Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 179

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
ིན། །
ཐམས་ཅད་མྱོང་མེད་ཐལ་བར་འགྱུར། །གལ་ཏེ་ཡུལ་གཞན་ལ་འཕོ་བའི་དུས་ན་རྣམ་པར་ཤེས་པའི་རྒྱུན་གྱི་ཐ་མ། ཡུལ་གཞན་ལ་འཕོ་བའི་དུས་ཀྱི་སྔོན་རོལ་གྱི་ཤེས་པ་དེ་ཉམས་སུ་མྱོང་བར་མ་གྱུར་ན། དེའི་ཚེ་གཞན་གྱིས་མྱོང་བ་མ་ཡིན་པར་འགྱུར་རོ། །ཉམས་སུ་མྱོང་བར་གྱུར་པའི་མྱོང་བ་ཉམས་
སུ་མྱོང་བར་འགྱུར་བ་མེད་པའི་ཕྱིར་གཞན་གྱིས་ཉམས་སུ་མྱོང་བར་གྱུར་པ་བཞིན་ནོ། །དེས་ན་ཐ་མ་ཉམས་སུ་མྱོང་བའི་ཕྱིར་ཇི་སྲིད་དངོས་པོ་མྱོང་བར་གྱུར་པའི་བར་གྱི་དེའི་སྔར་མྱོང་བར་གྱུར་པ་དག་ཀྱང་མ་མྱོང་བར་འགྱུར་རོ། །དཔེར་ན་གཞན་གྱིས་ཉམས་སུ་མྱོང་བ་ཡང་དེ་ཉམས་སུ་མྱོང་བ་མེད་པའི་ཕྱིར།
གཞན་གྱིས་མྱོང་བ་དེ་བཞིན་དུ་རང་གིས་ཉམས་སུ་མྱོང་བར་གྱུར་པ་ཡང་འགྱུར་རོ། །དོན་གྱི་རང་བཞིན་དེ་ནི་གཞན་ལ་ལྟོས་ནས་ཀྱང་དེ་ལྟ་བུ་ཉིད་ཡིན་པའི་ཕྱིར་ཇི་ལྟར་མྱོང་བ་ཡིན། གལ་ཏེ་ཇི་ལྟར་གཞན་ཉམས་སུ་མྱོང་བ་ན་རང་ཉིད་ཉམས་སུ་མྱོང་བ་མེད་པའི་ཕྱིར་གཞན་གྱི་མྱོང་བ་ཡིན་པར་རྣམ་པར་གཞག་

པ་དེ་བཞིན་དུ་གཞན་གྱིས་ཉམས་སུ་མྱོང་བ་མ་ཡིན་པས་རང་གིས་མྱོང་བ་ཡིན་ནོ་ཞེས་རྣམ་པར་གཞག་གོ་ཞེ་ན། ད་ནི་མི་རུང་སྟེ། གལ་ཏེ་ཚད་མ་ཡོད་ན་རྣམ་པར་ཞོག་ཤིག །ཇི་ལྟར་གཞན་གྱིས་མྱོང་བར་བྱས་པ་བདག་གི་མངོན་སུམ་མ་ཡིན་ལ། གཞན་གྱིས་ཡིན་ནོ་ཞེས་ཀྱང་རྣམ་པར་གཞག་པར་
ནུས་པ་མ་ཡིན་པ་དེ་བཞིན་དུ། བདག་གི་མངོན་སུམ་དུ་འདོད་པ་ཡང་དག་གམ་གཞན་གྱིས་ཞེས་རྣམ་པར་གཞག་པར་འོས་པ་མ་ཡིན་ནོ། །གང་དེ་དོན་རང་གི་ངོ་བོས་སྣང་བ་མ་ཡིན་ནམ། དེ་ཇི་ལྟར་མངོན་སུམ་ཉིད་མ་ཡིན། །གཞན་མ་རྟོགས་པས་གཞན་མ་རྟོགས་པར་འགྱུར་རོ་ཞེས་བྱ་
བ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་རང་ཉིད་རྟོགས་པ་ཡིན་ཏེ། དེས་ན་རང་རིག་པ་ཉིད་དོ། །འོན་ཏེ་བདག་ནི་བྱེད་པ་པོ་ཉིད་དུ་རྟོགས་སོ་ཞེ་ན། མ་ཡིན་ཏེ། ལུས་ལས་མ་གཏོགས་པ་ནི་བདག་མེད་པ་ཉེ་བའི་ཕྱིར་རོ། །ལུས་ཉིད་བྱེད་པ་པོ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ལུས་ཀྱང་ལས་ཡིན་པའི་ཕྱིར་
རོ། །གང་གི་ཕྱིར་ལུས་ལ་སོགས་པ་ནི་རང་རིག་པ་མེད་པ་ཡིན་ནོ། །རང་རིག་པ་ཉིད་ཡིན་ན་ཡང་རྩོད་པ་མེད་དོ། །བློ་མྱོང་བ་མེད་པ་ཡིན་ནོ་ཞེ་ན། བདག་རང་རིག་པ་ཡིན་པ་དེས་དོན་མྱོང་ན་དེ་ཙམ་གྱིས་མ་ཆོག་པ་མེད་པའི་ཕྱིར་བློ་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར་བཤད་པ། གལ་ཏེ་བདག་
མྱོང་མངོན་སུམ་ཡིན། །གཞན་གྱིས་མྱོང་འགྱུར་མ་ཡིན་ན། །གང་གིས་དེ་སྐད་བརྗོད་འགྱུར་བ། །བདག་གི་མྱོང་དེ་ག་ལས་གྲུབ། །བདག་གིས་མྱོང་བར་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་ག་ལས། གཞན་གྱིས་མྱོང་བར་གྱུར་པ་ཡིན་ན་འདི་གཞན་གྱི་བདག་མ་ཡིན་ཞེས་བྱ་བ་ཡང་ག་ལས་ཡིན། རང་
རིག་པས་མྱོང་བ་ཡིན་ན་ནི་རང་རིག་པ་གྲུབ་པ་ཡིན་པ་ཉིད་ཡིན་པའི་ཕྱིར་རྩོད་པ་མེད་པ་ཁོ་ནའོ། །དེའི་ཕྱིར་རང་རིག་པ་མ་ཡིན་ན་ཐམས་ཅད་ཉམས་སུ་མྱོང་བར་གྱུར་པ་མ་ཡིན་པར་ཐལ་བ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་མྱོང་བ་མེད་ཀྱང་མིག་ལ་སོགས་པ་མེད་པར་གྱུར་ཏོ་ཞེས་བྱ་བའི་ཐ་
སྙད་དུ་འགྱུར་བ་དེ་བཞིན་དུ། བདག་ཉིད་རིག་པ་ཉམས་སུ་མྱོང་བ་ཅི་སྟེ་མི་འདོད་ཅེ་ན། འདི་ལ་བཤད་པ། གསལ་རྒྱུ་མ་གྲུབ་པར་འགྱུར་གྱི། །གསལ་བར་འདོད་པའི་གསལ་བ་མིན། །གལ་ཏེ་གསལ་བ་མ་གྲུབ་ཀྱང་། །གསལ་ན་འགྲོ་འདི་གསལ་བར་འགྱུར། །གསལ་བའི་རྒྱུ་མིག་ལ་

སོགས་པའི་རང་བཞིན་མ་གྲུབ་ཀྱང་། དོན་གསལ་བར་འགྱུར་ཏེ། གསལ་བ་གསལ་བའི་ཕྱིར་རོ། །ངའི་མིག་གིས་གསལ་བ་ཞེས་བྱ་བ་ཇི་ལྟར་ཞེ་ན། ངའི་རང་རིག་པ་སྐྱེད་པར་བྱེད་པའི་ཕྱིར་ངའི་མིག་གི་གསལ་བ་ཞེས་བརྗོད་པ་ཡིན་ནོ། །རིག་པ་ཡང་རིག་པ་ཉིད་
ལས་ངའི་ཡིན་ནོ། །རིག་པ་དེ་ཡང་རང་རིག་པ་མ་ཡིན་ན་ནི། འགའ་ཡང་བདག་དང་འབྲེལ་པར་རྟོགས་པར་མི་འགྱུར་བས་ན། རང་གི་ངོ་བོ་ཙམ་གྱིས་གསལ་བར་འགྲོ་བ་མཐའ་དག་གསལ་བའི་ཕྱིར། ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་གང་ལས་གསལ་བ་བསྐྱེད་པ་དེ་གསལ་བ་ཡིན་པའི་ཕྱིར་
ཇི་ལྟར། ཧ་ཅང་ཐལ་བར་འགྱུར་ཞེ་ན། །གལ་ཏེ་གསལ་བ་སྐྱེས་ཙམ་གྱིས། །གསལ་ན་དེ་ཚེ་མཐའ་དག་འགྱུར། །གང་གིས་གསལ་བ་ཞེས་བྱ་བ། །འདི་ནི་འབྲེལ་པ་མེད་པ་མིན། །དེ་ལ་རང་གི་ངོ་བོ་ཉིད། །ཙམ་གྱིས་ཐམས་ཅད་གསལ་བར་འགྱུར། །ཅི་སྟོ་དོན་དེའི་རང་བཞིན་ཉིད། །ཡིན་ན་
རང་ཉིད་རིག་པར་བརྗོད། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ།། །།རང་གི་དོན་གྱི་རྗེས་སུ་དཔག་པའི་དེ་མ་ཐག་ཏུ་གཞན་གྱི་དོན་རྗེས་སུ་དཔག་པ་བརྗོད་དེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་
པའི་ཕྱིར་རོ། །དེ་ལ། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །རང་གིས་མཐོང་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་རང་གིས་མཐོང་བ་སྟེ། བསྟན་པར་བྱ་བ་དང་སྟོན་པར་བྱེད་པ་དག་རང་གིས་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཉན་པར་བྱེད་པ་ཡོད་ན་ནི་དེ་
དག་རྣམས་ཀྱང་ཡིན་ཏེ་དེ་དག་ཀྱང་དབང་དུ་བྱ་བ་ཡིན་པའི་ཕྱིར་རོ། །ལོག་པར་རྟོགས་པ་གསལ་བ་ནི་ཤུགས་ཉིད་ལས་འགྲུབ་ཅིང་། རང་གིས་རྟོགས་པའི་དོན་འདིས་གཞན་ལ་གསལ་བར་བྱེད་པ་ཡིན་ལ། དེ་ཡང་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཡིན་ནོ། །དེ་ལ་རང་གིས་མཐོང་བའི་
དོན་ནི་ཚུལ་གསུམ་པའི་རྟགས་སོ། །གལ་ཏེ་རང་གིས་མཐོང་བ་སྨོས་པ་ནི་རང་གིས་མཐོང་བའི་དོན་ཙམ་སྟོན་པ་ཡིན་པའི་ཕྱིར། ཚུལ་གསུམ་པའི་རྟགས་ཞེས་བྱ་བ་གང་ལས་ཡིན། དེས་ན་ལྐོག་ཏུ་གྱུར་པའི་རང་བཞིན་རྗེས་སུ་དཔག་པར་བྱ་བ་མཐའ་དག་གི་གཞན་ལ་གསལ་བར་བྱེད་པ་གཞན་གྱི་དོན་

རྗེས་སུ་དཔག་པར་བྱ་བར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ། ཚུལ་གསུམ་རྟགས་ལས་མ་གཏོགས་པ། །གསལ་བྱེད་གཞན་ནི་ཡོད་མ་ཡིན། །དེ་ནི་གཞན་གྱིས་རྟོགས་བྱ་བར། །མི་ནུས་ཕྱིར་ན་གསལ་མ་ཡིན། གང་ལ་གཞན་ཡིད་ཆེས་པ་དེ་ནི་གསལ་བར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་
དུ་འཕགས་པའི་བརྗོད་པ་རབ་ཀྱི་ཚིག་སྨོས་སོ། །གཞན་ཡིད་ཆེས་པ་ཡང་ཚད་མས་རྟོགས་པ་མ་ཡིན་ཏེ། གལ་ཏེ་རྗེས་སུ་དཔག་པར་བྱ་བ་ཡང་ཚད་མས་རྟོགས་ན་ནི་དེའི་ཚེ་རྩོད་པ་མེད་པ་ཉིད་དོ། །ཚུལ་གསུམ་པའི་རྟགས་གསལ་བར་བྱེད་པའི་སྒོ་ནས་ཡིན་ན་ནི། རྩོད་པའི་གཞིར་གྱུར་
པའི་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་ཕྱིར་ཚིག་དོན་མེད་པ་མ་ཡིན་ནོ། །དེ་ལས་རྗེས་སུ་དཔག་པ་སྐྱེ་བའི་ཕྱིར་དེ་ཡང་ཉེ་བར་བརྟགས་ནས་རྗེས་སུ་དཔག་པ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་སྐྱེད་པར་བྱེད་པའི་ཕྱིར་ཚིག་རྗེས་སུ་དཔག་པ་ཡིན་ན། མངོན་སུམ་སྐྱེད་པའི་ཕྱིར་གཞན་གྱི་དོན་
གྱི་མངོན་དུ་ཡང་འགྱུར་རོ་ཞེ་ན། དེ་ནི་ལེགས་པ་མ་ཡིན་ཏེ། ཇི་ལྟར་ཚིག་ལས་མཐོང་བ་ཡི། །འབྲེལ་པ་དྲན་པར་གྱུར་པ་ན། །རྗེས་དཔག་སྐྱེ་བ་དེ་བཞིན་དུ། །འགར་ཡང་མངོན་སུམ་སྐྱེ་མ་ཡིན། །ཚུལ་གསུམ་རྟགས་ནི་དྲན་པ་ན། །ངེས་པར་རྗེས་དཔག་སྐྱེ་བར་འགྱུར། །རང་རིག་རྟོགས་
པའི་དོན་ཙམ་ནི། །བརྗོད་པས་མངོན་སུམ་རིག་མ་ཡིན། །ཚིག་ཙམ་ལས་ནི་གཞན་ལ་མངོན་སུམ་སྐྱེ་བ་མེད་དོ། །གལ་ཏེ་རི་དགས་རྒྱུག་པ་ལ་ལྟོས་ཞེས་བྱ་བ་ལས་མཐོང་བ་སྐྱེ་བར་མཐོང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་ཡང་རྗེས་སུ་དཔག་པ་དེ་མ་ཐག་པ་ཡིན་པའི་ཕྱིར་རོ། །འདི་ལྟར།
དེ་ལྟར་ལྟོས་ཞེས་བྱ་བས་དེ། །དོན་དེ་མངོན་ཕྱོགས་ལ་སྦྱོར་ཞིང་། །ང་ཡི་དེ་ལྟར་རྟོགས་པ་ཡང་། །དོན་གྱིས་བསྟན་པར་འགྱུར་བ་ཡིན། །འདི་ནི་རི་དགས་ལྟ་བ་ལ་མངོན་དུ་ཕྱོགས་པར་གྱིས་ཤིག་ཅེས་ངེས་པར་སྦྱོར་བ་ཡིན་ཏེ། མངོན་དུ་ཕྱོགས་པ་ནི་ང་ཇི་ལྟ་བར་ཁྱོད་ཀྱང་དེ་བཞིན་ནོ་ཞེས་སོ། །དེས་
ན་དེ་ལྟར་མངོན་དུ་ཕྱོགས་པར་འགྱུར་ན། དབང་པོ་རྣམས་ཀྱི་བྱེད་པ་འཇུག་གོ་ཞེས་དྲན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་དོ། །དེས་ན་རྗེས་སུ་དཔག་པས་མངོན་སུམ་སྲིད་པར་བལྟས་ཏེ། འཇུག་པ་ཡིན་ནོ། །དེ་ལྟ་ན་འོ་ན་མངོན་སུམ་མ་ཡིན་པའི་ཡུལ་ལ་སྲིད་པའི་རྗེས་སུ་དཔག་པ་འཇུག་ན་རང་བཞིན་གྱི་

