི་རང་དོན་ཉིད་ཡིན་ལ། སྟོན་པར་བྱེད་པ་ལ་ལྟོས་ནས་ནི་རྗེས་སུ་བརྗོད་པ་ཙམ་དུ་ཟད་དོ་ཞེས་གང་བརྗོད་པ་དེ་ཡང་གསལ་བ་ཡིན་ཏེ། དེ་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཉེ་བར་བརྟགས་ནས་རྗེས་སུ་དཔག་པར་བརྗོད་ཀྱི། རང་ཉིད་ནི་མ་ཡིན་ནོ། །དེས་ན་བསྟན་པར་བྱ་བ་ལ་ལྟོས་ནས་ནི། དེ་རང་གི་དོན་ཉིད་དོ་ཞེས་བྱ་བ་ནི་གྱི་ན་བརྗོད་པ་ཉིད་དེ། དེ་ལ་ནི་ཚུལ་གསུམ་པའི་རྟགས་ཉིད་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་རང་གི་དོན་ཡིན་གྱི། ཚིག་ནི་མ་ཡིན་ཏེ། དེ་ལས་དོན་རྟོགས་པ་མེད་པའི་ཕྱིར་རོ། །དྲན་པར་བྱེད་པས་དེ་ཡང་ཕན་འདོགས་པ་ཡིན་པའི་ཕྱིར་རྟོགས་པར་བྱེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། ཚིག་གིས་ནི་ཅེས་སུ་བརྗོད་པ་ཙམ་ཞིག་བརྗོད་པའི་ཕྱིར་རོ། །དེས་ན་ཚིག་ནི་གཉིས་ཀ་ལ་ལྟོས་ཀྱང་རྗེས་སུ་བརྗོད་པ་ཉིད་དོ། །དེའི་ གཞན་གྱི་དོན་ཉིད་ནི་སྟོན་པར་བྱེད་པ་ལ་ལྟོས་ནས་ཡིན་ཏེ། སྟོན་པར་བྱེད་པ་ལ་ནི་དེས་ཅིས་ཀྱང་ཕན་བཏགས་པ་མེད་དོ། །དེའི་རྗེས་སུ་དཔག་པའི་རྒྱུ་ཡིན་པ་ཉིད་ཀྱིས་རྗེས་སུ་དཔག་པ་ཉིད་ནི་བསྟན་པར་བྱ་བ་ལ་ལྟོས་པ་ཉིད་དོ། །གལ་ཏེ་གཞན་ལ་ལྟོས་ནས་ནི་གཞན་གྱི་དོན་ཡིན་ལ་གཞན་ལ་ལྟོས་ནས་ ནི་རྗེས་སུ་དཔག་པ་ཉིད་ཡིན་པར་འགྱུར་བས། འདི་ཇི་ལྟར་ཡིན་ཞེ་ན། ཡོན་ཏན་ཉིད་ལ་སྐྱོན་དུ་སྒྲོ་འདོགས་པ་འམ། གང་གི་ཕྱིར་སྟོན་པར་བྱེད་པ་དེ་ལ་དེ་རྗེས་སུ་དཔག་པར་མི་འགྱུར་གྱི། བསྟན་པར་བྱ་བ་ཉིད་ལ་ཡིན་པ་དེ་ཉིད་ཀྱི་ཕྱིར། དེ་སྟོན་པར་བྱེད་པ་ལས་གཞན་གྱི་དོན་ཡིན་པར་འགྱུར་རོ། ། དེ་ལྟ་མ་ཡིན་ན་ནི་རང་གི་དོན་དུ་ཡང་འགྱུར་ཏེ། དེས་རང་ཉིད་དེའི་དོན་བྱེད་པའི་ཕྱིར་རོ། །ཉེ་བར་བརྟགས་པའི་དགོས་པ་ཡང་བཤད་ཟིན་ཏོ། །ཚིག་ནི་རྣམ་པ་གཞན་གྱི་དོན་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དྲན་པ་ལ་ཡང་ཚིག་ཚད་མ་འམ་ཚད་མ་མ་ཡིན། ཚད་མ་ཡིན་ནོ་ཞེ་ན་ཅི་སྟེ་ དོན་ལ་མ་ཡིན། ཚད་མ་མ་ཡིན་ན་ཅི་ལྟར་དེ་ལས་དྲན་པ་སྐྱེ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་དེ་ལས་ཚད་མ་ཉིད་དུ་འགྱུར་གྱི། དྲན་པ་ནི་མ་ཡིན་ནོ། །དྲན་པ་ལ་དེ་རྒྱུ་ཡིན་གྱི་ཤེས་པར་བྱེད་པ་མ་ཡིན་པས་ན། ཚད་མ་ཉིད་ཡོད་པ་མ་ཡིན་ནོ། །དོན་དང་འབྲེལ་པ་མེད་པའི་ཕྱིར་དེ་ལས་དྲན་པ་ ཉིད་ཅི་ལྟར་འགྱུར། དུ་བ་ནི་མེ་དང་འབྲེལ་པའི་ཕྱིར་དྲན་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་དེ་དང་སྒྲ་ཡང་འབྲེལ་པ་ཡིན་ན། དེ་ལྟར་དྲན་པ་བསྐྱེད་པར་འགྱུར་རོ། །འདི་ལྟར། དྲན་པ་གང་དང་གང་ཡིན་པ། །དེ་ནི་འབྲེལ་པ་ལས་ཡོད་ཡིན། །དེ་ལྟར་ལྐོག་གྱུར་མེ་ལ་ནི། །དུ་བ་ལ་ནི་དྲན་ པ་ཡིན། །དེ་ནི་མ་ཡིན་ཏེ། དྲན་པ་ཙམ་འབྲེལ་པ་ལས་ཡིན་པའི་ཕྱིར་ན། འབྲེལ་པ་དང་དྲན་པར་བྱེད་པར་འགྱུར་བ་ནི་མ་ཡིན་ཏེ། དོན་དང་མ་འབྲེལ་པ་ལས་ཀྱང་ཡིན་པའི་ཕྱིར་འདི་གཉིས་ལ་འགལ་བ་ཅི་ཡོད་འདི་ལྟར་མཐོང་བའི་དོན་ལ་འབད་རྩོལ་ལམ། མང་དུ་ལྷན་ཅིག་སྤྱོད་པ་ཡི། །གང་རུང་དོན་ འགའ་ཞིག་ལས་ཀྱང་། །དྲན་པ་སྐྱེ་བ་མིན་ནས་ཅི། །འོན་ཏེ་ངེས་པའི་རང་བཞིན་གྱི་དྲན་པ་ནི་འབྲེལ་པ་ཉིད་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིགས་ཏེ། འབྲེལ་པ་མེད་པར་ནི། དེ་དེར་ངེས་པ་མ་ཡིན་ནོ། །འོན་ཀྱང་སྒྲ་ལས་ནི་ངེས་པའི་རང་བཞིན་དུ་དྲན་ནོ་ ཞེས་མ་གྲུབ་པ་དེས་ན་འབྲེལ་པར་མི་འགྲུབ་པོ། །འདི་ལྟར་འབྲེལ་པ་མ་བརྟགས་པ་དག་ནི་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ། །སྒྲ་ལས་ནི་ཐེ་ཚོམ་སྐྱེ་བར་དམིགས་པ་ཉིད་ཡིན་ནོ། །འོ་ན་ཅི་ལྟར་ངེས་སྨྲས་པ་དེ་ནི་དེ་ཁོ་ན་ལྟར་ཡིན་ནོ་ཞེས་བྱ་བར་ངེས་ཤེ་ན། མ་ཡིན་ཏེ། ངེས་པ་དེ་ནི་ཚད་མ་ཉིད་ལས་ཡིན་ པའི་ཕྱིར་རོ། །འདི་ལྟར་སྔར་ཞུགས་པ་ཚད་མས་བརྟགས་པ་ཉིད་ལས་ངེས་པ་ཡིན་གྱི་ཚིག་ཙམ་གྱིས་ནི་མ་ཡིན་ནོ། །འོ་ན་ཚད་མའི་ངེས་པའི་ཚིག་ལས་ཡིན་ལ། དེ་ལྟ་ན་ཡང་ཚིག་ཚད་མ་ཉིད་དོ་ཞེ་ན་འདི་ལ་བརྗོད་པ། དེ་ལྟར་འདི་ལ་འདོད་པ་ཉིད། །རང་ཉིད་དོན་ལ་དེ་ཚད་མིན། །གང་ཕྱིར་དོན་ འདི་གྲུབ་པ་ན། །ངེད་ལ་ཚད་མ་ཅི་ཡང་མེད། །དོན་ལ་མི་ཚིག་ཚད་མ་མ་ཡིན་ཏེ། ཚད་མ་ཚད་མ་ཞེས་བྱས་པས་ནི་ཆད་པ་ཅི་ཡང་མེད་དོ། །ཚད་མ་ཡང་ཚིག་ལས་ནི་གྲུབ་པ་མ་ཡིན་ཏེ། དེ་ནི་རང་རིག་པས་གྲུབ་པའི་ཕྱིར་རོ། །དེ་ལ་ནི་དྲན་པར་བྱེད་པ་ཙམ་ཡིན་ཏེ། དེས་པ་ནི་རང་རིག་པ་དེ་ཁོ་ན་ ལས་ཡིན་ནོ། །ཅི་ཚིག་མེད་པར་ཡང་ཡིན་ནམ་ཞེ་ན། ཡིན་པ་ཉིད་དེ་འབད་རྩོལ་ལས་ཀྱང་དྲན་པ་མཐོང་བའི་ཕྱིར་རོ། །འོན་ཏེ་གང་གི་ཚེ་འབད་རྩོལ་ལས་མ་ཡིན་པ་དེའི་ཚེ་ནི་ཚིག་ཚད་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཚིག་ལས་དོན་ལ་ལོག་པར་ནི། །དྲན་པའང་སྐྱེ་བར་མཐོང་བ་ཡིན། ། བདེན་དང་མི་བདེན་པ་དག་གིས། །ཚིག་ལས་ཁྱད་པར་མཐོང་བ་མེད། །དོན་ལ་རྟོག་ན་དེ་ཡི་ཚེ། །དེ་ནི་རང་ཉིད་རྗེས་དཔག་ཉིད། །དྲན་པ་ལོག་པར་འཇུག་པ་ནི། །འབད་རྩོལ་ལས་ཀྱང་སྐྱེ་བ་ཡིན། །དེ་ཡི་ཕྱིར་རྟགས་འགའ་ཞིག་ལ། །ཤིན་ཏུ་དཔྱད་པ་ཉིད་ལས་སྔར་ཚད་མའི་རང་བཞིན་ངེས་པ་ ཡིན་ཏེ། དེས་ན་ཚིག་ནི་ཚད་མ་མ་ཡིན་ནོ། །ཚད་མ་ལ་མ་ཡིན། དོན་ལ་ཡང་མ་ཡིན། འབད་རྩོལ་ལ་ཡང་མ་ཡིན་ནོ། །ལྐོག་ཏུ་གྱུར་པའི་དོན་ལ་ནི་རྗེས་སུ་དཔག་པ་ཉིད་ཚད་མ་ཡིན་ལ། ཚིག་ནི་དེའི་སྒོ་ནས་ཡིན་ནོ། །གལ་ཏེ་འབྲེལ་པ་འཛིན་པའི་ཚད་མ་ད་ལྟར་འདས་པའི་ཕྱིར་ཅི་ལྟར་འབྲེལ་པ་དེས་ ད་ལྟ་ནི་དྲན་པ་ཡོད་པ་ཡིན་ན་དེ་ནི་ཚད་མ་མ་ཡིན་ཞེ་ན། ཚད་མ་དེས་བསྐྱེད་པའི་ཕྱིར་ཚད་མ་ཉིད་དོ། །དེས་ན། ཚད་མ་ལས་སྐྱེས་དྲན་པ་ནི། །བཏགས་ནས་ཚད་མ་ཇི་ལྟར་མིན། །ཚད་མ་མིན་ལས་སྐྱེས་པ་གང་། །དེ་ནི་ཚད་མ་མིན་པར་འདོད། །དྲན་པ་འདི་ནི་ཚད་མ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ ལ་ཡང་དྲན་པ་ཉིད་རྒྱུ་མཚན་མ་ཡིན་ནམ། དྲན་པ་དེ་ཡང་དྲན་པ་གཞན་ལས་ཡོངས་སུ་དག་པ་ལ་བརྟེན་པར་འགྱུར་བའི་ཕྱིར་ངེས་པ་སྐྱེས་པར་ག་ལ་འགྱུར། དྲན་འདི་བརྟན་པ་ཡིན་ཞེ་ན། །ལོག་ལ་བརྟེན་པ་མེད་དམ་ཅི། །དོན་ཐོབ་ཕྱིར་ན་ལོག་མིན་ན། །དེ་ནི་གྲུབ་པ་ཉེར་གཞག་ཉིད། །འདི་ལ་ ཡང་བརྗོད་དེ། འདི་ནི་རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་དང་པོ་ཉིད་དུ་བཤད་ཟིན་ཏོ། །ཐ་སྙད་ཀྱང་དོན་ཐོབ་པའི་མཚན་ཉིད་དུ་དམིགས་པ་ཉིད་ཡིན་ཏེ། གཞན་ནི་མཁོ་བ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་དྲན་པ་འགའ་ཞིག་རང་ཉིད་ལས་བརྟན་པ་ཡིན་པ་དེས་ན་འདི་ ཚད་མ་ལ་སོགས་པར་ངེས་པ་ཡིན་གྱི་ཐ་སྙད་ལས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། བརྟན་ཉིད་དེ་ནི་ཐོབ་པ་ལས། །བརྟེན་ནས་གོམས་པ་ཉིད་ལས་ཡིན། །གཞན་གོམས་པ་ལས་གཞན་དུ་ནི། །བརྟན་པ་ཉེ་བར་སྐྱེ་མ་ཡིན། །གལ་ཏེ་དོན་ཐོབ་པའི་མཚན་ཉིད་ཐ་སྙད་གོམས་པ་ཉིད་ མེད་ན་ནི། དེ་ཅི་ལྟར་ཐོབ་པ་ལ་ཉེ་བར་མཁོ་བའི་བརྟན་པར་འགྱུར། གཞན་གོམས་པས་གཞན་དུ་བརྟན་པར་འགྱུར་ན་ནི། འཇིག་རྟེན་གྱི་ཐ་སྙད་དེ་ཉིད་ཆད་པར་འགྱུར་རོ། །དེའི་ཕྱིར་འཁོར་བ་པ་རྣམས་ཀྱི་ཚུལ་ནི་འདི་ཙམ་དུ་ཟད་པའི་ཕྱིར། ཀུན་དུ་ཐ་སྙད་པའི་ཚད་མ་མི་འཇུག་པས་སྐྱོན་མེད་ དོ། །དེའི་ཕྱིར་ཚིག་རྗེས་སུ་དཔག་པའི་རྒྱུ་ཡིན་པས། རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གལ་ཏེ་སློབ་དཔོན་ཕྱོགས་ཀྱི་ཚིག་བཞེད་པ་ཉིད་མ་ཡིན་ནམ། ཇི་སྐད་དུ། རང་ཉིད་ངེས་བཞིན་གཞན་དག་ལ། །ངེས་པ་སྐྱེད་པར་འདོད་པ་ཡི། །ཕྱོགས་ཆོས་འབྲེལ་པ་བསྒྲུབ་ བྱ་དག །བརྗོད་པ་ལས་གཞན་སྤང་བར་བྱ། །ཞེས་གསུངས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གཏན་ཚིགས་དོན་གྱི་ཡུལ་ཉིད་ཀྱིས། །ནུས་མེད་དེ་ནི་བརྗོད་པར་བཤད། །ཇི་སྐད་དུ། རྗེས་དཔག་བྱ་དེར་བསྟན་པ་ནི། །གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་གསུངས་སོ། ། ངེད་ཀྱི་ལྟར་ན་ནི་རྗེས་སུ་དཔག་པར་བྱ་བ་བསྟན་པ་གང་ཡིན་པ་དེ་གཏན་ཚིགས་ཀྱི་དོན་གྱི་ཡུལ་ཉིད་དུ་ཡིན་གྱི། སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེས་ན་དངོས་སུ་སྒྲུབ་པར་བྱེད་པ་ཉིད་སྤངས་པས་བསྒྲུབ་པར་བྱ་བ་བརྗོད་པ་དེ་ནུས་པ་མེད་པར་བསྟན་པ་ཉིད་དོ། །འོ་ན་ནི་ ཅི་ལྟར་ཕྱོགས་ཀྱི་ཆོས་ཉིད་དང་། འབྲེལ་པ་དང་བསྒྲུབ་བྱ་བརྗོད་པ་བསྟན་པར་ཁས་ལེན་ཅེ་ན། ཕྱོགས་ཀྱི་ཆོས་དང་འབྲེལ་པ་དང་བསྒྲུབ་པར་བྱ་བ་ཡང་བརྗོད་པ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ཏེ། འབྲེལ་པ་བསྒྲུབ་བྱ་དག་བརྗོད་པ་སྟེ། གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་ཁྱབ་པའི་ནང་དུ་འདུས་ པ་ཉིད་དུ་བསྒྲུབ་བྱ་བརྗོད་པ་ཡིན་གྱི། དམ་བཅས་པའི་རང་བཞིན་དུ་ནི་མ་ཡིན་ནོ། །བསྒྲུབ་བྱ་ནི་སྒྲུབ་པར་བྱེད་པ་ལ་ཁྱབ་པར་བྱེད་པ་ཉིད་དུ་གདོན་མི་ཟ་བར་ཉེ་བར་བསྟན་པར་བྱ་བ་ཁོ་ནའོ། །དེས་ན་ཡན་ལག་གཉིས་ཉིད་བསྟན་པར་བྱ་བ་མ་ཡིན་ནོ། །འབྲེལ་པས་ནི་ཚུལ་གཉིས་འཕངས་པའི་ ཕྱིར་གཏན་ཚིགས་ཚུལ་གསུམ་པ་ཉིད་དོ། །དེའི་ཕྱིར་སྒྲ་མི་རྟག་གོ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མར་ཡང་བསྟན་པར་བྱ་བ་མ་ཡིན་ཏེ། ཚུལ་གཉིས་པ་ཙམ་ཉིད་ཀྱིས་བསྒྲུབ་བྱ་འགྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལའང་ནུས་ཡོད་དེ། །གཏན་ཚིགས་ཚིག་ནི་འཇུག་ཕྱིར་ན། །དེ་ནི་ཐེ་ཚོམ་གྱིས་ཤེས་ པར། །འདོད་པས་སྐབས་ལ་བསྟེན་པ་ཡིན། །མི་མཐུན་ཕྱོགས་ཁས་ལེན་ན་ཡང་། །དེ་མཚུངས་ཕྱིར་ན་ཐུག་མེད་འགྱུར། །ཅི་སྟེ་ཡང་གལ་ཏེ་ཕྱོགས་ཀྱི་ཚིག་མེད་ན་གཏན་ཚིགས་ཀྱི་ཚིག་མ་དཔྱད་པར་ཐོ་བ་བབས་པ་དང་འདྲ་བར་འབྲེལ་པ་མེད་པར་འགྱུར་བའི་ཕྱིར་མི་འཇུག་ཅིང་། དེ་ ལས་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་དེ་ཡང་སྒྲུབ་པར་བྱེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། ཐེ་ཚོམ་ཟ་བ་དང་། ཤེས་པར་འདོད་པ་དང་། སྐབས་དང་དེའི་རྟོགས་པ་དང་། འདོད་པ་རྣམས་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བས་ངག་གི་ཡན་ལག་བཅུར་འགྱུར་རོ། །འདི་ནི་འདིར་ཐེ་ཚོམ་ ཟ་བའོ། །ཁྱོད་ཀྱིས་ཤེས་པར་འདོད་པ་ནི་འདི་ཉིད་དོ། །ཁྱོད་ཀྱི་སྐབས་ནི་འདི་ཉིད་དོ། །འདི་ནི་ངས་རྟོགས་པའོ། །འདིར་ནི་ང་འདོད་པ་ཡིན་ནོ་ཞེས་དེ་ལྟར་ཨག་ཚོམ་འཆོས་ཤིང་ངག་གི་ཡན་ལག་བཅུར་རབ་ཏུ་དགོད་པར་བྱའོ། །དེ་བཞིན་དུ་མི་མཐུན་ཕྱོགས་ཁས་བླངས་ན་ཡང་སྒྲུབ་པར་བྱེད་ པ་འཇུག་པ་དེའི་ཕྱིར་དེ་དང་ལྷན་ཅིག་མི་མཐུན་པའི་ཚིག་དེ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་བསྒྲུབ་བྱ་དེས་བག་ཙམ་ནི་ཐེ་ཚོམ་ལ་སོགས་པ་ཡང་བསྟན་པ་མེད་པར་ཡང་འགྱུར་བ་ཡིན་པའི་ཕྱིར། སྒྲའི་སྤྲོས་པ་ཙམ་ལས་ཉེ་བར་སྦྱོར་བ་དེ་དག་གིས་དོན་ལ་གནས་པའི་དོན་ འགར་ཡང་མི་འགྱུར་རོ། །དེས་ན་ཐེ་ཚོམ་ལ་སོགས་པ་ནི་དོར་བ་ཡིན་ཏེ། དེ་རྗེས་སུ་བརྗོད་པས་ནི་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་དམ་བཅས་པའི་ཚིག་ཀྱང་རྒོལ་བའི་རྗེས་སུ་བརྗོད་པ་ཙམ་ཡིན་ཏེ་དེ་ནང་གི་ཡན་ལག་ཉིད་ནི་མ་ཡིན་ནོ། །ནང་གི་ཡན་ལག་ནུས་པ་ ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་སྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །རེ་ཞིག་རང་གི་དོན་གྱི་རྗེས་སུ་དཔག་པར་ནི་ཚུལ་གསུམ་པའི་རྟགས་ཉིད་ལས་བསྒྲུབ་པར་བྱ་བའི་དོན་དེ་རྟོགས་པ་ཡིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པར་ནི་དང་པོ་ཉིད་དུ་བསྒྲུབ་བྱ་ སྣང་བ་མ་ཡིན་ནོ། །དེ་ནི་གཏན་ཚིགས་ལས་ངེས་པར་འགྱུར་བ་ཡིན་ནོ། །དེས་ན་རང་ཉིད་ངེས་པ་བཞིན་དུ་དང་པོ་བསྒྲུབ་བྱ་དགོས་པ་མ་ཡིན་ནོ། །ཕྱིས་ཀྱང་བླང་བར་བྱའོ་ཞེ་ན། ཕྱིས་ཀྱང་བླང་བར་བྱ་བ་མ་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་དཔག་པ་ཉིད་བཞིན་ནོ། །གང་གི་ཚེ་ཕ་རོལ་པོ་ལ་ཡང་ ཚུལ་གསུམ་ལས་རྟོགས་པ་སྐྱེ་བ་དེའི་ཚེ་རང་གི་དོན་གྱི་རྗེས་སུ་དཔག་པ་དང་ཁྱད་པར་ཅི་ཡོད། །དེའི་ཕྱིར་དམ་བཅས་པ་དང་མཇུག་བསྡུ་བ་དག་ནི་མི་བརྗོད་པ་ཉིད་དོ། །ཉེ་བར་གཏོད་པ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། མཐོང་བའི་ནུས་པ་སྟོན་པའི་དོན་དུ་གཉེར་བ་ཡིན་པའི་ཕྱིར་རོ། །དེ་དེ་ན་ཡོད་ པ་ཙམ་ལས་གཞན་པའི་ནུས་པ་ནི་མེད་ལ། སྒྲ་ལ་ཡོད་པ་ཙམ་དེ་ནི་ཕྱོགས་ཀྱི་ཆོས་ཉིད་ལས་རྟོགས་པ་ཡིན་ནོ། །ཅི་སྟེ་ཡང་དམ་བཅས་པ་ནི་ལུང་གཏན་ཚིགས་ནི་རྗེས་སུ་དཔག་པ། དཔེ་ནི་མངོན་སུམ་ཉེ་བར་གཏོད་པ་ནི་ཉེ་བར་འཇལ་བ། ཚད་མ་ཐམས་ཅད་ཀྱི་བྱེད་པའི་ཡུལ་རབ་ཏུ་སྟོན་པ་ ལྷུར་བྱེད་པ་ནི་མཇུག་བསྡུ་བ་ཡིན་ནོ་སྙམ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར། གལ་ཏེ་རྗེས་དཔག་ལས་གྲུབ་ན། །ཚད་མ་གཞན་གྱིས་འདིར་ཅི་བྱ། །རྗེས་དཔག་ལས་མི་གྲུབ་ཅེ་ན། །ཚད་མ་གཞན་གྱིས་འདིར་ཅི་བྱ།། །།བམ་པོ་གཉིས་པ། གལ་ཏེ་གཏན་ཚིགས་ཀྱི་ནུས་པ་ ཉིད་ལས་དོན་དེ་རྟོགས་ན་ཚད་མ་གཞན་གྱི་བྱེད་པས་ཅི་བྱ། ཚད་མ་ཐམས་ཅད་ཀྱི་བྱེད་པ་འཇུག་པ་གང་ཡིན་པ་དེ་ལ་ཅི་བྱར་ཡོད་དེ། རྒྱུའི་དབང་གིས་བྱེད་པའི་ཚོགས་པ་དེ་ལྟར་འགྱུར་བ་ལ་ཅི་སྟེ་འདི། འདི་ལྟར་འགྱུར་ཞེས་བརྒལ་ཞིང་བརྟག་པ་ལ་བརྟེན་པ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་གྱུར་ན་དེ་བདེན་ན། །དམ་བཅའ་བ་ནི་ཚད་མ་མ་ཡིན་ཏེ། །དེ་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །ཉེ་བར་འཇལ་བ་ཚད་མ་ཡིན་ཏེ། འདི་ཡང་དེ་བཞིན་ནོ་ཞེས་ཉེ་བར་འཇལ་བ་མེད་པར་ནི་གཏན་ཚིགས་ལས་བསྒྲུབ་བྱ་མི་འགྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཕྱོགས་ཆོས་ཉིད་གྱུར་འདི་ཉིད་ནི། །ཉེ་བར་འཇལ་བར་བསྟན་པ་ཡིན། །དེ་བཞིན་སྒྲ་ཡང་བྱས་པ་ཞེས། །དེ་ལྟར་ཉེ་བར་སྟོན་པ་ཡིན། །སྤྱིར་འབྲེལ་པ་བཟུང་བ་ན། །ཇི་ལྟར་ཁྱབ་པ་ལ་བརྟེན་པའི་མི་རྟག་པ་ཉིད་ལ་སོགས་པ་འགྲུབ་ཅེ་ན། བྱས་པ་ཉིད་ལ་སོགས་པ་ཁྱད་པར་ལ་བརྟེན་པ་ཉིད་ཀྱིས་རབ་ཏུ་ འགྲུབ་པའི་ཕྱིར་རོ། །ཁྱད་པར་གྱི་རྟེན་ཅན་དེ་ཉིད་ནི། འདི་ཡང་དེ་བཞིན་ནོ་ཞེས་ཉེ་བར་འཇལ་བར་རབ་ཏུ་གྲགས་པ། འདི་ཡང་བྱས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཀྱི་ཆོས་ཉིད་ཀྱིས་བསྟན་པ་ཡིན་ནོ། །ཉེ་བར་འཇལ་བའི་ཚད་མ་གཞན་དུ་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པའི་ནང་དུ་ འདུས་པའི་ཕྱིར་རོ། །བ་ལང་དང་འདྲ་བའི་ཕྱིར་འདི་ནི་བ་མེན་ཡིན་ནོ་ཞེས་སྒྲའི་ཁྱད་པར་དང་འབྲེལ་པ་སྒྲུབ་པ་ནི་ཉེ་བར་འཇལ་བའི་ཡུལ་ཡིན་ལ། དེ་ཡང་རྗེས་སུ་དཔག་པའི་ཡུལ་ལས་གཞན་མ་ཡིན་པའི་ཕྱིར་དེར་རྗེས་སུ་དཔག་པ་ཉིད་ཚད་མ་ཡིན་ནོ། །ཉེ་བར་འཇལ་བ་སྨྲ་བ་རྣམས་ཀྱིས་ཀྱང་རྗེས་སུ་དཔག་ པ་གཞན་འདོད་པ་ནི་མ་ཡིན་ནོ། །དེའི་ཡུལ་ནི་བྱས་པ་ཉིད་ཀྱིས་འདྲ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བྱས་པ་ཉིད་ལས་གཞན་པའི་འདྲ་བ་མེད་པའི་ཕྱིར་རོ། །དབྱུག་ཐོགས་གཉིས་པས་མ་གཏོགས་པའི། །དབྱུག་ཅན་ཉིད་འདྲ་གཞན་ཡོད་མིན། །དེ་ལ་གལ་ཏེ་འདྲ་མེད་ན། །ཅི་ལྟར་འདི་ནི་འདྲ་བ་ཞེས། ། གཞན་དུ་རྟོགས་འགྱུར་རྒྱུ་གཞན་ནི། །རྟོགས་པ་ཉིད་ནི་འཐོབ་པར་འགྱུར། །དེ་ནི་མ་ཡིན་ཏེ། གལ་ཏེ་འབྲེལ་པ་མཐོང་བ་ཡིས། །འབྲས་བུ་ལ་ནི་རྒྱུར་བརྟག་ན། །དེའི་ཚེ་རྒྱུ་ཡང་རྒྱུ་ཉིད་དུ། །མཐོང་བ་ཉིད་ནི་ཐོབ་པར་འགྱུར། །གཞན་ཡང་། གལ་ཏེ་དེ་ལ་འདྲ་བ་ནི། །ཡོད་ན་ཅི་ཡི་ཕྱིར་མི་སྣང་། །ཕྲ་ སོགས་ཕྱིར་ན་མ་མཐོང་བར། །དེ་ཉིད་དུ་ནི་ཅི་ལྟར་རྟོགས། །དངོས་པོའི་ངོ་བོ་ལ་གཞན་པར། །རྣམ་རྟོག་ལ་ཡང་སྣང་མ་ཡིན། །རང་སྣང་མེད་པ་ཐ་དད་དུ། །རྣམ་པར་འཇོག་པ་ངོ་མཚར་ཆེ། །འདྲ་བ་ཐོགས་མེད་བག་ཆགས་དང་། །འབྲེལ་པའི་རྣམ་པར་རྟོག་པ་ཡིས། །སྒྲོ་བཏགས་བདག་ ཉིད་ཡོངས་བརྟགས་ན། །དེ་ཉིད་དུ་ན་དེ་ཡོད་མིན། །དངོས་དང་འབྲེལ་ཕྱིར་འདི་ཡིས་ནི། །དོན་བྱ་བྱེད་པའི་ཐ་སྙད་དག །འགྲུབ་ཡིན་འདྲ་བ་ཉིད་ལས་ནི། །དོན་ཡང་མཐོང་བ་ཡོད་མ་ཡིན། །གལ་ཏེ་ནང་ཁྱད་ཡོད་ན་ནི། །དེར་ཡང་ཅི་ཡི་ཕྱིར་མི་རྟོག །གང་གིས་དོན་དེ་བྱེད་པས་འདྲ་འགྱུར་བ། འདྲ་བར་མངོན་པར་འདོད་པ་ཉིད་ལས་ནི་དོན་ཐོབ་པ་མ་ཡིན་ཏེ། མ་ཧེ་ལ་སོགས་པ་ལས་འོ་མ་ལ་སོགས་པའི་དོན་བྱ་བ་ཐོབ་པའི་ཕྱིར་རོ། །འོན་ཏེ་དེ་ལས་ནང་གི་ཁྱད་པར་ཡོད་དེ། དེས་ན་མི་འདྲ་བ་ལས་མི་འདྲ་བ་ཡིན་གྱི་དོན་བྱ་བ་དེ་ཉིད་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནང་གི་ཁྱད་པར་ནི་ ཕན་ཚུན་བ་ལང་དག་ལ་ཡང་ཡོད་པ་ཉིད་དོ་དེས་ན་མི་འདྲ་བ་དང་མཐུན་པའི་དོན་བྱ་བ་མེད་པས་མི་སླུ་བ་ཉིད་མེད་དོ། །གཞན་ཡང་། མི་འདྲ་བའི་རྟོགས་པ་སྐྱེ་བའི་ཕྱིར། མི་འདྲ་བ་གཞན་དུ་ཡོད་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ནི་འདྲ་བ་མེད་པ་ཙམ་ལས་འགྱུར་རོ་ཞེ་ན། འདྲ་བ་ཡང་མི་འདྲ་ བ་མེད་པ་ཙམ་ལ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འདྲ་བ་ཉིད་མི་འདྲ་བ་མེད་པ་ཡིན་ནོ་ཞེ་ན། ཇི་ལྟར། དངོས་པོ་དངོས་པོ་མེད་པར་འགྱུར། །མི་འདྲ་བ་མེད་པ་ཙམ་ཉིད་མི་འདྲ་བར་ཅི་སྟེ་མི་འགྱུར་ཏེ། མི་འདྲ་བ་ཉིད་ནི་རྒོལ་བ་གཉི་ག་ལ་གྲུབ་པ་ཡིན་ལ། དེ་མེད་པ་ཙམ་གྱིས་འདྲ་བའི་ཐ་སྙད་ཡང་ཡོངས་ སུ་རྫོགས་པའི་ཕྱིར་འདྲ་བ་གཞན་རྟོགས་པ་ནི་དོན་མེད་པ་ཉིད་དོ། །དེའི་ཕྱིར་ཉེ་བར་འཇལ་བ་ནི་ཚད་མ་གཞན་མ་ཡིན་ནོ། །འོན་ཏེ་དམ་བཅའ་བའི་དོན་ལུང་གིས་གྲུབ་པའི་ཕྱིར། དམ་བཅའ་བ་གྲུབ་པར་བྱེད་པར་བརྗོད་དོ་ཞེ་ན་དེ་ལྟ་ན་ཡང་དམ་བཅའ་བ་ལ་དགོས་པ་ཅི་ཡོད་དེ། འདི་ལྟར། གལ་ཏེ་དོན་དེ་ ལུང་ཉིད་ཀྱིས། །གྲུབ་ན་དམ་བཅའ་ཅི་ཞིག་བྱ། །གལ་ཏེ་དོན་དེ་ལུང་གིས་ནི། །མི་འགྲུབ་དམ་བཅའ་ཅི་ཞིག་བྱ། །ལུང་ནི་ཚད་མ་མེད་པར་ནི། །ཅི་སྟེ་དོན་ནི་གྲུབ་མི་འགྱུར། །ལུང་བཅས་དོན་ནི་དམ་བཅས་པ། །ཙམ་གྱིས་སྒྲུབ་པར་བྱེད་མ་ཡིན། །ཅི་སྟེ་ཤིན་ཏུ་གོམས་པ་ལས། །དམ་བཅས་གཏན་ ཚིགས་ཙམ་དག་ལས། །དེ་ལ་རྟོགས་པ་གྲུབ་ཡོད་པས། །དམ་བཅའི་ཚིག་ནི་དོན་ལྡན་ན། །དེ་ཚེའང་ཤིན་ཏུ་གོམས་པའི་ཕྱིར། །ཡན་ལག་ལྔ་ཚིག་ག་ལ་ཡོད། །ཕྱོགས་ཉིད་ཀྱིས་ནི་བསྟན་པའི་ཕྱིར། །དེ་ཚེ་དམ་བཅས་དེ་ཡང་མེད། །འོ་ན་ཇི་ལྟར་འདི་སྐད་ཅེས། ། ངེད་ཀྱི་ལྟར་ན་ནི་ཕྱོགས་བསྟན་པ་གང་ཡིན་པ་དེ། སྒྲུབ་པར་བྱེད་པ་ཉིད་དུ་ནི་མ་ཡིན་གྱི་འོན་ཀྱང་གཏན་ཚིགས་ཀྱི་ཡུལ་ཉིད་དུ་ཡིན་ནོ་ཞེས་བརྗོད་ཅེ་ན། དེ་ཉིད་སྨྲས་པ་ནི། གལ་ཏེ་ཡུལ་བསྟན་མེད་པར་ནི། །གཏན་ཚིགས་འཇུག་པ་མེད་པའི་ཕྱིར། །ཡུལ་བསྟན་པ་དག་ཉིད་ལས་ནི། །ནུས་པ་ གྲུབ་པར་འདོད་ཅེ་ན། །བྱས་པའི་ཕྱིར་ཞེས་བྱ་བ་དེ་ཙམ་ལས་མི་རྟག་པ་ཡིན་པར་བརྗོད་ན། གང་མི་རྟག་པ་གྲུབ་པ་མི་ཤེས་ཏེ། དེས་ན་སྒྲ་མི་རྟག་གོ་ཞེས་དམ་བཅའ་གཞན་ཉེ་བར་བླང་བ་ཡིན་ནོ། །དེ་དང་ནི་གཏན་ཚིགས་ཀྱི་ཡུལ་ཉིད་དམ་གཞན་དུ་ཉེ་བར་ལེན་ཀྱང་བླ་སྟེ། ཐམས་ཅད་དུ་ངག་འདི་ གནས་པ་ཡིན་ཏེ། ཡུལ་མ་བསྟན་ན་གཏན་ཚིགས་འཇུག་པ་མེད་པའི་ཕྱིར་གདོན་མི་ཟ་བར་ཡུལ་བསྟན་པར་བྱ་བ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་སྒྲུབ་པའི་སྔོན་རོལ་དུ་གདོན་མི་ཟ་བར་ཡོད་པ་ནི་སྒྲུབ་པར་བྱེད་པ་ཉིད་དེ། དེ་མ་ཡིན་ན་སྒྲུབ་པར་བྱེད་པ་ཉིད་མེད་པར་འགྱུར་རོ། །ཚད་མའི་འབྲས་བུ་ཉེ་བར་ འགོད་པ་ཡིན་ནོ་ཞེ་ན། བསྟན་པ་ཚད་མའི་འབྲས་བུ་དང་། དམ་བཅའ་བ་དང་། ཕྱོགས་ཞེས་མིང་གཞན་བྱས་པས་ལེགས་པ་ཐོབ་པ་མ་ཡིན་དེ་ནི་ཟུར་ཟེར་ལ་འཁོར་ལོ་ཞེས་བརྗོད་པ་ཞེས་བྱ་བའི་ཚུལ་དེར་འགྱུར་རོ། །དེས་ན་ཡུལ་བསྟན་པ་ཉིད་ལས་དེའི་ནུས་པ་འགྲུབ་པོ་ཞེ་ན། འདི་ལ་ཐེ་ཚོམ་ ལ་སོགས་པ་དག་ཀྱང་རྒྱུ་ཉིད་དུ་ཐལ་ལོ་ཞེས་བརྗོད་ཟིན་ཏོ། །ཡུལ་བསྟན་དེ་ཡང་ཁྱབ་པ་ནི། །སྔོན་འགྲོ་ཅན་གྱི་ཚིག་གམ་ནི། །གཞན་དུ་རྗོད་པར་བྱེད་འགྱུར་ན། །དེ་ནི་གཉི་གའང་ལེགས་པ་མིན། །དམ་བཅའ་བས་ཡུལ་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་དཔྱད་པར་བྱ་སྟེ། ཅི་ཁྱབ་པ་སྔོན་ དུ་འགྲོ་བ་ཅན་གྱི་སྦྱོར་བ་ལ་ཡིན་ནམ། འོན་ཏེ། ལྔ་པས་གཏན་ཚིགས་བསྟན་པ་ལ་ཡིན། དེ་ལས་ཅིར་འགྱུར། ཁྱབ་སྔོན་ཅན་ལ་དེ་མེད་ཀྱང་། །སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང་། །དོན་གྱི་དེ་ནི་འཇིག་བློར་འགྱུར། །གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ནོ་ཞེ་ན། ཐམས་ཅད་ཉེ་བར་བསྡུས་ནས་ཁྱབ་པ་བསྟན་ན། དེས་ཁྱབ་པའི་བྱས་པ་ཉིད་དེ་ལ་ཉེ་བར་བསྟན་པ་ལ་དེ་ལྟ་བུ་ཉིད་དོ་ཞེས་ཏེ་སྒྲ་མི་རྟག་པ་ཉིད་དོ་སྙམ་དུ་ཤེས་པ་ཉིད་པས་ཡུལ་ཉེ་བར་བསྟན་པའི་དོན་གྱི་དམ་བཅས་པའི་ཚིག་གིས་ཅི་བྱ་སྟེ། ཡུལ་གཞན་ཉིད་དུ་རབ་ཏུ་གྲུབ་པའི་ཕྱིར་རོ། །ཅི་སྟེ་དམ་ བཅའ་བའི་ཚིག་མེད་པར་ཅི་ལྟར་གཏན་ཚིགས་འགལ་བར་ངེས་ཤེ་ན། ཉེས་པ་འདི་ནི་མེད་དོ། །ཕྱིར་རྒོལ་བ་དག་འགལ་བ་ནི། །ཡོངས་སུ་ཤེས་པར་འགྱུར་སྙམ་པས། །དམ་བཅའ་བྱེད་པ་མ་ཡིན་ཏེ། །རང་གནོད་པ་ལ་ཅི་ལྟར་བརྩོན། །དམ་བཅའི་ཚིག་མ་སྦྱར་ན། ཅི་ལྟར་གཏན་ཚིགས་ དེ་ནི་འགལ་བ་ཡིན་ནོ་ཞེས། གཞན་དག་གིས་ཤེས་ཞེས་བྱ་བའི་རྒོལ་བ་འདི་སུ་ལ་ཡིན། རྒོལ་བ་ལའོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ལེགས་པ་ཉིད་ཐོག་ཏུ་བབ་སྟེ་ཕྱིར་རྒོལ་བས་མ་ཤེས་མོད་ངས་དེ་ལ་བདེ་བླག་བསྒྲུབ་པས་ཅི་བྱ། བསྟན་བཅོས་བྱེད་པས་ཁྱབ་པ་སྔོན་དུ་འགྲོ་བ་ཅན་གྱི་ སྦྱོར་བ་བྱ་བར་བསྟན་པ་ལ། འགལ་བ་མེད་པའི་ཕྱིར་ན་རྒོལ་བ་ལ་ཕན་པ་ཆེན་པོས་བྱས་པས་ན་བསྟན་བཅོས་བྱེད་པའི་ཉེས་པ་ཡང་མ་ཡིན་ཏེ། དེ་ནི་རྒོལ་བ་ལ་གནོད་པའི་དོན་དུ་བསྟན་བཅོས་བྱེད་པ་མ་ཡིན་ནོ། །ཕྱིར་རྒོལ་ལ་རྗེས་སུ་གཟུང་བར་བྱ་བ་ཉིད་དོ་ཞེ་ན། གཞན་ལ་ཅི་སྟེ་སྡང་སྟེ་འདི་ ནི་གྱི་ནའོ། །གཞན་ཡང་། གལ་ཏེ་སྒྲ་ནི་རྟག་སྟེ་བྱས་པའི་ཕྱིར་རོ། །གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བྱ་བར་འདིར་འགལ་བ་བརྩད་པ་ཡིན་ན། དེའི་ཚེ་སྨྱོན་པ་མ་ཡིན་པ་སུ་ཡང་དེ་ཉིད་ཀྱི་ཚེ་རྟག་པ་ཉིད་དུ་དམ་བཅས་ནས་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཉེ་བར་སྟོན་པར་བྱེད་པ་ནི་མེད་དོ། །འོན་ཏེ་ རྟག་པ་ཉིད་ཀྱིས་ཁྱབ་པ་ཉེ་བར་སྟོན་པར་བྱེད་ན། དེའི་ཚེ་ཁྱབ་པ་ཕྱིན་ཅི་ལོག་ཉིད་ལས་འགལ་བ་ཉིད་དུ་རྟོགས་པར་འགྱུར་རོ། །གཞན་ཡང་སྒྲ་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བའི་སྐབས་སུ་དམ་བཅའ་བའི་སྦྱོར་བ་གང་ཡིན་པ་དེ་ལ་ལྟོས་ནས་འགལ་བ་བརྗོད་པ་འམ་འོན་ཏེ་དམ་བཅས་པ་མེད་པར་ གློ་བུར་ཐོར་ཐུངས་ཀྱིས་སྒྲུབ་པར་བྱེད་པའི་ངག་ལ་ཡིད་འབྱུང་བར་འགྱུར་བ་དེས་ན། གང་གི་ཕྱིར་དམ་བཅས་པས་སྐབས་ཀྱི་དོན་རིག་པར་བྱ་བའི་ཕྱིར་དེ་ཉེ་བར་སྦྱོར་བ་ཡིན་ན། འདི་ལ་བརྗོད་པ་སྐབས་མེད་པར་ནི་དམ་བཅའ་བ་བརྗོད་པ་ཡང་གློ་བུར་ཐོར་ཐུངས་ཉིད་དོ། །ཕྱིར་རྒོལ་པས་སྐབས་ བྱས་སོ་ཞེ་ན། དམ་བཅའ་བའི་ཚིག་གི་བྱ་རྒྱུ་བྱས་ཟིན་པར་འགྱུར་ཏེ། སྤྲོས་པས་ཆོག་གོ། །གལ་ཏེ་དམ་བཅའ་བ་མེད་ན་སྒྲུབ་པ་མ་ཚང་བར་འགྱུར་བ་མ་ཡིན་ནམ། དེ་སྐད་དུ་ཡང་། དམ་བཅའ་བ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་ཅིག་དང་བྲལ་ན་ཡང་མ་ཚང་བ་ ཡིན་ཞེས་བརྗོད་པ་ཡིན་ནོ་ཞེ་ན། དེ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ན། མ་ཚང་བར་འགྱུར་བ་ཞིག་ན། དམ་བཅའ་བ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་པའི་བཟློག་པ་ཉིད་དོ། །སྒྲུབ་པར་བྱེད་པའི་ཡན་ལག་མ་ཚང་བར་འགྱུར་ན། དམ་བཅས་པར་ནི་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ཏེ། འདི་ ལྟར། ཕྱོགས་བསྟན་པ་ནི་མེད་ན་ཡང་། །འགྲུབ་པ་ལ་ནི་གེགས་མེད་ཕྱིར། །གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །དེ་དང་མ་འབྲེལ་པ་དེ་ནི་དེའི་ཡན་ལག་མ་ཡིན་ལ། དེ་མ་ཚང་བས་མ་ཚང་བ་ཡང་མ་ཡིན་ནོ། །མཁོ་བ་མེད་པས་ཀྱང་མ་ཚང་བར་འགྱུར་ ན་ནི། མཁོ་བ་མེད་པ་རྣམས་མཐའ་མེད་པས་མ་ཚང་བ་མེད་པས་མ་ཚང་བ་མེད་པ་ཉིད་མེད་པར་འགྱུར་རོ། །འོན་ཏེ་ཉེ་བར་མཁོ་བ་མེད་པ་མེད་ཀྱང་མ་ཚང་བ་མ་ཡིན་ན། དེ་ལྟར་ཡིན་ན་དམ་བཅས་པའི་ཚིག་མེད་པ་ལ་ཡང་མཚུངས་པའི་ཕྱིར། བརྩད་པར་མི་བྱའོ། །གལ་ཏེ་དམ་བཅའ་བ་སྒྲུབ་ པར་བྱེད་པ་ཁས་ལེན་ན། དེའི་ཚེ་དམ་བཅས་པ་ནི་བསྒྲུབ་པར་བྱ་བ་བསྟན་པའོ་ཞེས་བྱ་བ་དམ་བཅའ་བའི་མཚན་ཉིད་ཧ་ཅང་ཁྱབ་ཆེས་པར་འགྱུར་ཏེ། བསྒྲུབ་པར་བྱ་བ་མ་གྲུབ་པ་ཡིན་ཡང་སྒྲུབ་པར་བྱེད་པར་འགྱུར་བའི་ཕྱིར་མ་གྲུབ་པའི་གཏན་ཚིགས་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ། ། གང་ཞིག་དམ་བཅས་པ་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལ་ནི་བསྒྲུབ་པར་བྱ་བ་བསྟན་པ་ཞེས་བྱ་བ་དམ་བཅའ་བའི་མཚན་ཉིད་ཡིན། ཡང་གཏན་ཚིགས་ལྟར་སྣང་བ་དམ་བཅའ་བར་མི་འགྱུར་ཏེ། སྒྲུབ་པར་བྱེད་པར་གྱུར་པ་མ་ཡིན་པའི་བསྒྲུབ་པར་བྱ་བ་བསྟན་པར་དམ་བཅའ་བ་ཡིན་པའི་ཕྱིར་རོ། །དེའི་ ཕྱིར། བསྒྲུབ་བྱ་བརྗོད་པ་དམ་བཅའ་ནའང་། །སྨྲ་དེ་ལ་སྐྱེན་འཐད་མིན་ཏེ། །སྒྲུབ་བྱེད་དབང་དུ་བྱས་ཉིད་ཀྱིས། །གཏན་ཚིགས་ལྟར་སྣང་ཐལ་མིན་ཕྱིར། །སྒྲུབ་པར་བྱེད་པ་ཡིན་ན་ནི་སྒྲུབ་པར་བྱེད་པ་མ་ཡིན་པར་མི་འགྱུར་ཏེ། དེས་ན་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་དེར་ཐལ་བར་མི་འགྱུར་ཏེ། གཏན་ ཚིགས་ལྟར་སྣང་བ་ནི་སྒྲུབ་པར་བྱེད་པ་ཉིད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་བསྟན་པ་ཉིད་མེད་པས་དམ་བཅའ་བའི་མཚན་ཉིད་མེད་པའི་ཕྱིར་གཏན་ཚིགས་ལྟར་སྣང་བ་བསྟན་པ་ནི་དམ་བཅས་པ་མ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་གྱི། སྒྲུབ་པར་ བྱེད་པ་བསྟན་པ་མ་ཡིན་པའི་ཕྱིར། ཅི་ལྟར་སྒྲུབ་པར་བྱེད་པ་ལྟར་སྣང་བ་དམ་བཅས་པ་ཉིད་དུ་ཐལ་བར་འགྱུར་ཞེ་ན། འདི་ལ་བརྗོད་པ། བསྒྲུབ་པར་བྱ་བ་བསྟན་པ་ཞེས་བྱ་བ་འདི་ལ། གལ་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པ་སྒྲུབ་པར་བྱ་བ་བསྟན་པ་ཡིན་ན་ནི། དེའི་ཚེ་སྒྲུབ་པར་བྱེད་པ་ལྟར་སྣང་ བ་དམ་བཅའ་བར་མི་འགྱུར་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་བསྟན་པར་བྱ་བ་མ་བསྟན་པར་འགྱུར་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པ་ཞེས་བྱ་གང་བསྟན་པ་ཡིན་པ་མི་ཤེས་པར་འགྱུར་རོ། །འོན་ཏེ་གང་ཞིག་བསྒྲུབ་བྱ་ཉིད་དུ་འོས་པ་དེ་བསྟན་པ་ཡིན་ནོ་ ཞེ་ན། དེའི་ཚེ་ཡང་ཅི་ལྟར་བསྟན་ཞེས་སྐབས་མ་བསྟན་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་དུའམ་སྒྲུབ་པར་བྱེད་པ་ཉིད་དུ་ཞེས་ཁྱད་པར་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་ལྟར་སྣང་བ་ཡང་དམ་བཅའ་བ་ཉིད་དུ་འགྱུར་རོ། །ཅི་ལྟར་ན་ལྔ་པ་འམ་གཞན་གྱིས་སྒྲུབ་པར་བྱེད་པ་ཉིད་དུའམ་བསྒྲུབ་པར་བྱ་བ་ཉིད་ དུ་བསྟན་ཞེས་བརྗོད་པར་བྱ། ལྔ་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་དང་པོས་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ་ཞེ་ན། འདི་གང་ལས། དེ་ལྟར་སྒྲའི་དོན་གྲགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་བསྒྲུབ་པར་བྱ་བ་བསྟན་པ་ཞེས་དམ་བཅས་པའི་མཚན་ཉིད་མི་བྱ་བར་འགྱུར་ཏེ། བསྒྲུབ་པར་ བྱ་བ་བསྟན་པ་ཉིད་དུ་དམ་བཅས་པ་ཡིན་ནོ་ཞེས་འཇིག་རྟེན་ན་ཡང་སྒྲའི་དོན་དུ་གྲགས་པ་ཡིན་ནོ། །ཕྱོགས་ཀྱི་མཚན་ཉིད་ནི་ལོག་པར་རྟོགས་པ་བསལ་བའི་དོན་དུ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་བསྟན་པ་ཉིད་དམ་བཅའ་བ་ཡིན་པའི་ཕྱིར་མཚན་ཉིད་དོན་མེད་པས་ན། བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བ་ཉིད་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པ་ལྟར་སྣང་བ་ཡང་ཐལ་བར་འགྱུར་རོ། །ཁྱེད་ཀྱི་ཕྱོགས་ལ་ཡང་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཉིད་ཡིན་པས་ཇི་ལྟར་གཏན་ཚིགས་ལྟར་སྣང་བ་དམ་བཅའ་བ་མ་ཡིན་ཞེ་ན། སྒྲུབ་པར་བྱེད་པ་ཉིད་དུ་མ་གྱུར་ པའི་བསྒྲུབ་བྱ་བསྟན་པ་ཞེས་བྱ་བས་དེ་སྤངས་པ་མ་ཡིན་ནམ། གལ་ཏེ་སྒྲུབ་པར་བྱེད་པར་གྱུར་པ་ཡང་བརྒྱ་ལ་འགྱུར་རོ་ཞེ་ན། ཐེ་ཚོམ་ལྡོག་པའི་རྒྱུ་རིགས་མི་མཐུན་པ་ཉིད་ཡིན་ཞེས་བརྗོད་དོ། །འདི་ལྟར། ཁྱད་པར་མེད་པར་བརྗོད་ན་ཡང་། །རིགས་གཅིག་ཐེ་ཚོམ་ སྐྱེ་འགྱུར་ཏེ། །གཞན་དུ་བསྒྲུབ་བྱ་བརྗོད་པ་ཀུན། །དམ་བཅའ་བར་ནི་ཐལ་བར་འགྱུར། །རེ་ཞིག་རྩོད་པ་ནི་རྩོད་པ་ལྷུར་ལེན་པས་བརྩད་པར་བྱ་བ་ཡིན་ཏེ། བུམ་པ་བྱའོ་ཞེས་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བར་ཐལ་བར་འགྱུར་རོ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་ དབང་དུ་བྱས་པའི་ཕྱིར་དེ་ལ་ལྟོས་པའི་བསྒྲུབ་པར་བྱ་བ་བསྟན་པ་ཉིད་དམ་བཅའ་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་སྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་པའི་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ལྟར་སྣང་བ་ཡང་དམ་བཅའ་བར་མི་འགྱུར་རོ་ཞེས་བྱ་བ་འདི་འགྲུབ་ པོ། །གལ་ཏེ་གྲུབ་བརྗོད་སྒྲུབ་བྱེད་ཕྱིར། །གཞན་དག་ལ་ཡང་སྐྱོན་མེད་ན། །ད་ནི་བསྒྲུབ་བྱ་བསྟན་པ་དག །ཅི་ལྟར་སྒྲུབ་བྱེད་ཡན་ལག་ཡིན། །གལ་ཏེ་གཞན་དག་ཀྱང་འདི་སྐད་དུ་བརྗོད་དེ། སྒྲུབ་པར་བྱེད་པར་གྱུར་པའི་བསྒྲུབ་བྱ་བསྟན་པ་དམ་བཅའ་བ་ཡིན་ནོ། །སྒྲུབ་པར་ བྱེད་པ་ལྟར་སྣང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། མ་གྲུབ་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་ནི་དམ་བཅས་པ་མ་ཡིན་ཏེ། དམ་བཅའ་བ་ནི་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་མ་གྲུབ་པ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ལྟར་སྣང་བ་སྒྲུབ་པར་བྱེད་པ་མ་ཡིན་ན་མ་གྲུབ་ པའི་དོན་གྱིས་དམ་བཅའ་བ་ཡང་ཅི་ལྟར་སྒྲུབ་པར་བྱེད་པར་འགྱུར། དམ་བཅའ་བ་ནི་མ་གྲུབ་པ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཡིན་ཏེ། གལ་ཏེ་གྲུབ་ན་ནི་ཡུལ་ཉེ་བར་སྟོན་པ་ཉིད་དུ་མི་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟར་ན་སྒྲུབ་པར་བྱེད་པར་སྣང་བ་ཡང་དམ་བཅའ་བ་ཉིད་ཀྱིས་སྒྲུབ་པར་བྱེད་པར་འགྱུར་ བའི་མི་ཟློགས་པ་ཉིད་དོ། །དམ་བཅའ་བ་ཉིད་ཀྱི་སྒོ་ནས་སྒྲུབ་པར་བྱེད་པར་འགྱུར་མོད། འདི་ལ་སྐྱོན་ཅི་ཡོད་ཅེ་ན། མ་གྲུབ་པ་ཉིད་སྐྱོན་དུ་མི་འགྱུར་རོ། །དམ་བཅས་པ་ནི་དམ་བཅས་པས་སྒྲུབ་པ་མ་ཡིན་ཏེ། དེས་ན་སྐྱོན་ཉིད་དོ་ཞེ་ན། སྒྲུབ་པར་བྱེད་པ་ཉིད་ཀྱིས་ནི་འདི་ལྟར་སྒྲུབ་པར་བྱེད་པ་མ་ཡིན། རང་གི་དོན་ལ་ལྟོས་ནས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དོན་དང་ལྡན་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་དེའི་སྒྲུབ་པར་བྱེད་པ་མ་ཡིན་ལ། སྒྲའི་ཕུར་མ་ཙམ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐམས་ཅད་དུ་བརྗོད་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །བསམ་ པ་སྟོན་པ་ལ་ནི་ཚད་མ་ཉིད་དུ་བཤད་པ་ཡིན་ནོ། །འོན་ཏེ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། འོ་ན་དམ་བཅས་པ་ཐམས་ཅད་ཕྱི་རོལ་གྱི་དོན་སྟོན་པས་ནུས་པའི་ཕྱིར་དེ་ཉིད་ཀྱིས་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །དེའི་ཕྱིར་དངོས་དང་བརྒྱུད་པས་དེ་ལ་གྲུབ་པ་མི་སྐྱེ་བའི་ཕྱིར་དམ་བཅའ་བ་ནི་སྒྲུབ་ པར་བྱེད་པ་མ་ཡིན་ནོ། །གཞན་དག་བརྗོད་པ་ནི་དམ་བཅས་པའི་སྒྲུབ་པར་བྱེད་པ་ཡིན་ཏེ། ལྟར་སྣང་བ་དང་བཅས་ཏེ་བརྗོད་པའི་ཕྱིར་རོ། །ལྟར་སྣང་བ་དང་བཅས་པ་ཉིད་ནི་སྒྲུབ་པར་བྱེད་པ་ཉིད་དང་ལྷན་ཅིག་པར་མཐོང་བའི་ཕྱིར་རོ། །སུན་འབྱིན་པར་སྨྲ་བས་བརྗོད་པ། མངོན་སུམ་གྱིས་མ་ ངེས་སོ། །ཚིག་གི་བདག་ཉིད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་གདབ་པོ། །སུན་འབྱིན་པས་མ་ངེས་སོ་ཞེ་ན། སུན་འབྱིན་པ་མ་ཡིན་པར་གྱུར་པ་ཞེས་ལན་ཡིན་ནོ་ཞེས་བྱ་བ་དེ་ཐམས་ཅད་ནི་མི་རུང་སྟེ། འདི་ལྟར། ལྟར་སྣང་བཅས་སོགས་བཀོད་པ་དང་། །ལན་ནི་འབྲེལ་མེད་ བཞད་གད་དེ། །འདི་ལྟར་དེ་ནི་རིགས་པ་ཉིད། །མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །མ་མཐོང་བ་ཙམ་གྱིས་ནི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ནོ། །ཅི་ལྟར་རུང་བའི་ཁྱད་པར་གྱིས་ནི་མ་ངེས་པ་སྤོང་བ་མ་ཡིན་ཏེ། དེ་ནི་མི་མཐུན་པའི་ཕྱོགས་དང་འགལ་བས་སྤོང་བའི་ཕྱིར་རོ། །འདི་ནི་སྔར་ བཤད་ཟིན་ཏེ། འདོན་པ་ནི་འདོན་པ་གཞན་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ལ། རྒྱས་པ་འདོན་པས་མ་ངེས་པར་བརྩང་བ་ན། རིག་བྱེད་ཀྱི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ་ཞེས་ལན་བརྗོད་ན། རིག་བྱེད་ལ་ཁྱད་པར་ཅི་ཞིག་ཡོད། གང་ཞིག་གཞན་དུ་འདོན་པར་མི་ནུས་པའོ་ཞེ་ན། འདི་ནི་ལེན་ མ་ཡིན་ཏེ། མི་མཐུན་པའི་ཕྱོགས་དང་འགལ་བ་མེད་པའི་ཁྱད་པར་གྱིས་ནི་དེ་ལས་གཏན་ཚིགས་བཟློག་པར་མི་ནུས་སོ། །དེ་ལྟ་མ་ཡིན་ན་དེ་ལྟ་བུ་མ་ཡིན་པ་ཞེས་བྱ་བ་སུས་བརྗོད་པར་མི་ནུས། དེའི་ཕྱིར། བཀོད་པ་དང་ལན་ལ་སོགས་པ་འདི་ནི་རུང་བ་མ་ཡིན་པའི་ཕྱིར། དམ་བཅའ་བ་སྒྲུབ་ པར་བྱེད་པ་ཡིན་ལ་སྔར་བཤད་པ་སུན་འབྱིན་པ་ཉིད་ཡིན་ནོ། །གལ་ཏེ་འོ་ན་དམ་བཅའ་བ་ངེས་པར་བསྟན་པར་བྱ་བ་མ་ཡིན་ན། དེ་ལྟ་ན་ཕྱོགས་ཀྱི་མཚན་ཉིད་ཅིའི་དོན་དུ་ཡིན། བསྒྲུབ་པར་བྱ་བའི་དོན་ནི་གཏན་ཚིགས་ཀྱི་ནུས་པས་གོ་བར་བྱ་བ་ཉིད་ཡིན་པས་དེ་ཕྱོགས་ཡིན་ནམ་ དེ་ལྟ་མ་ཡིན་ཡང་རུང་སྟེ་དཔྱད་པ་འདིས་ཅི་བྱ་སྟེ། ཅི་ལྟར་རྟོགས་པ་དེ་ལྟར་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། བསྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་མེད་ཕྱིར་མཚན་ཉིད། །ངོ་བོ་ཚིགས་ཕྲད་བདག་ཉིད་འདོད། །ཚིག་གིས་དེ་ཡི་མཚན་ཉིད་བཞི། །མ་གྲུབ་སྒྲུབ་བྱེད་མིན་དོན་ བརྗོད། །རྒོལ་བས་ཁས་བླངས་པ་བཟུང་ངོ་། །མཚན་ཉིད་ཅེས་བྱ་བ་ཐམས་ཅད་ནི་རྨོངས་པ་བསལ་བའི་ཕྱིར་བསྟན་པ་ཡིན་ཏེ། བརྗོད་པ་གཞན་ཡང་དེ་བཞིན་ནོ། །དེ་ལ་བསྒྲུབ་པར་བྱ་བ་དང་ཅིག་ཤོས་ཀྱི་ཡུལ་ལ། ཆེན་པོ་རྣམས་ཀྱང་ཕྱིན་ཅི་ལོག་ཏུ་ལོག་པར་རྟོགས་པ་ཆེན་པོ་ཡོད་ལ། དེ་ མ་བཟློག་ན་ཡང་དོན་མ་ཡིན་པའི་སྒོ་ནས་ཆེན་པོའི་ཚུལ་སྐྱེད་པར་བྱེད་དོ། །ཉེས་པ་དང་འབྲེལ་པ་མ་བཟློག་པ་ནི་དགེ་བ་མ་ཡིན་ནོ། །འདི་ལྟར་མིག་ལ་སོགས་པ་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་ལ་གཞན་གྱི་དོན་ཙམ་བསྒྲུབ་བྱ་མ་ཡིན་པ་ལ་ཡང་བསྒྲུབ་བྱར་བརྗོད་ཅིང་། བདག་གི་དོན་ཉིད་བསྒྲུབ་བྱ་ཡིན་ ཡང་། བསྒྲུབ་བྱ་མ་ཡིན་པ་དང་། བསྟན་བཅོས་ཚད་མར་སྨྲ་བ་བསྟན་བཅོས་ལས་གྲུབ་པ་ཡང་། བསྒྲུབ་བྱར་བརྗོད་པ་དང་། དམ་བཅའ་བ་ནི་བསྒྲུབ་པར་བྱ་བ་བསྟན་པའོ་ཞེས་བྱ་བའི་མཚན་ཉིད་འདིས་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ལ་ཡང་ཕྱོགས་ཉིད་དུ་འགྱུར་རོ་ཞེས་བྱ་བར་ཡང་རྟོགས་པ་དང་། བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་བྱ་མ་ཡིན་པ་ཁས་མ་བླངས་ཀྱང་། བསྒྲུབ་པར་བྱ་བ་ཉིད་དུ་ཞེས་ལོག་པར་རྟོགས་ཏེ། དེས་ན་དེ་བསལ་བའི་ཕྱིར་རང་གི་ངོ་བོ་དང་ཚིག་ཕྲད་དང་། འདོད་པ་དང་རང་ཉིད་ཀྱི་ཚིག་བཞིས་མ་གྲུབ་པ་དང་། སྒྲུབ་པར་བྱེད་པ་མ་ཡིན་པ་དང་། དོན་གྱིས་བརྗོད་པ་དང་། རྒོལ་བས་ཁས་བླངས་པ་གཟུང་བར་རིག་པར་བྱའོ། །མ་གྲུབ་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ལ་དེ་བཞིན་དུ་གཞན་ཡང་སྟེ། དེས་ན་ངེས་པར་གཟུང་བས་ཕྱིན་ཅི་ལོག་དེ་གསལ་བར་རིག་པར་བྱའོ། །དེ་ལ་རིགས་པ་ནི། གལ་ཏེ་ཚད་མར་གྱུར་པའི་བསྟན་བཅོས་ཉིད་ལས་དོན་འདི་འགྲུབ་ན། ཚད་མ་གཞན་གྱི་བསྒྲུབས་པས་ཅི་བྱ། གཞན་ལ་བསྟན་བཅོས་ཚད་མ་མ་ཡིན་པ་དེས་ན་དེའི་དོན་དུ་ཡིན་ནོ་ཞེ་ན། བདག་ཉིད་ལ་ཅི་ལྟར་ན་ཚད་མ་ཡིན། ཁས་བླངས་པ་ཉིད་ཀྱིས་སོ་ཞེ་ན། གཞན་གྱིས་ཀྱང་ཁས་བླང་བར་བྱའོ། །དེ་བཞིན་དུ་གལ་ཏེ་དེ་བསྒྲུབ་པར་བྱ་བ་ཡིན་ན། ཅི་ལྟར་སྒྲུབ་ བྱེད་ཉིད་དུ་སྟོན། །དོན་གྱི་བརྗོད་པ་བསྒྲུབ་བྱ་མ་ཡིན་ན་ངག་གི་དོན་ཤེས་པ་ཉིད་དུ་མི་འགྱུར་ལ། གཞན་དུ་ཡང་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །སྐབས་དང་། དོན་དང་སྒྲ་གཞན་ཉེ་བ་དག་ལས་སྒྲའི་དོན་ངེས་པའི་ཕྱིར་རོ། །སྐབས་མི་ཤེས་པས་ནི་བརྗོད་པར་འདོད་པའི་དོན་མི་རྟོགས་པའི་ཕྱིར་དེ་དང་ ལྷན་ཅིག་ཏུ་ཐ་སྙད་ཀྱི་ལམ་དུ་ཅི་ལྟར་འཇུག །དེ་སྐད་དུ་ཡང་རབ་ཏུ་བརྗོད་པ་ཡིན་ཏེ། དངོས་སུ་བརྗོད་པའི་དོན་ནི་ཕྱུགས་ཀྱིས་ཀྱང་འཛིན་པས་དེ་ལ་ནུས་པ་ཁྱད་པར་དུ་འཕགས་པ་ཅི་ཡོད་ཅེའོ། །དེ་ཉིད་ཀྱི་ཕྱིར་བཤད་པ། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་གཞན་བསྒྲུབ་བྱར་ འདོད། །དཔེར་ན་འདུས་པའི་བདག་ཉིད་རྣམས་གཞན་གྱི་དོན་དུ་སྒྲུབ་པ་ན། བདག་གི་དོན་དེ་ནི་མ་བརྗོད་ཀྱང་འདོད་པས་ཁྱབ་པའི་བསྒྲུབ་བྱ་ཡིན་ཞེས་བསྟན་པའི་དོན་དུ་འདོད་པ་སྨོས་སོ། །འདོད་པས་ཁྱབ་པོ་ཞེས་བྱ་བ་དེ་ཉིད་ག་ལས་ཤེ་ན། སྐབས་ལས་སོ། །སྐབས་དང་རྗེས་སུ་མཐུན་པར་ འདོད་པ་འབྱུང་བ་ཡིན་ཏེ། དེ་ལྟ་མ་ཡིན་ན། རྟོགས་པ་དང་མི་ལྡན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་སྐབས་སུ་གཞན་བབ་ལ་སྐབས་སུ་བབ་པ་ནི་གཞན་ཡིན་ལ། བསྒྲུབ་པར་བྱ་བ་ཡང་གཞན་ཡིན་ན་ནི། དེ་ནི་རྒོལ་བ་ཉིད་མ་ཡིན་སྐྱོན་འདི་ཉིད་དེ་ལ་མོད་ལ་འགྱུར་རོ། །གལ་ཏེ་འདི་ བདག་ཉིད་སྨྲ་ན་དེས་བདག་ཉིད་ལ་སྐབས་སུ་མ་བབ་པ་བརྗོད་པའི་སྒོ་ནས་སྐྱོན་བརྗོད་པ་ཉིད་དུ་འགྱུར་རོ། །དེ་ཡང་སྐྱོན་ཡོད་མོད་ཕྱིར་རྒོལ་བ་ཡང་ཡང་དག་པའི་སྐྱོན་མི་བརྗོད་པའི་ཕྱིར་སྐྱོན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། གལ་ཏེ་དེའི་དོན་བསྟན་པའི་སྒོ་ནས་སྐྱོན་མེད་པའི་ཕྱིར་རོ། །ཇི་སྐད་དུ་བདག་ གཞན་ཡིན་ཞེ་ན་ནི་དེ་མ་གྲུབ་པོ་ཞེས་བཤད་པ་ཡིན་ཏེ། གལ་ཏེ་བདག་གཞན་ཡིན་ན་ནི་དེ་དཔེ་ལ་མ་གྲུབ་པོ། །གལ་ཏེ་ཡང་གཞན་ཙམ་ཞིག་སྒྲུབ་ན་དེའི་སྐབས་སུ་བབ་པ་མ་བསྒྲུབས་པར་འགྱུར་པ་འམ། གྲུབ་པ་ལ་བསྒྲུབས་པར་འགྱུར་རོ། །དེ་ལྟར་བརྗོད་པའི་ཕྱིར་རྒོལ་བ་ལ་ཉེས་པ་ཅི་ཡོད། གལ་ཏེ་འདོད་པས་ཁྱབ་པ་མ་བརྗོད་ཀྱང་། །བསྒྲུབ་བྱ་ཉིད་དུ་བསྟན་པའི་ཕྱིར་ཡིན་ན། འོ་ན་ནི་དེ་བཞིན་མི་འདོད་པ་བཟློག་པའི་ཕྱིར་ཡང་ཡིན་པར་འགྱུར་ཏེ། གང་གི་ཕྱིར་ངག་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །མི་འདོད་པ་ཞེས་བྱ་བ་ནི་ཅུང་ཟད་ ཀྱང་ཡོད་པ་མ་ཡིན་ཏེ། འགའ་ཞིག་གིས་འགའ་ཞིག་འདོད་པའི་ཕྱིར་རོ། །དེས་ན་འདོད་པ་སྨོས་པ་ནི་རྒོལ་བ་འདོད་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ཡིན་ནོ། །དེ་ལ་ནི་རང་ཉིད་ཅེས་བྱ་བའི་དོན་འཐོབ་པ་ཁོ་ནའོ། །གལ་ཏེ་བསྟན་བཅོས་བྱེད་པའི་འདོད་པ་ཡང་ཡིན་ན་ནི་དེའི་འདོད་པ་ཉིད་ཡིན་ པས་དེ་ལྡོག་པ་མ་ཡིན་ནོ། །འདོད་པ་མ་ཡིན་པ་ཉིད་ན་བཟློག་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་འདོད་པ་སྨོས་པ་ཉིད་ཀྱིས་བཟློག་པའི་ཕྱིར་རོ། །ཅི་ལྟར་ཕྱིར་རྒོལ་བ་དང་ཉན་པར་བྱེད་པ་རྣམས་ཀྱི་འདོད་པ་བསྒྲུབ་བྱ་མ་ཡིན་ནོ་ཞེས་འདོད་པ་སྨོས་པ་སྒྲུབ་པ་དེ་བཞིན་དུ་བསྟན་བཅོས་བྱེད་པའི་འདོད་པ་ཡང་དེ་ཉིད་ ཀྱིས་བཟློག་པ་འམ་རང་ཉིད་སྨོས་པས་ཀྱང་གཞན་འདོད་པ་ཐམས་ཅད་བཟློག་པའི་ཕྱིར་ཅིའི་ཕྱིར་སློབ་དཔོན་གྱི་རང་ཉིད་ཅེས་བྱ་བས་ནི་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་སྟོན་པར་བྱེད་དོ་ཞེས་བསྟན་བཅོས་ཙམ་འགོག་པར་བཤད་ཅེ་ན། འདི་ལ་ལན་དུ། གཞན་འདོད་ཐམས་ཅད་ བཟློག་ན་ཡང་། །འབྲེལ་པར་བདག་ཉིད་སྒྲ་བཤད་པ། །དོགས་པའི་གནས་ནི་བཟློག་པ་སྟེ། །འདི་ནི་དེའི་དོན་བྱས་པ་ཡིན། །གལ་ཏེ་རྒོལ་བ་ལ་ལྟོས་པའི་འདོད་པ་སྨོས་པ་ཉིད་ཀྱིས་གཞན་འདོད་པ་ཐམས་ཅད་བཟློག་པ་དེ་ལྟར་ཡིན་ན་ཡང་། བསྟན་བཅོས་བྱེད་པའི་འདོད་པ་ལ་བསྒྲུབ་པར་ བྱ་བ་ཉིད་ཡིན་པར་དོགས་པ་ཉིད་དེ། དེ་ལྟ་མ་ཡིན་ན་བསྟན་བཅོས་དང་འགལ་བའི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པས་ན། བསྟན་བཅོས་བྱེད་པའི་འདོད་པ་ནི་གདོན་མི་ཟ་བ་ཉིད་དུ་རྒོལ་བའི་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བའི་བློར་འགའ་ཞིག་འགྱུར་ཏེ། དེས་ན་དོགས་པའི་གནས་བཟློག་ པའི་ཕྱིར་རང་ཉིད་སྨོས་སོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་སྨོས་པའི་དགོས་པས་ནི་བསྟན་བཅོས་བསལ་བ་ཉིད་ཡིན་པར་བཤད་དོ། །གང་གི་ཕྱིར་རང་ཉིད་ཀྱི་སྒྲས་འདི་ནི་བསྟན་བཅོས་བྱེད་པའི་འདོད་པ་བཟློག་པའི་ཕྱིར་བྱས་པ་ཡིན་ནོ། །གཞན་གྱི་འདོད་པ་བཟློག་པ་ནི་འབད་པ་མེད་པ་ཉིད་དུ་གྲུབ་པ་ཡིན་ ནོ། །དེའི་ཕྱིར་འདོད་པ་སྨོས་པའི་དགོས་པ་ནི་མ་བརྗོད་ཀྱང་འདོད་པས་ཁྱབ་པ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། འདོད་པ་སྨོས་པ་ནི་གཞན་གྱི་དོན་ཞེས་བྱ་བ་ལ་འདུས་པ་མ་ཡིན་པ་གཞན་གྱི་དོན་བསྒྲུབ་བྱ་ཉིད་ཡིན་ནོ། །གལ་ཏེ་ནི་ཆོས་དང་། ཆོས་ཅན་དག་གི་ཁྱད་པར་ཡིན་གྱི། བསྒྲུབ་བྱ་ནི་མ་ཡིན་པ་མ་ཡིན་ནམ། གལ་ཏེ་བསྒྲུབ་བྱ་ཉིད་ཡིན་ན་ཅི་ལྟར་ཁྱད་པར་དུ་འགྱུར་བསྒྲུབ་པར་བྱ་བ་དང་ཁྱད་པར་དག་གཅིག་པ་ནི་མ་ཡིན་ནོ། །སློབ་དཔོན་གྱིས་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ་ཞེ་ན། དེ་བཤད་ པ་ནི། དེ་ནི་ལྟོས་ནས་ཆོས་དག་དང་། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། །འདོད་པས་ཡུལ་དུ་བྱས་པའི་བསྒྲུབ་བྱ་དེ་ནི་གཞན་ལ་ལྟོས་ཏེ། ཁྱད་པར་དུ་བརྗོད་དེ་ཤེས་རབ་ཤིན་ཏུ་གཞོན་པ་གཞན་དག་སྨྲས་པ་ཉིད་བསྒྲུབ་བྱ་ཡིན་ནོ་ཞེས་འདི་ལྟར་མིག་ལ་སོགས་པ་ནི་གཞན་གྱི་དོན་ནོ་ཞེས་ཕ་རོལ་གྱིས་ སྨྲས་པ་ལ་སུན་འབྱིན་པ་བརྗོད་པས་བཤད་པ། བདག་མ་གྲུབ་པས་དཔེ་ལ་ནི། །དེ་དོན་མ་གྲུབ་གལ་ཏེ་དེ། །བསྒྲུབ་མིན་འོ་ན་ཁྱོད་ཀྱི་དེ། །དེ་ཡི་ཁྱད་པར་ཡིན་པར་འགྱུར། །བདག་གི་དོན་ནི་ངེས་ཀྱིས་བསྒྲུབ་བྱ་མ་ཡིན་ཏེ། གཞན་གྱི་དོན་ཙམ་སྒྲུབ་པའི་ཕྱིར་རོ་ཞེ་ན། གལ་ཏེ་བསྒྲུབ་བྱ་མ་ཡིན་ན་ ནི་དེ་ཉིད་ཀྱི་ཁྱད་པར་ཡིན་པའི་ཕྱིར་ཁྱད་པར་དང་འགལ་བར་འགྱུར་རོ། །བསྒྲུབ་བྱ་ཉིད་ཅིའི་ཕྱིར་སྒྲུབ་པར་མི་བྱེད་ཅེ་ན་མ་ཡིན་ཏེ། གཞན་ལ་ལྟོས་ནས་ལན་འདེབས་པར་བཞེད་པའི་ཕྱིར་ཏེ། དེ་ཙམ་གྱིས་གཞན་བཟློག་ན་རང་གི་ཕྱོགས་བསྒྲུབ་པའི་འབད་པ་བྱས་པས་ཅི་བྱ། ད་ནི་ཅི་ལྟར་མ་བརྗོད་ པ་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་ཏེ། བརྗོད་པ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ནི་བརྗོད་པ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །མ་བརྗོད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་བསྒྲུབ་པར་བྱ་བར་འགྱུར་ན། ཐམས་ཅད་དཔེ་ལ་ཉེ་བར་བསྟན་པར་ནུས་པ་ནི་མ་ཡིན་ནོ། ། དེ་ལྟ་ན་ནི་བཟློག་པ་བསྒྲུབ་པའི་ཕྱིར་ཐམས་ཅད་གཏན་ཚིགས་མ་ཡིན་པར་འགྱུར་རོ་ཞེ་ན་འདི་ལ་བཤད་པ། མ་བརྗོད་ན་ཡང་འདོད་པ་ནི། །སྐབས་ལས་རྟོགས་པར་འགྱུར་བ་ཡིན། །དེ་དཔེ་རྗེས་འགྲོ་མེད་པ་ཡི། །སྐྱོན་ཡང་ཇི་སྐད་བདག་གཞན་ན། །དེ་མ་གྲུབ་ཅེས་བཤད་བཞིན་ཏེ། །དེར་ནི་འདོད་ན་ གནོད་བྱེད་ཡིན། །གལ་ཏེ་འདིས་དེ་ཉིད་སྨྲས་པ་ཡིན་པ་དེ་ལྟ་ན་ཡང་སྐབས་ཀྱི་འདིར་དོན་ནི་འདི་ཡིན་པར་ལྟའོ། །ཚིག་ཐམས་ཅད་སྐབས་ལ་མ་ལྟོས་པར་ནི་དོན་སྟོན་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་དམ་པ་ལུགས་གནས་དག །ངག་གི་མཐར་ཐུག་བརྟགས་ནས་ ནི། །ངག་དོན་ངེས་པར་བྱ་བའི་ཕྱིར། །འཇུག་པ་འགྲོ་བའི་ཚུལ་ལུགས་ཡིན། །མཁས་པའི་སྐྱེ་བོ་མཐའ་དག་གི་ལུགས་ནི་འདི་ཉིད་ཡིན་ནོ། །མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ནོ་ཞེས་བྱ་བ་འདིར་ཡང་ངག་གི་དོན་ནི་བདག་གི་དོན་ཏོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་ལྟོས་ནས་དཔེ་ ལ་རྗེས་སུ་འགྲོ་བ་མེད་པ་ཡང་ཡིན་ཏེ། དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སློབ་དཔོན་གྱིས་ཀྱང་དེ་ཁོ་ན་བཞིན་དུ་བསྟན་ཏེ། བདག་གཞན་ཡིན་ནོ་ཞེ་ན་ནི་མ་གྲུབ་པོ་ཞེས་ཏེ། དཔེ་ལ་མ་གྲུབ་པོ་ཞེས་བྱ་བར་བལྟ་བར་བྱའོ། །དེས་ནི་དེའི་འདོད་པ་ཕྱིན་ཅི་ལོག་ཏུ་གྲུབ་པས་ན་འདི་འདོད་པ་ལ་ གནོད་པར་བྱེད་པ་ཡིན་ནོ། །གལ་ཏེ་སྐབས་སུ་བབ་པའི་དོན་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་ཤེས་ཤེ་ན། དེའི་ཕྱིར་བཤད་པ། གལ་ཏེ་གང་ལ་རྩོད་པ་ཡིས། །སྒྲུབ་བཀོད་དེ་བསྒྲུབ་བྱ་མིན་ན། །བསྒྲུབ་བྱ་ཅི་ཡིན་གཞན་དུ་ན། །མི་འདོད་པའམ་འབྲས་མེད་འགྱུར། །གལ་ཏེ་གང་ ལ་རྩོད་པ་གང་ལས་བདག་འགྲུབ་པའི་བདག་གི་དོན་ཉིད་དེ་ཁོ་ན་བསྒྲུབ་པར་བྱ་བ་མ་ཡིན་ན། དེ་ལས་གཞན་སྒྲུབ་ན་ཡང་མ་འབྲེལ་པའི་ཕྱིར། འགའ་ཡང་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་ཕྱོགས་གཉིས་སྒྲུབ་པ་ལ་ལྟོས་ཏེ་འགལ་བ་སྒྲུབ་པའི་ཕྱིར་མི་འདོད་པའམ། དེ་སྤངས་ནས་སྒྲུབ་ ན་ཡང་འབྲས་བུ་མེད་པ་གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་རོ། །འོན་ཏེ་བདག་བསྒྲུབ་བྱ་མ་ཡིན་ཡང་། གཞན་ཙམ་རབ་ཏུ་བསྒྲུབས་པས་ཀྱང་འགྲུབ་པ་ཡིན་ནོ། །བསྒྲུབ་པར་བྱ་བ་མ་ཡིན་པའི་ཡུལ་ལ་ནི་ཕྱིར་རྒོལ་བས་རྗེས་སུ་འགྲོ་བ་མེད་པའི་སྐྱོན་བརྗོད་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པ་ལ་ སོགས་པའི་སྐྱོན་ནི་བསྒྲུབ་པར་བྱ་བ་ལ་ལྟོས་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། གལ་ཏེ་གཞན་གྲུབ་ན་ཡང་སྒྲུབ་བྱ་མིན། །འདོད་འགྲུབ་དེ་ལྟ་ཡིན་ན་ཀུན་འགྲུབ་འགྱུར། །ཉེ་བའི་ཁྱད་པར་མེད་ན་འགའ་ཞིག་ནི། །འགྲུབ་འགྱུར་གཞན་མིན་དེ་ན་ག་ལས་ཡིན། །གལ་ཏེ་གཞན་ བསྒྲུབས་པས་ཀྱང་གཞན་འགྲུབ་པར་འགྱུར་ན་ནི་དེའི་ཚེ། འདོད་པ་བཞིན་དུ་ཕྱིན་ཅི་ལོག་ཀྱང་འགྲུབ་པར་འགྱུར་རོ། །དེ་ལྟ་ཡིན་དང་། གཏན་ཚིགས་ཐམས་ཅད་འགལ་བ་དང་དཔེ་བསྒྲུབ་བྱས་སྟོང་པར་འགྱུར་ཏེ། ཕན་ཚུན་འགལ་བའི་ཆོས་ཀྱི་ཚོགས་ནི་ག་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། ། འདོད་པའི་ཕྱིར་བསྒྲུབ་པར་བྱ་བ་དེ་ཉིད་འགྲུབ་ཀྱི་གཞན་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འདོད་པའི་དབང་གིས་གཏན་ཚིགས་ཀྱི་བྱེད་པ་ཡུལ་རྣམ་པར་དབྱེ་བ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་གཞན་བཟློག་པ་འདོད་པའི་ཕྱིར་བཟློག་པ་གྲུབ་པ་དགག་ཏུ་མེད་དེ། འདོད་པར་ཁྱད་པར་མེད་པའི་ཕྱིར་རོ། ། གང་གིས་རྒོལ་བ་འདོད་པ་འགྲུབ་ལ་ཕྱིར་རྒོལ་བ་འདོད་པ་མ་ཡིན་པ་འབྲེལ་པའི་ཁྱད་པར་ཡང་ཡོད་པ་མ་ཡིན་ནོ། །བརྗོད་པར་འདོད་པའི་ཆོས་རྗེས་སུ་འགྲོ་བ་མེད་ན་སྐྱོན་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་འདོད་པ་འདོད་པ་བྱེད་པའི་འགལ་བ་འགའ་ཡང་མེད་པའི་ཕྱིར་རོ། །བརྗོད་པ་དང་ནི་ཐམས་ཅད་ལ་ རྗེས་སུ་འགྲོ་བ་ཡོད་པའི་ཕྱིར་རོ། །བརྗོད་པས་རྗེས་སུ་འགྲོ་བ་མེད་ན། བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཉིད་ཀྱིས་འགལ་བ་ཡིན་ནོ། །ཁྱད་པར་འགལ་བ་ནི་མ་བརྗོད་པ་ཉིད་ལ་ལྟོས་ནས་ཡིན་གྱི་གཞན་དུ་ནི་མེད་པའི་ཕྱིར་རོ། །འདིས་ནི་གཉིས་བཅས་སྦྱོར་བ་ལ། །རྗེས་འགྲོ་མེད་དང་འགལ་བ་དག ། བསྟན་པ་ཡིན་ནོ་ཅི་སྟེ་ཡང་བསྒྲུབ་པར་བྱ་བ་སྤྱིར་འདོད་ན། དེ་ཉིད་དོན་གཞན་མེད་པའི་ཕྱིར། །ལུས་མི་འགྱུར་ན་འགྲུབ་པ་ཡིན། །བརྗོད་བྱས་སྟོང་པའི་རྗོད་བྱེད་རྣམས། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། །གཉིས་པ་དང་བཅས་པར་བསྒྲུབ་པའི་སྦྱོར་བ་རྣམས་ལ་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ དང་། འགལ་བ་ཉིད་ཀྱང་རིགས་པ་འདི་ཉིད་ཀྱིས་བསྟན་པ་ཡིན་ནོ། །འདི་ལྟར་ཚུ་རོལ་མཛེས་པ་བ་དག་ན་རེ། བུམ་པ་ནི་མངོན་པར་གསལ་བའི་སེམས་པ་ཅན་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་དང་། བུམ་པ་གང་ཡང་རུང་བས་གཉིས་པ་ཅན་ཡིན་ཏེ། ཨུཏྤ་ལ་མ་ཡིན་པའི་ཕྱིར་རྩིག་པ་བཞིན་ནོ་ ཞེས་འཛེར་ཏོ། །སྐྱེས་བུ་ནི་སེམས་པ་མངོན་པར་གསལ་བའི་ཁྱད་པར་ཅན་གྱི་ལུས་ཡིན་གྱི། གཞན་བདག་ལ་སོགས་པ་འཇིག་རྟེན་ཕ་རོལ་དང་ལྡན་པ་མ་ཡིན་ནོ། །དེར་ཡང་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཉིད་སྒྲུབ་པར་བྱེད་པ་ཡིན་པས་གཏན་ཚིགས་བརྗོད་དོ་ ཞེའོ། །བསམ་པ་ནི་སྐྱེས་བུ་དེ་ལྟ་བུ་ནི་མཛུབ་ཚུགས་སུ་སྒྲུབ་པར་ནུས་པ་མ་ཡིན་ཏེ། དཔེ་ལ་མ་གྲུབ་པའི་ཕྱིར་རོ། །དེས་ན་སྤྱིར་གང་ཡང་རུང་བས་གཉིས་པ་ཅན་དུ་བསྒྲུབ་པས་ཡིན་ཏེ། བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཐབས་ཡིན་ནོ། །འདིར་བརྗོད་པ། འདི་ལ་ སྤྱི་འམ་ཁྱད་པར་གང་། །བསྒྲུབ་པར་བྱ་བ་དེ་ཉིད་དེ། །བརྗོད་འདོད་ཉིད་ནི་བསྒྲུབ་བྱ་ཞེས། །འདི་ནི་གཅིག་ཏུ་ངེས་པ་ཡིན། །ཞེས་བྱ་བའི་འགེལ་གྱི་དོན་ཏོ། །འདི་ལྟར་སྒྲས་ཟིན་པ་ནི་སྐྱེས་བུ་ཉིད་ཡིན་པས་དེ་ལ་ལྟོས་ནས་རྗེས་སུ་འགྲོ་བ་མེད་པར་འགྱུར་རོ་ཞེས་རིགས་པ་སྔ་མ་ཉིད་དོ། །འོན་ཏེ་ འབའ་ཞིག་གྲུབ་པ་ཡིན་མོད་ཀྱི། དེ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེ་ན། དེའི་ཚེ་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བསྟན་ཟིན་ཏོ། །འདིར་ཁྱད་པར་ཕངས་པ་མེད་པ་ལ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ལུས་མ་གྲུབ་ན་གསལ་བ་མེད་པའི་ཕྱིར་སྤྱི་ག་ལ་ཡོད། བ་ལང་གི་གསལ་ བ་མེད་པར་ནི་སྤྱི་སྲིད་པ་མ་ཡིན་ནོ། །གསལ་བ་ཞིག་ཀྱང་སྤྱི་མི་འཇིག་སྟེ་རྟག་པའི་ཕྱིར་རོ། །གསལ་བར་བྱེད་པ་མེད་པའི་ཕྱིར་ཐ་སྙད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །གསལ་བ་ཡོད་ན་སྤྱི་དེ་བཞིན་དུ་འགྱུར་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་འདིར་སྲིད་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་སྐྱེས་བུ་ནི་ཚད་མ་ གཞན་གྱིས་སྲིད་པ་མ་ཡིན་ནོ། །ཇི་ལྟར་གསལ་བ་མེད་ན་སྤྱི་ཡོད་ཐ་སྙད་ཀྱི་ཡུལ་མ་ཡིན་པ་དེ་བཞིན་དུ་གང་ཡང་རུང་བའི་སྤྱི་ཡང་ཡིན་ནོ། །ཚད་མ་འདི་ཉིད་ལས་གྲུབ་པོ་ཞེ་ན། མ་ཡིན་ཏེ། ཕན་ཚུན་རྟེན་པའི་ཉེས་པར་ཐལ་བའི་ཕྱིར་རོ། །རྗེས་སུ་དཔག་པའི་ཚད་མ་ཡོད་ན་སྤྱི་ཡོད་ལ། །སྤྱི་ཡོད་ན་ རྗེས་སུ་དཔག་པ་ཡོད་པའི་ཕྱིར་ཏེ། སྤྱི་ཡོད་མ་གྲུབ་པ་ལ་ནི་རྣམ་པ་ཡོད་པ་མ་ཡིན་ནོ། །དེས་ན་ཇི་ལྟར་གང་ཡང་རུང་བ་ཞེས་བྱ་བ་གཏན་ཚིགས་མ་ཡིན་པ་དེ་བཞིན་དུ་བསྒྲུབ་བྱ་ཡང་མ་ཡིན་ནོ། །འདི་ལྟར་ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བའི་ཕྱིར་ཞེས་བྱ་བ་ལ། ཕྱོགས་ཉིད་ལ་སྒྲ་ཡོད་ཀྱི་ཕྱོགས་ དང་མཐུན་པའི་ཕྱོགས་གཉིས་གང་ཡང་རུང་བ་ནི་མ་ཡིན་ཏེ། སྒྲ་ལ་འགལ་བ་མེད་པ་མ་ཡིན་པའི་ཕྱིར་ཏེ། གང་ཡང་རུང་བའི་སྒྲ་ནི་རྣམ་པར་རྟག་པ་ཡུལ་ཅན་ཡིན་པའི་ཕྱིར་རོ། །ངེས་པའི་ཆོས་སྲིད་ན་ནི་གཞན་འགོད་པ་མ་ཡིན་ནོ། །གཞན་ཉེ་བར་བཀོད་པ་མེད་པར་ནི་གང་ཡང་རུང་བའི་སྒྲ་འཇུག་པ་མི་ སྲིད་དོ། །དེའི་ཕྱིར་འདི་ནི་མི་རུང་སྟེ། གཞན་ཡང་གལ་ཏེ་འདིར་དེ་ལྟ་བུའི་སྐྱེས་བུ་ཉིད་སྒྲུབ་པ་མ་ཡིན་ན་དེའི་ཚེ། སྣམ་བུ་དང་བུམ་པ་གང་ཡང་རུང་བས་གཉིས་པ་ཅན་ཡིན་ནོ་ཞེས་བྱ་བ་ཉིད་རྗོད་པར་འགྱུར་ཏེ། ཅིའི་ཕྱིར་གཉི་གར་བུམ་པ་ཉིད་སྨོས། དེ་ལ་སྒྲུབ་པར་བྱེད་པར་སྨྲ་བའི་བསམ་པས་ནི་འདི་ ཡིན་ཏེ། གལ་ཏེ་སྣམ་བུ་ཆོས་ཅན་དུ་བླངས་ནས་བུམ་པ་གཉིས་པ་དང་བཅས་པ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པར་འགྱུར་རོ། །སྤྱིར་གཉིས་པ་དང་བཅས་པ་ཉིད་ལ་ཡང་ཉེས་པ་འདི་ཉིད་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་མི་འཕེན་ན་སྒྲུབ་པར་བྱེད་པའི་འབྲས་བུ་ཅི་ཡིན་ཏེ། ཡང་ན་ནི་མི་འདོད་པར་འགྱུར་ རོ། །དེའི་ཕྱིར་གཉི་གར་བུམ་པའི་རིགས་བསྟན་པ་ནི་ཤུགས་ཀྱི་སྐྱེས་བུ་ཉིད་ཀྱིས་གཉིས་པ་དང་བཅས་པར་བསྟན་པར་འགྱུར་རོ་ཞེས་བྱ་བའི་དོན་དུ་ཡིན་ནོ། །དེ་ལྟར་ན་ཡང་འདིར་སྐྱེས་བུ་ཉིད་ངེས་པར་བརྗོད་པར་འདོད་པ་ཡིན་པའི་ཕྱིར་གང་ཡང་རུང་བ་སྨོས་པ་ནི་དོན་མེད་དོ། །དེས་ན་འདི་ནི་མ་མོ་ གཤམ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་དུ་རང་གི་ཚིག་དང་འགལ་བ་ཡིན་ནོ། །འདི་ལྟར། ཤུགས་ཀྱིས་ངེས་པར་འཐོབ་འགྱུར་ཞིང་། །གང་རུང་བརྗོད་པས་རྣམ་བརྟག་ཡིན། །ངེས་པ་དང་ནི་རྣམ་པར་བརྟག །གཉི་ག་གཅིག་ལ་འགྱུར་བར་དཀའ། །གཉི་གར་བུམ་པ་ཉེ་བར་བཀོད་ པས་ནི་བུམ་པའི་རིགས་རང་ཉིད་ཀྱིས་གཉིས་པ་དང་བཅས་པར་འགལ་བའི་ཕྱིར། ཤུགས་ཀྱིས་སྐྱེས་བུ་ཉིད་བསྒྲུབ་པར་བྱ་བ་ཡིན་ན། ཅི་ལྟར་དེ་ལས་བཟློག་པ་སྒྲུབ་པར་བྱེད་པ་གང་ཡང་རུང་བ་བརྗོད། མ་ཡིན་ཏེ། གང་ཡང་རུང་བ་བརྗོད་པ་ནི་རྗེས་སུ་འགྲོ་བའི་དོན་དུ་ཡིན་ཏེ། རྩིག་པ་ལས་སྐྱེས་ བུ་རྗེས་སུ་འགྲོ་བ་ནི་མེད་དོ་ཞེ་ན། ཅི་ལྟར་གཞན་རྗེས་སུ་འགྲོ་བས་སྐྱེས་བུ་གཞན་གྲུབ། ཤུགས་ཀྱིས་སོ་ཞེ་ན། ཤུགས་དེ་གང་ཡིན། ཅི་གཏན་ཚིགས་ཀྱི་འམ་དེ་སྟེ་ཚིག་གི་ཡིན། རེ་ཞིག་གཏན་ཚིགས་ཀྱིས་ནི་མ་ཡིན་ཏེ། ཨུཏྤ་ལ་མ་ཡིན་པ་སྐྱེས་བུས་གཉིས་པ་དང་བཅས་པ་ཉིད་དང་འབྲེལ་པ་ མེད་པའི་ཕྱིར་ཏེ་མ་ངེས་པའི་ཕྱིར་རོ། །འདི་ལྟར་བུམ་པ་ནི་འཇིག་རྟེན་ཕ་རོལ་དང་ལྡན་པ་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས་གཉིས་དང་བཅས་པ་ཡིན་ཏེ་ཞེས་ཀྱང་སྒྲུབ་པའི་ཕྱིར་རོ། །བརྗོད་པར་འདོད་པ་གཞན་དུ་གྱུར་ན་གཞན་ཡང་སྒྲུབ་པར་བྱེད་པ་ལ་རག་མོད་ཅེ་ན། མ་ཡིན་ཏེ། བརྗོད་པར་ འདོད་པ་ལ་ལྟོས་པའི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །འོན་ཏེ་ཚིག་གི་ཤུགས་ཀྱིས་ཡིན་ནོ་ཞེ་ན། འདི་ནི་ངོ་ཚ་བའི་ལྟ་བ་ཡིན་ཏེ། ཚིག་གི་ཤུགས་ཀྱིས་ནི་དོན་འགྲུབ་པ་མ་ཡིན་ཏེ། དེར་མ་འབྲེལ་པའི་ཕྱིར་རོ། །འདི་ལྟར། ཚོན་པོ་ཉིན་པར་ མི་ཟ་ཞེས། །དེ་སྐད་བརྗོད་པར་གྱུར་པ་ན། །མཚན་མོ་ཟ་བར་དེར་མིན་ཏེ། །ལོག་པར་བརྗོད་པའང་སྲིད་ཕྱིར་རོ། །གལ་ཏེ་བུམ་པ་གཞན་དུ་དེ་ལྟ་བུའི་སྐྱེས་བུ་ཡོད་པར་ཚད་མས་ཐོབ་པ་ཡིན་ན་ནི་དེའི་ཚེ་ཚད་མའི་རྩ་བ་ཅན་གྱིས་བརྗོད་པར་འདོད་པས་སྦྱར་བའི་ཚིག་གཞན་གྱི་དོན་རྗེས་སུ་དཔག་པར་ འགྱུར་བ་ཡིན་ཏེ། རང་གིས་མཐོང་བ་སྟོན་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་པའི་ཕྱིར་རོ། །ཚད་མ་འདི་ཉིད་ཀྱིས་གྲུབ་པོ་ཞེ་ན་མ་ཡིན་ཏེ། ཕན་ཚུན་རྟེན་པའི་སྐྱོན་དུ་འགྱུར་རོ་ཞེས་བཤད་ཟིན་ཏོ། །ཚད་མ་ཡོད་ན་སྒྲུབ་བྱེད་ཡིན་ན་ཚད་མར་འགྱུར་བའི་ཕྱིར་རོ། །གལ་ཏེ་འཇིག་པ་ བསྒྲུབ་པ་ལ་ཡང་། རིགས་པ་མཚུངས་པ་མ་ཡིན་ནམ། འདི་ལྟར། ཅི་ག་སྒྲའི་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནམ། འོན་ཏེ་བུམ་པའི་ཡིན་གལ་ཏེ་སྒྲའི་ཡིན་ན་ནི་དེ་མཐུན་པའི་ཕྱོགས་ལ་མེད་དོ། །དེ་སྟེ་བུམ་པའི་ཡིན་ན་དེ་སྒྲ་ལ་མེད་པའི་ཕྱིར་འགལ་བ་ཡིན་ནོ། །དེ་བཞིན་དུ་བྱས་པ་ཉིད་ཀྱང་ངོ་། ། འོན་ཏེ་འདི་ནི་རྣམ་པར་རྟོག་པ་དང་མཚུངས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་སྐྱེས་བུ་ལ་ཡང་ཡིན་པས་མཚུངས་སོ་ཞེ་ན། འདི་ལ་ལན། སྒྲ་དང་བུམ་པའི་ཁྱད་པར་གྱི། །རྟོག་ན་འཇིག་པའང་མཚུངས་ཤེ་ན། །མ་ཡིན་འཇིག་པ་གྲུབ་པ་ཡིས། །སྒྲ་ནི་དེ་ལྡན་སྒྲུབ་ཕྱིར་རོ། །དེ་བཞིན་དོན་གཞན་ཡོད་ན་ནི། །བུམ་ པའང་དེ་དང་ལྡན་པར་འགྱུར། །ཅི་ལྟར་ངག་གི་ཤུགས་ཀྱིས་ཐོབ་པའི་སྐྱེས་བུ་མ་གྲུབ་པ་དེ་བཞིན་དུ་མི་རྟག་པ་ཉིད་མ་གྲུབ་པོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་བཞིན་དུ་ཇི་ལྟར་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་ཉིད་དེ་བཞིན་དུ་བྱས་པ་ཡང་ངོ་ཞེས་བྱ་བ་ཡང་ངོ་། །སྔ་ན་མེད་པ་དང་ཞིག་ནས་ མེད་པའི་དབུས་ན་གནས་པའི་ངོ་བོ་མི་རྟག་པ་ཉིད་ནི་བུམ་པ་ལ་གྲུབ་པའི་ཕྱིར་རོ། །གལ་ཏེ་གྲུབ་ཀྱང་དེ་ནི་གཞན་ཉིད་ཡིན་པ་དེས་ན་ཇི་ལྟར་སྒྲ་མི་རྟག་པར་འགྱུར་ཏེ། མི་རྟག་པ་དེ་ཉིད་ནི་སྒྲ་ལ་ཡོད་པ་མ་ཡིན་ནོ། །དེ་དང་འདྲ་བ་ཡིན་པར་འགྱུར་རོ་ཞེ་ན། རྗེས་སུ་འགྲོ་བ་གཞན་ཡིན་ན། །ཇི་ལྟར་འདྲ་བ་ འགྲུབ་པར་འགྱུར། །དེ་ལྟར་ཡིན་ན་སྐྱེས་བུ་ཡང་། །གྲུབ་ལ་བརྟེན་ཕྱིར་ལན་དོན་མེད། །དེ་ནི་མ་ཡིན་ཏེ། གཞན་ཉིད་ཡིན་པས་འདྲ་བ་ཡིན། །དེ་ལྟ་མིན་ན་དེ་ཅི་ལྟར། །གཅིག་ལ་འདྲ་བ་ཡོད་མིན་ཏེ། །ཟླ་བོ་ལ་ནི་ལྟོས་ཕྱིར་རོ། །འདི་ལྟར་སྔ་ན་མེད་པ་དང་ཞིག་ནས་མེད་པའི་མཚན་ཉིད་ཀྱིས་ཉེ་བར་ མཚོན་པའི་མི་རྟག་པ་ཉིད་ནི་ཅི་འདྲ་བ་བུམ་པ་ལ་ཡིན་པ་དེ་འདྲ་བ་ཉིད་སྒྲ་ལ་ཡང་ཡིན་ཏེ། སྔ་ནས་མེད་པ་ལ་སོགས་པ་སྲིད་པའི་ཕྱིར་རོ། །སྒྲ་བརྗོད་མ་ཐག་ཏུ་འཇིག་པ་ཡིན་ནོ་ཞེས་བྱ་བ་ལ་ནི་རྩོད་པ་མེད་དོ། །དེ་བཞིན་དུ་གལ་ཏེ་ཆོས་ཅན་བུམ་པ་ཡང་རྩིག་པ་དང་འདྲ་བས་དེ་དང་ལྡན་པར་འགྱུར་བ་ཡིན་ ན་འདི་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ནོ། །ཆོས་ཅན་བུམ་པ་དང་རྩིག་པ་དག་ནི་སྐྱེས་བུ་གཉིས་པ་དང་བཅས་པ་ཉིད་དུ་འདྲ་བ་མ་ཡིན་ནོ། །གལ་ཏེ་འདིར་ཡང་མི་རྟག་པ་ཉིད་ཀྱི་སྤྱི་ཚིག་ཏུ་སྨོས་ཀྱང་མཐར་གཏུགས་པའི་དོན་ནི་སྒྲ་ལ་གནས་པའི་ཁྱད་པར་ཉིད་ཡིན་ལ། དེས་ཀྱང་རྗེས་སུ་འགྲོ་བ་མ་ཡིན་པའི་ ཕྱིར་ཅི་ལྟར་དེ་འགྲུབ་ཅེ་ན། འདིར་བརྗོད་པ། མི་རྟག་སྒྲ་ཡི་ཁྱད་པར་ཅན། །རྗེས་འགྲོ་མེད་ན་མ་འབྲེལ་པ། །བཟློག་ཕྱིར་མ་ཡིན་མི་ལྡན་དང་། །གཞན་ལྡན་རྣམ་གཅོད་རྣམ་པ་གཉིས། །མི་ལྡན་གཅོད་ཕྱིར་གཞན་དང་ནི། །རྗེས་འགྲོ་མེད་པར་འགྱུར་མ་ཡིན། །གལ་ཏེ་མི་རྟག་པ་ཉིད་ཁྱད་པར་ཅན་ རྗེས་སུ་འགྲོ་བ་མ་ཡིན་པ་དེ་ལྟ་ན་