Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 179
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
ན་ནོ། །དེའི་ཕྱིར་འཛིན་པར་བྱེད་པ་གཞན་གྱི་བྱེད་པའི་ཡུལ་དུ་མི་འཐད་པ་ཉིད་ཀྱིས་རང་རིག་པ་ཉིད་དེ། འདི་ལ་ནི་དཔེ་ཡོད་པ་མ་ཡིན་ནོ། །གང་ཞིག་བྱིན་གྱིས་རློབས་པའོ། །གཞན་མེད་པར་རྟོགས་པ་དེ་ནི་རང་ དབང་ཉིད་དུ་རྟོགས་པ་ཡིན་ལ། རྩིག་པ་ལ་སོགས་པ་རིག་པ་དག་ལས་ཡང་བྱིན་གྱིས་རློབ་པ་པོ་འགའ་ཡང་མེད་པ་ཡིན་ཏེ། དེས་ན་རང་རྒྱུད་དུ་རིག་པ་མ་ཡིན་པས་རང་རིག་པའི་ངོ་བོར་གྲུབ་པོ། །མིག་ནི་འཛིན་པར་བྱེད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་རང་བཞིན་དུ་གཟུང་བ་ ཡིན་པའི་ཕྱིར་རོ། །གསལ་བར་བྱེད་པ་ནི་རྒྱུ་ལས་ཁྱད་པར་འགའ་ཡང་མེད་དོ་ཞེས་བསྟན་ཟིན་ཅིང་སྟོན་པར་འགྱུར་རོ། །དེས་ན་ཐ་དད་པ་ལ་ལྟོས་ནས་གསལ་བར་བྱེད་པའི་ངོ་བོ་ནི་རྒྱུའི་དངོས་པོ་ཉིད་དོ། །གསལ་བར་བྱ་བ་ནི་རང་རིག་པ་ལས་སོ་ཞེས་བྱ་བར་རིགས་སོ། །དེ་ལྟ་བུ་ཉིད་ཀྱང་ མཐོང་བའི་ཕྱིར་དེ་ལྟ་བུ་ཉིད་དྲན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །གཞན་ཡང་། འབྲེལ་མི་རྟག་ཕྱིར་རྩིག་པ་ལ། །ངར་འཛིན་པ་ནི་འབྱུང་མི་འགྱུར། །རྟག་ཏུ་རྗེས་སུ་འབྲེལ་པ་ཡིས། །དེ་ནི་ལུས་ལ་འབྲེལ་པ་ཡིན། །དེའི་ཕྱིར་རྟག་ཏུ་རྗེས་སུ་འབྲེལ་པ་ངར་འཛིན་པའི་རྒྱུན་ ཡིན་པའི་ཕྱིར་ན་རྩིག་པ་ལ་སོགས་པ་ལ་འཛིན་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ། །ངར་འཛིན་པའི་ཕྱིར་ནི་རང་རིག་པ་མ་ཡིན་ཏེ། གཞན་ལ་ལྟོས་པ་མེད་པར་རིག་པ་དེ་ལྟར་གནས་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དེ་ནི་འཛིན་པར་བྱེད་པའི་རྣམ་པར་རིག་པ་ ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། མིག་སྩོགས་ལས་ནི་མ་གཏོགས་པ། །དེ་ཡི་རྣམ་པར་རིག་བྱེད་ཕྱིར། །དེ་ཀུན་གཟུང་བའི་རང་བཞིན་དུའང་། །ཕྱི་རོལ་སྨྲ་བ་རྣམས་ཀྱིས་འདོད། །དེ་ལས་མ་གཏོགས་པར་ནི་བདེ་བ་ལ་སོགས་པ་དམིགས་པ་མ་ཡིན་ནོ། །དེས་ན་ཐམས་ ཅད་ལྟོས་པ་མེད་པར་རིག་པའི་ཕྱིར་རང་རིག་པ་ཉིད་དོ། །ལུས་དང་ཅིག་ཤོས་སུ་མྱོང་བའི་གཟུགས་ལ་སོགས་པ་དག་པས་ནི་ཐ་དད་པར་འཛིན་པར་བྱེད་པར་འགྱུར་བ་གང་ཡིན་པ་གཞན་དམིགས་པ་མེད་དོ། །བདེ་བ་ལ་སོགས་པ་ཡང་ལུས་ལ་སོགས་ལས་མ་གཏོགས་པ་མེད་དོ། །དེ་དག་ ནི་རྟོགས་ཀྱང་འཛིན་པར་བྱེད་པ་མ་ཡིན་ཏེ། རང་གི་ངོ་བོ་ཙམ་གྱི་མཐར་ཐུག་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ཐ་དད་ན་གཟུང་བར་བྱ་བ་ཉིད་ཐ་དད་པར་ཡང་འགྱུར་རོ། །འགྱུར་བ་ཉིད་དེ་འདོད་པ་ལ་སོགས་པ་ཐ་དད་པས་མི་སྡུག་པ་ལ་སོགས་པར་སྣང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མི་སྡུག་པ་ ལ་སོགས་པའི་བྱེ་བྲག་ཏུ་སྣང་ན་དོན་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཕན་ཚུན་འགལ་བའི་རང་བཞིན་གཅིག་ཏུ་རིགས་པ་མ་ཡིན་ནོ། །འཛིན་པར་བྱེད་པ་ལ་ལྟོས་པས་མི་འགལ་ལོ་ཞེས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ལྟོས་པ་མི་རུང་བའི་ཕྱིར་རོ། །འཛིན་པར་བྱེད་པ་གཞན་ལ་ལྟོས་ནས་ ནི་དེ་བཞིན་དུ་འགྱུར་བ་མ་ཡིན་ཏེ། འཛིན་པར་བྱེད་པ་རྒྱུ་ཡིན་པར་ཐལ་བའི་ཕྱིར་རོ། །མི་སྡུག་པ་ལ་སོགས་པའི་རང་བཞིན་ཡོད་པ་ཉིད་ལས་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ཡོད་པ་ཉིད་གསལ་བར་བྱེད་པ་ཡིན་ན། འོ་ན་ཇི་ལྟར་ཕྱིས་བརྟགས་པས་གནོད་པར་འགྱུར། དེས་ན་འདི་ ནི་གྱི་ནའོ། །འོན་ཏེ་ཉེ་བར་བཀོད་པ་འདི་ཐམས་ཅད་ནི་གཟུང་བ་ཉིད་དོ། །འཛིན་པར་བྱེད་པའི་བློ་གཞན་དེ་ཉིད་ཀྱི་ཚེ་དོན་གྱིས་གོ་བས་རྟོགས་པར་བྱ་བ་ཡིན་ན། དེ་ལ་ལྟོས་ནས་རང་རིག་པ་མ་ཡིན་ནོ། །དེས་ན་དྲན་པ་དུས་ཕྱིས་འདི་ལྟ་བུ་ཉིད་དུ་རྟོགས་པ་ཡིན་ཞེ་ན། དེ་ཡང་མི་འཐད་དེ། འཇིག་རྟེན་ རིག་པ་དོན་གོ་བར། །གཟུང་ལས་རང་བཞིན་ཐ་དད་དུ། །ཤེས་མིན་དེ་ཡི་རྣམ་པ་ནི། །གསལ་བར་ངོ་བོ་མ་རྟོགས་ཕྱིར། །གཟུགས་དང་བདེ་བ་ལ་སོགས་པ་ལས་ཐ་དད་པར་རྣམ་པ་དང་ལྡན་པའི་བློ་ནི་དོན་གྱིས་གོ་བས་ཐ་སྙད་དང་ལྡན་པའི་འཇིག་རྟེན་གྱིས་རྟོགས་པ་མེད་དོ། །ང་ལ་བློ་ཡོད་དོ་ སྙམ་ནས་ནི་གཟུང་བའི་རྣམ་པ་ལས་ཐ་དད་པར་སོ་སོར་ངེས་པའི་རང་བཞིན་རྟོགས་པ་མེད་པའི་རྣམ་པར་རྟོག་པའི་སྤྲོས་པ་ཉིད་ཡིན་པས་འཇིག་རྟེན་ཀུན་དུ་འཁྲུལ་པ་འབའ་ཞིག་ཏུ་ཟད་དོ། །ཅི་སྟེ་ཡུལ་ལ་སོགས་པ་ངེས་པར་རྣམ་པར་གནས་པའི་དོན་གྱི་བདག་ཉིད་ལུས་ཅན་དང་ཁོ་ན་སོ་སོ་རང་ བཞིན་ངེས་པར་རྟོགས་ཀྱི། བློ་ནི་དེ་ལྟ་བུའི་རང་བཞིན་མ་ཡིན། དེའི་རང་བཞིན་ནི་གཞལ་བྱ་གསལ་བར་བྱེད་པ་འབའ་ཞིག་ཡིན་པས་དེས་ན་གཟུགས་ལ་སོགས་པ་བཞིན་དུ་རང་བཞིན་སོ་སོར་ངེས་པ་འཕྲིགས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། རང་བཞིན་མ་རྟོགས་པ་རྣམས་ཀྱང་། ། གལ་ཏེ་འཛིན་པ་ཉིད་ཡིན་ན། །རི་བོང་སོགས་ཀྱི་རྭ་དག་ཀྱང་། །འཛིན་པར་བྱེད་པ་ཅི་སྟེ་མིན། །གལ་ཏེ་དེ་དག་དེ་ལྟར་ནི། །རྟོགས་མེད་བློ་ལ་རྟོགས་པ་མེད། །ང་ཡི་བློ་ཡོད་དོ་སྙམ་པ་ཡང་གཟུགས་ལ་སོགས་པ་ལས་གཞན་པའི་བདག་ཉིད་རིག་པ་མ་ཡིན་ཏེ་གསལ་ བར་བྱེད་པའི་ནང་དུ་ཆུད་པ་གཟུགས་ལ་སོགས་པའི་ཁྱད་པར་ཉིད་རང་བཞིན་དུ་གྱུར་པའི་ཆོས་ཀྱི་ཁྱད་པར་ལ་བརྟེན་ནས་དེ་ལྟར་བསྟན་པ་ཡིན་ནོ། །གཟུགས་ལ་སོགས་པའི་ལྐོག་ཏུ་གྱུར་པ་དང་། མ་གྲུབ་པ་ཐུན་མོང་མ་ཡིན་པ་ལ་གསལ་བཞིན་པའི་གཟུགས་ཉིད་ནི་གཟུགས་ཀྱི་ཁྱད་པར་ ཡིན་པ་ཉིད་ཀྱིས་ནི། རིགས་མཐུན་པའི་གཟུགས་ལས་ཀྱང་ལྡོག་པ་ཡིན་ནོ། །དེས་ནི་ལྡོག་པའི་ཁྱད་པར་གྱི་ཆོས་ཐ་དད་པ་དེས་ན་གཟུགས་ལ་སོགས་པའི་བློ་ཞེས་བརྗོད་པ་གང་ཞེན་པས་འཇུག་པ་ཡིན་ནོ། །དེའི་ཕྱིར་མཐོང་བའི་དུས་དང་དྲན་པའི་དུས་ན་བློ་གཞན་མེད་པའི་ཕྱིར་གཟུགས་ ལ་སོགས་པའི་རྣམ་པ་ཉིད་ཀྱིས་ནི། རང་རིག་པ་གྲུབ་ཅེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །དེས་ན། གཟུང་འཛིན་དག་ནི་གཅིག་ཡིན་ན། །དེ་གཅིག་རྟོགས་པར་ངེས་པ་ནི། །གཞན་ཡང་རྟོགས་པའམ་གཞན་ཡང་རྟོགས་པར་འགྱུར་ན། གཞན་མ་རྟོགས་ན་གཞན་ཡང་མི་རྟོགས་སོ་ ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་འདི་ཡང་གསལ་བ་ཡིན་ནོ། །གཟུགས་ལ་སོགས་པའི་རང་བཞིན་དང་། །གསལ་བར་བྱེད་པའི་རང་བཞིན་ཡང་རྟོགས་པ་ཉིད་དེ། འདི་ལ་ཐེ་ཚོམ་ཅི་ཞིག་ཡོད། །གང་ཡང་འཇིག་པར་བྱེད་པ་ཉིད་དྲན་པ་ཉིད་ཡིན་ཏེ། བདག་ཅི་ཞིག་མཐོང་བར་གྱུར་ཏོ་ཞེས་དྲན་ པའི་ཕྱིར་ཏེ་ཞེས་སྨྲས་པ་དེ་ལ་ཁྱད་པར་ནི་འཛིན་པར་བྱེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ལ། སྤྱི་ལ་ནི་གཟུང་བ་ལའང་ཐེ་ཚོམ་མི་ཟ་བ་ཡིན་ནོ། །ངའི་ཞེས་བྱ་ནི་འཇིག་རྟེན་ལུས་དང་འབྲེལ་པ་སྟོན་པ་ཡིན་ལ། ལུས་དེ་ཡང་གསལ་བྱ་ཉིད་ཡིན་གྱི་གསལ་བར་བྱེད་པ་གཞན་ནི་མེད་པའི་ཕྱིར་རོ། །འདི་ ཡང་བཤད་ཟིན་པ་ཉིད་དོ། །འོན་ཏེ་གཞན་གྱི་བསམ་པ། གཟུགས་ལ་སོགས་པ་རྟོགས་བློ་གཞན་ཡང་། ཡོད་པ་མ་ཡིན་ཏེ། དེ་བདེན་པ། དེ་ལྟ་ན་ཡང་རང་རིག་མིན། །དེ་ནི་གཞན་གྱིས་འཛིན་ཕྱིར་རོ། །ཞེས་བྱ་བ་ཡིན་ན། དེ་ནི་མི་རུང་སྟེ། དེ་དངོས་ཅན་མིན་བློ་ཡིས་ནི། །ཤེས་ འགའ་ཇི་ལྟར་མྱོང་བ་ཡིན། །དེས་རང་ངོ་བོ་མྱོང་མེད་ཕྱིར། །ཉམས་སུ་མྱོང་ལུས་ལྡོག་པར་འགྱུར། །གལ་ཏེ་དེའི་དུས་ཕྱིས་འབྱུང་བ་དོན་གོ་བ་ལ་སོགས་པའི་རང་བཞིན་དེའི་རྣམ་པ་ཅན་མ་ཡིན་པའི་བློ་གཞན་གྱིས་ཤེས་པར་འདོད་ན། དེའི་ཚེ་རིག་པ་འགག་པ་ཡིན་ཏེ། དེ་ནི་སྐད་ ཅིག་མ་ཡིན་ཏེ། བློ་གཞན་གྱི་དུས་སུ་ནི་སྡོད་པ་མ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ། །དེས་ན་མྱོང་བ་ཕྱི་མའི་དུས་སུ་མྱོང་བ་སྔ་མ་འགགས་པས་ཇི་ལྟར་མྱོང་བ་ཡིན། རང་གི་ངོ་བོ་ཡང་རིག་པ་མ་ཡིན་པའི་ཕྱིར་དང་། གཟུང་བར་བྱ་བའི་རང་བཞིན་ཡང་མེད་པས་མྱོང་བ་མ་ལུས་པ་འཇིག་ པར་འགྱུར་རོ། །རང་གི་ངོ་བོ་མེད་པ་ནི་མྱོང་བར་ནུས་པ་ནི་མ་ཡིན་ཏེ། མྱོང་བ་ནི་ཐམས་ཅད་དུ་རང་གི་ངོ་བོ་མྱོང་བ་ཡིན་པའི་ཕྱིར་རོ། །སྔོན་གྱི་མྱོང་བ་ཉེ་བར་གནས་པ་མ་ཡིན་པ་ནི། རང་གི་ངོ་བོ་ནི་མེད་པ་ཡིན་པའི་ཕྱིར་མྱོང་བ་སྔ་མ་མྱོང་བ་ཕྱི་མས་མྱོང་བ་མ་ཡིན་ནོ། །རང་གི་རང་བཞིན་ཡང་ མྱོང་བར་མི་འདོད་དོ། །མཐོང་བ་ཡང་མ་ཡིན་ཏེ། དེ་ནི་ལུས་ཀྱི་རྣམ་པ་དང་འབྲེལ་པའི་ཕྱིར་རོ། །ལུས་ཀྱི་རྣམ་པ་ཡིན་ཡང་རང་རིག་པར་ཁས་མི་ལེན་པའི་ཕྱིར། ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བསྟན་ཅིང་སྟོན་པར་འགྱུར་རོ། །གཞན་ཡང་བློ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ ནོ་ཞེས་བྱ་བ་འདི་ཡང་མི་རུང་སྟེ། འདི་ལྟར། དོན་དུ་སྣང་བ་དང་ལྡན་ཞེས། །དེ་ནི་ཕྱི་རོལ་མངོན་ཕྱོགས་སྣང་། །བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །གཞན་གཞན་གྱིས་འཛིན་པ་ནི། ཕྱི་རོལ་མ་ཡིན་པར་རྟོགས་པར་ནུས་པ་མ་ཡིན་ནོ། །བློ་ལས་རྟག་ ཏུ་ནང་ཉིད་དུ་སྣང་བ་ཡིན་ནོ། །འོན་ཏེ་བདག་ཉིད་ཀྱི་བློ་ནང་གི་ངོ་བོར་སྣང་ཞེ་ན། དྲན་པས་འཛིན་པས་ན་ཡང་བློ། །ནང་ཉིད་དུ་ནི་གསལ་བར་འགྱུར་རོ། །གང་གི་ཚེ་བདག་གི་བའི་བློ་དྲན་པས་དམིགས་པ་དེའི་ཚེ་ཡང་ཕྱི་རོལ་དུ་སྣང་བར་མི་འགྱུར་རོ། །འོན་ཏེ་དེ་ནི་དུས་ཐ་དད་པས་དེ་ལྟར་སྣང་ ངོ་ཞེ་ན། འདིར་རང་གི་ངོ་བོ་ཐ་དད་པའི་ཕྱིར་དེ་ལྟར་ཡིན་ནོ་ཞེས་ཅི་སྟེ་མི་འདོད། ཐ་དད་པའི་རྣམ་པ་མི་སྣང་བ་ནི་འཛིན་པར་བྱེད་པ་ལས་གཞན་ཡིན་ནོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །དེས་ན་ནང་ཉིད་དུ་ཉམས་སུ་མྱང་བའི་བློ་ནི་རང་རིག་པའི་རང་བཞིན་ཉིད་དོ་ཞེས་རིགས་སོ། །ཡུལ་མཚུངས་ པ་ཉིད་ཀྱིས་དེ་ལྟར་མྱོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཡུལ་མཚུངས་ཀྱང་རང་གི་ངོ་བོ་ཐ་དད་པ་ཉིད་དུ་འཛིན་པ་ཡིན་ནོ། །འདྲེས་པས་རྣམ་པར་དབྱེར་མེད་པ་ནི་གསལ་བ་ཉིད་དོ། །དེའི་ཕྱིར་གྱི་བློ་གཞན་གྱིས་འཛིན་པ་དེའི་ལྟར་ན་དེ་ཕྱི་རོལ་ཉིད་དུ་སྣང་བར་འགྱུར་ རོ་ཞེས་རིགས་སོ། །གཞན་ཡང་། ཡུལ་གང་གིས་ནི་སྣང་བ་གང་། །དེས་དེ་མྱོང་མིན་ཞེས་པའང་འཐོབ། །ཡུལ་གང་གང་གི་སྣང་བ་གང་ཞིག་ཤེས་པ་ལ་གནས་པའི་དོན་དེ་ཡུལ་དུ་སྣང་བའི་ཤེས་པས་རིག་པ་ཡིན་པར་མི་འགྱུར་ཏེ། རང་གི་ངོ་བོར་འགྱུར་བའི་དོན་དུ་སྣང་བ་མྱོང་བ་མེད་ པའི་ཕྱིར་རོ། །རང་རིག་པས་ཡུལ་གྱི་སྣང་བ་ཉམས་སུ་མྱོང་ན་ནི། དོན་གྱིས་ན་དོན་དེ་ཡང་མི་འགྱུར་རོ། །དོན་མྱོང་བ་ནི་འདི་ཉིད་ཡིན། །ཤིང་ལ་སོགས་པ་མེ་ལོང་གི་རྣམ་པས་འཛིན་པ་བཞིན་ནོ། །རང་རིག་པ་མ་ཡིན་ན་ནི། ཐམས་ཅད་ཅིར་ཡང་མི་རུང་བར་འགྱུར་རོ། །གལ་ཏེ་དེ་དང་འདྲ་ བ་ལས། །མྱོང་གཞན་ཅི་ཡོད་ཅིས་འདོད་ན། །གལ་ཏེ་བློ་ནི་དེའི་ངོ་བོར། །སྐྱེས་ན་དེ་ཉིད་དོན་མྱོང་ཡིན། །དེ་ཡི་རང་བཞིན་རིག་མེད་ན། །དོན་རིག་པར་ནི་འགྱུར་མ་ཡིན། །རང་རིག་པ་གཞན་མེད་མོད། དེ་མེད་པས་ན་དེ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །རང་རིག་པ་མེད་པས་སྔོན་པོ་སྔོན་པོ་ མ་ཡིན་པར་འགྱུར་བ་ནི་མ་ཡིན་པ་དེ་བཞིན་དུ་བློ་བློ་མ་ཡིན་པར་མི་འགྱུར་རོ། །གཞན་རིག་པས་བློ་ཡིན་གྱི། རང་རིག་པས་ནི་མ་ཡིན་ནོ། །དོན་གྱི་རང་བཞིན་ཉིད་མྱོང་བའི་མཚན་ཉིད་ཡིན་གྱི། རང་རིག་པ་ནི་མ་ཡིན་ཏེ། བདག་ཀྱང་བློ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་བདག་ལ་གནས་པ་ དེའི་རྣམ་པ་ནི་རང་རིག་པ་མ་ཡིན་ཡང་བློ་ཉིད་དོ་ཞེ་ན། གལ་ཏེ་དེ་ལྟར་ན་རང་རིག་པ་མེད་ཀྱང་སྔར་གྱི་དོན་གྱི་རྣམ་པ་ཙམ་ལས་སམ། གཞན་གྱིས་ཡིན་པར་འགྱུར་ན་དེའི་ཚེ། འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་ཉིད་ནི་ཐོབ་པར་འགྱུར། །རང་རིག་པ་མ་ཡིན་ན་དེའི་ཚེ་རྣམ་པ་ཙམ་ཞིག་ ལུས་པ་ཡིན་ནོ། །དེའི་ཚེ་ཡང་བློ་དང་ཁྱད་པར་མེད་པ་ཉིད་དོ། །དེའི་རྣམ་པ་ཙམ་གྱིས་བློ་ཉིད་ཡིན་ན་ནི་དེར་ཡང་འགྱུར་རོ། །དེས་ན་དོན་གཞན་དང་འདྲ་བའི་དོན་ཡང་བློ་ཉིད་དེ་བློའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དོན་གྱི་ཕྱིར་ན་མ་ཡིན་ནི་ཞེ་ན། དོན་ཞེས་བྱ་བ་ནི་འདི་ཅི་ཡིན་མ་ཡིན་པའོ་ཞེ་ ན། བློ་མ་ཡིན་པ་ཉིད་དོན་ཡིན་པར་འགྱུར་བས་ན་གཅིག་ཀྱང་རབ་ཏུ་མི་འགྲུབ་པོ། །དེས་ན་བློ་ནི་རང་རིག་པ་ཙམ་ཉིད་དུ་ཟད་དོ་ཞེས་བྱ་བར་རིགས་སོ། །འོན་ཏེ་འདུ་བའི་འབྲེལ་པའམ་གཞན་གྱིས་བདག་ལ་གནས་པ་ཉིད་དོ་ཞེ་ན། དེ་ཡང་མི་རུང་སྟེ། བདག་ལ་གནས་པའི་བློ་ཉིད་ནའང་། ། འབད་རྩོལ་ལ་སོགས་ཕན་ཚུན་དུ། །འདུ་བའི་ཕྱིར་ན་བློར་འགྱུར་རོ། །བདག་ལ་གནས་པའང་ཇི་ལྟར་རིག །འབད་རྩོལ་ལ་སོགས་ཕན་ཚུན་དྲན་པ་དག་ཀྱང་མྱོང་བར་ཐལ་བར་འགྱུར་རོ། །བདག་ལ་གནས་པར་གང་གིས་ངེས། བློ་གཞན་གྱིས་སོ། །བློ་ཉིད་ངེས་པ་མ་ཡིན་ནམ། །དེ་ ཇི་ལྟར་བློ་གཞན་གྱིས་ཞེས་བརྗོད། བློ་གཉི་ག་བདག་ལ་གནས་པ་ཡིན་ན་ཇི་ལྟར་ཕན་ཚུན་དུ་འཛིན་ཏེ། ཡུལ་གཅིག་པ་ཉིད་ཀྱིས་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཐ་དད་པར་རྟོགས་ན་ནི་དེའི་ཚེ་བདག་ཀྱང་ཐ་དད་པར་རྟོགས་པར་འགྱུར་བས་ན་འདི་ཕན་ཚུན་རྣམ་པར་འབྱེད་པ་ཉིད་དུ་འགྱུར་ རོ། །བདག་མ་རྟོགས་པར་ནི་དེར་གནས་པ་ཉིད་དུ་རྟོགས་པ་མ་ཡིན་ཏེ། མ་རྟོགས་པའི་བདག་ཇི་ལྟར་བློའི་རྟེན་དུ་བློས་འཛིན། གཟུགས་ལ་སོགས་པ་བློས་རྟོགས། རྟོགས་ཀྱང་བདག་ལ་གནས་པའི་བློའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །དེ་དག་ནི་བདག་ལ་གནས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། བདག་ཁྱབ་པར་མ་ཡིན་ནམ། ཇི་ལྟར་དེ་ལ་མི་གནས་པ་ཉིད་ཡིན། དེར་འདུ་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཇི་ལྟར་འདུ་བ་མ་ཡིན། དེར་རྟོགས་པ་མེད་པའི་ཕྱིར་རོ། །འོ་ན་བློ་ཡང་བདག་ལ་རྟོགས་པ་མེད་པ་ཁོ་ན་སྟེ། དེ་ལས་ཐ་དད་པར་བདག་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་རེ་ ཞིག་བྱ་བའི་རང་བཞིན་གྱི་རྟོགས་པ་འདི་ནི་ཡོད་པ་མ་ཡིན་པས། དེ་ལ་གདོན་མི་ཟ་བར་བྱེད་པ་པོ་ཡོད་པར་འགྱུར་ཏེ། བྱེད་པ་པོ་མེད་པའི་བྱ་བ་ནི་མི་སྲིད་དོ་ཞེ་ན། མིག་ལ་སོགས་པ་གང་ལས་འདི་སྐྱེས་བུ་དེ་ཉིད་བྱེད་པ་མ་ཡིན་ནམ། དེ་དག་ནི་བྱེད་པ་ཡིན་པའི་ཕྱིར་རོ་ཞེ་ན། བྱེད་པ་པོ་གཞན་ བརྟགས་པས་ཅི་བྱ། དེ་དག་ཉིད་བྱེད་པ་པོ་ཡིན་མོད། དེ་དག་ནི་བྱེད་པ་པོ་གཞན་མེད་ན་བྱེད་པར་མི་འགྱུར་བ་མ་ཡིན་ནོ། །ཡང་ན་ལུས་ཉིད་བྱེད་པ་པོ་ཡིན་པས་གཞན་གྱིས་ཅི་བྱ། འོ་ན་བློ་ལུས་ཀྱི་ནང་དུ་ཚུད་པས་ནང་དུ་ཕྱོགས་པར་སྣང་བར་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་བློ་ གཞན་དུ་རྟོགས་སོ་ཞེ་ན། འོ་ན་ལུས་ཀྱི་ཕྱོགས་སུ་འགྱུར་བ་འགའ་ཞིག་ཀྱང་བློ་ཉིད་དུ་འགྱུར་རོ། །དེས་ན་རང་རིག་པ་མ་ཡིན་ན། གཟུགས་ལ་སོགས་པ་དག་མཚུངས་པ་ཉིད་དོ། །དེས་ན་འདྲ་བ་ཐམས་ཅད་ཕན་ཚུན་རིགས་པར་འགྱུར་རོ། །དེའི་ཕྱིར་རང་རིག་ པ་ཉིད་ཀྱིས་རང་བཞིན་གཞན་ལས་ལྡོག་པ་ཡིན་ནོ། །གལ་ཏེ་བློ་འདྲ་དེ་མྱོང་ན། །འདྲ་བ་ཐམས་ཅད་དོན་རིག་པ་ནི་མ་ཡིན་གྱི། འོན་ཀྱང་བློར་གྱུར་པའི་འདྲ་བའོ། །བློ་ལ་བརྟེན་པའི་འདྲ་བ་དོན་རིག་པ་ཡིན་གྱི། རིག་པ་ཙམ་མམ། འདྲ་བ་ཙམ་ནི་མ་ཡིན་ནོ། །རིག་པ་ཙམ་ཡིན་ན་ནི། རིག་ པ་ཙམ་ཁོ་ནར་འགྱུར་གྱི། དོན་རིག་པར་ནི་མི་འགྱུར་རོ། །འདྲ་བ་ཙམ་ཡིན་པ་ནི་དོན་རྣམས་ཀྱང་ཕན་ཚུན་རིག་པར་ཐལ་བའི་ཕྱིར་རོ་ཞེ་ན། དེ་ལྟར་ཡང་མི་རུང་སྟེ། འདི་ལྟར། དེ་ནི་འདྲ་ལས་མྱོང་མ་ཡིན། །གལ་ཏེ་འདྲ་བ་མྱོང་བའི་མཚན་ཉིད་ཡིན་ན་དེའི་ཚེ་འདྲ་བའི་དོན་ཡང་མྱོང་བར་འགྱུར་རོ་ ཞེས་བྱ་བ་འདི་ལ་བློར་འགྱུར་བ་ཞེས་ལན་བཏབ་པ་ཡིན་ན་དེ་ལ་ནི་ཕན་ཚུན་རིགས་པ་ཡིན་ན་དེ་དག་ཀྱང་བློར་ཐལ་བར་འགྱུར་བ་བརྗོད་པ་ཉིད་དོ། །མྱོང་བར་ཐལ་ལོ་ཞེས་བརྗོད་པ་དག་གང་ཡིན་པ་དེ་དག་བློ་ཉིད་དོ་ཞེས་བརྗོད་པ་འདི་ལ་ཡང་དེ་ཉིད་ལན་དུ་ཇི་ལྟར་འགྱུར། གང་གི་ཕྱིར་བློ་དང་མྱོང་བ་ ཞེས་བྱ་བ་འདི་གཉིས་བརྗོད་པར་བྱ་བ་ཐ་དད་ཉིད་ནི་མ་ཡིན་ནོ། །དེས་ན་ཁྱད་པར་གཞན་ཉིད་བརྗོད་པར་བྱ་བ་ཡིན་ལ་དེ་ཡང་འདྲ་བ་ལས་གཞན་ཡིན་ནོ། །གལ་ཏེ་འདྲ་བའི་དོན་རྣམས་ཕན་ཚུན་འཛིན་པར་བྱེད་པ་མ་ཡིན་པར་མཐོང་ལ་བློས་ནི་འཛིན་པར་བྱེད་པའི་རང་བཞིན་ཡིན་ནོ་ཞེ་ན་གལ་ཏེ་དེ་ལྟ་ན་ འཛིན་པར་བྱེད་པའི་རང་བཞིན་གྱི་འདྲ་བ་བློ་ཡིན་པར་འགྱུར་རོ། །འདྲ་བ་ཙམ་གྱིས་འཛིན་པར་བྱེད་པའི་རང་བཞིན་ཡིན་ན་ཡང་གཟུགས་ལ་སོགས་པ་རྣམས་ཀྱང་འཛིན་པར་བྱེད་པ་ཡིན་པའི་ཕྱིར་བློ་ཉིད་དུ་ཐལ་བར་འགྱུར་རོ། །འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་འཛིན་པར་བྱེད་ པ་ཉིད་རྣམ་པར་གནས་པ་ཡོད་ན། འགའ་ཞིག་ནི་འཛིན་པར་བྱེད་པ་ཡིན་ལ། གཞན་ནི་བཟློག་པར་རྣམ་པར་གཞག་པར་བྱ་བ་ཡིན་ན་དེ་ཉིད་ནི་གནས་པ་མེད་དོ། །འོན་ཏེ་གཟུགས་ལ་སོགས་པ་ལས་གཞན་པར་བྱེད་པ་ཡིན་ན། གཟུགས་ལ་སོགས་པ་དང་འདྲ་བ་རང་རིག་པ་མ་ཡིན་པའི་རང་ བཞིན་མ་ཡིན་ནམ། གཟུགས་ལ་སོགས་པ་ལས་གཞན་ཡིན། དེར་རྟོགས་པ་ལ་ནི་ཚད་མ་ཡང་ཡོད་པ་མ་ཡིན་ནོ། །དོན་གྱི་གཟུང་བ་ཉིད་དེ་ལྟ་མ་ཡིན་ན་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར་མཐོང་བ་དེ་ལྟར་ཡིན་དུ་ཟད་མོད། གཞན་གྱིས་ཅི་བྱ་དེའི་ཕྱིར་རང་རིག་པ་ཉིད་ཁྱད་པར་ཡིན་ནོ། །དེ་ལྟ་ཡིན་ དང་། ཁྱད་པར་གང་ལས་གཟུགས་ལ་སོགས་པའི་དོན་ལས་ལྡོག་པ་དེ་ཉིད་བློ་ཡིན་པས་འདྲ་བ་ལས་ནི་བློ་མ་ཡིན་ནོ། །རང་རིག་པའི་མཚན་ཉིད་ཀྱི་བློ་ཉིད་དུ་འགྱུར་བའི་འདྲ་བ་གང་ཡིན་པ་དེ་རིགས་པ་ཡིན་པས་རིག་པའི་མཚན་ཉིད་བློ་ཡིན་གྱི། འདྲ་བའི་མཚན་ཉིད་ནི་མ་ཡིན་ནོ། །འོ་ན་འདྲ་བའི་དོན་ དུ་འདོད་ཅེ་ན། དེས་བྱས་པའི་མྱོང་བ་ངེས་པའི་རྒྱུ་མཚན་མ་ཡིན་པའི་ཕྱིར་དེ་འདོད་པ་ཡིན་ནོ། །དེས་ན་བློ་ཡིས་ན་འདྲ་བ་ཞེས་བྱ་བར་འགྱུར་བས་ན་རང་རིག་པའི་མཚན་ཉིད་བློའི་ཁྱད་པར་ཉིད་ཡིན་གྱི། འདྲ་བ་ནི་དེ་ལས་གཞན་ནི་མ་ཡིན་ནོ། །འོ་ན་བློ་ཉིད་ཀྱང་འདྲ་བའི་ཁྱད་པར་ཡིན་གྱི། དེ་ལས་གཞན་པ་ ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། འདི་ནི་བདེན་མོད་ཀྱི་དེ་ལྟ་ན་ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ། འདྲ་བ་རང་རིག་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་གྱི། རང་རིག་པ་ནི་འདྲ་བ་ཙམ་ལས་འགྱུར་བ་མ་ཡིན་ནོ། །གཞན་ཡང་། དེ་ཡི་མྱོང་བ་དེ་རང་ཉིད། །དེ་ནི་འདྲ་བའི་རྒྱུ་མཚན་མིན། །འདྲ་པ་ ནི་རང་རིག་རྒྱུ་མཚན་ཡིན་ནོ། །གལ་ཏེ་རྟོགས་པ་གཞན་མེད་པར་རང་གི་ངོ་བོ་མངོན་དུ་བྱེད་ན། དེ་ལ་འདྲ་བས་ཅི་བྱ། གལ་ཏེ་འདི་གཞན་གྱིས་འདྲ་བ་ཡིན་ན། དེའི་ཚེ་དེ་ལྟར་རིགས་པ་ཡིན་གྱི། གཞན་གྱི་ཚེ་ནི་མ་ཡིན་ནོ་ཞེས། དེ་ལྟར་ནི་དེ་བརྟག་པར་མི་བྱ་སྟེ། ཆུས་ཁྱེར་བ་ལ་རགས་གཟུགས་ པས་ཅི་བྱ་ཞེས་བྱ་བའི་ཚུལ་དུ་འགྱུར་རོ། །ད་ནི་འདྲ་བས་ཅི་བྱ་ཞེས་བརྗོད་པར་ཡང་མི་བྱ་སྟེ། འདི་ལྟར། བྱ་བ་ལས་ཀྱི་རྣམ་གཞག་ནི། །འདི་ནི་འཇིག་རྟེན་ན་རྒྱུར་འགྱུར། །ཐ་དད་པའི་ཡུལ་རང་རིག་པའི་རང་བཞིན་ཉིད་ནི་འདིས་རྣམ་པར་འཇོག་པ་ཡིན་ཏེ། འདྲ་བ་ལས་གཞན་གྱིས་ནི་མ་ཡིན་ནོ་ཞེས་སོ། ། སྔོན་པོ་ལ་སོགས་པའི་ལས་དང་སེར་པོ་ལ་སོགས་པར་རིག་གོ་ཞེས་བྱ་བ་དང་། ལས་སོ་སོར་ངེས་པ་དོན་དུ་འདོད་པ་ཡིན་ནོ། །རེ་ཞིག་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལྟར་ན། ཕྱི་རོལ་སྔོན་པོ་ལ་སོགས་པས་རང་རིག་པ་ནི་མ་ཡིན་ནོ། །དེས་ན་འདྲ་བའི་དངོས་པོ་རྣམ་པར་གཞག་པར་བྱ་བ་ཡིན་ནོ། ། དེ་ལྟ་མ་ཡིན་ན་འཇིག་རྟེན་ན་སྔོན་པོ་ལ་སོགས་པ་ཕྱིའི་དོན་རྣམ་པར་གཞག་པ་མེད་པར་འགྱུར་ཏེ། འདི་ལྟར། རང་གི་ངོ་བོའི་རང་བཞིན་དེའི། །མྱོང་བ་སྒྲོ་འདོགས་འཁྲུལ་པ་ལས། །སྩོགས་པ་མྱོང་བར་གྲགས་ཡིན་གྱི། །གཞན་གྱི་བདག་ཉིད་མྱོང་ལས་མིན། །རིག་པའི་ རང་གི་ངོ་བོར་འགྱུར་བའི་རང་བཞིན་སྔོན་པོ་ལ་སོགས་པ་གང་ཡིན་པ་དེའི་མྱོང་བ་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་འཇུག་པ་ཅན་གྱི་འཁྲུལ་པས་ཕྱི་རོལ་སྔོན་པོ་ལ་སོགས་པ་ལ་སྒྲོ་འདོགས་པས་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་གྱི། དེ་ལས་གཞན་པའི་སྔོན་པོ་ལ་སོགས་པའི་བདག་ཉིད་ ནི་འགའ་ཡང་མྱོང་བའི་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་ནོ། །རིག་པ་ཉམས་སུ་མྱོང་བ་ཉིད་ཉེ་བར་བཏགས་ནས་མྱོང་བ་ཡིན་ནོ། །འདི་ལྟར། གཞན་རིག་ན་ཡང་དོན་བཞིན་དུ། །གལ་ཏེ་དེ་ཡི་ངོ་བོ་རྟོགས། །འདི་ནི་བདག་གིས་ཤེས་ཞེས་པའི། །ཐ་སྙད་རབ་ཏུ་འཇུག་པ་ཡིན། །དེའི་ཚེ་མཚན་ཉིད་ གཞན་རིག་པ་ན། འདི་ནི་བདག་ཅག་གིས་རིག་པ་ཉིད་དོ་ཞེས་འཇིག་རྟེན་ཐ་སྙད་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ན་སྨོས་སོ། །དོན་དམ་པར་ནི་རང་རིག་པ་འབའ་ཞིག་ཏུ་ཟད་དོ། །བློ་ཡི་དངོས་སོགས་དངོས་མིན་ན། །དེ་ནི་ཇི་ལྟར་དེ་མྱོང་ཡིན། །གལ་ཏེ་རིག་པ་ཉིད་བདག་ཉིད་སྔོན་པོའི་ རྣམ་པར་གསལ་བ་ཡིན་ན། ཚད་མ་གང་ལ་བརྟེན་ནས་ཕྱིའི་དོན་རིག་པར་འགྱུར། དེ་ལ་མངོན་སུམ་ནི་ཡོད་པ་མ་ཡིན་ཏེ། དེ་ནི་རང་རིག་པ་ཙམ་གྱིས་མཐར་ཐུག་པའི་ཕྱིར་རོ། །དེ་ལས་གཞན་པའི་སྔོན་པོ་སྣང་བ་ཡང་མེད་དོ། །སྔོན་པོ་རྣམ་པ་ཉིད་རིག་པ་མེད་པའི་ཕྱིར་རོ། །འོན་ཏེ་དོན་དེ་ཉིད་ ཀྱི་བདག་ཉིད་ཡིན་ན། དེ་མྱོང་བ་གཞན་གྱིས་རང་བཞིན་གྱིས་རིག་པའམ་རིག་པ་མ་ཡིན་པར་འགྱུར། གལ་ཏེ་མ་རིག་པ་དེ་ཇི་ལྟར་དེའི་མྱོང་བ་ཡིན་རང་གི་ངོ་བོས་ཤེས་པ་མ་ཡིན་པ། འདིའི་རིག་པ་ཞེས་འབྲེལ་བ་ཅི་ཞིག་ཡོད། རིག་གོ་ཞེ་ན་དེ་ལྟར་ཡང་དུས་མཚུངས་པ་འམ་གཞན་དུ་རིག་ཀྱང་རུང་ སྟེ། ཇི་ལྟར་གཞན་གྱིས་རིག་པར་བྱེད་པ་ཡིན་འདི་གཉིས་ཀྱིས་རང་གི་རང་བཞིན་དེ་ཉིད་རིག་པའི་ཇི་ལྟར་རིག་བྱ་རིག་བྱེད་ཀྱི་དངོས་པོ་ཡིན་སྔོན་པོ་ལ་སོགས་པ་ལྐོག་ཏུ་གྱུར་པ་ཡིན་ན་ནི་དེའི་རང་བཞིན་རིག་པ་ལས་དེར་བརྟག་པའི་ཕྱིར་འདིས་འདི་ཤེས་སོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་བ་ཡིན་ནོ། ། དངོས་སུ་རིག་ན་ནི་གཉིས་ཕན་ཚུན་འབྲེལ་པར་རིག་ལ་ཞེས་བྱ་བའི་ཚད་མ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རང་རིག་པར་འགྱུར་བ་ཡིན་པའི་རིག་པར་འགྱུར་བ་གཞན་གྱིས་ཤེས་པ་ཞེས་བྱ་བ་འདི་ཉིད་བླང་བ་ཡིན་ནོ། །རང་རིག་པ་ཙམ་ནི་རིག་པའི་བདག་ཉིད་མ་ཡིན་གྱི། འོན་ཀྱང་འདྲ་ བར་འགྱུར་བ་ཞེས་བྱ་བ་མ་རིག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་འདྲ་བ་ཙམ་ལས་རིག་པ་མི་འགྲུབ་པའི་ཕྱིར་རོ། །རང་རིག་པར་འགྱུར་བའོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡང་རིག་པའི་བདག་ཉིད་ཁོ་ནར་འགྱུར་མོད་འདྲ་བས་ཅི་བྱ་གལ་ཏེ་འདྲ་བ་མ་ཡིན་ན་རང་རིག་པར་མི་འགྱུར་རམ། ཅི་འགྱུར་བ་ཉིད་དོ་ཞེ་ ན། གལ་ཏེ་འདྲ་བ་མེད་ཀྱང་འགྱུར་བ་ཡིན་ན་འདྲ་བ་དེས་ཅི་བྱ། འགྱུར་བ་ཁོ་ནའོ། །དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ན་འདྲ་བ་ལས་རིག་པ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། གང་ཚེ་མྱོང་བའི་བདག་ཉིད་ནི། །འདྲ་བའི་རྒྱུ་མཚན་མ་ཡིན་ན། །འདི་རང་ཉིད་དུ་གྲུབ་ པས་ན། །དོན་གྱིས་ཅི་ཞིག་ཉེ་བར་སྒྲུབ། །གང་གི་རིག་པའི་བདག་ཉིད་དུ་གྱུར་པ་དེ་ནི་དེའི་རང་གི་ངོ་བོ་ཡིན་ལ། དེའི་རང་བཞིན་ཡང་རང་ཉིད་གྲུབ་པ་དེས་ན་འདྲ་བ་ལས་རིག་པ་ཡིན་ཞེས་བྱ་བའི་འབྲེལ་པ་ཅི་ཞིག་ཡོད། གལ་ཏེ་རང་བཞིན་དེ་མེད་ན་རང་རིག་པའི་བདག་ཉིད་དུ་སྐྱེས་པར་གྱུར་ཀྱང་ ལྡོག་པར་འགྱུར་རམ་ཅི། དེའི་ཕྱིར་རང་བཞིན་དེ་རང་ཉིད་ལས་གྲུབ་པས་ན། གཞན་གྱིས་ཅི་ཞིག་བྱ། དེས་དོན་རིག་པར་འགྱུར་རོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་བདག་ཉིད་ཀྱི་རང་བཞིན་གཞན་དང་འདྲ་བར་རིག་པ་དེ་ལྟ་ན་ཡང་རིག་མོད་དེས་དོན་རིག་པར་ཇི་ལྟར་འགྱུར་ཏེ། དེས་ན་ ཇི་ལྟར་དོན་དང་འབྲེལ་པར་འགྱུར་བ་ཡིན། དོན་གྱི་རིག་པ་ཞེས་རབ་ཏུ་བརྗོད་པ་ཡིན་ཏེ། གང་གིས་རིག་པར་འགྱུར་བ་དོན་ནི་རང་རིག་པ་རྗེས་སུ་ཞུགས་པ་མ་ཡིན་པ་དེས་ན་དོན་རིག་པ་ཞེས་བྱ་བ་ནི་མེད་དོ། །གལ་ཏེ་གཞན་ཡང་འདྲ་བའི་རྒྱུ་མཚན་གྱིས་རིག་པ་ཡིན་ན་དེའི་ཚེ་དོན་མ་ཡིན་པ་ཆེན་ པོར་འགྱུར་རོ། །འདི་ལྟར། བདག་ཉིད་ཀུན་གྱི་འདྲ་ན་ནི། །ཤེས་པ་ཤེས་པ་ཉིད་མི་འགྱུར། །ཆ་འགའ་ཞིག་གིས་མཚུངས་ན་ནི། །ཐམས་ཅད་ཐམས་ཅད་ཀྱིས་མྱོང་འགྱུར། །བདག་ཉིད་ཐམས་ཅད་ཀྱི་འདྲ་བ་ཡིན་ན་ནི་བྱེ་བྲག་མཐའ་དག་དང་བྲལ་བར་འགྱུར་རོ། །དེའི་ཚེ་ན་འདི་དོན་གྱི་ཁྱད་པར་ གཞན་བཞིན་དུ་དོན་ཉིད་ཡིན་པས། ཇི་ལྟར་དེ་ཤེས་པ་ཡིན། ཤེས་པ་ཉིད་ཀྱིས་ཁྱད་པར་དུ་འགྱུར་བ་ཡིན་ན་ནི་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པར་མི་འགྱུར་རོ། །ཆ་འགའ་ཞིག་གི་འདྲ་བ་ཡང་ཡིན་ན་དེའི་ཚེ་ཐམས་ཅད་ཀྱིས་ཐམས་ཅད་རིག་པར་འགྱུར་ཏེ། ཐམས་ ཅད་ཀྱང་ཆ་འགའ་ཞིག་གིས་མཚུངས་པ་དང་བྲལ་བ་མ་ཡིན་པའི་ཕྱིར་རོ། །རྟོགས་པའི་རྣམ་པ་མ་རྟོགས་པ་རྣམ་པ་གཞན་ཐམས་ཅད་ཀྱིས་མཚུངས་པ་ཉིད་ཀྱིས་ན་རིག་པ་ཉིད་དོ་ཞེ་ན། སྔོན་པོ་མཐའ་དག་རིག་པར་ཐལ་ལོ། །གང་ལས་སྐྱེས་པ་དེ་ཉིད་རིག་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལས་སྐྱེས་ སུ་ཆུག་པ་དེ་ལྟ་ན་ཡང་རིག་པ་ཞེས་བྱ་བ་འདི་ག་ལས་ཡིན། དེའི་རང་བཞིན་རིག་པ་ལས་རིག་པ་ཡིན་གྱི་དེ་ལས་སྐྱེས་པ་ནི་མ་ཡིན་ནོ། །གང་མཚེ་མ་དག་ཕན་ཚུན་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་མ་ཡིན་པ་དེ་ལྟ་ན་ཡང་གཅིག་རིག་ན་གཞན་ཡང་རིག་པར་ཐ་སྙད་བྱེད་པ་ཡིན་ནོ། །གལ་ཏེ་གང་ལས་ སྐྱེས་པ་དང་འདྲ་བ་དེ་རིག་པ་ཡིན་ནོ་དེའི་ཚེ། ཇི་ལྟར་སྔོ་སྩོགས་ངོ་བོའི་ཕྱིར། །སྔོན་སོགས་ཉམས་སུ་མྱོང་བར་འདོད། །དེ་བཞིན་ཉམས་མྱོང་ངོ་བོའི་ཕྱིར། །དེ་ཡང་ཉམས་སུ་མྱོང་བར་འགྱུར། །རྟོགས་པའི་རང་བཞིན་གྱིས་ནི་རིག་པ་དང་མཚུངས་པ་ཉིད་ཡིན་ལ། སྔོན་པོ་ལ་སོགས་པའི་རང་བཞིན་ གྱིས་ཀྱང་སྔོན་པོ་ལ་སོགས་པ་དང་ཡིན་ནོ། །དེས་ན་སྔོན་པོ་ལ་སོགས་པ་རིག་པ་བཞིན་དུ་ཉམས་སུ་མྱོང་བ་རིག་པར་ཡང་འགྱུར་རོ། །འོན་ཏེ་སྔོན་པོ་ལ་སོགས་པ་ལ་ཡང་ཉེ་བར་འཇོག་པར་བྱེད་པ་ཡིན་པའི་ཕྱིར་སྔོན་པོ་ལ་སོགས་པ་མྱོང་བ་ཡང་ཉེ་བར་འཇོག་པ་ཅན་དུ་འགྱུར་རོ་ཞེས་ཀྱང་བརྟག་ པར་བྱའོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་སྐད་སྐྲ་ཤད་ལ་སོགས་པ་སྣང་ལ། ཉེ་བར་གཞག་པ་རྟོགས་པ་མིན། །ཉེ་བར་གཞག་པ་ཐ་དད་པ་རྟོགས་པའང་རིགས་པ་ཡིན་ནོ། །རབ་རིབ་ཅན་གྱིས་ཉེ་བར་དམིགས་པའི་སྐྲ་ཤད་དུ་སྣང་བ་ལ་ནི་སྐྲ་ཤད་ཉེ་བར་གཞག་པར་རྟོགས་པ་ནུས་པ་མ་ཡིན་ནོ། །དེ་ལ་ ཡང་སྔར་མཐོང་བའི་སྐྲ་ལས་ཡིན་ནོ་ཞེས་ཐམས་ཅད་དུ་རྣམ་པ་འདི་ཉིད་བརྟག་པར་བྱ་བ་ཡིན་ནོ། །ཇི་ལྟར་སྔོན་པོའི་རྣམ་པ་མཐོང་བ་ལས་དེའི་རིགས་ཅན་གྱི་སྔོན་པོ་རྟོགས་པ་དེ་བཞིན་དུ་ཉེ་བར་གཞག་པ་ཡང་མེད་པར་འགྱུར་རོ། །འགལ་བ་མི་འཁྲུལ་པ་ཡང་མ་ཡིན་ཏེ། དོན་རྟོགས་པ་ལ་འབྲེལ་པ་ བཟུང་བ་མེད་པའི་ཕྱིར་རོ། །དོན་ནི་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །མཐོང་བ་སྔ་མ་ནི་སྐྱེད་པར་བྱེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དོན་ནི་འགར་ཡང་མཐོང་བ་མ་ཡིན་ཏེ། ཐམས་ཅད་དུ་རྩོད་པ་ཡོད་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པ་རྣམ་པ་གཞན་ཡིན་ལ། ཉེ་ བར་འཇོག་པར་བྱེད་པ་གང་ཡིན་ཞེ་ན། མ་ཡིན་ཏེ། རྒྱ་སྐྱེགས་ཀྱི་ཁུ་བ་ལ་སོགས་པ་ཆོད་པ་ཡང་ཉེ་བར་གཞག་པ་མཐོང་བའི་ཕྱིར་རོ་ཞེས་འདི་ནི་ལན་ཅིག་མ་ཡིན་པར་བསྟན་ཟིན་ཏོ། །འོན་ཏེ་ཡང་། ཉམས་མྱོང་ཉམས་སུ་མྱོང་ངོ་ཞེས། །དོན་བཞིན་དུ་ནི་ངེས་མིན་པ། །དེའི་ཕྱིར་ཉེས་ པ་མེད་ཅེ་ན། །དེ་ནི་དེ་ལ་ཡང་རྟག་ཏུ་མེད། །གལ་ཏེ་འཇིག་རྟེན་ཇི་ལྟར་དོན་མྱོང་ངོ་ཞེས་པ་ལྟ་བུར་ཉམས་སུ་མྱོང་བ་ཉམས་སུ་མྱོང་ངོ་སྙམ་དུ་ངེས་པ་ཡིན་པ་དེའི་ཕྱིར་མཐོང་བའི་རྒྱུ་ངེས་པ་ཡིན་པར་མཐོང་བས་ན། འདི་དོན་མྱོང་བ་ཡིན་གྱི། མྱོང་བ་མྱོང་བ་ནི་མ་ཡིན་ནོ་ཞེས་རྟོགས་སོ། ། གལ་ཏེ་ཉམས་སུ་མྱོང་བ་ཡང་མྱོང་བ་ཡིན་ན་ནི་དེ་ལྟར་ངེས་པར་འགྱུར་བ་ཉིད་དོ་ཞེ་ན། འདི་ལ་བརྗོད་པ། རྒྱུ་ཞེས་བྱ་བ་ཙམ་གྱིས་ནི། །ཀུན་ཚེ་འབྲས་བུ་སྐྱེད་པ་མིན། །རྒྱུ་ནི་ལྷན་ཅིག་བྱེད་པ་ལ། །བརྟེན་ནས་བྱེད་པར་འགྱུར་བ་ཡིན། །དེ་ཉིད་སྟོན་པ་ནི། དོན་ལའང་དེ་ནི་རྟག་ཏུ་མེད། ། དོན་ལའང་རྟག་ཏུ་ངེས་པ་མ་ཡིན་ཏེ། ལ་ལར་འཁྲུལ་པ་མཐོང་བའི་ཕྱིར་རོ། །ཡང་ན་རྟག་ཏུ་དོན་ལ་ངེས་པ་ཁོ་ནའོ། །ཉམས་སུ་མྱོང་བའི་བདག་ཉིད་དུ་འགྱུར་བའི་རྣམ་པ་ཉིད་ངེས་པ་ཡིན་པའི་ཕྱིར་རོ། །ཉེ་བར་བཏགས་པས་དེ་ལྟར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཉེ་བར་འདོགས་ པས་རྟོགས་པར་མི་རུང་བའི་ཕྱིར་རོ། །གང་དུའང་གཙོ་བོར་འཇུག་པའི་ས། །དོན་དག་འགས་ཀྱང་མཐོང་བ་མེད། །དེ་མེད་པས་ན་ཉེར་འདོགས་པའི། །རྟོགས་པ་སྐྱེ་བར་ག་ལ་འགྱུར། །དེས་ན་འདི་དོན་ཏོ་སྙམ་པའི་ངེས་པ་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ལ་བརྟན་པ་ ཅན་ཡིན་གྱི་མྱོང་བ་ཙམ་ལས་སྐྱེས་པ་ནི་མ་ཡིན་ནོ། །རྨི་ལམ་དུ་ཡང་དོན་མཐོང་བ་ནི་ཡོད་པ་མ་ཡིན་ན། དེ་ལྟར་ན་ཡང་། དོན་ཏོ་སྙམ་པའི་ངེས་པར་ནི་འགྱུར་བ་ཉིད་དོ། །དེའི་ཕྱིར་དོན་མྱོང་བ་ཡང་ངེས་པ་མེད་པ་དང་། དེ་མེད་པ་དང་། དེ་མེད་ཀྱང་ཡོད་པ་ཡིན་པའི་ཕྱིར་ངེས་པ་ནི་ངེས་པ་ཉིད་ མ་ཡིན་པས་ཇི་ལྟར་དེ་ལས་དེ་ཁོ་ན་རྣམ་པར་གནས། ཡོད་པ་ཉིད་ཀྱིས་རྒྱུ་ཡོད་ན། །མྱོང་བ་མེད་པའང་ཅི་ཡི་ཕྱིར། །ཉམས་སུ་མྱོང་བའི་མྱོང་བ་རྒྱུ་ཐམས་ཅད་ཡོད་པ་ཡིན་ཏེ། དེ་ལྟ་ན་ཡང་ངེས་པ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་ཅི་ཞིག་ལྟར་ལྷན་ཅིག་བྱེད་པ་མ་ཚང་ བས་ན། མི་འགྱུར་རོ་ཞེ་ན། འོ་ན་ནི་ངེས་པ་ལས་མྱོང་བ་གནས་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་ལ་ཡང་མེད་པའི་ཕྱིར་རོ། །དེས་ན་འདི་ནི་གྱི་ནའོ། །དེའི་རྣམ་པ་ཉིད་ཀྱིས་ཉམས་སུ་མྱོང་བ་རྣམ་པར་འཇོག་ན་ནི། ཉམས་སུ་མྱོང་བ་ཉམས་སུ་མྱོང་བ་དགག་པ་མེད་དོ། །རྒྱུ་གཞན་གྱི་མེད་ པའི་རྒྱུ་མཚན་གྱིས་ངེས་པས་ནི་མྱོང་བ་མེད་པར་ངེས་པར་འཇིག་པར་མི་ནུས་སོ། །རྒྱུ་གཞན་མེད་དོ་ཞེས་བྱ་བར་རྟོགས་ཀྱི་མྱོང་བ་མེད་པར་ནི་མ་ཡིན་ནོ། །གཞན་ཡང་དཀར་སོགས་མཐོང་བ་ན། །དཀར་སོགས་མིན་པར་གསལ་བར་སྨྲ། །རང་བཞིན་རིག་པ་གསལ་བ་ནི། །སྐྱེས་པའི་ སྣང་བ་འདི་གང་ཡིན། །དེ་ནི་དཀར་སོགས་མངོན་གསལ་ལས། །གཞན་དངོས་འོན་ཏེ་བདག་ལྟར་ཡིན། །དོན་ཡོད་པ་ཙམ་ནི་དོན་ཡོད་པ་མཐོང་བ་མ་ཡིན་ཏེ། དོན་མཐོང་བ་ལ་ནི་གདོན་མི་ཟ་བར་དོན་ཡོད་པ་ཙམ་ལས་བླ་ལྷག་པར་འགྱུར་བ་ཡིན་ནོ། །གལ་ཏེ་བླ་ལྷག་པར་གྱུར་པ་དེ་སྣང་ བ་ལས་ཕྱི་རོལ་དུ་འགྱུར་བ་ཡིན་ན་ནི། དེ་ཡང་དོན་གྱི་རང་བཞིན་ཉིད་ཡིན་པས་ཇི་ལྟར་དོན་མཐོང་བ་ཡིན། དེའི་ཕྱིར་དེ་ནི་སྣང་བར་འགྱུར་བ་ཡིན་ནོ། །དཀར་པོ་ལ་སོགས་པ་མཐོང་བ་ན། དེས་ཡོངས་སུ་གསལ་བའི་རིག་པའི་སྣང་བ་གང་ཡིན་པ། དེ་ཡང་དཀར་པོ་ལ་སོགས་པ་མངོན་པར་ གསལ་བ་ལས་གཞན་ཡིན་ནམ། འོན་ཏེ་གཞན་མ་ཡིན་ཞེས་རྟོགས་པ་གཉིས་སོ། །ཁྱེད་ཀྱིས་འདོད་པའི་དཀར་པོ་ལ་སོགས་པ་མངོན་པར་གསལ་བ་གང་ཡིན་པ། གཞན་དངོས་ཡིན་ན་གསལ་བ་ནི། །གསལ་མིན་ཇི་ལྟར་དཀར་གསལ་འགྱུར། །མྱོང་བ་གསལ་བ་མ་ཡིན་པས་ ནི། འགའ་ཡང་མངོན་པར་གསལ་བར་མི་འགྱུར་རོ། །དེ་མངོན་པར་གསལ་བའི་རང་བཞིན་རིག་པས་བྱས་པ་གང་ཡིན་པ་དེ་ཉིད་མངོན་པར་གསལ་བ་ཡིན་ནོ། །གཞན་ལྐོག་ཏུ་གྱུར་པ་ནི་མིག་ལ་སོགས་པ་དང་འདྲ་བར་འགྱུར་གྱི་གསལ་བར་འགྱུར་བ་ནི་མ་ཡིན་ནོ། །དེ་ནི་མིག་ལ་སོགས་པ་ ལས་ཐ་དད་པས་ཚད་མས་རྟོགས་པ་ཡང་མ་ཡིན་ཏེ། མིག་ལ་སོགས་པ་ཙམ་ཉིད་ལས་མངོན་པར་འདོད་པ་འགྲུབ་པའི་ཕྱིར་རོ། །མངོན་སུམ་མ་ཡིན་པ་དེ་ཉིད་མངོན་པར་གསལ་བར་སྨྲ་བ་གཞན་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་མངོན་སུམ་ཡིན་པའི་གསལ་བ་སྐྱེད་པ་དེ་ལྟ་ན་ཡང་དེ་ཉིད་དེ་སྐྱེས་ པར་ཟད་མོད་དོན་གསལ་བར་ཇི་ལྟར་འགྱུར། གཞན་སྐྱེས་པ་ནི་གཞན་ལ་ཅི་ཡང་མི་འགྱུར་རོ། །དེ་དོན་ལ་ཡིན་ནོ་ཞེ་ན། དོན་ལ་ཞེས་བྱ་བའི་འབྲེལ་པ་ཅི་ཡོད། དོན་མཐོང་བའི་ཕྱིར་རོ་ཞེ་ན། དོན་མཐོང་བ་མ་རྟོགས་པ་མ་ཡིན་ནམ། ཇི་ལྟར་མཐོང་ངོ་ཞེས་བྱ་བར་འགྱུར་དོན་ལས་ཉིད་དོ་ཞེ་ ན། ལས་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་དོན་ཙམ་ལས་ལྷག་པར་འགྱུར་བ་ཡིན་ཏེ་རྟོགས་པར་འགྱུར་ཏེ། དེ་ལ་ཡང་རྟོགས་པ་གཞན་ཡོད་པར་འགྱུར་རོ། །དེས་ན་ལས་ཉིད་ཡིན་པས་དེ་ཡང་གཞན་གྱིས་རྟོགས་པར་འགྱུར་ལ། དེས་ན་ཡང་ལས་ཡིན་པའི་ཕྱིར་ཐུག་པ་མེད་པ་ལས་ མི་གྲོལ་ལོ། །དེའི་ཕྱིར། ཤེས་པ་གཞན་ཡིན་དེ་གསལ་མིན། །འགྲོ་བ་མ་ལུས་གསལ་མ་ཡིན། །སྒྲོན་མ་ལས་བཞིན་དུ་དོན་ལ་མདངས་གསལ་བའི་རང་བཞིན་བསྐྱེད་པ་ཙམ་ནི་མ་ཡིན་གྱི། འོན་ཀྱང་ཤེས་པའི་རང་བཞིན་གསལ་བ་ཡིན་ནོ། །གལ་ཏེ་དེ་མངོན་སུམ་མ་ཡིན་ན་ནི། དེ་ཇི་ ལྟར་དོན་གསལ་བ་ཡིན། རང་གི་ངོ་བོས་གསལ་ལོ་ཞེ་ན། ཐམས་ཅད་གསལ་བར་ཐལ་ལོ། །རང་གི་ཁྱད་པར་ལས་སོ་ཞེ་ན། ཤེས་པ་དོན་མེད་དོ། །དེ་ལྟ་བུ་ཉིད་གསལ་བ་ཡིན་ནོ་ཞེ་ན། འདི་གང་གིས་རྟོགས། གསལ་བ་གཞན་གྱིས་སོ་ཞེ་ན། མ་ཡིན་ཏེ་འདི་ལྟར། གསལ་བ་ གསལ་གཞན་གྱིས་གསལ་ནའང་། །ཐུག་པ་མེད་པར་ཐལ་འགྱུར་གྱི། །གང་གིས་གསལ་བ་གཞན་དེའང་མི་རྟོགས་པའི་ཕྱིར་ན། གསལ་བ་སྔ་མས་རང་གི་ངོ་བོ་ཉིད་གསལ་བ་ཡིན་ནོ། །རྟོགས་པ་མེད་པའི་ཕྱིར་ཡང་གཞན་གྱིས་གསལ། གསལ་བ་གཞན་གྱི་རྗེས་སུ་འབྲངས་ པས་ཐུག་པ་མེད་དོ། །དེའི་ཕྱིར་གྱི་ངོ་བོ་ཉིད་རྟོགས་ན་མངོན་པར་གསལ་བ་རྟོགས་པར་རིག་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ནི། འདི་མངོན་པར་གསལ་ལོ་ཞེས་རྟོགས་པར་མི་འགྱུར་རོ། །འདི་ལྟར། མངོན་པར་འབྲེལ་པར་ཤེས་མེད་པར། །ཇི་ལྟར་དེ་ཡི་ཁྱད་པར་འགྱུར། །དོན་མཐོང་ ངོ་ཞེས་བྱ་བ་ནི་མཐོང་བ་ཁྱད་པར་ཉིད་དུ་རྟོགས་པ་ཡིན་ནོ། །ཁྱད་པར་མ་བཟུང་བར་ཡང་ཁྱད་པར་དུ་བྱས་པའི་ཁྱད་པར་ཅན་འཛིན་པ་ཡིན་ནོ། །བ་ལང་ངོ་ཞེས་ཁྱད་པར་དུ་བཟུང་བ་ཉིད་ལས་བ་ལང་ཉིད་ཅི་ཞིག་མཐོང་བ་ཡོད་ཅེ་ན། མ་ཡིན་ཏེ། བ་ལང་ ཉིད་ནི་བ་ལང་མ་ཡིན་པ་ཉིད་ལས་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟོགས་པ་ནི་མ་རྟོགས་པ་ལས་བཟློག་པའི་རང་བཞིན་དུ་ཁྱེད་འདོད་པ་ཡིན་ཏེ། དེ་ལྟ་ཡིན་ན་དོན་རང་རིག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཁྱེད་ནི་རྟོགས་པ་ཐ་དད་པར་ཡང་འདོད་པ་ཡིན་ནོ། །དེ་ཡང་ མ་རྟོགས་ན་ཇི་ལྟར་རྟོགས་པ་པོ་ཞེས་བྱ་བའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན། འོ་ན་ཇི་ལྟར་ཁྱེད་ལ་ཡང་རྟོགས་པ་ཐ་དད་པར་མ་རྟོགས་པ་རྟོགས་པ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་ཁྱེད་ཀྱི་ལྟར་ན་ཡང་། རྟོགས་པ་དེ་དང་དེ་ལས་ཐ་དད་པའི་དོན་ཡང་རྟོགས་སོ་ཞེས་ནི་ཁས་མ་བླངས་སོ་ཞེ་ན། ཇི་ལྟར་དེ་ཉེ་བར་བཏགས་པ་ལས་ཡིན་པ་དེ་ལྟར་ནི། བསྟན་ཟིན་པས་སྐྱོན་མེད་དོ། །དེའི་ཕྱིར་གཉི་ག་མ་མཐོང་བའི་ཕྱིར་ན་ཁྱད་པར་རྟོགས་པ་མ་ཡིན་ནོ། །འདི་ནི། གང་ཕྱིར་གཉིས་ལ་གཅིག་རྟོགས་ཚེ། །གཉིས་པ་མཐོང་བ་ཡོད་མ་ཡིན། །དོན་རྟོགས་པའི་དུས་སུ་ན་མཐོང་བ་ རྟོགས་པ་མེད་ལ། རྟོགས་པའི་དུས་སུ་ནི་དོན་མི་རྟོགས་པའི་ཕྱིར། ཇི་ལྟར་ཁྱད་པར་ཅན་དུ་མི་རྟོགས། དེས་ན་འདི་ཇི་ལྟར་ཞེས་བྱ་བ་འདི་ནི་རིག་པ་ཉིད་དོ། །གཉིས་དག་འབྲེལ་པས་མཐོང་བ་ན། །མཐོང་ཞེས་བྱ་བར་ངེས་པར་འགྱུར། །མཐོང་བ་ཞེས་ངེས་པ་ཡང་འབྲེལ་པ་ངེས་པ་ཉིད་ དོ། །དེས་ན་ཁྱེད་ཀྱིས་འདོད་པས་འདི་ལྟ་བུ་ཉམས་སུ་མྱོང་བ་ཉིད་ལས་འགྱུར་བ་ཡིན་པས་ཁྱེད་ལ་ཚུལ་ནི་མེད་དོ། །ངེད་ཀྱི་ལྟར་ན་ནི་སྟོབས་དང་ལྡན་པའི་བག་ཆགས་ཀྱི་རླུང་གི་ཤུགས་ཀྱིས་བསྐྱོད་པའི་བདག་ཉིད་ཅན་དོན་གྱི་ལྗོན་ཤིང་གི་རྟོགས་པའི་གྲིབ་མ་གཞན་དུ་བབ་ཅིང་ངེས་པའི་ ལོ་མ་སྐྱེའི་གཞན་དུ་ལྷགས་པ་ཡིན་པའི་ཕྱིར་ངེས་པ་ཙམ་ཉིད་ལས་དེ་ཁོ་ན་རྣམ་པར་གནས་པ་མ་ཡིན་ནོ། །དེས་ན་དོན་རྟོགས་པ་ཡང་མེད་ལ། འདི་དོན་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་སྐྱེས་པ་ཡང་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱི་འདོད་པ་ནི་ཟབ་མོ་མ་ཡིན་ནོ་ཞེས་རིགས་སོ། །ཅི་སྟེ། གང་གིས་ མཐོང་བ་འདྲ་བ་ནི། །སེམས་གཞན་གྱིས་ནི་མཐོང་འགྱུར་བ། །དེ་ལ་མཐོང་ཞེས་བརྗོད་ཅེ་ན། །འདི་འདྲ་ལས་ནི་རང་རིག་གྲུབ། །འདི་སྙམ་དུ་འདྲ་བའི་བདག་ཉིད་རིག་པའི་ཕྱིར་ནི་དོན་མཐོང་ངོ་ཞེས་ངེས་པ་མ་ཡིན་གྱི། འོ་ན་འདིའི་དེ་ལྟ་བུར་གྱུར་པ་ཉིད་རིག་པ་གཞན་གྱིས་རིག་པ་ལས་ ཏེ། དཔེར་ན་དབྱུག་པ་དང་ལྡན་པའི་སྐྱེས་བུ་དབྱུག་པ་ཅན་ཞེས་དེ་ལས་གཞན་གྱི་དེ་ལྟ་བུར་གྱུར་པ་མྱོང་བས་ཡོངས་སུ་བཟུང་བ་ན་ངེས་པ་ཡིན་ནོ། །རང་རིག་པས་ནི་ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པའི་དོན་འཛིན་པར་གང་དུ་ཡང་མི་དམིགས་སོ་སྙམ་དུ་བསམས་པའོ། །ཁྱེད་ ཀྱི་འདིར་རང་རིག་གི་ཕྱོགས་ཉིད་ལ་གནོད་དེ། འདི་ལྟར། ཁྱད་པར་དང་ནི་ཁྱད་པར་ཅན། །གཉི་ག་དམ་པའི་དོན་དུ་མིན། །གང་ཚེ་འགའ་ཞིག་འགའ་ཞིག་གི །ཁྱད་པར་ཅན་སོགས་ཉིད་དུ་འདོད། །ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་དག་དོན་དམ་པར་ནི་མ་ཡིན་ཏེ། རེས་ འགའ་ཁྱད་པར་ཅན་ཡང་ཁྱད་པར་ཉིད་དུ་རྟོགས་པའི་ཕྱིར་རོ། །དེས་ན་དེ་ལྟ་བུར་གྱུར་པ་རྟོགས་པ་དེ་ནི་བློ་ཁོ་ན་ཡིན་ལ། དེ་ཡང་རང་རིག་པའི་རང་བཞིན་ཡིན་པས་རང་རིག་པ་གྲུབ་པོ། །འདི་ལྟར། འདི་འདྲ་བབ་ན་རང་རིག་གྲུབ། །དོན་དེ་ལྟ་བུར་གྱུར་པ་ནི་མེད་པ་ཉིད་དོ། །གལ་ཏེ་ བློ་ཡང་རང་རིག་པ་མ་ཡིན་ན་ནི་ཁྱད་པར་དང་ཁྱད་པར་ཅན་མ་ཡིན་པའི་དོན་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཅི་སྟེ་རང་གི་དངོས་མིན་ན། །ཇི་ལྟར་གཞན་གྱི་ངོ་བོར་རིག །གང་གིས་བདག་ཉིད་རང་བཞིན་མི་རིག་པ་དེའི་ལྟར་ན། འོ་ན་ནི་གཞན་གྱིས་རང་བཞིན་རིག་པར་ འགྱུར་རོ། །དེ་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དེའི་ཁྱད་པར་ཅན་དུ་རྟོགས། །འོན་ཏེ་དེའི་རང་བཞིན་མཐོང་བ་སྐྱེས་པ་ཡིན་གྱི། རང་གི་ངོ་བོ་རིག་པ་ནི་མ་ཡིན་ནོ། །ཕྱིས་གཞན་གྱིས་དེའི་རང་བཞིན་མཐོང་བར་འགྱུར་ན། མཐོང་བར་སྣང་བ་ ཡིན་ནོ་ཞེ་ན། འོ་ན་དང་པོ་ཁྱད་པར་མཐོང་བ་མེད་པར་གཟུང་བ་ཕྱིས་གཞན་གྱིས་དེའི་ཁྱད་པར་ཉིད་དུ་ཇི་ལྟར་རྟོགས། འོན་ཏེ་ཕྱིས་རྟོགས་པ་དེས་ན་ཉེས་པ་མེད་དོ་ཞེ་ན། དེ་ཡང་ཡང་དག་པ་ཉིད་དུ་མི་རུང་སྟེ། འདི་ལྟར། །དེ་ཡི་ངོ་བོར་རིག་པ་དེ། །སེམས་གཞན་གྱིས་ནི་ཕྱིས་ནས་དེ། ། རང་བཞིན་དེ་ཉིད་དུ་རིག་གོ། །ཁྱད་པར་ཅན་གྱི་མ་ཡིན། མཐོང་བའི་ཡུལ་ནི་རང་རྟོགས་པའི་དུས་སུ་ཁྱད་པར་ཅན་མ་ཡིན་པ་ཉིད་དུ་རིག་པ་ཡིན་ནོ། །དེའི་དུས་ཕྱིས་ཀྱང་དེའི་རང་བཞིན་རིག་པ་ཡིན་ན། རང་བཞིན་དེ་ཉིད་དུ་འགྱུར་ཏེ། དེས་དེ་རང་གི་ཁྱད་པར་ ཅན་དུ་རིག་པ་ནི་མ་ཡིན་ནོ། །དེ་ལྟར་མིན་ན་སྔོན་རིག་པ། །གཞན་ཚེ་གཞན་དུ་གལ་ཏེ་རིག །འདི་ནི་བདེ་བ་གང་ཡིན་ཞེས། །བྱ་བ་འདི་ནི་རྟོགས་མ་ཡིན། །ཅི་སྟེ་ཡང་གལ་ཏེ། སྔར་ཁྱད་པར་མ་མཐོང་བ་དེ་ལྟ་ན་ཡང་ཕྱིས་མཐོང་བ་ལས་འགལ་བ་ཅི་ཡོད་སྙམ་ན་དེ་ཡང་མི་རུང་ སྟེ། འདི་ལྟར། གལ་ཏེ་ཁྱད་པར་ཁྱད་པར་ཅན། །དག་ནི་མ་འདྲེས་པར་མཐོང་བས། །དེ་ཡི་ཚེ་ན་ཁྱད་པར་དང་། །ཁྱད་པར་ཅན་དུ་རྟོགས་མི་འགྱུར། །རྟག་ཏུ་འབའ་ཞིག་པ་དང་འབའ་ཞིག་པ་ཉིད་དུ་འགྱུར་བ་དག་ནི་མཐོང་བ་ཙམ་གྱིས་ཁྱད་པར་དང་ཁྱད་པར་ཅན་ཉིད་དུ་རྟོགས་པར་ནུས་པ་མ་ཡིན་ནོ། །གཞན་ ཡང་། འདྲ་བ་ལས་ནི་མྱོང་ཞེས་པའང་། །སྔར་ཉིད་རྣམ་པར་བསལ་བ་ཡིན། །འདི་ནི་འདྲ་བའོ་ཞེས་གཞན་གྱི་རིག་པ་མེད་པར་འདྲ་བ་ཙམ་སྐྱེས་པས་ན་དེ་རིག་པ་མ་ཡིན་ནོ། །མཐོང་བ་བདག་ཉིད་འདྲར་འཛིན་ན། །དོན་ནི་སྔར་མཐོང་ཡོད་མིན་པས། །ཇི་ལྟར་དེ་ནི་མཐོང་བ་དང་། །འདྲ་ བ་ཡིན་པར་དེས་ངེས་འགྱུར། །འདྲ་བ་ཉིད་ཀྱང་མི་འདོད་པ། །གང་ཡིན་དེ་ལ་གཉིས་མཐོང་མེད། །དེ་ཚེ་དོན་དང་ཤེས་པ་འམ། །དེ་དག་སྨོས་སུ་ག་ལ་ཡོད། །འབའ་ཞིག་མཐོང་བ་ལ་ནི་འདྲ་བ་རྟོགས་པ་མ་ཡིན་ཏེ། འདི་དང་འདི་འདྲ་བ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་རོ། །དོན་དང་མཐོང་ བ་དང་འདས་པ་དང་མ་འོངས་པ་དག་ལ་ནི་ལྷན་ཅིག་རྟོགས་པ་མེད་པའི་ཕྱིར་ན། དེ་ལྟར་རྟོགས་པ་མ་ཡིན་ནོ། །དེ་སྒྲོ་འདོགས་ན་ནི་རྣམ་པར་ཤེས་པ་ཉིད་ཡིན་གྱི་དོན་རྟོགས་པ་ནི་མ་ཡིན་ཏེ། ཕྱིས་ཀྱི་དེ་ལ་ཡང་རང་རིག་པ་མེད་ན་ནི་ཐུག་པ་མེད་པའི་ཉེས་པ་བཤད་ཟིན་ཏོ། །གང་ཞིག་འདྲ་བ་ཡང་མི་ འདོད་པ་དེ་ལ་ནི་དོན་རྟོགས་པ་ཡང་ཡོད་པ་མ་ཡིན་ཏེ། དེར་སྒྲོ་འདོགས་པ་ཡོད་པ་སྲིད་པ་མ་ཡིན་པའི་ཕྱིར་རོ། །མཐོང་བ་ཕྱི་མ་དོན་དང་མི་འདྲ་བའི་རང་བཞིན་དུ་རྟོགས་པ་ན། དེའི་རང་བཞིན་མེད་པ་ཉིད་ཀྱིས་ན་དེ་ཡང་སྒྲོ་འདོགས་པ་མ་ཡིན་ཏེ། དེའི་རང་བཞིན་ཁས་མི་ལེན་པའི་ཕྱིར་རོ། ། རང་ངོ་བོས་རྟོགས་པ་ན་ཡང་དོན་གཞན་ཉིད་དུ་ཟད་དོ། །དེའི་ཕྱིར་གང་ཞིག་དོན་ཡིན་ཞིང་། གང་ཞིག་ནི་རྣམ་པར་ཤེས་པ་ཡིན་ཡང་ཅི་ཞིག་གང་གིས་ཤེས་ཏེ། དེས་ན་བརྗོད་པ་ལྡོག་པས་ཁ་རོག་འདུག་པར་བྱའོ། །མཐོང་བ་མ་ཡིན་ནམ། ཀ་བ་ལ་སོགས་པ་ནི་དོན་ཉིད་དུ་དམིགས་ པ་ཡིན་ཏེ། མཐོང་བ་མི་འཐད་དོ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །གལ་ཏེ་མཐོང་ན་རང་གི་ངོ་བོས་མཐོང་བ་ཡིན་ནོ་ཞེས་སོ། །དེ་ནས་དཀར་པོ་ལ་སོགས་པ་མཐོང་བ་ན་དེའི་རྣམ་པ་གང་ཡིན་པ་དེ་གལ་ཏེ་རང་བཞིན་གཞན་ཡིན་ན་དེའི་ཚེ། དཀར་པོ་ལ་སོགས་པ་ གསལ་བར་མི་འགྱུར་རོ། །ཅི་སྟེ་རང་དངོས་འོ་ན་དེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། །གལ་ཏེ་མཐོང་བ་གསལ་བར་ཤེས་པའི་རང་བཞིན་ཉིད་ཡིན་ན་ནི། དེའི་ཚེ་རང་ཉིད་གསལ་བ་ཡིན་ཏེ། གསལ་བ་གཞན་མེད་པའི་ཕྱིར་རོ། །འོན་ཏེ་རང་གི་ངོ་བོས་གསལ་བ་མ་ཡིན་ན་དེའི་ ཚེ། དེའི་རང་བཞིན་མི་གསལ་ན། དོན་མི་གསལ་བར་འགྱུར་ཏེ། གང་གི་ཕྱིར་སྣང་བའི་རང་བཞིན་མི་གསལ་ན། དོན་གསལ་བ་ཞེས་བྱ་བ་མ་ཡིན་ནོ། །གཞན་ལ་བརྗོད་པའི་དོན་ནི་འདི་ཡིན་ཏེ། གཟུང་བ་གསལ་བའི་རྣམ་པར་སྣང་བ་གང་ཡིན་པ་འདི་ནི། ནང་དུ་ཞུགས་པ་བློ་དེ་ལྐོག་ཏུ་ གྱུར་པ་ཡིན་ན། སྣང་བ་ཡང་ལྐོག་ཏུ་འགྱུར་རོ། །དེས་ན་སྣང་བ་ཡོངས་སུ་གསལ་བའི་རང་བཞིན་ནི་མི་གསལ་བ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་རྗེས་སུ་དཔག་པའི་ཤེས་པ་བཞིན་དུ་དོན་ལྐོག་ཏུ་གྱུར་པའི་རང་བཞིན་ཉིད་དུ་འགྱུར་རོ། །རྗེས་སུ་དཔག་པ་ལ་ཡང་གསལ་བར་སྣང་བ་ལྐོག་ཏུ་ གྱུར་པ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པའི་ཤེས་པ་དེ་ཡང་མི་གསལ་བའི་རྣམ་པ་སྣང་བ་མ་ཡིན་ན་ནི་དེར་ཡང་དོན་རྟོགས་པར་འགྱུར་རོ། །དེའི་ཕྱིར་བདག་རིག་པ་མ་ཡིན་ན་དོན་ཐམས་ཅད་མི་མཐོང་བ་ཁོ་ནར་འགྱུར་བས་ཤེས་པའི་རང་རིག་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། ། བདག་རིག་མིན་པའི་ཕྱོགས་དག་ལ། །དོན་ཀུན་མཐོང་མེད་འདི་ཡིས་ནི། །བློ་ནི་མངོན་སུམ་མི་སྨྲ་བ། །གང་ཡིན་དེ་ལའང་ལན་བཏབ་པོ། །ཞེས་བྱ་བ་འདི་ནི་འདིར་ཡང་རིག་པ་སྔ་མ་ཉིད་དོ། །གལ་ཏེ་རང་གི་ཆ་རིག་པ་མ་ཡིན་ན་ནི་བློ་དོན་དང་བདག་ཉིད་རིག་པར་བྱེད་པ་མ་ཡིན་པར་འགྱུར་རོ། ། དོན་རིག་པར་བྱེད་པ་ནི་མ་ཡིན་ཏེ། སྣང་བ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །བདག་ཉིད་ནི་མ་ཡིན་ཏེ། ཁས་མི་ལེན་པའི་ཕྱིར་རོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་བ་དང་། ཆགས་པ་དང་སྡང་བ་ལ་སོགས་པ་དག་ནི་རང་རིག་པ་ཉིད་དུ་འགྱུར་བ་ཡིན་ལ། དེ་དག་ཀྱང་བློའི་ རང་བཞིན་ཡིན་པ་དེའི་ཕྱིར། བློ་མངོན་སུམ་མ་ཡིན་པ་ཉིད་ནི་མངོན་སུམ་གནོད་པས་ཇི་ལྟར་ཁས་ལེན་པའི་སྤྱོད་ཡུལ་ཡིན། འོན་ཏེ་བློའི་རང་བཞིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། རྟེན་དམིགས་གོམས་པའི་ཁྱད་པར་ལས། །ཐ་དད་པར་ནི་འཇུག་པ་ཅན། །བདེ་སྡུག་འདོད་པ་ལ་སོགས་པའི། ། ཁྱད་པར་མངོན་སུམ་དེ་དག་ནི། །བློ་ཉིད་རྟེན་གྱི་ཁྱད་པར་ནི། །རེ་ཞིག་མིག་ལ་སོགས་པར་བསྐྱོད་པའི་བདེ་བ་ཕན་ཚུན་ཐ་དད་པ་དང་། གཟུགས་ལ་སོགས་པའི་ཡུལ་ཅན་ཡང་ཡིན་ནོ། །དེ་བཞིན་དུ་གོམས་པ་ལས་མིག་ལ་སོགས་པའི་ཡུལ་ཉིད་ལ་ཤིན་ཏུ་གསལ་བ་ཉིད་ལ་སོགས་པའི་ དམིགས་པ་ལ་སོགས་པ་སྐྱེ་བ་ཡང་རྣམ་པར་ཤེས་པ་ཉིད་ཡིན་གྱི་ཡུལ་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་པ་ཉིད་ལས་ཡུལ་སྐྱེ་བར་འགྱུར་བ་ནི། དེ་ལས་སྙིམ་ཆུས་གཏོར་བ་ཉིད་དོ། །དེས་ན་འདི་དག་ལྐོག་ཏུ་གྱུར་པར་ཁས་བླངས་ནས་མངོན་སུམ་གྱིས་གནོད་ པ་བྱས་པ་མ་ཡིན་ནོ། །འདི་ལྟར་དེ་ལས་ཐ་དད་གཞན། །དེ་ཤེས་གང་ཡིན་ཅུང་ཟད་ཀྱང་། །རྟོགས་མེད་འཛིན་པར་བྱེད་པ་ན། །རྟོགས་པ་མེད་ན་རང་རིག་པའི་མངོན་སུམ་ཉིད་དུ་བརྗོད་དོ་ཞེས་ལན་ཅིག་མ་ཡིན་པར་འདི་བཤད་ཟིན་ཏོ། །འོན་ཏེ་འདི་དག་རྣམ་པར་ཤེས་པ་གཞན་གྱིས་རིག་པར་ ཁས་ལེན་ན། དེ་ལྟ་ན་ནི། གལ་ཏེ་གཞན་གྱིས་རིག་ཡིན་ན། །གཞན་གྱིས་ཀྱང་ནི་དེ་སྤྱོད་འགྱུར། །རྒྱུ་གཞན་ཡོད་པའི་བདེ་བ་ལ་སོགས་པ་ཡང་ཤེས་པ་གཞན་གྱིས་རིག་པ་ཡིན་ན། དེས་ན་གཞན་གྱི་བདེ་བ་ལ་སོགས་པ་རིག་པ་མ་ཡིན་ཡང་བདེ་བ་ཉིད་ལ་སོགས་པར་འགྱུར་རོ། ། གཟུང་བར་བྱ་བ་ཉིད་ཀྱིས་རིག་པ་ཡིན་ན། རང་དང་གཞན་གྱི་བདེ་བ་རིག་པ་དག་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །བདག་ཉིད་ཀྱི་བདེ་བ་རིག་པས་བདེ་བ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། གཞན་གྱི་ཡང་སིམ་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཞན་གྱི་མེ་སྲེག་པར་མི་ བྱེད་པའམ། གཞན་གྱི་ཙན་དན་གྱིས་སིམ་པར་བྱེད་པ་ནི་མ་ཡིན་ནོ། །འོན་ཏེ་ཡིད་དགེ་ཇི་ལྟར་ཡིན། །རང་གི་ཙན་དན་གྱིས་སིམ་བྱེད། །གཞན་གྱི་ལ་ཅི་དེ་འགྱུར་རམ། །དེ་ནི་གདུང་བྱེད་བདག་ཉིད་དམ། །ཡིད་དགེ་མིན་ལ་ཚུལ་ཇི་ལྟར། །དེ་ལ་རང་གི་བདེ་སྐྱེས་ཡིན། །གཞན་གྱི་བདེ་བ་ རིག་པ་ལ། འདི་ལྟ་ཉིད་དུ་རབ་བརྟེན་བྱ། །གང་གི་རང་གི་མ་སྐྱེས་པ། །དེ་ཚེ་ཅི་སྟེ་འདི་བདེན་མིན། །རང་གི་བདེ་བས་བདེ་ཞེ་ན། །མ་ཡིན་རང་བཞིན་དབྱེར་མེད་ཕྱིར། །རིང་ཕྱིར་དེ་ཡི་རང་བཞིན་ཉིད། །རིག་ན་རིང་བ་ཅི་ཞིག་ཡོད། །གལ་ཏེ་མ་རིག་ཕྱིར་དེ་ལྟ། །མིན་ན་རིག་ན་རང་རིག་ཉིད། ། བདག་ཉིད་ཀུན་གྱིས་རེག་པ་ནི། །རང་རིག་གི་ནི་མཚན་ཉིད་ཡིན། །ཕྱོགས་གཅིག་གིས་ནི་རེག་ཡིན་ན། །དེ་ལས་གཞན་པ་རིག་མ་ཡིན། །གལ་ཏེ་བདེ་བ་ལ་སོགས་པ་བདག་ཉིད་ཐམས་ཅད་ཀྱིས་བདག་གམ་ལུས་ལ་སོགས་པ་ཡིན་ན། བདག་གམ་ལུས་རང་རིག་པར་འགྱུར་རོ། །དངོས་ སམ་གཞན་དུ་རང་རིག་པར་འགྱུར་བ། རང་རིག་པར་བྱེད་པ་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་ཞུགས་ན་རང་རིག་པ་ཉིད་དུ་འགྱུར་ཏེ། རང་རིག་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་གྱི་བདེ་བར་ཡང་རྗེས་སུ་ཞུགས་ན་ནི་རང་རིག་ཉིད་དུ་ཡང་འགྱུར་ཏེ། དེ་ལྟ་མ་ཡིན་པར་མི་རུང་ བའི་ཕྱིར་རོ། །འོན་ཏེ་རྗེས་སུ་ཞུགས་ཀྱང་བདེ་བ་རིག་པར་རྣམ་པར་འགྱུར་བ་ནི་མ་ཡིན་ཏེ། དབྱེ་བ་ཡོད་པའི་ཕྱིར་རོ། །བདེ་བ་ཅི་ཡོད་དེ་ལས་སྐྱེས་པ་དང་། དེར་སྣང་བས་བདེ་བའི་བློ་ཡིན་གྱི། ཇི་ལྟར་ཡང་རུང་བ་ནི་མ་ཡིན་ནོ། །གཞན་གྱི་བདེ་བ་རིག་པ་ལ་ནི། གཞན་གྱི་བདེ་བ་དང་དེ་ལས་ དངོས་སུ་སྐྱེས་པ་མ་ཡིན་ནོ། །དེ་ནི་རྟགས་ལས་སྐྱེས་པ་ཡིན་ཏེ། ཡུལ་ལས་ནི་མ་ཡིན་ནོ། །རྗེས་སུ་དཔག་པའི་སྒོ་ནས་གཞན་གྱི་བདེ་བ་རིག་པའི་ཕྱིར་རོ། །བདག་ཉིད་རིག་པ་དེའི་རང་བཞིན་དུ་སྣང་བ་དང་། མངོན་སུམ་དུ་ཡིན་ན་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་ཡིན་ནོ་ཞེ་ན་འདི་ལ་ བརྗོད་པ། དེས་སྐྱེད་པ་དང་དེར་སྣང་བའོ། །གལ་ཏེ་བློ་རིག་གཞན་མིན་ན། །དམིགས་པ་བྱེད་པ་གཞན་ལ་ཡང་། །གཉིས་དེ་གདོན་མི་ཟ་བར་ཡོད། །གཞན་ཕ་རོལ་གྱི་བདེ་བ་ལ་དམིགས་པས་ཀྱང་དེའི་རང་བཞིན་ཉིད་འཛིན་པར་བྱེད་པ་ཡིན་ཏེ། དེས་ན་དེར་སྣང་བ་ཉིད་ནི་ཁས་བླངས་ པ་ཉིད་ལས་གྲུབ་པ་ཉིད་དོ། །དེས་ན་རྟགས་ལས་མཐོང་བ་ནི་མ་ཡིན་གྱི། མིག་ལ་སོགས་པ་དང་མཚུངས་པ་ཡིན་པའི་ཕྱིར་དོན་གྱི་དེ་ལས་སྐྱེས་པ་ཉིད་དུ་འགྱུར་བའི་གཉི་གར་འགྱུར་བས་ཁྱད་པར་མེད་དོ། །ཅི་སྟེ་དེ་ལས་སྐྱེས་མིན་ཞིང་། །དེར་སྣང་ཅན་ཡང་མ་ ཡིན་ནོ། །བློ་དེའི་ཡུལ་མེད་ཅན་དུ་འགྱུར། །དེ་མ་བཟུང་ན་སྤྱི་དག་ཀྱང་། །མི་འཛིན་དེ་ནི་ཅུང་ཟད་ཀྱང་། །དངོས་མིན་ཞེས་ཀྱང་སྔར་བཤད་དོ། །ཁས་བླངས་པ་ནི་ཚད་མའི་སྟོབས་ལ་བརྟེན་པར་འགྱུར་བ་མ་ཡིན་ནོ། །དེས་ན་དོན་དམ་པ་ནི་འདི་ཉིད་དེ། བློ་རྟགས་ལས་སྐྱེས་པར་མི་ རིགས་པ་དང་། དེར་སྣང་བ་ཡང་མ་ཡིན་པ་ཉིད་ན་ནི་དེ་ལྟ་ན་ནི། འོ་ན་ཡུལ་གྱི་མཚན་ཉིད་པའི་ཕྱིར་གཞན་བདེ་བ་ལ་སོགས་པ་ཡུལ་མ་ཡིན་པའི་ཕྱིར་གཞན་གྱི་རིག་པ་ལ་སྣང་བ་འདི་ཡུལ་གྱི་རྣམ་པ་ཅན་མ་ཡིན་པར་འགྱུར་རོ། །གལ་ཏེ་སྤྱི་སྣང་བ་ཡིན་ཏེ། དེ་ལ་རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ ཅན་ཡིན་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། སྤྱི་ནི་གསལ་བ་མ་བཟུང་བར་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་དང་། སྤྱི་ནི་གསལ་བ་དང་ཡི་གེ་དང་རྣམ་པས་སྟོངས་པའི་ཕྱིར་རོ་ཞེས་ཀྱང་བཤད་ཟིན་ཏོ། །འོ་ན་ནི་བློ་ཡང་དེའི་རྣམ་པས་སྟོང་པ་ཉིད་དེ། དེས་ནི་འདིའི་བློའི་རྣམ་པར་ཡང་མི་འགྱུར་རོ་ཞེ་ན། དེ་ནི་ མ་ཡིན་ཏེ། བློ་ནི་ཉེ་བར་གཞག་པ་ཡིས། །ཉེར་བསྒྱུར་སྲིད་མིན་འདོད་པ་མིན། །གོམས་པ་ཡིས་ནི་སྟོབས་ལས་བློ། །དེ་རྣམས་ཅན་དེ་འཇིག་རྟེན་རིག །དེ་ཉིད་ཀྱི་ཕྱིར་བཤད་པ། དེ་ཕྱིར་དོན་སྣང་བ་དེ་ནི། བློ་དེ་ལས་གཞན་མིན་དེས་ན། །མངོན་སུམ་དང་ནི་བདག་རིག་གྲུབ། །རྣམ་པ་དེ་བློའི་ བདག་ཡིན་ན་ནི། །མངོན་སུམ་དང་བདག་རིག་པར་གྲུབ་པོ། །གལ་ཏེ་གཞན་གྱི་བདེ་བའི་རང་བཞིན་ལ་རྗེས་སུ་དཔག་པ་ཡིན་པ་དེ་ལྟ་ན་ཡང་། དེ་ལས་གཞན་གྱི་རྣམ་པ་ལ་ནི་རང་རིག་པ་ཉིད་དོ། །དེ་ཡང་གཞན་གྱི་བདེ་བའི་རང་བཞིན་ཡིན་ནོ་ཞེ་ན། མ་ཡིན་ཏེ། གཞན་གྱིས་མ་རིག་པའི་ཕྱིར་རོ། ། གཞན་གྱིས་རྟོགས་པས་གནོད་པ་དེའི་རང་བཞིན་དུ་ཇི་ལྟར་འགྱུར། དེ་ལ་བར་ཆད་ལ་སོགས་པ་ནི་སྲིད་པ་མ་ཡིན་ནོ། །བར་དུ་ཆོད་ན་ཇི་ལྟར་བདག་གི་བདེ་བ་ཡིན། དེ་དང་དེ་འབྲེལ་པར་རིག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། གཞན་ལ་འབྲེལ་པ་རྟོགས་པ་མེད་པའི་ཕྱིར་རོ། །གཞན་གྱི་རིག་མིན་རང་ བཞིན་ནི། །ཁྱོད་ཀྱི་ཡིན་ཞེས་བརྗོད་པ་དེ། །རྒྱལ་པོའི་བཀའ་བྱུང་ཐེམ་སྐས་ཀྱི། །རིམ་པས་སྟེང་དུ་གནས་པ་ཡིན། །དཔྱོད་པ་བྱེད་པ་གཞན་དག་ཀྱང་ཁྱོད་ལ་རིག་པ་འདི་ལྟ་བུ་ཡོད་དོ་ཞེས་ངེས་པར་བྱེད་པ་ནི་མ་ཡིན་ཏེ། འདི་ཉིད་ཀྱིས་རྟོགས་པ་མ་ཡིན་ཏེ། འདི་འདིའི་མ་ཡིན་ནོ་ཞེས་རྟོགས་པའི་ ཕྱིར་རོ། །འོན་ཏེ་གཞན་གྱིས་ཀྱང་རང་བཞིན་དེ་ཉིད་རྟོགས་པ་ཡིན་ནོ། །དེ་ལྟ་ནའང་བདེ་བ་ལ་སྤྱོད་པ་ནི་མ་ཡིན་ནོ། །བདེ་བ་སྤྱོད་པའི་མངོན་སུམ་གྱིས་ཡིན་གྱི། རྗེས་སུ་དཔག་པས་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་དེ་ལ་འཛིན་བྱེད་ཀྱང་། །མངོན་སུམ་ཉིད་ནི་མིན་ཞེ་ན། །དོན་ མཚུངས་ཐ་དད་དེ་གང་ལས། །རང་གི་ངོ་བོ་མངོན་དུ་བྱེད་པ་ཉིད་ནི་མངོན་སུམ་ཡིན་ནོ་ཞེས་བསྟན་ཟིན་ཏེ། དེས་ན་རྣམ་པ་མཚུངས་པ་དག་ལ་དབྱེ་བ་མི་འཐད་དོ། །རྒྱུའི་དབྱེ་བ་ཐ་དད་དོ་ཞེ་ན། འོ་ན་ནི་རང་གི་ངོ་བོ་ཐ་དད་པར་འགྱུར་རོ། །གལ་ཏེ་རྒྱུ་ཐ་དད་པ་མེད་པ་མི་འཐད་པའི་ཕྱིར་རྒྱུ་ཐ་དད་ པར་ཁས་ལེན་པ་དེ་ལྟ་ན་ཡང་ཐ་དད་པ་ནི་རང་གི་ངོ་བོ་ཁོ་ནར་རིགས་སོ། །གཉི་གའི་རང་བཞིན་ཡང་མངོན་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་རྒྱུ་ཐ་དད་པར་ཡང་མི་རིགས་སོ། །མཐོང་ངོ་ཞེ་ན། རང་གི་ངོ་བོ་ཐ་དད་པར་ཡང་ཁས་བླང་དགོས་སོ། །དེས་རྣམ་པ་མཚུངས་པ་ཉིད་མི་རུང་ངོ་། །འོན་ཏེ་རྒྱུའི་ བྱེ་བྲག་ལས་རྟོགས་པའི་རང་བཞིན་ཉིད་ཁྱད་པར་ཡོད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྟོགས་པ་ཁྱད་པར་ཡོད་ཀྱང་གསལ་བའི་རྣམ་པ་ཉིད་ནི་མངོན་སུམ་ཡིན་པའི་ཕྱིར་རོ། །མ་མཐོང་དོན་གཅིག་ལྡན་སོགས་ཀྱིས། །གལ་ཏེ་མྱོང་བས་ངེས་ཡིན་ན། །གཞན་ནི་རྣམ་ཀུན་མི་འཛིན་འགྱུར། ། མྱོང་བའི་དབྱེ་བ་བསལ་ཟིན་ཏོ། །ཅི་སྟེ་ཡང་རྣམ་པ་ཐ་དད་པ་མེད་ཀྱང་མ་མཐོང་བའི་དབང་གིས་མངོན་སུམ་དང་ཅིག་ཤེས་སུ་ངེས་པ་ཡིན་ནོ། །དེ་བཞིན་དུ་དབང་པོ་ལྡན་པ་ལ་སོགས་པ། དོན་གཅིག་ལ་འདུ་བ་ལ་སོགས་པ་ལས་ཀྱང་ཡིན་ནོ། །འདི་ལྟར་བདག་གི་བདག་དང་འདུ་བའི་ བདེ་བ་ནི་བདག་གི་ཡིན་ལ། གཞན་གྱི་ནི་དེ་ལྟ་བུ་མ་ཡིན་ནོ་དེས་ན་གཞན་གྱི་བདེ་བ་རིག་པ་ན་བདེ་བ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེ་ན། གལ་ཏེ་མངོན་སུམ་དུ་བྱེད་པ་ཉིད་ཡོད་པའི་ཕྱིར་རྣམ་པ་ཐ་དད་པ་མེད་ཀྱང་མངོན་སུམ་དང་། མངོན་སུམ་མ་ཡིན་པའི་མཚན་ཉིད་དུ་ངེས་པ་ཡིན་ན་དེའི་ཚེ། མངོན་སུམ་ཉིད་ལ་ཡང་མངོན་སུམ་དང་མངོན་སུམ་མ་ཡིན་པར་ངེས་པ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་དོན་ཐ་དད་པར་བརྟགས་པས་ཅི་ཞིག་བྱ་སྟེ། མ་མཐོང་བ་དང་ལྡན་པས་དངོས་པོ་གཅིག་ཉིད་དེ་ལྟ་བུ་མ་ཡིན་པར་འགྱུར་ཏེ། བདེ་བ་ཉིད་སྡུག་བསྔལ་ ལ་སོགས་པ་ཡིན་ནོ་ཞེས་སོ། །དེས་ན་ཐ་དད་པར་ཡང་མི་རིགས་སོ། །འདི་ཡང་མ་མཐོང་བའི་བྱེ་བྲག་ཉིད་ལས་ཡིན་ནོ་ཞེ་ན། འགྱུར་མོད་རང་རིག་པའི་རྣམ་པ་ཐ་དད་པ་ཡང་དེ་བཞིན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གཞན་རྣམ་པ་ཐམས་ཅད་དུ་འཛིན་པར་མི་འགྱུར་རོ། །དོན་མཚུངས་པ་ལ་མྱོང་ བ་ཐ་དད་པ་ཡང་བསལ་ཟིན་པ་ཉིད་དོ། །མིག་ལ་སོགས་པ་ཡང་གསལ་བ་ཐ་དད་པ་ཉིད་ལས་བརྟག་པ་ཡིན་ཏེ། འདི་ལྟར། དང་པོ་གསལ་བ་མཐོང་གྱུར་པ། །དེ་ལ་མངོན་སུམ་ཉིད་དུ་གནས། །མི་གསལ་བར་ནི་རྟོགས་པ་དེ། །མངོན་སུམ་བདག་ཉིད་དུ་མཐོང་མིན། །གསལ་བ་ཉིད་ དང་དཀར་པོ་རྟོགས་པས་ཡུལ་དུ་བྱས་པས་ན་འཇིག་རྟེན་མངོན་སུམ་ཉིད་དུ་བྱས་པ་ཡིན་ནོ། །གང་གི་ཕྱིར། མིག་ལ་སོགས་པའི་རྒྱུ་ཡོད་ཀྱང་། གང་གི་ཚེ་གསལ་བར་སྣང་བར་མ་རྟོགས་པ་ནི་བདག་གི་འགའ་ཞིག་མི་གསལ་བ་ཉིད་དུ་མཐོང་བ་ཡིན་ན། དེ་མངོན་སུམ་དུ་རྟོགས་པ་ནི་མ་ ཡིན་ནོ་ཞེས་བྱ་བ་འདི་ནི་འཇིག་རྟེན་དག་གཅིག་པ་ཁོ་ནའོ། །འོན་ཏེ་གསལ་བ་ཉིད་དུ་འགྱུར་བའི་དབང་པོ་ལས་སྐྱེས་པ་ནི་མངོན་སུམ་ཡིན་ནོ། །འདི་ལྟར། གསལ་ལས་ཡང་དག་འཛིན་པ་ཉིད། །དབང་པོ་ལས་ནི་ཉེ་བར་རིག །གཉིས་མེད་ཕྱིར་ན་གཉིས་པོ་ནི། །ཇི་ལྟ་བུ་ཡིན་ཡིན་མི་འགྱུར། ། ཉེ་བར་གནས་པ་ཉིད་དང་གསལ་བ་ཉིད་དུ་རྟོགས་པའི་ཡུལ་གང་ཡིན་པ་དེ་ཉིད་འཇིག་རྟེན་མངོན་སུམ་དུ་འདོད་པ་ཡིན་ནོ། །དབང་པོ་མེད་པར་ནི་ཉེ་བར་གནས་པ་རྟོགས་པ་ཡིན་པས། དེའི་ཡན་ལག་མ་ཚང་བའི་ཕྱིར་མངོན་སུམ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་མི་རུང་སྟེ་འདི་ལྟར། ཉེ་བ་དང་ནི་ གཞན་པ་དག །མངོན་སུམ་ཅིག་ཤོས་རྒྱུ་མ་ཡིན། །གཞན་དུ་བྱ་རྒོད་ལ་སོགས་པའི། །རིང་མཐོང་མངོན་སུམ་ཉིད་མིན་འགྱུར། །འདི་ལྟར་སྐྱེས་བུ་འགའ་ཞིག་ནི་རིང་པོར་མཐོང་བ་འགའ་ཞིག་ན་དེ་ལྟ་མ་ཡིན་ནོ། དེས་ན་དེ་དག་གི་རིག་པ་མངོན་སུམ་མ་ཡིན་པར་འགྱུར་རམ་ཅི། འོན་ཏེ་ དེ་ཡང་། དེ་ཡི་གསལ་བ་དེ་ཉིད་ནི། །ཐག་རིང་མིན་ཞེས་རྗོད་བྱེད་དེ། །དང་པོའི་ནུས་པ་ལ་ལྟོས་ནས། །རིང་དང་མི་རིང་རྣམ་པར་གནས། །གང་ཞིག་གསལ་བ་ཉིད་དུ་བལྟ་བར་ནུས་པ་དེ་ཉིད་རིང་བ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡང་། གསལ་བར་མཐོང་བ་ཐམས་ཅད་ནི། །གལ་ཏེ་ ཐག་རིང་མི་འདོད་ན། །དེ་མིན་ན་འདི་ཐག་རིང་བས། །དབང་པོ་འདི་ཡི་རྒྱུ་མ་ཡིན། །དེའི་ཕྱིར་གསལ་བར་སྣང་བར་མཚུངས་པ་ཉིད་དང་དབང་པོའི་རྣམ་པར་ཤེས་པ་དག །མངོན་སུམ་དང་མངོན་སུམ་མ་ཡིན་པར་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པ་ཡིན་ནོ། །ཐམས་ ཅད་དུ་གཞན་གྱི་བདེ་བ་རིག་པ་ན་བདེ་བ་ཉིད་དུ་འགྱུར་ཏེ། མངོན་སུམ་དུ་བྱས་པས་སོ། །མངོན་སུམ་དུ་མ་བྱས་ན་ནི་རྣམ་པ་དང་བཅས་པ་ཉིད་ཀྱིས་རང་རིག་པ་ཉིད་དོ། །གང་དག་རྣལ་འབྱོར་མངོན་སུམ་གྱིས། །གཞན་གྱི་བདེ་བ་ལ་སོགས་པ། །མྱོང་ལ་ཉམས་མྱོང་མཚུངས་པ་ན། །དེ་ཡང་ དེ་བཞིན་གདུང་བར་འགྱུར། །འཇིག་རྟེན་རྒྱང་ཕན་པ་དང་དཔྱོད་པ་པ་མ་ཡིན་པ་གཟེགས་ཟན་པ་ལ་སོགས་པ་རྣལ་འབྱོར་པ་ཡོད་པ་གང་ཡིན་པ་དག་ལ། དེ་ནི་ངེས་པ་མངོན་སུམ་གྱིས་གཞན་གྱི་བདེ་བ་ལ་སོགས་པ་རིག་པ་ན་རྣལ་འབྱོར་པ་དེ་དག་ཀྱང་། འདོད་ཆགས་ལ་སོགས་པ་དང་ལྡན་ པར་འགྱུར་རོ། །ལྷག་མ་ནི་སྤྲོས་ཟིན་པས་ཡང་མི་སྤྲོའོ། །འོན་ཏེ། གསལ་ཏེ་ཡུལ་དབང་དུས་མེད་པས། །དེ་ལས་འབྱུང་བའི་སྡུག་བསྔལ་ནི། །དེ་དག་ལ་ནི་སྐྱེ་མིན་ན། །འོན་ཏེ་གང་ལ་དབང་པོ་དང་ཡུལ་ཕྲད་པས་བདེ་བ་ལ་སོགས་པས་སྐྱེ་བ་དེ་ཉིད་ལ་སོགས་པ་ཐ་སྙད་བྱ་བར་འོས་པ་ ཡིན་ནོ། །རྣལ་འབྱོར་པ་ལ་ནི་བུད་མེད་ལ་སོགས་པའི་ཡུལ་དང་ཕྲད་པ་ལས་བདེ་བ་ལ་སོགས་པ་སྐྱེ་བ་མ་ཡིན་ཏེ། དེས་ན་དེ་ལྟར་འགྱུར་བ་མ་ཡིན་ནོ། །གལ་ཏེ་དབང་པོ་དང་ཡུལ་ལས་སྐྱེས་པ་མ་ཡིན་ན་ནི། བདེ་བ་ལ་སོགས་པ་དེ་དེའི་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར། སྡུག་ བསྔལ་སྐྱེ་བ་འགྱུར་ཉིད་ནི། །སྡུག་བསྔལ་མྱོང་མིན་འོན་ཀྱང་ནི། །སྡུག་བསྔལ་ཤེས་པ་སྐྱེས་པ་ཡིན། །གང་གི་ཕྱིར། སྡུག་བསྔལ་ལ་སོགས་མྱོང་མིན་པར། །གདུང་དང་ཕན་འདོགས་རྒྱུ་མ་ཡིན། །འདི་ལྟར། ཕན་ཚུན་ལུས་ཀྱི་དབང་པོ་ཕྲད་པ་ལས་བྱུང་བ། སྐྱེས་པ་དང་བུད་མེད་ཀྱི་བདེ་བ་ ལ་སྤུ་ལྡང་བ་ལ་སོགས་པ་སྐྱེད་པར་བྱེད་པའི་ཆ་ཐུན་མོང་མ་ཡིན་ནམ། དེ་ལྟའོ་ཞེ་ན་ཐུན་མོང་དུ་དགའ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རང་རིག་པ་ཡིན་ན་བདེ་བ་ཉིད་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །རང་རིག་པ་ཙམ་ནི་སྐྱེ་བ་ཙམ་དང་། མིག་ལ་སོགས་པ་དང་ལྡན་པ་ཡང་ མེད་པ་མ་ཡིན་པས་ན་བདེ་བ་ཉིད་གཉི་ག་ལ་ཡང་མཚུངས་པར་འགྱུར་རོ། །དེ་ལ་དེར་གོམས་པ་མེད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། གོམས་པས་ནི་བདེ་བ་ཙམ་བྱེད་པ་ཡིན་ན། དེ་ནི་སྐྱེས་པའི་ཕྱིར་མྱོང་བ་མཚུངས་པར་འགྱུར་རོ། །ཁྱེད་ལ་རྣམ་པར་དབྱེ་བ་འདི་ཇི་ལྟར་ཞེ་ན། བཤད་པ། གང་ཚེ་ རང་ཉིད་སྡུག་བསྔལ་གྱི། །རང་གི་ངོ་བོར་སྣང་བ་ནི། །གདུང་ཡིན་དེ་མི་ཤེས་མིན་པ། །དེ་ཚེ་དེ་ལྟར་ཐལ་མི་འགྱུར། །གང་ཞིག་བདེ་བ་རང་རིག་པ་དེ་ནི། བདེ་བ་ཉིད་ལ་རྣལ་འབྱོར་པ་གང་གཞན་གྱི་བདེ་བ་ལ་སོགས་པ་དམིགས་པ་ཙམ་གྱི་རྣལ་འབྱོར་པ་དེ་ནི་ཆགས་པ་ལ་སོགས་པ་དང་ལྡན་ པ་ཉིད་མ་ཡིན་ནོ། །དེས་ན་རྣལ་འབྱོར་པ་དེ་དག་དེའི་སྡུག་བསྔལ་ལ་སོགས་པས་གདུང་བར་མི་འགྱུར་རོ། །མེ་ལ་སོགས་པ་མྱོང་བའི་ཇི་ལྟར་གདུང་ཞེ་ན། མ་ཡིན་ཏེ། རྣལ་འབྱོར་པ་ལ་དེ་མེད་པའི་ཕྱིར་རོ། །གཞན་ལ་ཇི་ལྟར་འགྱུར་ཅེ་ན། མེ་ལ་སོགས་པ་ནི་དེ་ལྟ་བུ་ཉིད་རིགས་པ་མ་ཡིན་པའི་ ཕྱིར་རོ། །རང་རིག་པས་བྱེད་པའི་བདེ་བ་ལ་སོགས་པ་གང་ཡིན་པ་དེ་དག་ནི་དེ་ལས་གཞན་དུ་མ་ཡིན་པའི་ཕྱིར་རོ། །རིག་པ་ཐམས་ཅད་མྱོང་བར་མཚུངས་པར་འགྱུར་བ་མ་ཡིན་ནོ། །དེས་ན་ཤེས་པ་ཐམས་ཅད་ཀྱིས། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདུ་བ་དམིགས་པ་དེ། ། རང་རིག་གསལ་བ་དག་མྱོང་ཡིན། །དེའི་རྣམ་པར་འཇོག་པར་ནུས་པ་ནི་མྱོང་བའི་དམིགས་པ་ཡིན་ལ། བདག་གི་ངོ་བོ་རང་ཉིད་གསལ་བ་ནི་རིག་པ་ཡིན་ནོ། །དེས་ན་བདེ་བ་དང་རིག་པ་གདུང་བར་བྱེད་ཀྱི་དེའི་རྣམ་པ་ཉེ་བར་འཇོག་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ཉིད་ལ་ཁྱད་པར་ཅི་ཡོད་ཅེ་ན། དོན་དམ་པར་ནི་ཅི་ཡང་མེད་དེ། བདེ་བ་དང་དེའི་རྣམ་པ་ནི་ཁྱད་པར་འགའ་ཡང་མེད་དོ། །འོན་ཀྱང་བདག་ཉིད་དེས་ཟིན་པར་སེམས་པ་ནང་གི་སྡུག་བསྔལ་ལོ་ཞེས་ངེས་པར་ཟད་དོ། །རྣལ་འབྱོར་པ་རྣམས་ནི་དེ་ལྟ་མ་ཡིན་པས་ན་དེ་བཞིན་ཉིད་དུ་བདེ་བ་ཉིད་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་ པ་ནི་རང་རིག་པ་ཉིད་དེ། དེ་ལྟ་མ་ཡིན་ན་བདེ་བ་ལ་སོགས་པའི་རྣམ་པར་དབྱེ་བ་སྲིད་པ་མ་ཡིན་ནོ། །ཤེས་རབ་ལ་སོགས་པ་གོམས་པའི་ཁྱད་པར་ཉིད་ལས་མ་ཡིན་ནམ། དེ་དག་ན་སྣང་བཞིན་པའི་དོན་དང་མི་མཐུན་པ་མ་ཡིན་ན། །དོན་དེ་ཡང་ཤེས་རབ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ཏེ། དེ་ལ་གོམས་པས་མི་འཇུག་པའི་ཕྱིར་རོ། །དེ་ལ་གོམས་པས་དོན་མངོན་པར་འདུ་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་ལས་ཐ་དད་པའི་ཤེས་རབ་དེ་ནི་རྣམ་པ་དང་བཅས་པ་ཡིན་ནོ། །ཤེས་རབ་ལ་སོགས་པ་རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པ་མ་ཡིན་ནམ། དེས་དེ་རྣམ་པ་ མེད་པ་ཡིན་ཡང་རྣམ་པར་ཤེས་པ་རྣམ་པ་མེད་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཤེས་རབ་དེ་ནི་རྣམ་བྱེད་དེ། །ཅི་ལྟར་དེ་འཛིན་ཡིད་ཀྱང་ཡིན། །དེ་དོན་འཛིན་ཡང་དོན་རྣམས་ནི། །མེད་ན་དེ་ཕྱིར་རྣམ་ཤེས་ཀྱང་། །གལ་ཏེ་ཤེས་རབ་དོན་གྱི་ཁྱད་པར་འཛིན་པ་ཡིན་ ཡང་རྣམ་པར་ཤེས་པ་ཡིན་ན་ནི། རྣམ་པར་ཤེས་པ་ཡང་རྣམ་པ་མེད་པར་དོན་ཅི་སྟེ་མི་འཛིན། དེ་ཡང་རྣམ་པ་མེད་དུ་ཟད་མོད་ཅེ་ན། དེ་ནི་མི་རུང་སྟེ་འདི་ལྟར། ཤེས་རབ་ཅེས་ཀྱང་སྐད་ཅིག་ལ། །དག་པའི་དོན་ནི་སྣང་བ་ཡིན། །དེ་ཡང་རྗེས་དཔག་གཞན་དག་ནི། །ཤེས་རབ་ཉིད་དུ་མི་འཐད་ ཕྱིར། །དེ་ཡང་རྣམ་པ་དང་བཅས་པ་ཡིན་ནོ་ཞེས་བསྟན་ཅིང་སྟོན་པར་འགྱུར་བ་ཉིད་དོ། །གལ་ཏེ་རྣམ་པར་ཤེས་པ་རང་རིག་པར་མི་འདོད་ན། དེའི་ཚེ་དོན་འགའ་ཡང་རྟོགས་པ་མེད་པའི་ཕྱིར་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ། །དེ་ལ་བཤད་པ་ནི། གཞན་ཡང་མངོན་སུམ་མེད་པ་ན། །བློ་ནི་ རྟགས་ལ་ལྟོས་པར་འགྱུར། །དེ་ཡང་དབང་པོ་དོན་ནམ་བློ། །ཡང་ན་ཡིད་བྱེད་སྔ་མར་འགྱུར། །རྒྱུ་འབྲས་ཚོགས་པ་འདི་དག་ལས། །འབྲེལ་པ་ཅན་གཞན་ཡོད་མིན་ཏེ། །ནུས་པ་མཐོང་བ་མེད་ཕྱིར་རོ། །དེ་ལ་འཁྲུལ་ཕྱིར་དབང་པོ་མིན། །མངོན་སུམ་ཉིད་མ་ཡིན་པ་ན་ལྐོག་ཏུ་གྱུར་པའི་ཡུལ་ ཅན་རྗེས་སུ་དཔག་པ་དང་འཇུག་པ་ཡིན། དེ་ཡང་རྟགས་ལས་ཡིན་ལ། རྟགས་དེ་ཡང་དབང་པོ་ལ་སོགས་པའི་ཡིད་ལ་བྱེད་པའི་མཐར་ཐུག་པ་ཡིན་ཏེ། འབྲེལ་པ་དང་ལྡན་པ་གཞན་མེད་པའི་ཕྱིར་རོ། །དོན་གྱིས་གོ་བ་ཡང་འབྲེལ་པ་མཐོང་བ་ཉིད་ལས་ཡིན་ནོ། །དེ་ནི་མཐོང་བ་གཞན་དུ་མི་འཇུག་པའི་ ཕྱིར་རོ་ཞེས་བྱ་བས་འཇུག་པའི་ཕྱིར་རོ། །དེ་ལ་རེ་ཞིག་དབང་པོ་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །རྟགས་ནི་འཁྲུལ་པ་མེད་པ་ཡིན་ན། དབང་པོ་ནི། དེ་ལྟ་མ་ཡིན་པར་མི་འཐད་པ་མ་ཡིན་ཏེ། རྒྱུ་ཉིད་དུ་ཁས་བླང་བར་བྱའོ། །ནུས་པ་ཡང་འབྲས་བུ་མ་མཐོང་བར་མི་ངེས་ སོ། །དོན་ཡང་དེ་བཞིན། ཡང་དབང་པོ་བཞིན་དུ་འཁྲུལ་པའི་ཕྱིར་རོ། །བློ་ཡིད་བྱེད། ཤེས་ཡིན་དེ་ཡང་མ་གྲུབ་ཉིད། །བློ་ནི་རྟགས་མ་ཡིན་ཏེ། དེ་ནི་བསྒྲུབ་ཉིད་ཡིན་པས་མ་གྲུབ་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ཡང་སྔར་གྱི་བློ་དེ་ཉིད་ཡིན་ལ། དར་ཡང་སྐྱེས་པའི་དུས་སུ་མ་གྲུབ་ན། །གཞན་གྱི་ཚེ་ ཇི་ལྟར་གྲུབ། འདི་ལྟར། མ་གྲུབ་པ་ནི་རྟགས་ཉིད་མིན། །རྟགས་ནི་གྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་པར་རྟགས་ཉིད་ཡིན་ན་ནི། ཐམས་ཅད་རྟགས་ཉིད་དུ་འགྱུར་བས་ཐམས་ཅད་ཀྱི་ཐམས་ཅད་གྲུབ་པར་འགྱུར་རོ། །ཅི་སྟེ་ཡང་རེ་ཞིག་གསལ་བར་འགྱུར་བའི་དོན་ནི་མངོན་སུམ་དུ་གྲུབ་ པ་ཉིད་དོ། །དེ་ལྟ་མ་ཡིན་ན་དོན་ཞེས་བྱ་བར་ཡོད་པར་མི་འགྱུར་བས་ཐ་སྙད་མེད་པར་འགྱུར་བའི་ཕྱིར་འགྲོ་བ་ལོང་ཞིང་ལྐུགས་པར་འགྱུར་རོ། །དོན་ཡོད་པ་ཙམ་ལས་ཀྱང་དོན་གསལ་བར་འགྱུར་བ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐམས་ཅད་གསལ་བར་ཐལ་བས་ཐམས་ཅད་མཐོང་བར་ཐལ་ བར་འགྱུར་རོ། །དེས་ན་གང་ལ་དོན་གསལ་བ་ཉིད་དུ་གྱུར་པ་དེ་ནི་བློ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཏེ། མ་ཤེས་པར་ནི་བློ་གསལ་ཡང་དམིགས་པ་མེད་དེ། ཤེས་པ་ནི་རྗེས་སུ་དཔག་པ་ལས་རྟོགས་སོ་ཞེས་བཤད་པ་ཡིན་ནོ་ཞེ་ན། འདི་ལ་ལན། གལ་ཏེ་དོན་གསལ་རྟོགས་ཡིན་པར། །འདོད་ན་ དེ་ཉིད་ཤེས་མིན་ནམ། །འདིས་ནི་གསལ་འགྱུར་དོན་གསལ་ཏེ། །གསལ་བ་ཉམས་སུ་མྱོང་མིན་ན། །དེ་ཡིས་གསལ་འགྱུར་མི་ངེས་ཕྱིར། །གལ་ཏེ་གསལ་བ་རྟགས་ཡིན་ན། །འོན་ཏེ་གསལ་བར་གྱུར་པའི་དོན་རྟགས་ཡིན་ཡང་བླ་སྟེ་རྣམ་པ་ཐམས་ཅད་དུ་གསལ་བ་ཉམས་སུ་མྱོང་དགོས་ ཏེ། གསལ་བར་གྱུར་པ་མྱོང་བ་ནི་གསལ་བར་མྱོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དུས་གཅིག་གི་ཚེ་ཉམས་སུ་མྱོང་བའི་གསལ་བ་ནི་གཞན་གྱི་ཚེ་ཁྱད་པར་གྱུར་པ་ཡིན་པས། རྣམ་པ་ཐམས་ཅད་དུ་མངོན་སུམ་གྱིས་མྱོང་བར་འགྱུར་བ་ཡིན་ནོ། །རྗེས་སུ་དཔག་པས་མྱོང་བ་ཡིན་ན་ནི་ ཐུག་པ་མེད་དོ། །དོན་གྱིས་གསལ་བ་དེ་མངོན་སུམ་ཡིན་ན་ནི། བློ་ཡང་མངོན་སུམ་ཉིད་དོ། །དེས་ན་གསལ་བ་ལྐོག་ཏུ་གྱུར་པ་ཉིད་ཀྱིས་དོན་ལྐོག་ཏུ་གྱུར་ཏེ། དེས་ན་རྟགས་མ་ཡིན་ནོ། །འོན་ཏེ་ལས་ཉིད་དུ་སྣང་བའི་དོན་གཟུང་བར་བྱ་བའི་མིང་གི་རྣམ་གྲངས་ཅན་གྱི་རྟགས་ཡིན་ནོ། །ལས་ཉིད་ནི་བྱ་ བ་མེད་པར་འགྱུར་བ་མ་ཡིན་ནོ། །བྱ་བ་ཡང་བློ་ཡིན་ནོ། །དེ་སྨྲས་པ་ནི། དེ་ནི་ཕྱི་རོལ་ཡུལ་དག་དང་། །འབྲེལ་བས་མངོན་སུམ་ཉིད་དུ་དམིགས། །འདི་ལ་བརྗོད་པ་ནི། ལས་ཉིད་འགར་ཡང་གཞན་དུ་མིན། །བྱ་བས་བྱས་པའི་ཁྱད་པར་ནི། །བྱ་བ་ཙམ་ཉིད་རྗེས་དཔོག་འགྱུར། །གལ་ཏེ་ལས་ ཉིད་ཅེས་བྱ་བ། །བྱ་བ་བྱས་པའི་ཁྱད་པར་ཡིན་ན་བྱས་པ་ཙམ་ཉིད་དུ་རྗེས་སུ་དཔག་པར་འགྱུར་མོད། བློའི་བྱ་བ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །དངོས་པོའི་རང་བཞིན་ལས་གཞན་པའི་བྱ་བ་ནི་ཡང་མེད་དོ། །འདི་ལྟར། བྱེད་པོའམ་ལས་ལ་གནས་པ་ནི། །བྱ་བར་བརྗོད་ཀྱི་གཞན་མ་ཡིན། །བྱེད་པོ་ ལ་གནས་བྱེད་པོ་ལས། །གཞན་མིན་ལས་གནས་ལས་ལས་མེད། །དེའི་ཕྱིར་མཐོང་བ་སྣང་བ་དང་། །གཞན་ལ་ལས་ནི་གཞན་མ་ཡིན། །འོན་ཏེ་དོན་ནི་གཟུང་བ་ཉིད་དུ་རིག་པ་ཡིན་ལ། བློ་ནི་འཛིན་པ་ཉིད་དུ་ཡིན་ཏེ། འདི་ལྟར་ངས་བློ་དོན་དུ་བཟུང་ངོ་ཞེས་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། དེ་ཚེ་བློ་ནི་བྱེད་པ་སྟེ། །འཛིན་པ་ཉིད་ནི་དེ་ལས་གཞན། །དེ་ཉིད་ཡིན་འགྱུར་བློ་གཞན་ནི། །ཅི་ཡི་ཕྱིར་ན་རྟོགས་པར་བྱེད། །གལ་ཏེ་དོན་ལས་མཐོང་གཞན་ན། །རང་བཞིན་སུ་ཡིས་མཐོང་བར་འགྱུར། །བྱ་བ་བྱས་པའི། འོན་ཏེ་གསལ་ཏེ་དོན་ཉིད་ཀྱི། །ཁྱད་པར་འགའ་ཞིག་ཡིན་འདོད་ན། །དེའི་ ཚེ། སྐྱེ་བ་དང་ནི་འཇིག་མེད་པའི། །དོན་ལ་ཁྱད་པར་འགའ་ཡང་མེད། །བློ་འཛིན་པ་དེ་ནི་དེའི་ཚེ་དོན་སྐྱེ་བ་ནི་ཁས་མི་ལེན་ཏོ། །འཛིན་པར་བྱེད་པའི་རྟོགས་པ་ནི་གྲུབ་པ་ཉེ་བར་འཇོག་པ་ཡིན་ཏེ། བློས་ནི་ཇི་ལྟར་གནས་པ་བཞིན་འཛིན་པ་ཙམ་བྱེད་པ་ཡིན་ནོ། །གཟུང་བ་ཙམ་ཉིད་ཀྱིས་ནི་ཁྱད་པར་དུ་ འགྱུར་བ་མ་ཡིན་ནོ། །རང་བཞིན་གཞན་དུ་འཛིན་ན་ཡང་འཁྲུལ་པ་ཉིད་དུ་འགྱུར་རོ། །དེའི་རང་བཞིན་དུ་འཛིན་ན་ཡང་སྔ་མ་ཕྱི་མའི་རང་བཞིན་ཉིད་འཛིན་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་སྒྲོན་སོགས་རང་དུས་དང་། འབྲེལ་པ་བུམ་སོགས་གསལ་བྱེད་པ། །དེ་བཞིན་ཤེས་པའང་ཡིན་ཞེ་ན། དེ་ལའང་ བརྩད་པ་མཚུངས་པ་ཉིད། །གལ་ཏེ་དོན་རྣམས་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ཉིད་སྒྲོན་མས་མངོན་པར་གསལ་བར་བྱེད་ན། དེས་ཀྱང་དུས་ཀྱི་མཐའ་དག་ཁྱབ་པར་གསལ་བར་བྱེད་པར་འགྱུར་རོ། །གཞན་དུ་ན་འཁྲུལ་པ་ཙམ་ཉིད་དོ། །འོན་ཏེ་འཛིན་པའི་དུས་སུ་དོན་གཞན་ སྐྱེས་པ་ཡིན་ནོ་ཞེ་ན། དེའི་ཚེ། དེ་འདོད་ན་ཡང་ཤེས་སོ། །སྐད་ཅིག་འཇིག་པར་ཐལ་བར་འགྱུར། །གལ་ཏེ་འདི་རྟོགས་པའི་རང་བཞིན་མ་ཡིན་པ་ལས་ལྡོག་པའི་རང་བཞིན་དུ་སྐྱེ་བ་ཡིན་ན། ཤེས་པ་དང་དུས་མཚུངས་པ་ཉིད་ཀྱིས་སྐད་ཅིག་མ་རང་རིག་པ་ཉིད་ཡིན་པའི་ཕྱིར་དོན་གཞན་བརྟགས་ པས་ཅི་བྱ། གལ་ཏེ་བློ་ནི་འཛིན་པར་བྱེད་པ་ཉིད་དུ་རྟོགས་ལ། དོན་ནི་གཟུང་བ་ཉིད་དུ་རྟོགས་སོ་ཞེས་བསྟན་པ་མ་ཡིན་ནམ་ཞེ་ན། གལ་ཏེ་དོན་གཡོ་བ་མེད་པའི་རང་བཞིན་ཡིན་ནོ། །གང་གི་ཚེ་དེ་ལྟ་བུའི་རང་བཞིན་སྐྱེ་བ་དེའི་ཚེ་ནི་དེ་ལྟ་བུར་གྱུར་པར་སྐྱེའོ་ཞེས་བརྗོད་པ་ན། དེ་ལྟར་དོན་གཟུང་བ་ཉིད་ དུ་ཇི་ལྟར་བརྗོད་པར་འགྱུར། ངས་བློ་གཟུང་ངོ་ཞེས་བྱ་བའི་ཐ་སྙད་རྟོགས་པ་སྐྱེས་པ་ཙམ་ལས་གཞན་དུ་ཅུང་ཟད་ཀྱང་རྟོགས་པར་བྱེད་པ་མ་ཡིན་ནོ། །དེ་སྐད་དུ་བཤད་པ་ནི། དངོས་པོའི་འབྲེལ་པ་མཐའ་དག་ནི་སྐྱེད་པར་བྱེད་པ་ཉིད་ཀྱིས་ཉེ་བར་སྦྱོར་བའི་ཁྱད་པར་གྱི་རྒྱུ་དང་འབྲས་བུའི་ཆའི་ ཁྱད་པར་ལས་གནས་སྐབས་ཀྱི་ཁྱད་པར་བསྟན་པའི་ཕྱིར་གཞན་དུ་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །ཐ་སྙད་ལ་ནི་དངོས་པོ་གྲུབ་པ་མ་ཡིན་ཏེ། དེ་ནི་གཞན་དུ་ཡང་འཐད་པའི་ཕྱིར་རོ། །འདི་ལྟར། རང་གི་རྒྱུ་ཡི་དངོས་པོ་ལས། །དོན་འདི་སྔར་ཡང་ཡོད་པ་ཡིན། །དེ་ལྟ་དེ་ལྟར་དངོས་ འདི་ལ། །དེ་ཡི་མཐོང་བ་འདི་སྐྱེས་སོ། །མངོན་སུམ་རྗེས་དཔག་དག་གིས་ནི། །དོན་འདི་རྟོགས་པ་ཉིད་མ་ཡིན། །དེས་ན་འཇིག་རྟེན་ཐ་སྙད་འདི། །ལོང་བ་བརྒྱུད་པ་འབའ་ཞིག་གོ། །གཞན་ཡང་གལ་ཏེ་དོན་གྱི་ཁྱད་པར་འགའ་ཞིག་ཉིད་གཟུང་བ་ཡིན་ན་དེའི་ཚེ། དེ་ཡང་ཤེས་པ་ཤེས་ མ་གྱུར། །གལ་ཏེ་ཤེས་པ་རྟགས་ཡིན་ན། །ཤེས་སུ་ཡོངས་སུ་བཅད་མེད་པར། །དེ་ཤེས་ཤེས་བྱ་དེ་གང་ལས། །གལ་ཏེ་ཤེས་འགྱུར་ཉིད་དུ་ནི། །ཡོངས་བཅད་དེ་དེའི་རང་བཞིན་ཉིད། །བློ་གཞན་དོན་མེད་ཁྱད་པར་ནི། །དེ་ཉིད་དེ་ལྟར་རབ་ཏུ་བརྗོད། །ཤེས་འགྱུར་ཉིད་དུ་བཅད་ མེད་ཀྱང་། །དེ་ནི་ཇི་ལྟར་གོ་བྱེད་ཡིན། །དོན་ཤེས་ཞེས་བྱ་བར་ཤེས་པ་ནི། ཤེས་པ་ཞེས་བྱར་རྟོགས་པ་ཡིན། །དོན་ཤེས་ཙམ་དུ་ཤེས་པ་ནི། དེའི་དོན་ཉིད་དུ་རིག་པ་ཡིན། །དེ་ཡི་ངོ་བོར་རིག་པས་ན། །དོན་རྣམས་དེ་ཡི་ངོ་བོར་གནས། །དཀར་པོ་ཉིད་དུ་རིག་པའི་དོན། །དེ་ལས་ དཀར་པོ་གཞན་ནམ་ཅི། །དེ་ལྟར་འདི་ནི་བཤད་ཟིན་པ་ཡིན་ནོ། །འོན་ཏེ་མཐོང་བ་གཞན་ཉིད་ཡིན་ན་དེའི་ཚེ་མཐོང་བར་གྱུར་པ་ཞེས་ཡོངས་སུ་མི་གཅོད་པར་འགྱུར་རོ། །དེ་བཤད་པ་ནི། མཐོང་བ་མཐོང་འགྱུར་མིན་གཞན་གྱིས། །མཐོང་འགྱུར་འགའ་ཡང་མཐོང་འགྱུར་མེད། །གལ་ ཏེ་མཐོང་བ་མཐོང་བར་འགྱུར་བ་ལས་གཞན་མ་མཐོང་བ་ཡིན་ན་ཇི་ལྟར་མཐོང་བར་གྱུར་པའི་རང་བཞིན་ཡོངས་སུ་གཅོད། དེ་ལྟ་མ་ཡིན་ན་གཞན་གྱིས་མཐོང་བར་གྱུར་པ་ལ་ཡང་། འདི་ནི་གཞན་གྱིས་མཐོང་བར་གྱུར་པའོ་ཞེས་མཐོང་བར་གྱུར་པའི་ཐ་སྙད་དུ་འགྱུར་རོ། །ཇི་ལྟར་མཐོང་བ་ཙམ་ ལས་ངས་མཐོང་བའོ་ཞེས་དེའི་མཐོང་བས་དོན་གྱི་ཁྱད་པར་མཐོང་བ་ལས་ཡིན་པ་དེ་བཞིན་དུ་ཁྱད་པར་དེ་གཞན་གྱི་མཐོང་བ་ལ་ཡང་གདོན་མི་ཟ་བར་འདོད་པའི་ཕྱིར་འདི་ནི་གཞན་གྱིས་མཐོང་བར་འགྱུར་བའོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་ཁྱད་པར་དེ་ནི་གཅིག་ཉིད་མ་ཡིན་ཏེ། དེས་ན་གཞན་གྱིས་ མཐོང་བར་གྱུར་པ་མ་མཐོང་བའི་ཕྱིར་དང་། རང་གིས་མཐོང་བར་གྱུར་པ་མ་མཐོང་བའི་ཕྱིར་རང་གིས་མཐོང་བ་ཞེས་བྱ་བ་དེ་ཉིད་རྟོགས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར། ཁྱད་པར་དེ་གཞན་མཐོང་བ་ལས། །ཡོད་ཕྱིར་རང་བློ་རྟོགས་པར་འགྱུར། །གལ་ཏེ་ཁྱད་པར་མང་པོ་ ཡིན་པ་དེ་ལྟ་ན་ཡང་། དེ་དག་རང་གིས་རིག་པར་བྱ་བ་དེ་དག་ཉིད་མ་ཡིན་པས་དེ་དག་གིས་ཀྱང་མཐོང་བར་འགྱུར་བ་ཉིད་ཡིན་ཏེ། དེས་ན་རང་དང་གཞན་གྱི་བློ་རྟོགས་པར་འགྱུར་རོ། །དེས་ན་མཐོང་བར་གྱུར་པ་ནི་རང་ཉིད་རིག་པར་བྱ་བར་འགྱུར་དགོས་སོ། །འོན་ཏེ་དེ་ཡང་རིག་པ་གཞན་གྱིས་མཐོང་བར་ འགྱུར་རོ་ཞེ་ན། དེ་ལྟ་ཡིན་ན་དེ་ལ་ཡང་རྟོགས་པར་འགྱུར་བ་ཉིད་ཡོད་པར་གྱུར་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་མཐོང་བར་གྱུར་པ་ཉིད་གཅིག་ཁོ་ན་ཡིན་ན། དེ་ལྟ་ན་ནི་གཞན་གྱིས་མཐོང་བ་ལ་ཡང་ཁྱད་པར་དེ་ཉིད་ཡིན་པས་རང་གི་བློ་རྟོགས་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་ཇི་སྲིད་དུ་གཞན་གྱིས་ མཐོང་བར་གྱུར་པ་ཉིད་གཞན་གྱིས་རྟོགས་པ་དེའི་ཚེ། བདག་གིས་མཐོང་བར་གྱུར་པ་ཉིད་མེད་ཀྱང་། གཞན་གྱིས་མཐོང་བར་གྱུར་པ་མཐོང་བས་རང་གི་བློ་རྟོགས་པར་འགྱུར་རོ། །མཐོང་བར་གྱུར་པ་དེ་ནི་རང་དང་གཞན་ལ་ལྟོས་ཏེ། ཁྱད་པར་ཡོད་པ་མ་ཡིན་ཏེ། འོན་ཏེ་ རང་ཉིད་ཀྱིས་མཐོང་བར་གྱུར་པ་ཉིད་ཀྱང་ཡོད་པ་ཡིན་ཏེ། དེ་ལས་རང་གི་བློ་རྟོགས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རང་གིས་མཐོང་བར་གྱུར་པ་དང་། གཞན་གྱིས་མཐོང་བར་གྱུར་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །རང་གིས་མཐོང་བར་གྱུར་པ་ཉིད་ནི་རང་གིས་མཐོང་བ་དང་འབྲེལ་པ་རྟོགས་ན་ཤེས་པ་ ཡིན་ནོ། །དེ་མ་རྟོགས་ན་ནི་རང་གིས་མཐོང་བར་གྱུར་པ་ཉིད་ཅེས་བྱ་བ་འདི་ཉིད་ག་ལས་ཡིན། དེའི་ཕྱིར་རང་ཉིད་ཀྱིས་མཐོང་བར་གྱུར་པ་མ་ཡིན་ཡང་། གཞན་གྱིས་མཐོང་བར་གྱུར་པ་ཉིད་རྟོགས་པས་རང་ག