གཏན་ཚིགས་ཡིན་ཏེ། ཚིག་གི་འབྲས་བུའི་གཏན་ཚིགས་གསལ་བ་ནི་མ་ཡིན་ནོ། །འདི་ལྟར། དུ་བ་ལ་འདིར་མེ་ཡོད་ཅེས། །ཚིག་གིས་འབྲེལ་པ་ཙམ་ཞིག་ནི། །བསྟན་པར་འགྱུར་གྱི་དུ་བ་ནི། །མངོན་སུམ་ཉིད་ཀྱིས་བསྟན་པ་ཡིན། །དེས་ན་གཞན་གྱི་དོན་གྱི་རྗེས་
སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་སྟོན་པའོ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་དང་འགལ་ལོ་ཞེ་ན་དེ་ནི་མི་འཐད་དེ། གང་གི་ཕྱིར། ཚིག་ཀུན་དྲན་པའི་དོན་ཡིན་ཏེ། །དེས་ན་དེ་ལ་ཚད་བརྗོད་ཀྱི། །མངོན་སུམ་གྱི་ནི་རྟོགས་པ་ལ། །རྟག་ཏུ་ཚིག་ནི་དོན་མེད་དོ། །མཁས་པ་
རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་འདི་ནི་བཤད་པ་ཉིད་དོ། །དེ་བཞིན་དུ་འབྲེལ་པ་འབའ་ཞིག་ཀྱང་ངོ་ཞེས་བལྟ་བར་བྱའོ། །ཡང་ན་དེར་ཡང་འཁྲུལ་པ་བསལ་བའི་ཕྱིར་འདི་ནི་དུ་བའོ་ཞེས་བྱ་བའི་ཚིག་ལ་ལྟོས་པར་བྱ་བ་ཉིད་དོ། །འདི་ལྟར། འདི་དེས་ཕྱིར་ན་དེ་ལ་ནི། །
འདི་ལ་དུ་བར་རྟོགས་པ་བྱུང་། །འདིར་ཡང་ཅིའི་ཕྱིར་ཁྱོད་འཁྲུལ་ཅེས། །དེ་ལྟར་གཞན་གྱིས་རྟོགས་པར་བྱེད། །ཚིག་གི་དོན་ནི་འདི་ཡིན་ཏེ། །དེ་ལ་མངོན་སུམ་གྱིས་མཐོང་བའི་དོན་ནི་གཞན་ལ་ཚིག་གིས་སྟོན་པ་མ་ཡིན་ཏེ། འོན་ཀྱང་དེའི་རྒྱུ་ཡིན་པའི་ཕྱིར་དེ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་
པ་ཉིད་དོ། །འདི་ནི་དུ་བ་ཉིད་དེ་གཞན་དུ་ནི་བལྟ་བར་མི་བྱའོ། །འདི་ནི་སྔར་དམིགས་པ་གང་ཡིན་དེ་ལས་རྣམ་པ་གཞན་དུ་གྱུར་པ་མ་ཡིན་ཏེ། དེ་ནི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་དོན་གྱིས་བརྗོད་པར་འགྱུར་བ་ཡིན་ནོ། །དེས་ན་རྗེས་སུ་དཔག་པའི་ཚུལ་ཉིད་སྒྲས་སྟོན་པར་
བྱེད་ཀྱི། མངོན་སུམ་ལ་ནི་ནམ་ཡང་སྒྲས་བྱེད་པ་མ་ཡིན་ནོ། །ཤིན་ཏུ་གོམས་པ་ལས་ནི་རྗེས་སུ་དཔག་པ་སྤྲོས་པ་མ་ཡིན་པའི་ཕྱིར་འཇིག་རྟེན་ལས་གཞན་དུ་མངོན་ནོ། །དེའི་ཕྱིར་ཚིག་ནི་རྗེས་སུ་དཔག་པའི་རྒྱུ་ཉིད་བདག་གིར་བྱེད་པས་འཇོག་པ་ཡིན་ནོ། །ཚིག་ནི་དེའི་རྒྱུ་ཡིན་པའི་ཕྱིར་རང་
བཞིན་རྗེས་སུ་དཔོག་པ་ཉིད་ཡིན་གྱི་འདི་ན་དུ་བ་ཡོད་དོ་ཞེས་བྱ་བ་རྒྱུ་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། ཚིག་གི་རང་བཞིན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། རང་དོན་རྗེས་དཔག་དུ་བ་ལའང་། །བར་དུ་རང་བཞིན་གཏན་ཚིགས་འཇུག །དེར་ཡང་དཔྱོད་པོ་རང་བཞིན་

རྟགས། །མེད་པར་འཁྲུལ་པ་དང་མི་འབྲལ། །འདིར་སྨྲས་པ། འདི་ལ་འབྲས་བུའི་གཏན་ཚིགས་ནི། །མི་ཉམས་འགལ་བ་ཅི་ཞིག་ཡོད། །དེ་ནི་བར་དུ་ཆོད་ན་ཡང་། །འབྲས་བུའི་གཏན་ཚིགས་སྤོང་མ་ཡིན། །རང་གི་དོན་གྱི་རྗེས་སུ་དཔག་པར་ནི། །འབྲས་བུའི་གཏན་ཚིགས་ཡོད་པ་ཉིད་དོ་ཞེས་
དེ་ཙམ་ཞིག་བརྗོད་པར་འདོད་པ་ལ་བར་ཆོད་བསྟན་པ་གང་དུ་ཉེ་བར་མཁོ། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་འབྲས་བུའི་གཏན་ཚིགས་མི་སྲིད་པ་ཉིད་དོ། །དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་ནི་རང་བཞིན་གྱི་གཏན་ཚིགས་ལ་དངོས་སུ་ཡོད་པ་ཡིན་པའི་ཕྱིར་རོ། །དེས་ན་མེ་རྗེས་སུ་
དཔག་པ་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་སྲིད་པ་ལ་བརྟེན་ནས། །བསྟན་བཅོས་མཛད་པས་གཞན་དོན་གྱི། །རྗེས་སུ་དཔག་ཉིད་བཤད་ལ་དེ། །མེད་མོད་ཆད་པ་ཅི་ཞིག་ཡོད། །ཡང་ན་གང་དུ་འཁྲུལ་པ་མེད་པའི་རང་གི་དོན་གྱི་རྗེས་སུ་དཔག་པ་
དེར་འབྲས་བུའི་གཏན་ཚིགས་ཆོད་པ་མེད་པ་ཉིད་དོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཡང་ཚུལ་དེ་ཉིད་ཡིན་པས་སྒྲ་ལས་དངོས་ཁོ་ནར་རྗེས་སུ་དཔག་པ་སྐྱེས་པ་ཡིན་ནོ། །འཁྲུལ་པ་མེད་ན་བརྗོད་པས་ཅི་ཞིག་བྱ་ཞེ་ན། འབྲེལ་པ་བསྟན་པའི་ཕྱིར་ཡིན་པས་སྐྱོན་མེད་དོ། །ཚུལ་གསུམ་པའི་
རྟགས་ཡོད་པ་སྟོན་པ་ནི་ཅི་ལྟར་སྲིད་པ་བཞིན་ནོ་ཞེས་ད་ལྟར་ཁོ་ན་བརྗོད་པ་ཡིན་ནོ། །གཞན་ཡང་། རྗེས་སུ་དཔག་པ་མེད་པར་ནི། །ཚིག་ལ་ཚད་མ་ཉིད་མེད་པ། །དེ་ཙམ་ཉིད་གཅིག་མངོན་འདོད་ཀྱི། །ཚིག་རྣམས་ཐམས་ཅད་དེ་ལྟ་མིན། །ཇི་སྐད་དུ་ཇི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་
ཚད་མ་ཡིན་ཏེ། ཚིག་ཀྱང་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཚིག་མེད་པར་འཇིག་རྟེན་གྱི་ཐ་སྙད་ཡོངས་སུ་རྫོགས་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་ལ་བཤད་པ། མངོན་སུམ་དང་ནི་རྗེས་དཔག་དང་། །ཚིག་མེད་པར་ནི་འཇིག་རྟེན་གྱི། །ཐ་སྙད་མེད་པར་འགྱུར་རམ་ཅི། །ཅི་ག་དེ་ཡང་ཚད་ཉིད་དམ། །
མངོན་སུམ་ལ་སོགས་པ་མེད་པ་སྔོན་མཐོང་བའི་དོན་དྲན་ནས་ཀྱང་འཇུག་པ་མེད་དམ་ཅི། ཅི་ག་ད་ནི་དྲན་པ་ཡང་ཚད་མ་ཡིན་ནམ། འོན་ཏེ་ཚད་མ་མ་ཡིན་པ་ཉིད་ན། དེ་ལྟ་བུའི་དོན་ཅན་གྱི་ཚིག་ཀྱང་ཚད་མ་མ་ཡིན་པར་མཚུངས་སོ། །གང་དུ་ཚད་མ་ཡིན་པ་དེར་ནི་རྗེས་སུ་དཔག་པའི་རྒྱུ་ཉིད་ཀྱིས་ཡིན་གྱི་

གཞན་དུ་ནི་མ་ཡིན་ནོ། །འདིར་ནི་འདི་ཙམ་ཞིག་བརྗོད་པར་འདོད་པ་ཡིན་གྱི། ཚིག་ཐམས་ཅད་རྗེས་སུ་དཔག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་ནི་མ་ཡིན་ནོ། །ཚིག་ནི་རྗེས་སུ་དཔག་པ་ཉིད་དེ་རང་རྒྱུད་ཉིད་ནི་ཚད་མ་ཉིད་མ་ཡིན་ནོ། །ཐམས་ཅད་རྗེས་སུ་དཔག་པར་བསྟན་པ་ནི་ཉེ་
བར་མཁོ་བ་མེད་དོ། །དེའི་ཕྱིར་ཚུལ་གསུམ་པ་སྟོན་པའི་ཚིག་ཉིད་དོ། །འོ་ན་ནི་རིག་བྱེད་ཀྱི་ཚིག་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། དེར་ཡང་ཟླ་བ་བཅུ་གཉིས་ནི་ལོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་དང་རྗེས་སུ་དཔག་པའི་དོན་སྟོན་པ་ཉིད་ཀྱིས་ཚད་མ་ཡིན་ཏེ། གཞན་དུ་ནི་ཚད་མ་མ་ཡིན་
པ་སྟེ། དཔེར་ན་སྐྱེས་བུའི་ཚིག་བཞིན་ནོ། །སྐྱེས་བུས་མ་བྱས་པ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཡིད་ཆེས་པ་མེད་པའི་ཕྱིར་རོ། །ཚིག་ཙམ་གྱིས་ནི་སུ་ཡང་ཡིད་མི་ཆེས་སོ། །གལ་ཏེ་མངོན་སུམ་ལྟར་རིག་བྱེད་ཡིན་ན། ཅི་སྟེ་ཐམས་ཅད་ཀྱིས་མི་རྟོགས་ལ། སྐད་ཅིག་མ་ཉིད་ལ་
སོགས་པའི་བཞིན་དུ། རྗེས་སུ་དཔག་པ་ལས་ཀྱང་ཐམས་ཅད་རྟོགས་པ་མ་ཡིན་ནོ། །འཁྲུལ་པ་ཡིན་ན་འདིར་ཡང་འཁྲུལ་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་ལ་ཡིད་ཆེས་པའི་གནས་དེའི་རིགས་ཅན་གྱི་རྗེས་སུ་དཔག་པས་བཟློག་ལ། རིག་བྱེད་ལ་ནི་དེའི་རིགས་ཅན་གྱི་ཚིག་གིས་མ་ཡིན་པས་
འདི་ནི་མི་མཚུངས་སོ། །རྗེས་འགྲོ་དང་ནི་འབྲེལ་པས་ན། །རྗེས་སུ་དཔག་པ་ཚད་མ་ཡིན། །རིག་བྱེད་ལ་ནི་རྗེས་འགྲོ་དག །མཐོང་བས་མེད་ཅེས་སྔར་དཔྱད་དོ། །ཡང་ན་དོན་འདི་ཡིན་ཏེ་ཚུལ་གསུམ་པ་སྟོན་པའི་ཚིག་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་གྱི་རིག་བྱེད་ཀྱི་ཚིག་ནི་མ་ཡིན་ཏེ།
དེ་ལ་ཚུལ་གསུམ་པ་མེད་པའི་ཕྱིར་རོ། །དེ་ལ་ནི་བདེན་པ་ཉིད་རྗེས་སུ་འགྲོ་བ་མཐོང་བ་མེད་པ་དང་ཕྱོགས་ཀྱི་ཆོས་ཀྱང་མཐོང་བ་མེད་པ་ཉིད་དོ། །འདི་ལྟར་སྐྱེས་བུས་མ་བྱས་པ་ཉིད་ཀྱང་མི་བདེན་པ་ཉིད་ཀྱིས་ལྡོག་པ་ཡིན་གྱི། བདེན་པ་ཉིད་དང་ནི་རྗེས་སུ་འགྲོ་བ་མེད་དོ། །ཅི་སྟེ་ཟླ་བ་བཅུ་གཉིས་ལོ་ཡིན་
ནོ་ཞེས་བྱ་བས་རྗེས་སུ་འགྲོ་བ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། མེ་ལ་སྦྱིན་སྲེག་ལ་སོགས་དག །རིག་བྱེད་ཉིད་དུ་ངེས་པ་མེད། །འགའ་ཞིག་གིས་ནི་བྱས་པས་འདི། །སྐྱེས་བུས་བྱས་པ་ཉིད་དུ་རྟོགས། །འདི་ནི་བརྒྱ་ལ་སྐྱེས་བུས་མ་བྱས་པའི་ནང་དུ་འགའ་ཞིག་གིས་བཅུག་པ་ཡིན་ཏེ། འགའ་

ཞིག་ཏུ་ཡན་ལག་གཞན་བྱས་པར་ཐོས་པ་ཡིན་ནོ། །དེ་ལྟ་བུའི་ཐ་སྙད་དེ་ནི་དྲན་ན་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡིད་ཆེས་པ་མེད་པའི་ཕྱིར་རོ། །གཞན་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཐམས་ཅད་ནི་སྔར་བསྟན་ཟིན་པས་འདིར་མི་སྤྲོ་སྟེ། གཞག་གོ། །གལ་ཏེ་ཚུལ་གསུམ་
པའི་རྟགས་ཉིད་རང་གིས་མཐོང་བའི་སྒྲས་བརྗོད་ན། ཚུལ་གསུམ་པའི་རྟགས་སྟོན་པ་གཞན་གྱི་དོན་རྗེས་སུ་དཔག་པར་བྱའོ་ཞེས་བརྗོད་པར་བྱའི། རང་གིས་མཐོང་བ་སྨོས་པས་ཅི་བྱ་ཞེ་ན། མ་ཡིན་ཏེ། དོན་གཞན་ཡོད་པའི་ཕྱིར་རོ། །འདི་ལྟར། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་
མཐོང་མིན་ཡང་གཞན་དག་གི། །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག །དེ་སྤོངས་ཕྱིར་བདག་མཐོང་བའི་ཚིག །གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་རང་གིས་རྟོགས་པའི་དབང་དུ་བྱ་བ་མ་ཡིན་ཏེ། གཞན་ཉིད་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟགས་ཏེ་གཞན་གྱིས་རྟོགས་ན་
གཞན་གྱིས་རྟོགས་པར་འགྱུར་བ་ཉིད་དོ། །རྒོལ་བས་མ་རྟོགས་པ་ཇི་ལྟར་གཞན་རྟོགས་ཞེས་ནི་བརྗོད་པར་མི་བྱ་སྟེ། རྒོལ་བས་རྟོགས་ཀྱང་གཞན་དག་ནི། །རང་རྟོགས་མེད་པར་རྟོགས་མ་ཡིན། །གལ་ཏེ་དེ་ཡོད་དེ་ཉིད་འདིར། །འགྱུར་བྱེད་གཞན་གྱིས་ཅི་ཞིག་བྱ། །དེ་ཙམ་གྱིས་ནི་འདི་རྒོལ་
བས་རྟོགས་སོ་ཞེས་ཡིད་ཆེས་པ་མ་ཡིན་གྱི། འོན་ཀྱང་འདིས་ཤེས་ནས་བསྟན་ནམ། དེ་ལྟ་མ་ཡིན་ཡང་བླ་སྟེ། ངས་ནི་ཇི་ལྟར་རྟོགས་སོ་ཞེས་རང་ཉིད་རྟོགས་པའི་ཕྱིར། སྤྲོས་པ་བླ་ལྷག་གི་རྣམ་པར་དཔྱད་པ་འདིར་ཅི་ཞིག་བྱ་ཞེས། བསམ་པ་འདིས་རང་གིས་མ་རྟོགས་ཀྱང་གཞན་གྱིས་རྟོགས་པ་
རྟགས་སུ་འདོད་པས། བསམ་པ་དེ་དགག་པའི་ཕྱིར་རང་གིས་མཐོང་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་རང་ཁོ་ནས་མཐོང་བ་ཡིན་པར་འགྱུར་བས་གཞན་གྱིས་མཐོང་བ་རྣམ་པར་དཔྱད་པའི་ཕྱིར། དོན་མེད་པ་གཞན་ཐོག་ཏུ་བབ་པོ་ཞེ་ན། མ་ཡིན་ཏེ་གཉི་གས་མཐོང་བ་བསྟན་པའི་དོན་དུ་ཡིན་པའི་ཕྱིར་
འདི་ནི་མཚན་ཉིད་ཇི་ལྟར་གནས་པ་ཉིད་དོ། །དེས་ནི་ལོག་པར་རྟོགས་པ་ཡང་བསལ་བ་ཡིན་ནོ། །ཅི་སྟེ་དེའི་དོན་ཉིད་དོ་ཞེས་བྱ་བར་འགྱུར་བ་ན། མ་ཡིན་ཏེ། གང་གི་དོན་དུ་འདི་ཙམ་པ་དེ་ནི་ཡང་གི་སྒྲས་བསྡུ་བ་ཡིན་ནོ་ཞེས་མི་རིགས་སོ། །རང་གིས་མ་རྟོགས་པར་ནི་གཞན་གྱིས་རྟོགས་སོ་ཞེས་བརྗོད་

པར་མི་ནུས་སོ། །གལ་ཏེ་དེ་གཞན་གྱིས་རྟོགས་པར་འགྱུར་མོད། གཞན་གྱིས་རྟོགས་སོ་ཞེས་ཡོངས་སུ་ཤེས་པ་ནི་མཁོ་བ་མེད་དེ། རང་རྟོགས་པ་ཙམ་གྱིས་གཞན་ལ་ཆོག་པའི་ཕྱིར་རོ་ཞེ་ན། འོ་ན་ཇི་ལྟར་རང་གིས་མ་ཤེས་པ་གཞན་ལ་ཉེ་བར་འགོད། གཞན་ལ་གྲུབ་
པས་སོ་ཞེ་ན། འོ་ན་གཞན་ལ་གྲུབ་པོ་ཞེས་བྱ་བ་དེ་ཉིད་དུ་འགྱུར་རོ། །དེས་ན་རང་ཉིད་མ་རྟོགས་པར་དེར་ཇི་ལྟར་འགྱུར། ཚུ་རོལ་མཐོང་བས་གཞན་གྱིས་རྟོགས་པས་མངོན་སུམ་དུ་ནི་མི་བྱེད་དོ། །རྗེས་སུ་དཔག་པ་ཡང་རང་གིས་རྟོགས་པ་ལ་ལྟོས་པ་ཡིན་ནོ། །དེས་ན་གཞན་གྱིས་རྟོགས་སོ་
ཞེས་ངེས་པ་ནི་རང་གིས་ཀྱང་རྟོགས་པ་ཡིན་ནོ། །འོན་ཏེ་གཞན་གྱི་ལུང་ལས་རྟོགས་ལ་རང་གིས་ཀྱང་དེ་རྟོགས་པ་ཡིན་མོད་ཀྱི་འོན་ཀྱང་། རྒོལ་བས་ལུང་དེ་ཁས་མ་བླངས་པས་མ་རྟོགས་སོ་ཞེས་ཐ་སྙད་བྱེད་དོ། །དེས་ན་ལུང་ལས་གཞན་གྱིས་རྟོགས་ཀྱི་རང་ཉིད་ཀྱིས་མ་ཡིན་པ་གང་ཡིན་པ་དེ་
ཡང་། སྒྲུབ་པར་བྱེད་པ་ཉིད་དོ་ཞེ་ན་འདིར་བརྗོད་པ། ཡོངས་རྟགས་ཡོངས་སུ་ལེན་པའི་ཕྱིར། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་འདོད་མ་ཡིན། །དེར་ནི་རྗེས་དཔག་འཇུག་མི་འགྱུར། །ལུང་ཚད་མའང་ཚད་མ་མ་ཡིན། །གལ་ཏེ་ཚད་མ་ཡིན་ན་ནི་གཉི་ག་ལ་གྲུབ་པ་ཉིད་དེ་ཚད་
མས་མཐོང་བ་གཞན་བཞིན་ནོ། །ཚད་མ་མ་ཡིན་པ་ཉིད་ན་འགའ་ལ་ཡང་མ་ཡིན་ནོ། །ཁས་བླངས་པའི་ཕྱིར་ཕ་རོལ་པོ་ཉིད་ལ་གྲུབ་པོ་ཞེ་ན། རྗེས་སུ་དཔག་པའི་ཡུལ་ལ་ཁས་བླངས་པས་ལུང་ཚད་མ་ཉིད་མ་ཡིན་ཏེ། ཡོངས་སུ་བརྟགས་པ་ཁས་ལེན་པའི་ཕྱིར་རོ། །དེ་ནི་མངོན་སུམ་དང་། རྗེས་
སུ་དཔག་པའི་ཡུལ་མ་ཡིན་པ་ལ་ཚད་མ་ཡིན་གྱི་དེའི་ཡུལ་ནི་མ་ཡིན་ནོ། །ཐམས་ཅད་དུ་ཡང་མ་ཡིན་ན་རྗེས་སུ་དཔག་པས་ཅི་བྱ་སྟེ། ཚིག་ཙམ་གྱིས་དོན་གྲུབ་པའི་ཕྱིར་རོ། །འདི་ལྟར་གྲངས་ཅན་གྱིས། བདེ་བ་ལ་སོགས་པ་སེམས་མེད་པ་ཡིན་ཏེ། སྐྱེ་བ་ཅན་ནམ་མི་རྟག་པའི་ཕྱིར། གཟུགས་ལ་
སོགས་པ་བཞིན་ནོ་ཞེས་བྱ་བ་ནི། གཞན་ལ་རབ་ཏུ་གྲུབ་པར་འདོད་པ་ཡིན་གྱི། གྲངས་ཅན་རང་ཉིད་ལ་ནི་སྐྱེ་བ་ཅན་ནམ་མི་རྟག་པ་ཉིད་མ་གྲུབ་པོ། །དེར་གལ་ཏེ་ཚིག་ཚད་མ་ཡིན་པའི་ཕྱིར་རབ་ཏུ་གྲུབ་ན། གྲངས་ཅན་གྱི་ཚིག་ཀྱང་ཚད་མ་ཉིད་ཡིན་པས་བློ་དང་བདེ་བ་ལ་སོགས་པ་དེ་ཉིད་ཀྱིས་སེམས་

པ་མེད་པར་གྲུབ་པས་རྗེས་སུ་དཔག་པས་ཅི་བྱ། འོན་ཏེ་མི་རྟག་པ་ཉིད་ལ་སོགས་པའི་སངས་རྒྱས་པའི་ཚིག་གིས་གྲུབ་པ་དེའི་ཚེ་བློ་ལ་སོགས་པ་སེམས་པ་ཅན་དུ་གྲུབ་པའི་ཕྱིར་རྗེས་སུ་དཔག་པས་ཕྱིན་ཅི་ལོག་ཏུ་མི་འགྲུབ་པའི་ཕྱིར་རྗེས་སུ་དཔག་པ་དོན་མེད་པ་ཉིད་དོ། །འོན་ཏེ་རྗེས་སུ་
དཔག་པ་ཡང་ཚད་མ་ཡིན་པས་དེ་ལས་བཟློག་པ་ཡང་འགྲུབ་པོ་ཞེ་ན། དེ་ལྟར་ཡིན་ན་ནི་ཚད་མ་མ་ཡིན་པ་ཉིད་དོ་ཞེས་བཤད་པ་ནི། ལུང་ལ་གནོད་ཕྱིར་གཞན་ལ་ནི། །སྒྲུབ་བྱེད་བརྗོད་ཕྱིར་དེ་ཡི་ཚེ། །དེ་ནི་ཚད་མིན་དེ་བས་ན། །དེས་གྲུབ་མ་ལུས་གྲུབ་མ་ཡིན། །གང་གི་ཚེ་རྗེས་སུ་དཔག་པས་
ཕྱིན་ཅི་ལོག་ཏུ་བསྒྲུབ་པར་རྩོམ་པ་དེ་ཉིད་ཀྱི་ཚེ་བརྟག་མི་བཟོད་པའི་ཕྱིར་ཚིག་དེ་ཚད་མ་ཡིན་པ་ཉིད་དེ། ཁས་བླངས་པ་འདོད་པའི་ཕྱིར་རོ། །ལུང་ནི་ཁས་བླངས་པས་ཚད་མའི་དངོས་པོར་བྱས་པ་ཡིན་པས། དེ་དོར་ན་དེའི་ཚད་མ་ཉིད་ཀྱང་དེ་བཞིན་དུ་འགྱུར་རོ། །དེས་ན་དེར་རབ་ཏུ་གྲུབ་པའི་གཏན་
ཚིགས་གྲུབ་པ་ཉམས་པའི་ཕྱིར་བསྒྲུབ་བྱ་གྲུབ་པ་ཡང་ཉམས་པར་འགྱུར་རོ། །དེ་ལས་རག་ལས་པའི་བདག་ཉིད་ཐམས་ཅད་ནི་དེའི་རྗེས་སུ་མི་འཇུག་པ་མ་ཡིན་ཏེ། དེ་ལ་རག་ལས་པ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཏན་ཚིགས་གྲུབ་པ་ལ་ཚད་མ་ཉིད་ཡིན་གྱི། སེམས་པ་ཉིད་ལ་ནི་མ་
ཡིན་ནོ་ཞེ་ན་མ་ཡིན་ཏེ། འགའ་ཞིག་ལ་འཁྲུལ་པ་མཐོང་བས་ཐམས་ཅད་ལ་ཡིད་བརྟན་དུ་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་མི་སླུ་བ་ཅན་གྱི་ཚིག་དེ་ནི་ཚད་མ་ཡིན་ཏེ། ཕྱོགས་གཅིག་མ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་ཚེ་གཏན་ཚིགས་དེ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་གྲུབ་པར་འགྱུར་རོ། །
འོན་ཏེ་ཚད་མས་འགྲུབ་ཀྱང་གྲངས་ཅན་པའི་གཙུག་ལག་མི་ཤེས་པའི་ཕྱིར་ཕ་རོལ་ལ་རབ་ཏུ་གྲུབ་པ་ཉིད་དོ་ཞེ་ན། དེ་ཡང་མི་འཐད་དོ་དེ་ལྟར་ན་ནི་གྲངས་ཅན་རང་གིས་མཚང་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་སྐྱོན་ཅི་ཡོད། །རང་ལ་གྲུབ་པའི་རྟགས་ཀྱིས་ནི། །དེས་འདིས་རྟོགས་པར་བྱས་པ་
ཡིན། །གཞན་དུ་མ་ཤེས་པ་ཙམ་གྱིས། །ཀུན་དུ་མི་ཤེས་པར་མི་འོས། །གཏན་ཚིགས་སྒྲུབ་པར་ནུས་པ་མ་ཡིན་ཞེས་ཏེ། དེ་བསྒྲུབ་བྱ་བསྒྲུབ་པར་ཡང་མི་ནུས་པ་ནི་མ་ཡིན་ནོ། །དེ་ནི་རེ་ཞིག་གཏན་ཚིགས་དེ་ལས་བསྒྲུབ་བྱ་རྟོགས་པ་ཉིད་དེ། རང་ལས་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །

ཅི་སྟེ་འདི་ངོ་བཟློག་པར་ནུས་པའི་ཕྱིར་རྒོལ་བ་བརྟན་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། བསྒྲུབ་བྱ་བསྒྲུབ་པའི་གཏན་ཚིགས་གྲུབ་པས་གཞན་གྱིས་ཅི་བྱ་འདི་ལྟར་རེ་ཞིག་ཁྱོད་ལ་དེ་གྲུབ་སྟེ། དེ་གྲུབ་ཡོན་ཏན་ཅི་ཞིག་ཡོད། །ཐམས་ཅད་ང་ཡིས་ཅི་དགོས་ཞེས། །བྱ་
བའི་ཚུལ་འདི་ཅི་ཞིག་ཡིན། །བསྒྲུབ་བྱ་བཞིན་དུ་གཏན་ཚིགས་ཀྱང་ངས་སྒྲུབ་དགོས་སོ་ཞེས་བྱ་བ་འདི་རྒྱལ་པོའི་བཀའ་འམ་ཅི། ཐམས་ཅད་མི་ཤེས་པ་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །འོན་ཏེ་རང་ཉིད་ངེས་པ་བཞིན་དུ་གཞན་དག་ཀྱང་ངེས་པར་འདོད་པས་སྒྲུབ་བྱེད་བརྗོད་པ་ཡིན་ནོ་ཞེས་བྱ་བའི་
ཚུལ་གྱིས་ན་དེ་ནི་མི་རིགས་སོ་ཞེ་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར། འདིར་ནི་གཞན་དག་ངེས་པ་ནི། །སྐྱེ་བ་ཙམ་གྱིས་དགོས་པ་ཡིན། །རང་གིས་ངེས་པ་བཞིན་དུ་ཞེས། །བྱ་བའི་ཁྱད་པར་དོན་མེད་དོ། །གཞན་དག་གི་ངེས་པ་ཙམ་ཞིག་དོན་གྱི་གཉེར་གྱི། འདིར་ཉེ་བར་མཁོ་
བ་མེད་པའི་ཁྱད་པར་གཞན་ནི་མ་ཡིན་ནོ། །མཁོ་བ་མེད་པའི་ཁྱད་པར་ནི་རྟོགས་པ་དང་ལྡན་པ་ཁས་ལེན་པ་མ་ཡིན་ནོ་ཞེ་ན། འདིར་བརྗོད་པ། གང་ཞིག་གཞན་གྱིས་རྟོགས་པ་ནི། །བྱེ་བྲག་ཏུ་ནི་ཤེས་མེད་པ། །དེ་ལ་འདིས་རྟོགས་ཞེས་བྱ་བའི། །བློར་ནི་ཇི་ལྟར་འགྱུར་བ་ཡིན། །འདི་ནི་ངས་མ་
བསླུས་ཏེ། ཡང་དག་པར་རྟོགས་པ་ཉིད་དོ་ཞེས་རང་གིས་མ་རྟོགས་པས་ཇི་ལྟར་རྟོགས། ཅི་སྟེ་འདིས་ཅི་བྱ་སྟེ་རྟོགས་པ་ཙམ་ནི་གཞན་ལ་འགྱུར་བ་ཡིན་ལ་དེ་ཙམ་ཞིག་གིས་རྒོལ་བའི་ཚིག་གིས་དོན་བྱས་པ་ཡིན་པས་འདི་ལ་ཉེས་པ་ཅི་ཡོད། དེ་ལྟར་ན་འོ་ན་འདི་ཡང་ལན་ཡིན་པར་འགྱུར་ཏེ། ང་ཡིས་ཁྱོད་ནི་
བསླུས་ནས་ཀྱང་། །འགའ་ཞིག་རྟོགས་པར་བྱས་པ་ཡིན། །ངས་རྟོགས་པ་ཡིས་ཁྱོད་ལ་འདིར། །དགོས་པ་གཞན་ནི་ཅི་ཞིག་ཡོད། །གང་གི་ཚེ་སྒྲུབ་པ་བྱེད་པར་སྣང་བ་འགའ་ཞིག་ཇི་ལྟར་རུང་བར་བརྗོད་ནས། ངས་ཁྱོད་རྟོགས་པར་བྱས་སོ་ཞེས་སྨྲ་བ་དེའི་ཚིག་དེ་ལ་ལན་ཇི་སྐད་གདབ། དེ་ལ་སུན་འབྱིན་པ་
བརྗོད་པར་བྱའོ་ཞེ་ན་མ་ཡིན་ཏེ། སུན་འབྱིན་པས་ནི་རྒོལ་བས་མ་རྟོགས་པ་བརྗོད་པར་བྱ་བ་ཡིན་ན། རྒོལ་བ་དེས་ནི་ངས་རྟོགས་པས་ཁྱེད་ལ་ཅི་དགོས་ཞེས་ལན་འདི་བཏབ་པ་ཡིན་ནོ། །ངས་ཀྱང་དེ་ལྟར་ན་མ་རྟོགས་སོ་ཞེས་བརྗོད་དོ་ཞེ་ན། འོ་ན་གཞན་ལ་སུན་འབྱིན་པ་བརྗོད་པར་བྱ་བ་མ་ཡིན་ཏེ། འདིར་

ངས་རྟོགས་པ་མེད་པས་དེ་ཙམ་ཞིག་བརྗོད་པར་བྱའོ། །མ་རྟོགས་པ་འཐད་པ་དང་བཅས་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་སུན་འབྱིན་པ་ཡང་བརྗོད་པར་བྱའོ་ཞེ་ན། དེ་ལྟ་ན་ནི་འོ་ན། གལ་ཏེ་གཞན་གྱིས་འཐད་པ་དང་། བཅས་པའི་སུན་འབྱིན་བརྗོད་བྱ་ན། །རྒོལ་བས་ཀྱང་ནི་འཐད་པ་དང་། །བཅས་
པའི་སྒྲུབ་བྱེད་བརྗོད་པར་བྱ། །ཇི་ལྟར་ངས་འདིར་འདི་ལྟར་མ་རྟོགས་ཞེས་ཕྱིར་རྒོལ་བས་འཐད་པ་དང་བཅས་པར་བརྗོད་པར་བྱ་བ་དེ་བཞིན་དུ་རྒོལ་བས་ཀྱང་སྒྲུབ་པར་བྱེད་པ་འཐད་པ་དང་བཅས་པར་བརྗོད་པར་བྱ་སྟེ་དེ་ལྟ་མ་ཡིན་ན་འདིར་ཇི་ལྟར་ངས་མ་རྟོགས་པ་དེ་བཞིན་དུ་གཞན་གྱིས་ཀྱང་
བརྒྱ་ལ་མི་རྟོགས་པ་སྲིད་དོ་སྙམ་པའི་དོགས་པ་དང་འབྲལ་བར་མི་འགྱུར་རོ། །གཞན་གྱི་དོན་གྲུབ་པར་ངེས་པ་མེད་པར་ཚིམ་པ་ལ་བརྟེན་པ་མ་ཡིན་ནོ། །རྒྱལ་བར་འདོད་པ་ཙམ་གྱིས་ནི་མཁས་པ་འཇུག་པའམ། དེའི་དོན་དུ་བསྟན་བཅོས་བྱེད་པ་མ་ཡིན་ཏེ། དེ་ཁོ་ན་འཇུག་པའི་དོན་ཡིན་
པའི་ཕྱིར་རོ། །དེའི་ཕྱིར་རང་གིས་རྟོགས་ན་འདིས་ནི་འདི་རྟོགས་ཏེ། འདི་མ་རྟོགས་པར་བརྗོད་པ་ནི་བརྫུན་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །རང་གིས་རྟོགས་པ་མེད་པ་ནི། །གལ་ཏེ་གཞན་ཁས་མི་ལེན་ན་རྒོལ་བར་སྟོན་པར་བྱེད་པ་མ་ཡིན་པར་འགྱུར་ན་བདག་ཉིད་ཉམས་པར་འདོད་པ་སུ་ཡོད།
འདི་ཉིད་ཚད་མས་རྟོགས་ན་ནི། །ཁས་མི་ལེན་ཡང་གཞན་མི་བདེན་པར་སྨྲ་བ་རྟོགས་པར་འགྱུར་རོ། །འོན་ཏེ་རང་གིས་རྟོགས་ཀྱང་གཞན་གྱིས་རྟོགས་སོ་ཞེས་ཇི་ལྟར་ཤེས་ཤེ་ན། གལ་ཏེ་ཕྱིར་རྒོལ་བས་མི་རྟོགས་སུ་ཆུག་ཀྱང་ཉན་པར་བྱེད་པ་དག་ནི་རྟོགས་པ་ཉིད་དོ། །ཉན་པར་བྱེད་པ་དག་གིས་
རྟོགས་པས་གལ་ཏེ་དེས་མ་རྟོགས་ན་དེའི་ཚེ་དེ་ལ་ཚོགས་པ་མེད་པ་ཡིན་ཏེ། རྒོལ་བའི་ཉེས་པ་ནི་མ་ཡིན་ནོ། །འོ་མ་དམུས་ལོང་ལ་བསྟན་པ། །མེད་ཀྱང་སྟོན་བྱེད་ཉམས་པ་མིན། །རྒོལ་བ་འགས་ཀྱང་ཕྱིར་རྒོལ་ལ། །མིག་བྱིན་པས་ནི་ཡོད་མ་ཡིན། །འོ་མ་དཀར་པོའོ་ཞེས་བརྗོད་པ་ན། མིག་མ་
ཚང་བས་གལ་ཏེ་མ་རྟོགས་ན་ཡང་ཕྱིར་རྒོལ་བ་དམུས་ལོང་ཉིད་ཀྱིས་ཉེས་པ་ཡིན་ཏེ། ཇི་ལྟར་དེར་རྒོལ་བའི་ཉེས་པ་ཡིན་པར་འགྱུར། དབང་པོ་དག་གིས་རྟོགས་པ་དེ་ཙམ་གྱིས་རྒོལ་བའི་ཚིག་དོན་བྱས་པར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་ཡང་། གཞན་དོན་བྱེད་པ་སྙིང་རྗེ་ཡིས། །ཡིད་དྲངས་རྣམས་

ཀྱི་ཉན་པ་པོས། །རྟོགས་པ་ཙམ་གྱིས་ཚིམ་པ་དང་། །འབྲེལ་འདི་ཇི་ལྟར་འཐད་པ་ཡིན། །རང་ཡོངས་སུ་ཚིམ་པ་ཙམ་ནི་གཞན་གྱི་དོན་བྱེད་པའི་དོད་པ་མ་ཡིན་ཏེ། དེ་དག་ནི་གཞན་གྱི་རྨོངས་པ་བསལ་བའི་དོན་དུ་འདོད་པ་ཡིན་ནོ། །དེ་ལ་ཕྱིར་རྒོལ་བ་རྟོགས་པར་
བྱ་བའི་དོན་དུ་ཞུགས་པ་དག་ཉན་པ་པོ་ཙམ་རྟོགས་པས་ཡོངས་སུ་ཚིམ་མོ་ཞེས་བྱ་བ་འདི་གོ་གང་ལ་འཕངས་པ་གང་ལ་འཕོས་པ་ཡིན། ཕྱིར་རྒོལ་བ་རྟོགས་པར་བྱ་བའི་ཕྱིར་རྩོམ་པ་ནི་གང་ལ་ཡིན་ལ། ཉན་པ་པོ་ཙམ་རྟོགས་པས་ཆོག་པ་ནི་གང་ན་ཡིན། གཞན་ཡང་། དེ་ཕྱོགས་འཛིན་པས་
ཉམས་པ་ཡིས། །ཉན་པོ་གང་ཚེ་རྩོད་བྱེད་པ། །དེར་ཡང་རྒོལ་པས་ཉན་པ་པོ། །གཞན་ཡང་བཙལ་བར་བྱ་བ་ཡིན། །ཉན་པོ་ཕྱིར་རྒོལ་གྱུར་པ་ན། །ཉན་པོ་གཞན་དུ་སྤོ་བས་ན། །ཐུག་མེད་དེས་ན་རྒོལ་བ་ནི། །སུ་ཡི་སྟོན་པ་བྱེད་པར་འགྱུར། །འོན་ཏེ་ཉན་པོའི་འཇིག་རྟེན་ནི། །རྒོལ་
བའི་ཕྱོགས་སུ་གྱུར་ན་ཡང་། །དེ་ལྟ་ན་ཡང་ཕྱོགས་ལྟུང་ཕྱིར། །ཉན་པོ་མིན་པར་གསལ་བ་ཉིད། །འདི་ལ་བརྗོད་པ། འདི་གཞན་དོན་བྱེད་ཅེས་བྱ་སྟེ། །སྐལ་མེད་ལ་ཡང་དེ་ལྟའམ་ཅི། །ནུས་ལས་འདས་ནས་མ་བྱས་པས། །སྙིང་རྗེའི་བདག་ཉིད་མ་ཡིན་མིན། །སྙིང་རྗེ་ལྡན་ཡང་
སྐལ་ལྡན་གྱིས། །དོན་བྱེད་པར་ནི་ནུས་པ་ཡིན། །སྐལ་ལྡན་མིན་ལ་ནུས་པ་ནི། །ཉམས་ཀྱིས་སྙིང་རྗེ་ཉམས་མ་ཡིན། །དེ་ནི་སྙིང་རྗེ་ཅན་མ་ཡིན་ནོ་ཞེས་རྟོགས་པ་མ་ཡིན་ནོ། །ཉན་པ་པོ་རྣམས་ཕྱོགས་སུ་ལྷུང་ན་ནི། །མི་རྟོགས་པ་ཉིད་པས་གདོན་མི་ཟ་བར་ཉན་པ་པོ་གཞན་བཙལ་བ་
ཡིན་ནོ། །ཐམས་ཅད་རྩོད་པ་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་དང་། ཕན་ཚུན་ལྟོས་པའི་ཕྱིར་རོ། །ཅི་སྟེ་དེ་དག་ཀྱང་ཕན་ཚུན་རྒོལ་བ་དང་། ཕྱིར་རྒོལ་བ་ཉིད་ཡིན་པ་དེ་ལྟ་ན་ནི་ཐ་སྙད་མཐའ་དག་ཆད་པར་འགྱུར་ལ་མཐོང་བ་ཡང་མེད་དེ། དེའི་ཕྱིར་ཉན་པ་པོའི་རྟོགས་པ་ཙམ་ཉིད་ཀྱིས་
སྨྲ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །གང་ཞིག་གཟུང་བར་མི་འོས་པ་ལ་སོགས་པ་བརྗོད་པས་གཞན་ཕམ་པར་བྱེད་པ་དེ་ནི་བརྩེ་བ་མེད་པ་ཉིད་དོ། །དེའི་ཕྱིར་རང་གིས་རྟོགས་པ་ཉན་པ་པོ་ལ་སོགས་པ་ལ་བསྟན་པས་བདག་ཉིད་སྟོན་པའི་ནུས་པ་ལ་བརྟེན་པ་ཡིན་ནོ། །དེས་ན་གཞན་ལ་གྲུབ་

པ་ནི་ལུང་ལས་འགྲུབ་པ་ཉིད་དོ། །གལ་ཏེ་ལུང་དེ་གཞན་གྱིས་ཁས་བླངས་པ་དེའི་ཚེ། དེ་ལས་རབ་ཏུ་གྲུབ་པའི་ཕྱོགས་ཀྱི་ཆོས་ལས་དེ་དག་ཉིད་རྟོགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཕྱོགས་གཅིག་གནོད་པར་འགྱུར་བ་ཅན་ནི་དེ་ལྟར་ཁས་ལེན་པར་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤད་
པ། གལ་ཏེ་ལུང་དེ་ལྡན་ལ་གྲུབ། །ཅེ་ན་གང་གི་ལུང་གང་ཡིན། །ཚད་མས་གནོད་པར་གྲུབ་པ་ཡིན། །ལུང་དེ་ཇི་ལྟར་གྲུབ་པ་ཡིན། །གལ་ཏེ་ཚད་མ་མ་ཡིན་ཞིང་གཞན་གྱིས་ཁས་བླངས་པ་ཡང་མ་ཡིན་ན་གང་གི་ལུང་གང་ཡིན། གལ་ཏེ་ཁས་མ་བླངས་ཀྱང་ལུང་དེ་དང་ལྡན་པ་ཡིན་ན་གྲངས་
ཅན་གང་ཡིན་པས་མ་ཡིན་པ་གཉིས་ཀ་ལ་གྲུབ་པ་ཉིད་དོ། །ཅི་སྟེ་ཁས་མ་བླངས་པའི་ཕྱིར་དེ་ལྟ་མ་ཡིན་ན། འགའ་ཡང་ལུང་དེ་དང་ལྡན་པ་མ་ཡིན་པས་འགའ་ལ་ཡང་མ་གྲུབ་པོ། །དེ་ནི་ལུང་ཡང་ཡིན་པར་མི་འགྱུར་ཏེ། ཚད་མས་གནོད་པའི་ཕྱིར་དེ་ནི་ལུང་ལྟར་སྣང་བ་ཡིན་ནོ། །ཚད་མ་ལྟར་སྣང་
བ་ལས་རྟོགས་ན་ནི་དེ་རྨོངས་པ་ཉིད་ཡིན་པས་དེ་གཞན་གྱི་རྨོངས་པ་མ་བཟློག་པའི་ཕྱིར་རྒོལ་བ་ཉིད་མ་ཡིན་ནོ། །ཚད་ལྟར་སྣང་བ་མི་ཤེས་ན་གཞན་ཇི་ལྟར་རྨོངས་པ་མ་ཡིན། མི་ཤེས་པ་ཡང་མ་ཡིན་ཏེ། འདི་ལྟར། དེ་དང་འགལ་བ་ཁས་ལེན་པ། །དེ་ཉིད་ཀྱིས་ནི་ཇི་ལྟར་འགྱུར། །དེ་དང་
འགལ་བ་ཁས་ལེན་ན། །དེ་ངོར་ཡན་ལག་ཚད་མ་མིན། །གང་གི་ཚེ་འདི་དེ་དང་འགལ་བ་ཁས་ལེན་པ་དེ་ཉིད་ཀྱི་ཚེ་ལུང་དེ་མི་བདེན་པར་ཡང་རྟོགས་པ་ཡིན་ཏེ། དེ་དང་འགལ་བ་ཁས་ལེན་པ་ནི། །དེ་མེད་པར་མི་འགྱུར་བ་ཡིན་པའི་ཕྱིར་རོ། །རྨོངས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། རྨོངས་ན་ནི་སྟོན་པར་
བྱེད་པ་ཉིད་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྨོངས་པ་བསྐྱེད་ནས་དེ་བཟློག་པའི་ཕྱིར་ན། རྒོལ་བའི་འབྲས་བུ་གྲུབ་པོ་ཞེ་ན། མ་ཡིན་ཏེ། དུག་ཀྱང་སྦྱིན་པར་ཐལ་བའི་ཕྱིར་རོ། །སྨྲ་བ་ལ་བཟོ་བ་ཉིད་ཀྱིས་རྨོངས་པར་བྱེད་པ་ནི། རྒོལ་བ་ཉིད་དོ་ཞེ་ན་མ་ཡིན་ཏེ། ཡོངས་སུ་དག་པའི་དངོས་པོ་གསལ་
བར་སྟོན་པ་ནི་སྨྲ་བ་ལ་བཟོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར། མདོར་བསྡུས་པ་དང་རྒྱས་པ་ཡིས། །ཚད་མ་དང་ལྡན་དངོས་པོ་ནི། །སྟོན་བྱེད་སྨྲ་ལ་བཟོ་བར་ནི། །དེ་ཉིད་རིག་པ་རྣམས་ཀྱིས་བཞེད། །རྣམ་པ་ཇི་ལྟར་ཡང་རུང་སྟེ། །རྒྱལ་བར་འདོད་པས་གཞན་ཟློག་པར་བྱེད་པ་ཡིན་ནོ་ཞེ་ན། མ་

ཡིན་ཏེ། རྣམ་པ་ཇི་ལྟར་ཡང་རུང་བས་བཟློག་པས། གཞན་དག །གཞན་དག་གིས་གནས་སུ་འགྱུར་བའི་ཕྱིར་རོ། །འོ་ན་གང་གི་ཚེ་ཡོངས་སུ་དག་པའི་དངོས་པོ་བརྗོད་པས་ཀྱང་གཞན་རྨོངས་པ་དེའི་ཚེ་ཇི་ལྟར་རྒོལ་བ་ཉིད་ཡིན་ཞེ་ན། ཉན་པ་པོ་རྟོགས་པས་ཆོག་པའི་ཕྱིར་
ཏེ། དམུས་ལོང་གིས་མ་མཐོང་བས་ནི་ཉི་མས་གསལ་བར་བྱེད་པ་མ་ཡིན་པར་མི་འགྱུར་རོ། །འདི་ལྟར། སྐལ་ལྡན་ཡང་ནི་རྟོགས་མིན་ན། །སྟོན་པར་བྱེད་པའི་སྐྱོན་ཡིན་གྱི། །གལ་ཏེ་མི་ཤེས་ཚིག་དེ་ལས། །དོན་རྟོགས་མེད་པས་དེ་མི་འགྱུར། །གལ་ཏེ་གསལ་བ་བརྗོད་པས་མི་རྟོགས་ན། །ཕྱིར་
རྒོལ་བ་ལ་དད་པས་ཅི་ཞིག་བྱ། །དེ་ནི་ཡི་གེ་ཕྱི་མོ་འདོན་པའི་མཁན་པོའི་ཁང་པར་ཞུགས་པར་རིགས་སོ། །འོན་ཏེ་མཁས་པ་དག་ལ་ནི་དེ་ལྟ་བུའི། སྒྲུབ་བྱེད་ཉེ་བར་དགོད་པར་བྱ་བ་མ་ཡིན་ཏེ། མི་མཁས་པ་ལ་བསྟན་པའི་དོན་དུ་དགོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ཡང་སྐྱོན་འབྲེལ་པར་མེད་
པ་ཉིད་འགྲེལ་པའི་ཕྱིར་རོ། །འདི་ལྟར་རིན་དང་རིན་ལ་དེ་ལྟ་བུ་ཉིད་ཀྱི་ཕུར་མ་འཆིང་བ་ཉིད་དོ་ཞེ་ན། འདི་ནི་གླེན་པའི་གཏམ་འདིས་ངའི་སློང་ཕོར་དུ་ཆང་འཐུངས་ཏེ། ངས་འདིའི་སློང་ཕོར་དུ་གཅིན་འཐུང་ངོ་ཞེས་བྱ་བ་དེ་བྱུང་བ་ཡིན་ནོ། །གཞན་ཡང་། གྲངས་ཅན་རང་ཉིད་མི་རྟག་པ། །ཉིད་ལས་
སེམས་མེད་རྟོགས་མ་ཡིན། །དེས་ན་གྲངས་ཅན་རང་ཉིད་ནི། །རིག་ལ་ཚད་མ་གཞན་ཡོད་འགྱུར། །གཞན་ལ་རབ་ཏུ་གྲུབ་པའི་སྒྲུབ་བྱེད་ཀྱིས་རང་ཉིད་ཀྱིས་བསྒྲུབ་བྱ་ནི་རྟོགས་པས་རིགས་པ་མ་ཡིན་ནོ། །དེས་ན་འདིའི་དོན་དེ་སྒྲུབ་པར་བྱེད་པ་རང་ལ་རབ་ཏུ་སྒྲུབ་པར་བྱེད་པ་ཡོད་པར་འགྱུར་རོ། །དེ་
ཡོད་པ་ཉིད་དོ་ཞེ་ན། དེ་ལྟ་ན་འོ་ན། རང་རྟོགས་གང་ལས་བྱུང་གྱུར་པའི། །སྒྲུབ་བྱེད་དེ་ནི་ཅིས་མི་བརྗོད། །རང་ཉིད་ལ་རབ་ཏུ་གྲུབ་པའི་རྒྱུ་མཚན་གྱིས་སྒྲུབ་པར་བྱེད་པ་དེ་ཉིད་ཅི་སྟེ་ཉེ་བར་མི་དགོད་དེ། ནམ་མཁའ་བལྡད་པའི་ངལ་བ་གཞན་གྱིས་ཅི་བྱ། གཏན་ཚིགས་གསལ་བའི་ངོ་བོ་ཡོད་བཞིན་
དུ་དཀའ་བ་བྱེད་པའི་ངོ་བོ་ནི་ལེགས་པ་མ་ཡིན་ནོ། །གྲངས་ཅན་ལ་དེ་ལུང་ལས་གྲུབ་པའི་ཕྱིར་རང་ལ་གྲུབ་པའི་སྒྲུབ་བྱེད་ཉེ་བར་མ་བཀོད་དོ་ཞེ་ན། ལུང་དེ་ཉིད་གཞན་ལ་ཡང་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ནམ། མ་ཡིན་ཏེ་གཞན་ལ་ཚད་མ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཚད་མ་མ་ཡིན་པ་ལས་རང་ཉིད་ཀྱང་ཇི་

ལྟར་རྟོགས། དེ་ལ་ཚད་མ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཚད་མ་ཡིན་ན་ཐམས་ཅད་ལ་ཅི་སྟེ་མ་ཡིན། ཁས་བླངས་པ་མེད་པའི་ཕྱིར་རོ་ཞེ་ན། གྲངས་ཅན་ཡང་ཅི་སྟེ་འདི་ལས་ཁས་ལེན་ངེས་བརྟགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་གཞན་ལ་ཡང་འགྱུར་ཏེ། འདི་ལྟར། རིགས་པ་གང་གིས་ལུང་
འཛིན་པ། །དེ་ནི་འདིས་ཀྱང་ཅིས་མི་འཛིན། །རིགས་པ་གང་གིས་ཡོངས་སུ་བརྟགས་པའི་ལུང་གྲངས་ཅན་གྱིས་ཚད་མར་འདོད་པའི་རིགས་པ་དེ་སངས་རྒྱས་པ་ལ་ཡང་ཅི་སྟེ་མ་ཡིན་དེས་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན་དེ་ལྟ་ན་འོ་ན་མི་རྟག་པའི་ཕྱིར་སེམས་པ་མེད་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་ཡང་
ཇི་ལྟར་ཁས་ལེན། རིགས་པས་ཐོབ་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེ་ན། བསྟན་བཅོས་ཁས་ལེན་ལ་ཡང་མཚུངས་སོ། །དེ་ལྟ་ཡིན་དང་གཉིས་ཀ་ལ་གྲུབ་པའི་སྒྲུབ་པར་བྱེད་པ་སྲིད་པ་ན། སྒྲུབ་པར་བྱེད་པ་གཞན་ཉེ་བར་འགོད་པས་བདག་ཉིད་ངལ་བར་བྱེད་པས་ཅི་བྱ། གལ་ཏེ་དོན་འདི་ནི་
རྣལ་འབྱོར་པས་རྟོགས་པར་བྱ་བ་ཡིན་ཏེ། དེས་ན་གཞན་ལ་ནི་སྒྲུབ་པར་བྱེད་པ། རྣམ་པ་ཇི་ལྟ་བུ་ཡང་རུང་བས་རྟོགས་པར་བྱ་བ་ཡིན་ནོ་ཞེ་ན། འདི་ནི་རྣལ་འབྱོར་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་གཞན་གྱིས་ཀྱང་རང་གིས་བསྒྲུབ་བྱ་ལ་བརྗོད་ནུས་པ་མ་ཡིན་ནམ། དེའི་རྣལ་འབྱོར་པ་ལ་ཚད་མ་མེད་དོ་ཞེས་
ཀྱང་། བརྗོད་པར་མི་ནུས་ཏེ། འདི་ལྟར། སྔར་ནི་སྒྲུབ་བྱེད་གང་དག་གི། །ཐ་མལ་པར་འགྱུར་རྟོགས་པ་དང་། །དབང་པོ་འབྱུང་བའི་སྒྲུབ་དེ་དག །དེའི་དོན་ནུས་ཤེས་ལ་ནུས་ཡིན། །རང་བཞིན་གྲུབ་པའི་རྣལ་འབྱོར་པ་ནི་འགའ་ཡང་མེད་དེ་ཚད་མ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་མི་རྟག་ན་ཡང་ཚད་མེད་
ཉིད་ཅེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་ཐ་མལ་པར་གྱུར་པ་ལས་ཕྱིས་ཐབས་རྗེས་སུ་བསྒྲུབ་པས། རྣལ་འབྱོར་པ་ཉིད་དུ་འགྱུར་བ་ཡིན་གྱི། བཀྲ་ཤིས་ཀྱིས་སྒྲུབ་པས་ནི་མ་ཡིན་ནོ། །དེ་ལྟར་ཡིན་དང་། སྒྲུབ་པར་བྱེད་པ་གང་དག་གིས། །དེ་སྒྲུབ་པར་བྱེད་པའི་ཐབས་རྟོགས་པ་དང་། ཐབས་དེ་རྗེས་སུ་སྒྲུབ་པ་
ལས་དབང་པོ་འབྱུང་བ་སྟེ། དོན་དེ་རྟོགས་པའི་རང་བཞིན་གྱི་མངོན་སུམ་གྱི་དབང་པོའམ། ཡང་ན་དེ་འདྲ་བའི་རྟོགས་པའི་སྒྲུབ་པར་བྱེད་པའི་དབང་པོ་ཉིད་ལ་བརྗོད་དོ། །དེའི་སྒྲུབ་པར་བྱེད་པ་དེ་དག་ནི་ཐབས་སུ་གྱུར་པའི་དོན་གྱི་དབང་པོ་དེ་སྒྲུབ་པར་བྱེད་པ་ནུས་པ་སྟེ་མཐུ་ཤེས་པ་ལ་ནུས་པ་ཉིད་དོ། །དེའི་རྣལ་འབྱོར་

པས་རྟོགས་པའི་དོན་ཁས་ལེན་ནའོ། །དེས་ན་མེད་པའི་དོན་སྒྲུབ་པར་བྱེད་པར་ཉེ་བར་དགོད་པས་ཅི་ཞིག་བྱ། ཇི་ལྟར་བདེ་བར་གཤེགས་པས་རྣལ་འབྱོར་པའི་སྒྲུབ་པར་བྱེད་པ་བརྗོད་པ་དེ་བཞིན་དུ་གཞན་གྱིས་ཀྱང་བརྗོད་པར་རིགས་སོ། །འོན་ཏེ་རྣལ་འབྱོར་པ་སྲིད་པའི་
སྒོ་ནས་ཀྱང་དེའི་སྒྲུབ་པར་བྱེད་པ་ཉེ་བར་བླང་བར་ནུས་པ་མ་ཡིན་ན། དེའི་ཚེ་འདིར་མི་སྨྲ་བ་ཉིད་འཐོབ་པོ། །གང་གི་ཕྱིར། གང་ཡང་རྗེས་འགྲོ་རྣམ་ཆད་ཅན། །སྤྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི། །དོན་དེ་དག་ལ་བསྒྲུབ་བྱ་དང་། །སྒྲུབ་བྱེད་དཔྱོད་པ་ཅུང་ཟད་མེད། །དོན་གང་ཞིག་སྤྱི་ཉིད་དམ།
སྤྱིའི་ཁྱད་པར་གྱིས་སྒྲུབ་པར་བྱེད་པས་རྗེས་སུ་རྟོགས་པར་ནུས་པ་དེ་ལ་བསྒྲུབ་བྱ་དང་། སྒྲུབ་བྱེད་ལ་སེམས་པར་བྱེད་པ་ཡིན་ནོ། །དེ་ལ་སྤྱི་སེམས་པ་ནི། རེ་ཞིག་ངེད་ཀྱི་རྣལ་འབྱོར་པ་སྲིད་པ་དང་། དེས་དོན་འདི་མཐོང་བ་ཡིན་ནོ་ཞེས་བྱ་བ་འདི་ཡང་སྲིད་དོ་ཞེས་བྱ་བའོ། །ཡང་ན་དོན་འདི་ཉིད་ཡིན་
ནོ་ཞེས་ཁྱད་པར་དུའོ། །གང་ཞིག་རྣམ་པ་ཐམས་ཅད་དུ་རྗེས་སུ་འགྲོ་བ་མེད་པས་སྤྱིས་ཀྱང་ཡུལ་དུ་བྱ་བར་མི་ནུས་དེ་ལྟ་བུའི་དངོས་པོ་དག་ལ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་དཔྱོད་པ་འགའ་ཡང་མེད་དོ། །ཚད་མའི་དཔྱད་པ་ལྟ་རེ་ཞིག་ཞོག་སྟེ། འདི་ན་འདི་ལུང་གཅིག་པུས་རྟོགས་
པར་བྱ་བ་ཡང་མ་ཡིན་ནོ། །དེས་ན་དེ་ལ་ཚད་མ་འཇུག་པར་བྱེད་པ་ནི་བདག་ཉིད་ཚད་མའི་ཡུལ་མངོན་པར་མི་ཤེས་པ། མ་རུངས་པའི་བདག་ཉིད་སྟོན་པ་ཡིན་ནོ། །འོན་ཏེ་འདི་ཇི་སྲིད་མ་རྟོགས་པ་དེ་སྲིད་དུ་ནི་སྒྲུབ་པར་བྱེད་པ་ལྟར་སྣང་བ་མི་ཤེས་ཏེ། དེས་ན་དེའི་བསམ་པས་སྒྲུབ་པར་བྱེད་པ་ཉིད་དོ། །གང་
གི་ཚེ་འདི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཤེས་པ་དེའི་ཚེ་ནི་སྒྲུབ་པར་བྱེད་པ་མ་ཡིན་པར་འགྱུར་བས་འདི་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར། སྐྱེས་བུའི་བསམ་པའི་དབང་གིས་ན། །དེ་ཉིད་དེ་ཉིད་མི་འཇོག་ན། །གཏན་ཚིགས་དེར་སྣང་མེད་འགྱུར་ཏེ། །དེ་ནི་དངོས་རྟེན་མིན་ཕྱིར་
རོ། །སྐྱེས་བུའི་འདོད་པ་ཙམ་ནི་གཏན་ཚིགས་ཀྱང་གཏན་ཚིགས་མ་ཡིན་པ་དང་། གཏན་ཚིགས་མ་ཡིན་པ་ཡང་གཏན་ཚིགས་ཉིད་དུ་བྱེད་པའི་ཕྱིར། གཏན་ཚིགས་དང་དེར་སྣང་བ་རྣམ་པར་གཞག་པ་མེད་པར་འགྱུར་བ་འམ་ཡོད་ན་ནི་སྐྱེས་བུའི་འདོད་པ་སེལ་བར་བྱེད་དོ། །དེའི་ཕྱིར་གཞན་གྱིས་

ཁས་བླངས་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་མ་བརྟགས་པའི་ལུང་ལས་ནི་ཤེས་པ་ཙམ་ཞིག་སྐྱེ་བར་འགྱུར་གྱི། དངོས་པོ་ངེས་པ་མ་ཡིན་ནོ། །ཤེས་པ་ཙམ་གྱིས་ནི་དངོས་པོ་འགྲུབ་པ་མ་ཡིན་ཏེ། འདི་ལྟར། དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། །མེད་པ་ཤེས་པས་སྒྲུབ་བྱེད་མིན། །
ཡོད་ཀྱང་དངོས་དང་འབྲེལ་མེད་པའི། །རྟོགས་པ་རྟོགས་པ་མེད་དང་མཚུངས། །དོན་ཡོད་པ་ཉིད་གཞན་སྒྲུབ་པར་བྱེད་པ་ཡིན་གྱི་མེད་པ་མ་ཡིན་ནོ། །མེད་པ་ལ་གྲུབ་པ་ཞེས་བྱ་བའི་རྒྱུ་མེད་པ་ཅན་ནོ། །མེད་པ་ཤེས་པ་ཡོད་པ་དེ་ལས་གྲུབ་པ་ཡིན་ནོ་ཞེ་ན། དེ་མེད་ན་དེ་དེའི་ཤེས་པ་ཡིན་ནོ་ཞེས་
གང་ལས་ཤེས་པ་ཉིད་དངོས་སུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མངོན་སུམ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་མེད་ན་ཤེས་པ་ལས་འགྲུབ་པ་མ་ཡིན་ནོ། །གལ་ཏེ་ཤེས་པ་ཙམ་ལས་ཀྱང་རྟོགས་པ་ཡོད་པ་ཡིན་ཏེ། རྣམ་པ་ཇི་ལྟར་ཡང་རུང་བར་སྒྲོ་བཏགས་པའི་དོན་ཅན་ལས་སོ་ཞེ་ན་
མ་ཡིན་ཏེ། དངོས་པོ་དང་བཅས་པའི་སྒྲོ་འདོགས་པ་ནི་དངོས་པོའི་སྒོ་ཉིད་ནས་རྟོགས་པ་ཡིན་ནོ། །གལ་ཏེ་དངོས་པོར་གྱུར་པའི་རྟགས་མེད་པར་ནི་རྟོགས་ཀྱང་དེའི་ཚེ་དེ་རྟོགས་པ་ལྟར་སྣང་བ་ཉིད་དེ། གཏན་ཚིགས་ལྟར་སྣང་བ་ལས་འབྱུང་བའི་ཕྱིར་རོ། །དུ་བ་མིན་ལས་དུར་རིག་ལས། །
མེ་རྟོགས་པ་ནི་བདེན་མ་ཡིན། །ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ། །བསྒྲུབ་བྱ་སྒྲུབ་པར་བྱེད་མ་ཡིན། །གཞན་ཡང་འདི་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་གཏན་ལ་ཕབ་ཟིན་ཏེ། རྟགས་གསུམ་ཉིད་ཀྱི་དོན་གྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན། རང་བཞིན་དང་ནི་འབྲས་
བུ་འམ། །སྣང་བ་མཐོང་བ་མེད་ཉིད་རྟགས། །འབྲེལ་དེ་དངོས་ལས་གྲུབ་ཡིན་ན། །རང་ལ་ཅི་ཡི་ཕྱིར་མ་གྲུབ། །གལ་ཏེ་བསྒྲུབ་བྱའི་རང་བཞིན་དུ་གྱུར་པར་ཚད་མས་སྒྲུབ་པའི་ཕྱིར་དངོས་པོ་ལ་གྲུབ་པ་ཡིན་ན་དེའི་ཚེ་ཅི་སྟེ་གྲངས་ཅན་རང་ཉིད་ལ་མ་གྲུབ། ཚད་མས་གྲུབ་པ་ནི་གཉིས་ཀ་ལ་གྲུབ་པ་
ཡིན་ཏེ། ཚད་མ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཚད་མ་མེད་ན་ནི་དེའི་ཚེ་གཞན་གྱིས་ཀྱང་གཞན་རྟོགས་པར་ནི་མི་རིགས། ཅི་ལྟར་གྲངས་ཅན་མི་རྟག་པ་ཉིད་ལ་སོགས་པའི་གཏན་ཚིགས་ཁྱེད་ལ་གྲུབ་པ་དེ་ལས་རྟོགས་པར་གྱིས་ཤིག་ཅེས། སྒྲུབ་པར་བྱེད་པ་དེ་བཞིན་དུ། གཞན་ཡང་འདི་ནི་

ཁྱོད་ལ་གྲུབ་པ་ཡིན་ཏེ། ཇི་ལྟར་ཚད་མས་གྲུབ་པའི་གཏན་ཚིགས་ལས་ང་ལ་རྟོགས་པ་དེ་བཞིན་དུ་རྟོགས་པ་དང་ལྡན་པ་གཞན་ཡང་ཡིན་ནོ། །དེ་ལྟ་མ་ཡིན་ན་གྲངས་ཅན་རྟོགས་པ་སྔོན་དུ་གཏོང་བ་ཉིད་དུ་མི་འགྱུར་རོ། །བདག་གཅིག་པུ་མཁས་པ་ཡིན་གྱི།
གཞན་ནི་དེ་ལྟ་མ་ཡིན་ནོ་ཞེས་ནི་སེམས་པ་དང་ལྡན་པ་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་གཞན་གྱིས་ཁས་བླངས་པ་ཙམ་གྱིས་ནི་མཁས་པ་རྣམས་ལ་སྒྲུབ་པར་བྱེད་པ་སྦྱོར་བར་མི་རིགས་སོ། །འོ་ན་ནི་ཇི་ལྟར་ཁྱོད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་གཞན་ལ་གྲུབ་པའི་སྒྲུབ་པར་བྱེད་པས།
བསྒྲུབ་བྱ་གྲུབ་པར་འདོད་ཅེ་ན། དེ་ནི་མ་ཡིན་ཏེ། གང་ཕྱིར་གཞན་གྱིས་བརྟགས་པ་ཡིས། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཕྱིར་ཡིན། །དེ་ནི་ཐལ་བར་བསྒྲུབ་པ་ཡིན་གྱི། དེ་ལས་བསྒྲུབ་བྱ་ངེས་པ་ནི་མ་ཡིན་ཏེ། གཞན་གྱིས་ཁས་བླངས་པ་ཙམ་ལས་
ནི་བསྒྲུབ་བྱ་ངེས་པ་མེད་དོ། །འོ་ན་ཅིའི་ཕྱིར་ཞེ་ན། འབྲེལ་པ་དེ་གཅིག་མེད་ན་གཞན་མེད་པར་བསྟན་པའི་དོན་དུའོ། །བསྒྲུབ་བྱ་མེད་པར་ནི་སྒྲུབ་བྱེད་སྲིད་པ་མ་ཡིན་ནོ། །ཐལ་བར་བསྒྲུབ་པ་དེ་ནི་འདི་ཡིན་ཏེ། དུ་མ་ལ་སོགས་པའི་གཅིག་པོ་ནི་ཡུལ་ལ་སོགས་པའི་ཁྱད་པར་གཞན་དང་ལྡན་པ་
མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་ངེས་པ་གཅིག་དང་འདྲེས་པས་རྣམ་པར་མ་བཅད་པའི་རང་བཞིན་གཞན་གྱིས་སྟོང་པའི་ཕྱིར་ཞེས་བྱ་བ་དང་དེ་བཞིན་དུ་ཆ་ཤས་བསྒྱུར་བས་ཀྱང་ཐམས་ཅད་བསྒྲུབ་པར་འགྱུར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་
དེ་ལྟ་བུའི་དངོས་པོ་ནི་ཡུལ་ལ་སོགས་པ་ཐ་དད་པ་དང་འབྲེལ་པ་འགལ་བའི་ཕྱིར་རོ། །གལ་ཏེ་གཅིག་ཡིན་ཡང་ཁྱབ་པའི་ཕྱིར་ཡུལ་ལ་སོགས་པ་དུ་མ་དང་འབྲེལ་པ་ཅི་འགལ་ཞེ་ན། མ་ཡིན་ཏེ་དུས་དུ་མ་དང་འབྲེལ་པ་ནི་མཐོང་བ་མི་ནུས་པའི་ཕྱིར་དང་ངོ་། །སྔོན་དང་ཕྱི་མའི་དུས་སུ་ཁྱབ་པ་ཉིད་ནི་མངོན་
སུམ་གྱིས་དམིགས་པ་མ་ཡིན་ཏེ། སྔོན་དང་ཕྱི་མའི་དངོས་པོ་ནི་རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་ཞིག་འདས་པར་མཐོང་བ་དེ་ནི་སྔོན་གྱི་དུས་ཡིན་ལ། དུས་གང་ཞིག་མ་འོངས་པར་མཐོང་བ་ནི་ཕྱི་མའི་དུས་ཡིན་ཏེ། དེའི་དུས་སུ་མཐོང་བའི་དངོས་པོ་ལས་ཐ་དད་པའི་དུས་གཞན་ནི་མེད་དོ། །གལ་ཏེ་

དུས་མེད་པའི་ཕྱིར་ཇི་ལྟར་སྔ་མ་ལ་སོགས་པའི་ཐ་སྙད་དུ་འགྱུར། དེ་བཞིན་དུ་ཡུལ་ཡང་མེད་པའི་ཕྱིར་རོ་ཞེ་ན། དུས་ཡོད་ཀྱང་ཇི་ལྟར་སྔ་མ་དང་ཕྱི་མའི་ཐ་སྙད་དུ་འགྱུར། དུས་དང་འབྲེལ་པ་ཙམ་གྱིས་ནི་སྔ་མ་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། ད་ལྟར་བྱུང་བ་ཡང་ཐལ་བའི་ཕྱིར་རོ། །
དུས་ཐ་དད་པའི་ཕྱིར་ཏེ། འདི་ལྟར། གང་ཞིག་སྔོན་གྱི་དུས་སོགས་དང་། །ལྡན་དེ་སྔོན་སོགས་ཐ་སྙད་སྟོན། །དེའི་ཡང་སྔོན་དང་ཕྱི་མ་ནི། །ངོ་བོ་ཉིད་ལས་གཞན་མིན་ཕྱིར། །སྔོན་གྱི་དུས་ཀྱི་དངོས་པོ་དང་ལྡན་པ་ནི། སྔོན་ཡིན་ལ། ཕྱི་མའི་དུས་ཀྱི་དངོས་པོ་དང་ལྡན་པ་ནི་དེ་བཞིན་དུ་ཕྱི་མ་ཡིན་ནོ་ཞེས་བྱ་བ་
ལ་སོགས་པའོ། །དུས་ཉིད་ཇི་ལྟར་སྔོན་ཡིན་ཞེ་ན། དུས་ཀྱི་སྔོན་ཉིད་ལ་སོགས་པ་ནི་རང་གི་ངོ་བོ་ཉིད་ཁོ་ནས་ཡིན་ནོ། །དེ་བཞིན་དུ་ཡུལ་ཡང་ཡིན་ནོ་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར། དེ་དག་རྟགས་དང་ཁྱབ་ཉིད་ན། །སྔོན་ཉིད་ལ་སོགས་ཇི་ལྟར་གྲུབ། །ལྷན་ཅིག་སྤྱོད་པ་དེ་བཞིན་ཕྱིར། །
ཞེ་ན་ཕན་ཚུན་རྟེན་པར་འགྱུར། །ཡུལ་དང་དུས་ཁྱབ་པ་དང་། རྟག་པ་ཡིན་ཡང་། ར་མ་ཎ་ལ་སོགས་པ་ལྷན་ཅིག་སྤྱོད་པ་སྔོན་ལ་སོགས་པ་ཡིན་པའི་ཕྱིར། དེ་ལྟར་འགྱུར་བས་ཅི་འགལ། ལྷན་ཅིག་སྤྱོད་པས་འགའ་ཞིག་ལ་ཡང་ཐ་སྙད་མི་བྱེད་པ་ནི་མ་ཡིན་ཏེ། དཔེར་ན་ཁྲིའུ་འབོད་དོ་ཞེས་བྱ་བ་བཞིན་
ནོ། །དེ་བཞིན་དུ་འདིར་ཡང་དུས་དེ་ནི་འདས་སོ་ཞེས་ཐ་སྙད་དོ་ཞེ་ན་དེས་ན་ཕན་ཚུན་དུ་རྟེན་པའི་ཉེས་པར་འགྱུར་བར་ཁྱོད་དང་འབྲེལ་པར་འགྱུར་རོ། །ལྷན་ཅིག་སྤྱོད་པའི་སྔ་མ་ཉིད། །སྔར་ནི་དུས་དང་འབྲེལ་པ་ལས། །དུས་ཀྱི་སྔོན་ཉིད་ལ་སོགས་ཀྱང་། །ལྷན་ཅིག་སྤྱོད་དང་འབྲེལ་ཕྱིར་ཡིན། །
གཅིག་ནི་སྔོན་དུ་མ་གྲུབ་ན། །གཅིག་ཀྱང་གནས་པར་ཅི་ལྟར་འགྱུར། །གཉིས་པོ་ལྷན་ཅིག་འབྱུང་ན་ནི། །སྔོན་ཉིད་ཕན་ཚུན་བྱས་མི་འགྱུར། །ཅི་སྲིད་དུས་སྔ་མ་ཉིད་ལ་སོགས་པ་མ་ཡིན་པ་དེ་སྲིད་དུ་ལྷན་ཅིག་སྤྱོད་པ་རྣམས་མི་འགྱུར་བའི་ཕྱིར་མངོན་པར་འདོད་པ་མི་འགྲུབ་པོ། །འོན་ཏེ་གཉི་གའི་
སྔ་མའི་ཉིད་ལ་སོགས་པ་དུས་མཚུངས་པ་དང་ཕན་ཚུན་བྱེད་པ་མི་རྟོགས་པའི་ཕྱིར་ཕན་ཚུན་བྱས་པ་ཉིད་མེད་པས་རང་བཞིན་དེ་རང་གི་རྒྱུས་སྐྱེད་པ་ཡིན་པའི་ཕྱིར། སྔ་མ་ལ་སོགས་པའི་ངོ་བོ་དེ་ནི་དངོས་པོ་ཉིད་ཡིན་ཏེ། དེའི་ཕྱིར་དུས་ཡོངས་སུ་རྟོགས་པ་ནི་དོན་མེད་དོ། །འདི་ལྟར་འདས་པའི་དངོས་པོ་

གང་ཡིན་པ་དེ་ནི་སྔ་མ་ཡིན་པར་བརྗོད་ལ། གང་རྟོགས་པ་མ་ཡིན་པ་དེ་ནི་ཕྱི་མ་གང་ཡོད་པ་དེ་ནི་ད་ལྟར་བར་བརྗོད་དོ། །གལ་ཏེ་དུས་མེད་པའི་ཕྱིར། འདི་ཉིད་ཅི་ལྟར་ཞེ་ན་དུས་ཡོད་ཀྱང་ཇི་ལྟར་ཞེས་བསྟན་ཟིན་ཏོ། །དེས་ན་འདི་ནི་ལན་མ་ཡིན་ནོ། །གཞན་ཡང་། རྒྱུ་
ཡོད་པ་དང་མེད་པ་ལས། །འབྲས་བུ་ཡོད་དང་མེད་དེའི་ཕྱིར། །སྔ་མ་ཕྱི་མ་རྣམས་གནས་པས། །མ་མཐོང་བརྟགས་པས་ཅི་ཞིག་བྱ། །སྔོན་དང་ཕྱི་ཡི་ཐ་སྙད་ནི། །ཡོད་པ་དང་མེད་པ་རྣམ་པར་གནས་པས་ཡིན་ནོ། །དེ་ཡང་རྒྱུ་ཡོད་པ་དང་མེད་པ་དག་ལས་རྒྱུ་དེ་ཡང་རང་གི་རྒྱུ་ཉིད་ཡོད་པ་དང་མེད་
པ་ལས་ཡིན་པའི་ཕྱིར་མ་མཐོང་བ་རྟོགས་པ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ། །འོན་ཏེ་ཡུན་རིང་བ་དང་མྱུར་བ་ལ་སོགས་པའི་རང་བཞིན་ཡོངས་སུ་གཅོད་པའི་རྒྱུ་ཐོག་མ་དང་ཐ་མ་མེད་པའི་དུས་འདོད་པ་ཡིན་ནོ་ཞེ་ན། དེ་ཡང་ཅུང་ཟད་ཀྱང་མ་ཡིན་ཏེ། འདི་ལྟར། གལ་ཏེ་ཡུན་རིང་མྱུར་སོགས་བློའི། །
བཟུང་བ་དུས་སུ་འདོད་ན་ནི། །ཐོག་མ་ཐ་མ་མེད་དུས་ལས། །ཅི་ལྟར་མྱུར་སོགས་བློ་འགྱུར་ཡིན། །གལ་ཏེ་བློ་དེ་དག་དུས་ཀྱི་རང་བཞིན་འཛིན་པ་ཡིན་ན་ནི་དེའི་ཚེ་ཐོག་མ་དང་ཐ་མ་མེད་པ་ཉིད་དང་། ཁྱབ་པ་ཉིད་ཀྱིས་དེ་ཉིད་འཛིན་པར་འགྱུར་ཏེ། ཡུན་རིང་པོ་ལ་སོགས་པ་གཞན་གྱིས་དེ་ལྟ་བུར་འཛིན་
པ་མི་སྲིད་པའི་ཕྱིར་རོ། །གཟུང་བའི་རང་བཞིན་གང་ཡིན་པ། །དེ་ཉིད་དོན་དུ་རིགས་པར་རྟོགས། །དངོས་པོ་རྣམ་པ་གཞན་དུ་ནི། །གནས་པར་འདོད་པ་མ་ཡིན་ནོ། །ཡུན་རིང་མྱུར་སོགས་དབྱེ་བ་རྣམས། །ཕན་ཚུན་དུ་ནི་ཐ་དད་ཕྱིར། །དེ་ནི་དུས་ལ་ཐལ་འགྱུར་བས། །ཁྱབ་དང་གཅིག་ཉིད་ཅི་ལྟར་
ཡིན། །འོན་ཏེ། དོན་འདི་དུས་ནི་ཡུན་རིང་ཞེས། །གནས་ལུགས་རྣམ་པར་དབྱེ་བ་ལས། །ཡུན་རིང་མི་རིང་སོགས་དབྱེ་རྣམས། །དུས་ཀྱི་རང་བཞིན་རྗེས་འགྲོ་ཉིད། །ཡུན་རིང་བ་དང་མྱུར་བ་ལ་སོགས་པ་ནི་དུས་ཀྱི་རང་བཞིན་གྱི་རྗེས་སུ་འགྲོ་བར་གཏོགས་ཀྱི་དངོས་པོའི་རང་བཞིན་གྱི་ནང་དུ་གཏོགས་པ་
ནི་མ་ཡིན་པས་ན་ཁྱབ་པའི་དུས་རྣམ་པར་གནས་སོ། །འདི་ལྟར་གང་ཞིག་གང་དང་རྗེས་སུ་འབྲེལ་པར་རྟོགས་པ་དེ་ནི་དེ་དང་ལྡན་པ་ཡིན་ཏེ། དཔེར་ན་ཁྲ་བོ་བ་ལང་གི་རང་བཞིན་དང་རྗེས་སུ་འབྲེལ་པར་རྟོགས་པ་དེ་དང་ལྡན་པ་ཡིན་པ་བཞིན་པས་དུས་ཀྱང་དེ་བཞིན་དུ་རྣམ་པར་གཞག་གོ་ཞེ་ན། དེ་ལྟ་ན་ནི་འོ་ན། ཡུན་

རིང་མྱུར་སོགས་དབྱེ་བ་ནི། །དུས་ཀྱི་རང་བཞིན་རྗེས་འགྲོ་ལ། །དུས་ཞེས་བྱ་བ་སྤྱི་ཡིན་པ། །དེའི་ཕྱིར་དུས་ནི་འགྲུབ་མི་འགྱུར། །དུས་ཀྱི་རྫས་ཀྱི་ཚིག་དོན་གྱི་ནང་དུ་འདོད་པ་ཡིན་གྱི། སྤྱི་ནི་མ་ཡིན་ཏེ། དེ་ནི་ཚིག་གིས་དོན་གཞན་ཡིན་པའི་ཕྱིར་རོ། །ཡུན་རིང་བ་ལ་སོགས་པ་ལས་ཐ་དད་པའི་དུས་སུ་ནི་ཡོད་པ་
མ་ཡིན་ནོ། །དུས་ཞེས་བྱ་བ་ནི་དེ་དག་ལ་མིང་ཙམ་ཞིག་འགའ་ཞིག་གིས་ཟོར་ཡང་བར་བྱ་བའི་དོན་དུ་བཀོད་པ་ཡིན་ནོ། །ཡུན་རིང་ལ་སོགས་དེ་དག་ཀྱང་། །བྱེད་པ་ལས་ནི་གཞན་མ་ཡིན། །ཡུན་རིང་བྱ་ཞེས་དེ་ལྟ་བུར། །བྱ་བའི་རང་བཞིན་ལ་འཇུག་ཕྱིར། །ཡུན་རིང་པོ་ནས་བྱས་སོ་ཞེས་བྱེད་པ་དང་
གཞི་མཐུན་པར་རྟོགས་པས་ཡུན་རིང་པོ་ལ་སོགས་པའི་དེ་ཉིད་ནི། བྱ་བའི་རང་བཞིན་གྱི་ནང་དུ་ཆུད་པ་ཉིད་དོ། །བྱ་བ་ཡང་ལས་དང་བྱེད་པ་པོའི་དངོས་པོ་ལས་ཐ་དད་པ་མ་ཡིན་ཏེ། འདི་ལྟར། ལྷ་སྦྱིན་བྱེད་ཅེས་བྱེད་པ་ནི། །བྱེད་པ་པོ་ལས་ཐ་དད་དུ། །རྟོགས་མིན་དེ་ནི་ཚད་མ་ཡིས། །གཅིག་ཉིད་དུ་ནི་
རྟོགས་ཕྱིར་རོ། །ལས་བྱེད་བུམ་པ་བྱེད་དོ་ཞེས་བྱ་བ་ལ་བུམ་པ་དང་ལས་བྱེད་ཀྱི་ཁྱད་པར་ལས་ཐ་དད་པའི་བྱ་བ་ནི་མངོན་སུམ་གྱིས་དམིགས་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་མ་ཡིན་པས་བྱ་བ་ནི་མེད་པ་ཉིད་དོ། །འདི་ལྟར། ཆད་གྱུར་ལས་གཞན་བཅད་པ་མེད། །འགྲོ་བོ་ལས་གཞན་
འགྲོ་བ་མེད། །ཐོག་མེད་བག་ཆགས་ཁྱད་པར་ལས། །རྟོགས་པ་འབའ་ཞིག་ཐ་དད་ཡིན། །ཐོག་མ་མེད་པའི་བག་ཆགས་དང་རྒྱུད་འབྲེལ་པར་བྱས་པ་དང་། དོན་གྱི་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པ། ཉམས་པར་གྱུར་པའི་སོ་སོའི་སྐྱེ་བོ་དག་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཐ་དད་པར་ཉེ་བར་གཞག་སྟེ།
ཐ་དད་པ་ལས་བཟློག་པ་ལ་ཡང་ཐ་དད་པར་ཤེས་པར་བྱེད་དེ། དེས་ན་བྱ་བ་ཐ་དད་པར་ཞེན་པ་འདི་ནི་ཕྱིན་ཅི་ལོག་པ་ཙམ་དུ་ཟད་དོ། །འདི་ལྟར། གལ་ཏེ་བྱ་བ་ལྷས་བྱིན་ལས། །ཐ་དད་མེད་ན་གཞན་དག་དེར། །མི་འགྱུར་གཞན་ཡང་བྱ་བ་དང་། །ལྡན་ཕྱིར་བྱ་བ་གཞན་ཞེས་བརྟག །འདི་ཡང་སྔར་
བསྟན་ཟིན་པ་ཉིད་དེ། ཐོག་མ་མེད་པའི་བག་ཆགས་ལས་སྐྱེས་པའི་ཡིད་ཀྱིས་རྟོགས་པ་ལས་མ་རྟོགས་པར་མངོན་སུམ་གྱི་ནི་རྗེས་སུ་འགྲོ་བ་དང་། ལྡོག་པར་རྟོགས་པ་མ་ཡིན་ནོ།། །།བམ་པོ་དང་པོ། །འོན་ཏེ་བྱ་བ་ཞེས་བྱ་བ་འདི་ནི། ཡོད་པ་ཉིད་དུ་གྱུར་པ་མ་ཡིན་པས། མངོན་སུམ་གྱིས་ཐ་དད་པར་དམིགས་

པ་མ་ཡིན་ན། གལ་ཏེ་ཡོད་པ་ཉིད་དུ་གྱུར་པ་མ་ཡིན་དུ་ཆུག་པ་ད་ལྟར་ན་ཡང་རྟགས་ལ་སོགས་པ་དང་ལྡན་པར་མ་གྱུར་མོད། དངོས་པོ་ལས་ཐ་དད་པ་ཡིན་ན་མངོན་སུམ་གྱིས་དམིགས་པ་ལ་འགལ་བ་ཅི་ཡོད་དེས་ན་ཡུན་རིང་བ་དང་མྱུར་བ་ལ་སོགས་པའི་རྟག་པའི་བྱ་བའི་ཁྱད་པར་
ཉིད་ཡིན་གྱི་དེ་ཁོ་ན་ཉིད་ནི་མ་ཡིན་ཏེ། ཅི་ལྟར་འདི་ལྟར་དེ་བཞིན་ཞེས་བྱ་བ་ལ་སོགས་པའི་དོན་བཞིན་ནོ། །འདི་ལྟར་དེ་བཞིན་ཞེས་འདི་དག །དངོས་པོ་ལས་ནི་ཐ་དད་འགྱུར། །གལ་ཏེ་རྣམ་རྟོག་ཐ་དད་ཀྱི། །སྒྲུབ་བྱེད་ཡིན་ན་ཇི་ལྟར་དང་། །གལ་ཏེ་གང་ཞིག་རྣམ་པར་རྟོག་པ་གང་དང་ལྡན་པ་དེ་དང་རྗེས་
སུ་མཐུན་པའི་རང་བཞིན་རྣམ་པར་རྟོག་པའི་ཡུལ་གྱི་དོན་དེ་ཉིད་དོན་དམ་པ་ཡིན་ན་དེའི་ཚེ། དེ་ལྟར་ལ་སོགས་པ་ཡིད་ཚིག་གི་དོན་དུ་འགྱུར་བས་དེ་དག་གང་གི་ནང་དུ་བསྡུ། དུས་ལ་སོགས་པ་ནི་དེའི་རྒྱུ་མཚན་དུ་མི་འདོད་ལ་མ་རྟོགས་པ་མ་ཡིན་ནོ། །འོན་ཏེ་དེ་དག་ནི་བྱ་བའི་ཁྱད་པར་ཉིད་ཡིན་ན། དེ་ལྟ་ཡིན་ན་
ཡུན་རིང་བ་ལ་སོགས་པ་ཡང་ཡིན་པས། དུས་ལ་སོགས་པ་རྟོགས་པའི་ངལ་བ་ནི་དོན་མེད་དོ། །དེའི་ཕྱིར་སྔ་མ་དང་ཕྱི་མ་དུས་སུ་གྱུར་པའི་ཚིག་གི་དོན་འཛིན་པ་མེད་པའི་ཕྱིར་མངོན་སུམ་གྱིས་ནི་ཁྱབ་པ་འཛིན་པ་མ་ཡིན་ནོ། །འོན་ཏེ་དུས་ཁྱབ་པ་མེད་ཀྱང་ཡུལ་ཁྱབ་པར་འཛིན་པ་ནི་འགལ་བ་མེད་པར་
འདོད་ན་མ་ཡིན་ཏེ་དེ་ལ་ཡང་དེའི་རྟེན་ལས་ཐ་དད་པར་སྤྱི་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་ནི་ཡུལ་ལ་སོགས་པ་ཐ་དད་པ་དང་འབྲེལ་པར་འགལ་བའི་ཕྱིར་རོ། །དེར་ཞུགས་པ་ནི་གཞན་དུ་ཡང་དེ་ལྟར་འགྱུར་བ་མ་ཡིན་ཏེ། ཐ་དད་པ་མེད་པས་ཐམས་ཅད་ཞུགས་པ་ན་གོང་བུ་
གཅིག་ཏུ་འགྱུར་རོ། །རྟེན་དེར་མ་ཞུགས་པར་ནི་དེར་ཞུགས་པ་འཇུག་པ་མ་ཡིན་ནོ། །འོན་ཏེ་འདི་གཉིས་མཚུངས་སོ་སྙམ་པའི་བློ་སྐྱེས་པ་ཡིན་ཏེ་དེས་ན་སྤྱི་ཐ་དད་པ་དང་ཐ་མི་དད་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། བློ་རྣམས་མཚུངས་པ་ཉིད་ཡིན་ན། །ཅི་ལྟར་དོན་ནི་མཚུངས་པ་ཉིད། །གཞན་དུ་མཚུངས་
པ་ཉིད་ཀྱིས་ནི། །མཚུངས་དེ་གཞན་ལ་འགྱུར་མ་ཡིན། །མཚུངས་རྣམས་དོན་ལ་ཡོད་ན་ནི། །དོན་ལས་ཐ་དད་པར་རིག་འགྱུར། །དོན་ལ་མཐོང་བ་མེད་པ་ནི། །ཅི་ལྟར་དོན་ལ་ཡོད་པར་བརྟགས། །རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་བློ་སྐྱེ་བ་ཞེས་བརྗོད་པ་འདིའི་དོན་གང་ཡིན། དོན་མ་རྟོགས་པར་

རྣམ་པ་ཅི་ལྟར་རུང་བར་རྟོགས་པའི་དོན་ཅན་གྱི་ཚིག་གིས་ནི་དོན་བདེན་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །རྣམ་པར་དཔྱད་ན་ནི་མཚུངས་པའི་རྣམ་པ་ཅན་གྱི་བློ་ཞེས་བྱ་བའི་སྒྲའི་དོན་རྣམ་པ་གཉིས་སུ་འགྱུར་ཏེ། བརྒྱ་ཞིག་ལ་རང་གི་ངོ་བོ་མཚུངས་པའི་ཕྱིར་མཚུངས་པའི་རྣམ་པའམ། ཡང་ན་དོན་གྱི་རྣམ་པ་
མཚུངས་པའི་ཕྱིར་ཡིན། རྣམ་པ་གཞན་ནི་མི་སྲིད་པའི་ཕྱིར་རོ། །རང་གི་ངོ་བོ་མཚུངས་པའི་རྣམ་པ་ཉིད་ཡིན་ན་ནི་རང་གི་ངོ་བོ་ཉིད་དུ་འགྱུར་གྱི། དོན་རྣམ་པ་མཚུངས་པ་དང་ལྡན་པ་ནི་མ་ཡིན་པའི་ཕྱིར་དོན་མཚུངས་པར་མི་འགྱུར་རོ། །བློའི་རྣམ་པ་དེ་ཡང་རང་གི་མཚན་ཉིད་ཁོ་ན་ཡིན་གྱི། དེའི་སྤྱི་ནི་
མ་ཡིན་ཏེ། དེའི་བློ་གཞན་ལ་མེད་པའི་ཕྱིར་དང་། དོན་ལ་བརྟེན་པ་ཡང་མེད་པའི་ཕྱིར་རོ། །འོན་ཏེ་དོན་གྱི་རྣམ་པ་ཉིད་མཚུངས་པའི་ཕྱིར། དེའི་རྣམ་པ་ཅན་གྱི་བློ་ཞེས་བརྗོད་དོ་ཞེ་ན་དེ་ཡང་མི་བདེན་ཏེ། རྣམ་པ་གཉིས་སྣང་བར་ཐལ་བའི་ཕྱིར་རོ། །རྣམ་པ་གཉིས་པོ་དེ་ནི་སྣང་བ་ཉིད་དོ་ཞེ་ན་མ་ཡིན་ཏེ།
འདི་ལྟར། རང་ལྟའི་ཕྱོགས་སུ་ལྷུང་བས་ན། །ཚིག་ཙམ་གྱིས་ནི་རྟོགས་པ་ལས། །དོན་གྲུབ་མ་ལུས་གྲུབ་འགྱུར་ཏེ། །སྒྲ་ནི་ཀུན་ལ་འཇུག་ཕྱིར་རོ། །དེས་ན་རྣམ་པ་མཚུངས་པ་ཅན་གྱི་བློ་ཞེས་བྱ་བ་འདི་ནི། བློ་མེད་ཀྱི་བློ་འཁྲུགས་པ་ཡིན་ནོ། །དེས་ན་སྤྱི་ཡོད་པ་མ་ཡིན་ནོ། །འོན་ཏེ་ལྐོག་ཤལ་ལ་
སོགས་པ་དང་ལྡན་པ་ཉིད་ཀྱིས་མཚུངས་པའི་རྣམ་པ་ཉིད་དེ་དང་ཐ་མི་དད་པའི་མཚན་ཉིད་ཀྱི་སྤྱི་ནི་ཡུལ་དང་དུས་ལ་སོགས་པར་ངེས་པའི་གསལ་བ་གཞན་དང་ལྡན་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེ་ལྟར་མངོན་སུམ་གྱིས་བཟུང་བ། །མེད་ཕྱིར་རྣམ་པ་འང་གཅིག་མ་
ཡིན། །གཅིག་ཕྱིར་གཅིག་ནི་ཤེས་པས་ན། །གསལ་བ་ཐམས་ཅད་འཛིན་པར་འགྱུར། །རྣམ་པ་གཅིག་ཡིན་པའི་ཕྱིར། རྣམ་པ་གཅིག་བཟུང་ན་ཡང་རྣམ་པ་དང་ལྡན་པའི་དོན་ཐམས་ཅད་གཟུང་བར་ཐལ་ལོ། །འོན་ཏེ་རྣམ་པ་ནི་གཟུང་བ་ཉིད་དོ། །རྣམ་པ་དང་ལྡན་པ་འཛིན་པར་མི་འགྱུར་ཏེ། དེ་
ལས་ཐ་དད་པའི་ཕྱིར་རོ། །ཐ་དད་པར་ནི་འཛིན་པར་ནུས་པ་མ་ཡིན་གྱི། གཞན་ནི་དེའི་བདག་ཉིད་ཁོ་ན་ལས་འཛིན་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དེ་བདག་ཉིད་དང་དེ་བདག་ཅན། །དེ་བདག་མིན་པར་བརྗོད་མ་ཡིན། །བརྒྱུད་པས་དེའི་བདག་ཅན་ཡིན་ན། །ཐ་མི་དད་པ་ཉིད་དུ་ཐལ། །རྣམ་པ་གཞན་

དང་རྣམ་པ་གཞན་དེའི་བདག་ཉིད་ཀྱིས་དེའི་བདག་ཅན་ཉིད་ཡིན་ནོ། །རྣམ་པ་གཞན་དེ་རྣམ་པ་དང་ལྡན་པ་དང་། དེའི་བདག་ཉིད་ཅན་ཡིན་པའི་ཕྱིར། དེའི་བདག་ཉིད་ཅན་རྣམ་པ་དང་ལྡན་པ་འཛིན་པར་འགྱུར་རོ། །གལ་ཏེ་དེ་དང་ཐ་མི་དད་པའི་རྣམ་པ་དང་ལྡན་པ་མི་འཛིན་ན། རྣམ་
པ་གཞན་གཟུང་ཡང་དེ་ལས་གཞན་འཛིན་པར་མི་འགྱུར་རོ། །ཐ་མི་དད་པ་ནི་འཛིན་པའི་རྒྱུ་མཚན་མ་ཡིན་ཏེ། རྣམ་པ་དང་ལྡན་པ་མི་འཛིན་པའི་ཕྱིར་རོ། །འོན་ཏེ་དེ་དང་ཐ་མི་དད་པའི་ཕྱིར་དེ་ནི་རྣམ་པ་གཞན་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་རྣམ་པ་ཐ་དད་པ་མ་ཡིན་པའི་ཕྱིར་རྣམ་པ་དང་ལྡན་པར་
ཡང་མི་འགྱུར་རོ། །འདིས་ནི་རྣམ་པར་བཤད་པ་བྱེད་པའི་ཚིག་ཀྱང་སྤངས་པ་ཡིན་ཏེ། གཅིག་ལ་ཞིག་པས་ནི་ཐམས་ཅད་ལ་ཞིག་པར་མི་འགྱུར་ཏེ། གསལ་བ་གཞན་ལ་གནས་པར་དམིགས་པ་ཡིན་ནོ་ཞེ་ན། རྣམ་པ་ཐ་དད་པ་མེད་པའི་ཕྱིར་དེ་དང་ཐ་དད་པ་མེད་པ་ནི་གསལ་བ་གཞན་དུ་འགྱུར་བ་མ་
ཡིན་ཏེ། རྣམ་པ་གཞན་བཞིན་ནོ། །འོན་ཏེ་ནག་པོ་ལ་སོགས་པའི་དབྱེ་བས་རྣམ་པ་དང་ལྡན་པ་ནི་གཞན་ཉིད་དུ་འགྱུར་གྱི། རྣམ་པ་གཞན་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ནག་སོགས་གཞན་ཡིན་ན། །དེ་ཐ་དད་ལས་ཐ་དད་གང་། །དེ་དང་འབྲེལ་ཕྱིར་ཐ་དད་ན། །རྣམ་པའང་དེར་ནི་ཅིས་
མི་འགྱུར། །གལ་ཏེ་ནག་པོ་ཉིད་ལ་སོགས་པ་རྣམ་པ་དང་ལྡན་པ་ལས་གཞན་ཡིན་ན། ཅི་ལྟར་དེ་ཐ་དད་པས་ཐ་དད་པར་འགྱུར། གཞན་ཐ་དད་པས་ནི་གཞན་ཐ་དད་པ་མ་ཡིན་ནོ། །རྒྱུ་ཉིད་ཀྱིས་ཐ་དད་པར་བྱེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། རྒྱུ་ཉིད་མེད་པའི་ཕྱིར་རོ། །ཡོན་ཏན་ཉིད་ནི་རྫས་ཀྱི་རྒྱུ་
མ་ཡིན་ཏེ། དེ་དང་གྲུབ་པ་དང་བདེ་བ་གཅིག་ཏུ་སྐྱེས་པའི་ཕྱིར་རོ། །རྒྱུ་ཉིད་ཡིན་ཡང་དེ་ལས་གཞན་ཐ་དད་པ་སྐྱེས་པའི་ཕྱིར་དེ་ལ་ཡང་འབྲེལ་པ་ཅན་ཐ་དད་པར་བྱེད་པ་གཞན་ཡོད་པར་འགྱུར་རོ། །རྒྱུ་ཉིད་ནི་འབྲེལ་པ་ཅན་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་མེ་ཡང་དུ་བའི་འབྲེལ་པ་ཅན་དུ་འགྱུར་རོ། །མ་
མཐོང་བའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་ནི་འབྲེལ་པ་ཅན་ཡང་རྒྱུར་མ་མཐོང་བས་ན་རྒྱུ་ཉིད་དུ་བརྟག་པར་མི་བྱའོ། །ཐ་དད་མིན་ཕྱོགས་ལ་ཐ་དད། །ཅེ་ན་རྣམ་པའང་ཐ་དད་ཉིད། །ཐ་དད་ལས་དབྱེ་མེད་ཐ་དད། །གཞན་དུ་ཐ་དད་མེད་མི་འགྱུར། །ནག་པོ་ལ་སོགས་པ་ནི་རྣམ་པ་དང་ལྡན་པ་

ལས་ཐ་དད་པ་མ་ཡིན་ཏེ། དེས་ན་ཐ་དད་པ་ལས་ཐ་མི་དད་པའི་གང་ཡིན་པ་དེ་ཡང་ཐ་དད་པ་ཡིན་པའི་ཕྱིར་རྣམ་པ་དང་ལྡན་པ་ཐ་དད་དོ་ཞེ་ན། འོ་ན་ནི་རྣམ་པ་ཡང་དེ་དང་ཐ་མི་དད་པས་ཐ་དད་པར་ཐལ་ལོ། །རྣམ་པ་ཡང་རྣམ་པ་དང་ལྡན་པ་དང་ཐ་དད་པ་མ་ཡིན་ཏེ། དེས་ན་ཐ་དད་པ་དང་ཐ་མི་དད་པ་ནི་
རྣམ་པ་དང་ལྡན་པ་གཞན་དང་། རྣམ་པ་ལས་ཀྱང་ཐ་དད་པར་འགྱུར་རོ། །རྣམ་པ་ནི་ཐ་མི་དད་པ་ཉིད་དེ། རྣམ་པ་ཡོན་ཏན་ཏུ་གྱུར་པ་ནི་ནག་པོ་ལ་སོགས་པའི་ཡོན་ཏན་དང་འབྲེལ་པ་མ་ཡིན་ཏེ། ཡོན་ཏན་རྣམས་ཕན་ཚུན་མི་འདུ་བའི་ཕྱིར་ཏེ། དེའི་ཡོན་ཏན་རྣམས་ནི་ཡོན་ཏན་ཅན་ལ་འདུ་བ་
ཡིན་ནོ་ཞེས་བྱ་བ་གཞུང་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། ཐ་དད་ནི་འདི་བརྗོད་པར་རིགས། །གཅིག་པ་ལས་ནི་དབྱེར་མེད་ཕྱིར། །འདི་འདིར་འདི་ནི་མ་ཡིན་ཞེས། །རྟོགས་པ་ཐ་དད་ལས་བྱུང་ཡིན། །འོ་ན་ཐ་དད་འགྱུར་ཞེ་ན། །འདི་ནི་བྱིས་པའི་རྩེད་མོར་འགྱུར། །ཐ་དད་ཕྱོགས་ནི་ཡོངས་སྤངས་
ཏེ། །ཕྱོགས་གཞན་ལ་ནི་རྟེན་པའི་ཕྱིར། །དེར་ཡང་ཉེས་པ་མཐོང་བ་ཡིས། །སླར་ཡང་སྔ་མ་ལ་བརྟེན་ཕྱིར། །དེའི་ཕྱིར་རྣམ་པའི་མཚན་ཉིད་ཀྱང་སྤྱི་མ་ཡིན་ནོ། །འདིས་ནི་གཙོ་བོའི་མཚན་ཉིད་ཀྱང་གསལ་བ་ཡིན་ཏེ། དེ་ཡང་རྗེས་སུ་འགྲོ་བ་ཡིན་ན། དེའི་གནས་སྐབས་ཐམས་ཅད་འཛིན་པའི་
ཕྱིར་ཐམས་ཅད་ཐམས་ཅད་མཐོང་བར་འགྱུར་ཏེ། །དེ་ཁོ་ན་གཞན་མེད་པའི་ཕྱིར་ན། གནས་སྐབས་དེ་གཙོ་བོའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་དོན་དམ་པར་ན་ཐམས་ཅད་སྣང་བ་ཉིད་དོ། །འཁྲུལ་པས་མི་སྣང་ངོ་ཞེས་རྣམ་པར་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར། ཐམས་
ཅད་སྣང་བ་མེད་དམ་ཅི། །འོན་ཏེ་སྣང་ཡང་འཁྲུལ་པ་ཡིན། །འདིར་ནི་ཚད་མ་ཡོད་མིན་ཏེ། །རྟོགས་པ་འབའ་ཞིག་ཙམ་དུ་ཟད། །ཐམས་ཅད་རྒྱུ་ལས་ནུས་པ་ཡིས། །རང་བཞིན་དུ་ནི་གནས་པ་གང་། །དེ་ནི་གཙོ་བོ་འགྲོ་བ་ཀུན། །དེ་ལས་སྐྱེས་པར་གྱུར་པ་ཡིན། །གལ་ཏེ་ཁྱབ་དང་རྟག་པར་ནི། །
གནས་པ་དེ་ཉིད་སྤྱི་ཡིན་ལ། །གསལ་བ་གསལ་བ་ཕན་ཚུན་དུ། །ཐ་དད་པར་ནི་མཐོང་བ་ཡིན། །འདིར་འདི་ནི་འགལ་བ་ཡིན་ཏེ། །ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་འགྱུར་ཏེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་བྱའོ། །གང་གི་ཕྱིར།

འབྲས་བུའི་སྒོ་ནས་བརྟགས་པ་གང་། །དེ་གསོག་ཉིད་ཀྱིས་དེ་ཡང་ནི། །གསོག་འགྱུར་རྒྱུ་ལ་དེ་ཡི་ནི། །རང་བཞིན་གྱིས་ནི་ཡོད་ཕྱིར་རོ། །ཅི་སྟེ་གཞན་ཉིད་དེ་འབྲས་སྔར། །ཡོད་སྨྲ་བ་ནི་ཉམས་པར་འགྱུར། །གང་ཞིག་མཐོང་བ་མེད་པ་ཡི། །དངོས་པོ་དེ་ཉིད་དོན་
དམ་མིན། །དེའི་ཕྱིར་གཙོ་བོའི་མཚན་ཉིད་ཀྱང་སྤྱི་མ་ཡིན་ནོ། །འོན་ཏེ་ཡང་སྔ་མ་དང་ཕྱི་མའི་དངོས་པོ་ལ་མངོན་སུམ་མི་འཇུག་པའི་ཕྱིར་གལ་ཏེ་དུས་ཀྱི་དབྱེ་བ་ཐ་དད་པའི་གསལ་བ་ཁྱབ་པའི་སྤྱི་མི་འཛིན་པ་དེ་ལྟ་ན་ཡང་། དུས་མཚུངས་པ་ཡུལ་ཐ་དད་པའི་ཁྱབ་པ་ནི་འཛིན་པ་ཉིད་དོ་སྙམ་ན་དེ་ཡང་མ་
ཡིན་ཏེ། འདི་ལྟར། དུས་ཐ་དད་པར་གྱུར་པ་ཡིན། །གསལ་བ་ཁྱབ་པ་མི་འཛིན་ན། །སྤྱི་ལ་དགོས་པ་ཡོད་མིན་ཏེ། །དེ་འདྲའི་ཐ་སྙད་འགྱུར་མ་ཡིན། །ར་དཀར་པོས་ལྷ་གསོལ་ཅིག་བྱས་པ་ན་སྔར་ལྷ་གསོལ་བ་མཐོང་བ་དེ་ཉིད་འདི་ཡིན་ནོ། །སྙམ་པས། རིགས་རྗེས་སུ་འགྲོ་བའི་ཕྱིར་ལྷ་
གསོལ་བའི་དོན་དུ་ཐ་སྙད་པ་དག་གིས་དེ་སྤྱིར་འདོད་པ་ཡིན་ནོ། །དུས་གཅིག་ཏུ་མཐོང་བ་དེ་ནི་ཐ་སྙད་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། གཉི་ག་ཡང་སྔར་གྱི་རྗེས་སུ་འབྲངས་པས་དེའི་རིགས་ཉིད་དུ་རྟོགས་པའི་ཕྱིར་རོ། །སྔ་མ་དང་ཕྱི་མ་དག་ལ་ཡང་སྔ་ཕྱིའི་གསལ་བ་གསལ་བར་སྣང་བ་དང་། མི་གསལ་
བར་སྣང་བའི་རྣམ་པ་དག་ལས་ཐ་དད་པའི་སྤྱི་གཞན་ནི་རྟོགས་པ་མེད་དོ། །དེ་བཞིན་དུས་མཚུངས་པ་དག་ལ་ཡང་གསལ་བའི་རྣམ་པ་གཉིས་ལས་མེད་དོ། །འོ་ན་ཅི་ལྟར་འདི་གཉིས་མཚུངས་སོ་ཞེས་བྱ་བར་རྟོགས་པ་ཡིན་ཞེ་ན། རྟོགས་པ་འདི་ནི་སྔ་ཕྱི་བྱུང་བ་དག་ལ་ཡང་མཚུངས་སོ། །འདི་ལྟར།
དེ་ལ་མཚུངས་པའི་རྣམ་པ་ནི། །མངོན་སུམ་གྱིས་མཐོང་ཡོད་མ་ཡིན། །གསལ་བ་དུས་མཚུངས་པ་དག་ལའང་། །མངོན་སུམ་གྱིས་ནི་མཐོང་བ་མེད། །སྤྱི་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྔ་མ་དང་ཕྱི་མའི་གསལ་བ་དེ་བཞིན་དུ་དུས་མཚུངས་པ་དག་ལ་ཡང་རྣམ་པ་མཚུངས་པ་ཉིད་ཐ་དད་པར་
རྟོགས་པ་མེད་དོ། །དེ་ནི་རྟོགས་པ་ཙམ་འབའ་ཞིག་ཏུ་ཟད་དེ་རྟོགས་པར་བྱ་བ་མི་མཐོང་བའི་ཕྱིར་རོ། །རྟོགས་པར་བྱ་བའི་རྣམ་པ་མེད་པར་ནི་རྟོགས་པ་འགའ་ཡང་རྟོགས་པ་མ་ཡིན་ནོ། །མཚུངས་པའི་རྣམ་པར་རྟོག་པ་གང་། །དེ་ནི་དམིགས་པ་མེད་པར་སྐྱེ། །དེ་ཡི་གཟུང་བ་སྣང་མེད་ཕྱིར། །སྔོན་

དང་ཕྱི་མའི་ཁྱད་པར་བཞིན། །གང་མཚུངས་པའི་རྟོགས་པ་དེ་ཐམས་ཅད་ནི་དམིགས་པ་མེད་པ་ཡིན་ཏེ། དེ་ལ་གཟུང་བ་མི་སྣང་བའི་ཕྱིར་རོ། །དཔེར་ན་དུས་ཐ་དད་པའི་གསལ་བའི་སྤྱི་ལ་དམིགས་པར་འདོད་པ་བཞིན་ཏེ། གསལ་བ་དུས་མཚུངས་པའི་སྤྱིའི་ཡུལ་ཅན་གྱི་རྟོགས་པ་ཡང་། སྤྱིའི་
རྣམ་པ་སྣང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གཏན་ཚིགས་སོ། །འོ་ན་ཐམས་ཅད་མི་འདྲ་བ་ཡིན་པའི་ཕྱིར་སྤྱི་མེད་ན་ཤེས་པ་དེ་ཅི་ལྟར་སྐྱེ་ཞེ་ན། དེ་ཡང་མི་བདེན་ཏེ། གལ་ཏེ་རྟོགས་པ་འདི་དག་ནི། །འགའ་ཞིག་ཉིད་ལ་འཇུག་ན་ཡང་། །རྒྱུ་ཙམ་ཉིད་ལ་ངེས་འགྱུར་གྱི། །སྤྱི་རྟོགས་པར་གོ་
ཅི་ལྟར་འགྱུར། །རྒྱུ་མེད་པར་ངེས་པ་མ་ཡིན་པའི་ཕྱིར་རྒྱུ་ཙམ་ཞིག་བརྟག་པ་ཉིད་དུ་རིགས་ཀྱི་སྤྱི་ལ་གོ་ཅིར་འགྱུར། ཡང་ན་དེ་ལས་གཞན་པ་དག་ལས་ལྡོག་པ་ཙམ་ཉིད་སྤྱིར་འགྱུར་བའི་ཕྱིར་ཆད་པ་ཅི་ཡོད། དེ་ཡང་ངོ་བོ་མེད་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་། བག་ཆགས་ས་བོན་
སད་པ་ལས། །སྒྲོ་འདོགས་པ་ཡི་རྣམ་པ་གང་། །དེ་ཙམ་གྱིས་ནི་ཆོག་པའི་ཕྱིར། །སྤྱི་གཞན་ཅི་ལྟར་དོན་མེད་མིན། །ཐ་སྙད་པ་ཙམ་དེ་ཁོ་ན་ཉིད་དུ་མ་བརྟགས་པ་ཡང་རིགས་སུ་འགྲུབ་པའི་ཕྱིར་གཞན་དུ་ངལ་བ་ལྷུར་ལེན་པ་གཞན་གྱིས་ཅི་ཞིག་བྱ། གལ་ཏེ་ཆོས་དང་ཆོས་མིན་པ། །གྲུབ་
ཕྱིར་རིགས་ནི་དོན་དམ་ན། །དེ་ཡི་ཆོས་ཀྱིས་སྒྲུབ་བྱེད་ཉིད། །ཚད་མའང་གང་གིས་འཇལ་བ་ཡིན། །རིགས་རང་གི་ངོ་བོར་གྲུབ་པར་གྱུར་ཀྱང་ཆོས་ལ་སོགས་པའི་སྒྲུབ་པར་བྱེད་པ་ཉིད་ནི། བྱེ་བྲག་ཏུ་ཁོང་དུ་ཆུད་པ་མ་ཡིན་ཏེ། རིགས་གཞན་ལས་ཐ་དད་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་
གྲུབ་པ་མ་ཡིན་ན་ནི་འབྲས་བུ་ལ་ཉེ་བར་མཁོ་བ་མ་ཡིན་པའི་ཕྱིར་རིགས་འཛིན་པ་དོན་མེད་དོ། །ཡང་ན་དེ་ལྟ་བུའི་རྟོགས་པའི་ཁྱད་པར་གྱིས་ཉེ་བར་མཚོན་པའི་གསལ་བ་ཉིད་ཆོས་ལ་སོགས་པའི་སྒྲུབ་པར་བྱེད་པ་ཡིན་པས་དེ་ཉིད་སྤྱི་ཡིན་ནོ། །འོན་ཏེ་གལ་ཏེ་རྟག་པ་དང་ཁྱབ་པའི་སྤྱི་མེད་ན་སྤྱིའི་
རྣམ་པ་ཅན་གྱི་རྟོག་པ་ཁྱབ་པ་ཉིད་མེད་པར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། རྟོགས་པ་དེ་ལ་རྒྱུ་འགའ་ཞིག །ཡོད་དོ་ཞེས་ནི་རྟོགས་པར་འགྱུར། །གཞལ་བྱའི་རྣམ་པ་ཡོད་པའི་ཕྱིར། །གཞལ་བྱ་ཡོངས་སུ་རྟོགས་པ་ཡིན། །སྤྱིའི་རྣམ་པའི་གཞལ་བྱ་ནི་ཉམས་སུ་མྱོང་བར་མེད་དོ། །དེ་ལྟར་

ཡང་སྔར་བསྟན་པ་ཉིད་དོ། །དེའི་ཕྱིར་མངོན་སུམ་གྱི་མྱོང་བ་མེད་པའི་ཕྱིར་སྤྱི་ནི་མེད་པ་ཉིད་དོ། །སྣང་བའི་རང་བཞིན་པ་ཡང་དེ་ལས་གཞན་ཐུན་མོང་བ་ཉིད་དུ་ཉམས་སུ་མྱོང་བ་མེད་པས་སྤྱི་མེད་དོ། །གལ་ཏེ་སྤྱི་གསལ་བ་གཅིག་གིས་མཐར་ཐུག་པའི་ཕྱིར་ཞེས་བྱ་བ་
ཆོས་ཅན་གྱི་སྤྱི་མེད་པའི་ཕྱིར་ཁྱོད་ལ་ཆོས་ཅན་མ་གྲུབ་པས་ན། གཞི་མ་གྲུབ་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ནི་ཐལ་བ་སྒྲུབ་བྱེད་པ། །དེས་ན་གཞི་མ་གྲུབ་ཉིད་མིན། །གལ་ཏེ་འདི་འགྱུར་འདིར་ཡང་དེར། །མིན་ན་གཉི་གའང་ཞེས་འདོད་འདིར། །གལ་ཏེ་དེ་ལྟར་
གསལ་བ་གཅིག་གི་མཐར་ཐུག་པ་ཡིན་ན། དེའི་ཚེ་ཡུལ་གྱི་ཁྱབ་པ་དང་ལྡན་པ་གཞན་དང་འབྲེལ་པར་མི་འགྱུར་རོ། །མ་ཡིན་ན་ནི་གཉི་ག་ཡང་ཞེས་བྱ་བར་འགྱུར་རོ། །གལ་ཏེ་གཞན་དང་ལྡན་པ་གསལ་བ་གཅིག་གི་མཐར་ཐུག་པར་མི་འགྱུར་རོ་ཞེས་བྱ་བ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །
གསལ་བ་གཅིག་ལ་གནས་པ་ནི་མ་ཡིན་ཏེ། གསལ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །སྤྱི་ནི་གསལ་བ་གཅིག་ཉིད་ལ་གནས་པར་འདོད་པ་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དེ། དེ་ནི་ཐུན་མོང་ཉིད་ཡིན་ན། །ཁྱབ་པ་མངོན་སུམ་གྱིས་རིག་འགྱུར། །དེ་ཡི་ངོ་བོ་གཞན་གྱིས་ནི། །ངོ་བོ་
འཛིན་པ་མ་འཁྲུལ་མིན། །གལ་ཏེ་སྤྱི་ཁྱབ་པ་ཡིན་ན། །མངོན་སུམ་གྱི་ཚད་མས་ཁྱབ་པ་ཉིད་དུ་འཛིན་པར་འགྱུར་རོ། །ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ཚད་མ་ཉིད་མ་ཡིན་ནོ། །གལ་ཏེ་ཁྱབ་པ་ཉིད་དུ་རྟོགས་ན་ནི། །གསལ་བ་མཐའ་དག་རྟོགས་པ་ཉིད་དུ་འགྱུར་ཏེ། ཁྱབ་པར་བྱ་བ་མ་བཟུང་བར་
ཁྱབ་པར་བྱེད་པ་ཉིད་དུ་མི་རྟོགས་པའི་ཕྱིར་རོ། །རྟོགས་པ་ཡང་མེད་དོ། །དེས་ན་དེ་ལྟ་བུའི་རང་བཞིན་མ་ཡིན་ནོ། །དེས་ན་སྤྱི་ཉིད་མེད་པའི་ཕྱིར་ཆོས་གཉི་ག་ལྡོག་གོ། །གལ་ཏེ་འདི་གནས་པའི་ཕྱོགས་ཡིན་ན་ནི། ཆོས་ཅན་མ་གྲུབ་པའི་སྐྱོན་དུ་འགྱུར་རོ། །འདི་ནི་ཕན་ཚུན་འགལ་བ་སྟོན་པ་
ལྷུར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་དེ་ལྟ་བུའི་དོན་སྒྲུབ་པར་ནི་མི་ནུས་ཏེ། དེ་ལྟ་བུར་འགྱུར་བ་གཞན་མ་མཐོང་བའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་དཔེ་མེད་པར་འཇུག་པ་མ་ཡིན་ནོ། །འོན་ཏེ་སྤྱི་ནི་གཞན་དུ་མི་འཐད་པས་རྟོགས་པར་བྱ་བ། དོན་ཐམས་ཅད་དང་མི་མཐུན་པ་ཡིན་ཏེ། དེ་ལ་ནི་གཞན་གྱི་

ཆོས་འགལ་བས་འགལ་བ་བརྗོད་པར་བྱ་བ་མ་ཡིན་ནོ། །གཞན་གྱི་ཆོས་ནི་གཞན་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །ལུས་ཅན་གྱི་དངོས་པོའི་ཆོས་ལུས་ཅན་མ་ཡིན་པའི་སྤྱི་ལ་སྦྱོར་བར་མི་བྱའོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཐ་མའི་ཁྱད་པར་ལུས་མིན་ཡང་། །ཁྱབ་པར་ཕ་རོལ་འདོད་མ་
ཡིན། །དེ་བཞིན་སྤྱི་ཡང་ཁྱབ་པར་ནི། །འགྱུར་བ་མིན་པར་གཟུང་བར་གྱིས། །ལུས་ཅན་མ་ཡིན་པ་དང་འབྲེལ་པའི་ཐ་མའི་ཁྱད་པར་གང་ཡིན་པ་དེ་ཡང་སོ་སོར་ངེས་པའི་རྟེན་ཅན་ཡིན་གྱི། ཁྱབ་པར་ནི་མ་ཡིན་ནོ། །དེ་བཞིན་དུ་སྤྱི་ཡང་ལུས་ཅན་མ་ཡིན་པའི་ཕྱིར། ཁྱབ་པ་མ་ཡིན་པ་ལས་
འདའ་བར་ནི་མི་འགྱུར་རོ། །འོན་ཏེ་ཁྱད་པར་དེ་ནི་ལུས་ཅན་མ་ཡིན་ཡང་། དེ་ཉིད་ཀྱི་ཕྱིར་ཁྱབ་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་རྣམ་པར་དབྱེ་བ་འདི་ལུས་ཅན་དང་ཅིག་ཤོས་ཀྱིས་བྱས་པ་མ་ཡིན་ཏེ། ཁྱབ་པ་དང་ཅིག་ཤོས་ཀྱི་རྒྱུ་མཚན་ནི་སྤྱི་དང་ཁྱད་པར་གྱི་ངོ་བོ་ཉིད་ཡིན་ནོ། །ཡིན་མོད་ཅི་སྐྱོན་ཞེ་ན།
མ་གྲུབ་པ་ཉིད་མ་ཡིན་ནམ། སྤྱི་ནི་ཁྱེད་ཀྱིས་ཀྱང་ཆོས་ཅན་ཉིད་དུ་ཉེ་བར་བླངས་པའི་ཕྱིར་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། ཁྱབ་པ་ཉིད་ནི་མ་བཟུང་བར། །ཅི་ལྟར་སྤྱི་ནི་གཟུང་བར་བརྗོད། །གལ་ཏེ་དེ་ནི་རང་ངོ་བོས། །གཟུང་ན་དེ་ཕྱིར་ཅི་ལྟར་སྤྱི། །གཟུང་ཞེས་བྱ་བ་ཚིག་
གི་ལྷག་མའོ། །སྤྱི་རང་གི་ངོ་བོས་གཟུང་ན་ཁྱབ་པ་ཉིད་དམ་ཅིག་ཤོས་སུ་འཛིན་པར་འགྱུར་རོ། །ཁྱབ་པ་ཉིད་དུ་འཛིན་ཏོ་ཞེ་ན། དེ་གསལ་བ་མཐའ་དག་ལ་ཁྱབ་པའི་སྤྱི་ལ་འཇུག་པ་གང་ཡིན་པ་དེ་ཙམ་གྱིས་འཇུག་པ་ནི་མངོན་སུམ་ལ་ཡོད་པ་མ་ཡིན་ནོ། །འོན་ཏེ་གསལ་བ་དག་དུ་ནི་མི་འཛིན་ཏོ་
ཞེ་ན། དེ་ལྟ་ན་འོ་ན་སྤྱི་གསལ་བ་གཅིག་དང་འབྲེལ་པ་གཟུང་བ་ནི་ཅི་ལྟར་ཁྱབ་པ་ཉིད་དུ་འཛིན་པ་ཡིན། གསལ་བ་གཅིག་གི་ཁྱད་པར་ཅན་ཉིད་ཡིན་ན་ནི། གསལ་བ་དེའི་ཁྱད་པར་ཅན་ཡིན་པས་ཁྱད་པར་བཞིན་དུ་སྤྱི་མ་ཡིན་པར་འགྱུར་རོ། །འོན་ཏེ་རྣམ་གྲངས་གཞན་གྱིས་གསལ་བ་གཞན་གྱི་
ཁྱད་པར་དུ་ཡང་འཛིན་ཏོ་ཞེ་ན། དེ་ལྟ་ཡིན་ན་སྤྱི་དེ་ཉིད་འདི་ཡིན་ནོ་ཞེས་ཅི་ལྟར་རྟོགས། དེ་ཉིད་འདི་ཡིན་ནོ་ཞེས་མངོན་སུམ་གྱིས་ནི་མི་རྟོགས་སོ་ཞེས་དཔྱད་ཟིན་ཏོ། །དེའི་ཕྱིར་སྤྱི་རང་བཞིན་མ་གྲུབ་པ་ཉིད་ཇི་ལྟར་ཁྱབ་པ་ཉིད་སྒྲུབ་པར་བྱེད། དེའི་ཕྱིར་ལུས་ཅན་མིན་ལས་དང་། སྤྱི་ལས་གང་

དུའང་ཁྱབ་མི་གྲུབ། །མངོན་སུམ་གྱིས་ཀྱང་མཐོང་མེད་ཕྱིར། །སྤྱི་ནི་སྟོང་པ་ཉིད་དུ་འགྱུར། །གལ་ཏེ་སྤྱི་མ་གྲུབ་ན་ཅི་ལྟར་ཁྱེད་ཀྱིས་སྤྱིའི་ཡུལ་ཁྱབ་པ་ཡིན་པར་སྒྲུབ་ཆོས་ཅན་ཉིད་ཉེ་བར་ལེན་ན་ནི་དེ་ལ་ཆོས་འགའ་ཞིག་སྒྲུབ་པར་འགྱུར་གྱི། གཞན་དུ་ནི་མ་
ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་ལྟར། འདི་ནི་བཤད་ཟིན་ཏོ། །འདི་ནི་ཐལ་བ་སྒྲུབ་པ་ཡིན་ཏེ། འདི