Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 179
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
ན། གལ་ཏེ་ཕྱིས་དམིགས་སུ་ཆུག་ཀྱང་། ཕྱིས་ཉིད་འགྱུར་མོད། དམིགས་པ་དེ་སྔ་མ་ལ་མེད་པ་ནི་མ་ཡིན་ནོ། །དམིགས་པ་དེའང་ཤེས་པའི་རྣམ་པ་ཡིན་གྱི། དོན་གྱི་རྣམ་པ་ནི་མ་ཡིན་ནོ། །དེས་ན་དེ་ཡང་དོན་ཡོད་དོ་ཞེས་བྱ་བ་ཕྱིས་དམིགས་པར་ ངེས་པ་ཡིན་ལ་དེ་ཡང་ཕྱིས་ཡིན་པའི་ཕྱིར་མཐར་ཐུག་པ་མེད་པས་ན་མི་རྟོགས་པ་ཉིད་དོ། །དེའི་ཕྱིར་དོན་མཐོང་བ་མེད་པའི་ཕྱིར་དང་། བག་ཆགས་དང་འབྲེལ་པ་ཉིད་ཀྱང་སྔར་ཉིད་བསྒྲུབས་པའི་ཕྱིར་དཔྱད་པ་ཞིབ་མོས་བཟོད་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ནུས་པ་ཉིད་ངེས་པ་ རྒྱུར་བརྟག་པར་བྱ་བ་ཡིན་ནོ། །གལ་ཏེ་འགའ་ཞིག་རྟོགས་པ་མ་ཡིན་ན་དེ་ལ་རྒྱུ་ཐ་དད་པ་རྗེས་སུ་དཔག་པ་ལས་ཕྱི་རོལ་གཞལ་བྱ་ཡིན་ནོ། །གལ་ཏེ་ཕྱི་རོལ་དོན་མེད་ན་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་དང་ཤེས་བྱ་ཤེས་བྱེད་ཀྱི་དངོས་པོར་འགྱུར། འདི་ལྟར། ཕྱི་རོལ་ མེད་ན་རྒྱུ་དང་ནི། །འབྲས་ཉིད་ཤེས་པ་ཡིན་པར་འགྱུར། །དེ་དག་ལས་ཡང་ངེས་མེད་ཕྱིར། །འབྲས་བུ་མེད་ཅིང་རྒྱུ་ཡང་མེད། །འདི་ལྟར། སྔོན་པོར་སྣང་ལས་སེར་པོར་སྣང་། །དེ་ལ་སྔོན་པོ་སྣང་ལྡན་པ། །དེ་ལྟར་ཕན་ཚུན་རྒྱུ་ཡིན་པས། །ཇི་ལྟར་རྒྱུ་འབྲས་དག་ཏུ་འགྱུར། །གང་གི་ ཚེ་སྔོན་པོར་སྣང་བའི་རྣམ་པར་ཤེས་པའི་དེ་མ་ཐག་པ་ཉིད་དུ་སེར་པོར་སྣང་བའི་ཤེས་པ་འབྱུང་བ་དེའི་ཚེ་སེར་པོར་སྣང་བ་ལས་མ་གཏོགས་པའི་སེར་པོ་བས་སེར་པོར་སྣང་བ་ཉིད་དེའི་རྒྱུ་ཡིན་པར་འགྱུར་གྱི། སེར་པོ་ནི་མ་ཡིན་ནོ། །དེ་ལ་ཡང་སེར་པོར་ཡོད་པ་མ་ཡིན་ཏེ། སེར་པོར་སྣང་བ་ དེ་ལས་ཀྱང་སྔོན་པོར་སྣང་བ་ཡིན་པའི་ཕྱིར་ཕན་ཚུན་རྒྱུ་ཉིད་དུ་འགྱུར་བས་རིགས་པ་དང་འགལ་བར་འགྱུར་རོ། །ཇི་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་རྒྱུ་ཡིན། ཕྱིའི་དོན་ཡོད་ན་ནི་སྔོན་པོ་ཉིད་དེར་རྒྱུ་ཡིན་ལ། སེར་པོར་སྣང་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དོ། །མཚུངས་པ་དེ་མ་ ཐག་པའི་རྐྱེན་ཡང་ལྷན་ཅིག་བྱེད་པ་དོན་ཐ་དད་པས་ཐ་དད་པ་ན་གང་གིས་ངེས་པ་མེད་པར་འགྱུར་བ་གཅིག་ཉིད་དུ་འགྱུར་བ་མ་ཡིན་ནོ། །ཡང་ན་རྟོགས་པའི་རང་བཞིན་ལ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་བྱེད་པ་ཡིན་ལ། རྣམ་པ་ལ་ནི་སྔོན་པོ་ལ་སོགས་པ་ཉིད་ཡིན་པས་དེ་ལ་ངེས་པའི་ཕྱིར་ སྐྱོན་མེད་དོ། །གལ་ཏེ་རྟོགས་པའི་རང་བཞིན་ལས་རྟོགས་པའི་རང་བཞིན་ཉིད་དང་སྔོན་པོ་ལས་གཞན་ལས་ཀྱང་དེའི་རྣམ་པ་ཡིན་ནོ། །ངེས་པ་མེད་པར་འགྱུར་བ་ཡིན་ནོ། །གལ་ཏེ་དུང་དཀར་པོ་ལས་ཀྱང་སེར་པོའི་རྣམ་པ་ཉིད་དམིགས་ལ། ཆུང་ངུ་ལས་ཀྱང་ཆེན་པོའི་རྣམ་པ་ཉིད་དམིགས་པ་མ་ ཡིན་ནམ། དེས་ན་འདི་ལ་ཡང་ངེས་པ་མེད་པ་ཁོ་ནའོ་ཞེ་ན། དེ་ནི་མེད་དེ། འདི་ལྟར། རྒྱུ་ནི་འཁྲུལ་པར་འགྱུར་བའི་ཕྱིར། །དེར་ནི་འཆོལ་བ་འདིར་འགྱུར་རོ། །འཁྲུལ་པ་མེད་པའི་སྣང་བ་ལ། །ངེས་པར་རྟོགས་པ་གཞན་ཡོད་མིན། །འཁྲུལ་བ་ལ་འཆོལ་བར་མཐོང་བ་གང་ཡིན་པ་དེ་ནི་ཚད་མ་ཅན་ཉིད་ མ་ཡིན་པའི་ཕྱིར་ན་དེས་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ས་བོན་ལས་མྱུ་གུ་སྐྱེ་བར་འདོད་ཀྱི་བཟློག་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་སྨྲ་བ་ལ་ནི་ས་བོན་ལ་སོགས་པ་སྣང་བ་ལས་མ་གཏོགས་པའི་ས་བོན་ལ་སོགས་པ་མེད་དོ། །དེས་ན་ས་བོན་དུ་སྣང་བ་ལས་མྱུ་གུར་སྣང་བ་དེ་ལས་ ཀྱང་ས་བོན་དུ་སྣང་བ་ཡིན་པའི་ཕྱིར་ན་ངེས་པ་མེད་དོ། །དེ་ལྟར་ན་ཡང་ཐ་སྙད་ཆད་པར་འགྱུར་རོ། །ཤེས་བྱ་ཤེས་བྱེད་ཀྱི་དངོས་པོ་ཡང་རིང་དུ་སྤངས་པ་ཉིད་དོ། །དུ་བ་ལས་མེ་ཡོད་དོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པར་བྱ་བ་ལ་ལྐོག་ཏུ་གྱུར་པ་ཡིན་ན་ཕྱི་རོལ་གྱི་མེ་ནི་ཡོད་པ་ མ་ཡིན་ནོ། །སྣང་བ་ཡང་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ན་ལྐོག་ཏུ་གྱུར་པ་ཉིད་དོ། །གཞན་གྱི་སྣང་བ་ཡང་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ལ་འཁྲུལ་པའི་ཕྱིར་རོ། །འབྱུང་བར་འགྱུར་བའི་རང་གི་སྣང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་ དོན་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། ས་བོན་ལས་ནི་མྱུག་བསྐྱེད་དང་། །དུ་བ་ལས་མེ་གྲུབ་པ་ཞེས། །དེ་འདྲ་ཕྱི་རོལ་དོན་བརྟེན་ཅན། །བྱེད་པོ་ཤེས་བྱེད་གནས་པ་གང་། །དེ་ཡང་གལ་ཏེ་དེ་ངོ་བོར། །སྣང་བ་དེ་ལྟར་དེས་འབྲེལ་པའི། །བློ་ལ་བརྟེན་པས་རྟོགས་བྱེད་ན། ། འགལ་བ་དག་ནི་ཅི་ཞིག་ཡོད། །འདིར་སྣང་བ་ཉིད་དགོས་པ་ཡིན་གྱི། དོན་ནི་མ་ཡིན་ཏེ། མི་སྣང་བ་ནི་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར་དམིགས་པ་ཉིད་ཡོད་པར་བརྗོད་པ་ཡིན་ནོ། །ཕྱི་ཡི་དོན་ནི་མེད་ན་ཡང་། །སྣང་བ་ལ་ནི་ངེས་ཡོད་མིན། །སྣང་བ་མེད་ན་ཕྱི་རོལ་ནི། ། གཏི་མུག་ཕ་རོལ་ཉིད་དུ་འགྱུར། །སྣང་བ་ནི་ཕྱི་རོལ་མེད་ཀྱང་འགྱུར་རོ་ཞེས་བསྟན་ཟིན་ཏོ། །སྣང་བ་མེད་ན་ནི་ཕྱི་རོལ་མེད་པ་ཉིད་དུ་འགྱུར་ཏེ། མ་དམིགས་པའི་ཕྱིར་རོ། །དེས་ན་ས་བོན་དུ་སྣང་བ་ལས་མྱུ་གུར་སྣང་བ་ཡིན་པས་རྒྱུ་དང་འབྲས་བུ་ཡིན་པ་ལས་འགལ་བ་ཅི་ཡོད། འོ་ན་མྱུ་གུ་འབའ་ ཞིག་སྣང་བར་མི་ནུས་ཏེ། འབའ་ཞིག་སྣང་ན་ས་བོན་དུ་སྣང་བ་མེད་པ་ཡོད་པས་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །ཕྱིའི་དོན་ཡོད་པར་སྨྲ་བ་རྣམས་ཀྱི་ལྟར་ན་ནི་རྒྱུ་མེད་པ་ཉིད་མ་ཡིན་ཏེ། མི་སྣང་བར་ས་བོན་ཡོད་པའི་ཕྱིར་རོ། །འདི་ལྟར་ཕྱི་རོལ་མི་སྣང་བ་ཡིན་ཡང་། ཕྱི་རོལ་ཉིད་ལས་ཉམས་པ་མེད། །གང་ ཚེ་སྣང་བ་མེད་འགྱུར་ན། །རྣམ་ཤེས་ཉིད་ནི་ཡོད་མ་ཡིན། །འོན་ཏེ་དེ་ནི་གཞན་གྱི་སྣང་བ་ཡོད་པ་དེས་ན་རྒྱུ་མེད་པ་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ། །གཞན་གྱི་སྣང་བ་ལས་ནི་རང་གི་སྣང་བ་སྐྱེ་བ་ཡང་མ་ཡིན་ནོ་ཞེ་ན། དེ་ཡང་མཚུངས་པ་མ་ཡིན་ ཏེ། འདི་ལྟར། གལ་ཏེ་དོན་དེ་སུ་ལ་ཡང་། །སྣང་བ་མེད་པར་འགྱུར་བ་ན། །གང་གིས་མྱུ་གུ་དེ་རྒྱུ་ཅན། །འགྱུར་བ་དེ་ཡོད་ཚད་མ་གང་། །ནུས་པ་ཉེ་བར་བརྗོད་པས་བརྗོད་པ་ཐམས་ཅད་བྲལ་བ་ནི་ཉེ་བར་བརྗོད་པ་མེད་པའི་མཚན་ཉིད་ཡིན་ནོ། །ཕྱིས་མཐོང་བའི་ཕྱིར་རོ་ཞེ་ན། ལན་བཏབ་ཟིན་ཏོ། ། འབྲས་བུ་ལས་ཡོད་དོ་ཞེས་ཤེས་སོ་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོར་ནི། །གྲུབ་ན་དེ་ཡི་ཡོད་པར་རྟོགས། །དེ་དངོས་ཉིད་དུ་རྟོགས་ན་ཡང་། །རྒྱུ་དང་འབྲས་བུའི་དངོས་པོར་འགྱུར། །དེས་ན་ཕན་ཚུན་རྟེན་པའི་ཉེས་པས་མི་འགྲུབ་པ་ཁོ་ནའོ། །གལ་ཏེ་གཅིག་ཉིད་དུ་སྒྲོ་བཏགས་པ་འདི་ཡང་ མཐོང་བ་ཉིད་ཡིན་ནོ་ཞེ་ན། འོ་ན་རྣམ་པར་ཤེས་པ་ལ་ཡང་སྒྲོ་བཏགས་པས་སུས་བཟློག །རྣམ་པར་ཤེས་པ་མེད་པའི་ཕྱིར་ཇི་ལྟར་སྒྲོ་འདོགས་ཤེ་ན། འདི་ནི་ཕྱི་རོལ་ལ་ཡང་མཚུངས་སོ། །ཕྱི་རོལ་ལ་ཡང་སྒྲོ་བཏགས་པ་ཉིད་ལས་ཡོད་དོ་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་ཡང་སྣང་བ་ཡང་ ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། །རྗེས་སུ་དཔག་པའི་དུས་སུ་ནི་ཕྱི་རོལ་སྒྲོ་བཏགས་པ་ལས་གཞན་པའི་ཡོད་པ་ཉིད་ནི་མེད་དོ། །སྒྲོ་འདོགས་པ་དེ་ནི་གལ་ཏེ་འདི་ལྟ་བུ་འབའ་ཞིག་འདིར་འགྱུར་ན། མཐོང་བ་ལ་ཡང་འགྱུར་རོ། །གལ་ཏེ་འདི་ལྟ་བུ་འབའ་ཞིག་འདིར་འགྱུར་ན་སྣང་བར་འགྱུར་ཞེས་སོ། ། སྣང་བ་དེ་གཞན་ཡིན་ནོ་ཞེ་ན། དོན་ཡང་གཞན་ཡིན་པས་ན་འདི་ནི་མཚུངས་སོ། །དེར་ཡང་དོན་དམ་པར་ནི་གཅིག་ཉིད་རྟོགས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་སྨྲ་བ་ལ་ཡང་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་གཞན་ལ་ཡང་ཐ་སྙད་བྱེད་དོ། །དེས་ན་རྣམ་པར་ཤེས་པ་སྨྲ་བ་ ལ་ཡང་གལ་ཏེ་དེའི་ངོ་བོར་ངེས་པར་སྣང་བ་དང་འབྲེལ་པའི་ཆ་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་འགལ་བ་ཅི་ཡོད། ཕྱི་རོལ་གྱི་དོན་དུ་སྨྲ་བ་ལ་ནི་འགལ་བ་ཡོད་དོ་ཞེས་བསྟན་ཟིན་ཏོ། །ཚད་མ་མེད་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ཕྱི་རོལ་རྟོགས་འགྱུར་ན། །ཕྱི་ནས་ཉིད་ནི་ རྟོགས་པར་འགྱུར། །སྔར་རྟོགས་ན་ནི་ཐམས་ཅད་ཀྱི། །རྣམ་པ་ཐམས་ཅད་རྟོགས་པ་ནི། །གལ་ཏེ་ཕྱི་རོལ་གྱི་མེ་ལ་སོགས་པ་རྟག་པ་ཉིད་ཡིན་ན། དེའི་རྣམ་པ་གཅིག་ཉིད་དུ་སྔར་ཉིད་རྟོགས་ཟིན་པས་ན་རྗེས་སུ་དཔག་པ་ལས་ཅིའི་དོན་དུ་འཇུག །འོན་ཏེ་རྗེས་སུ་དཔག་པས་རང་གི་ངོ་བོ་མ་རྟོགས་ པ་ཉིད་ན་དེ་ལྟ་ཡིན་ན་ཇི་ལྟར་འདི་ཡོད་པར་རྟོགས། གཞན་གྱི་ངོ་བོར་རྟོགས་ན་ནི་རྣམ་པར་ཤེས་པའི་རང་བཞིན་ལ་ཡང་མཚུངས་པ་ཉིད་དོ། །འོན་ཏེ་རྟོགས་པས་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱས་ནས་འཇུག་པ་དག་དེར་སྒྲོ་འདོགས་པར་བྱེད་དོ་ཞེ་ན། སྒྲོ་བརྟགས་པ་དེས་ ཅི་ཞིག་བྱ་སྟེ། དེ་ལྟ་མ་ཡིན་ཏེ། དེ་མེད་ན་ཕྱིས་ཀྱིས་དོན་རྣམ་པར་ཆད་པ་སྐྱེད་པར་འགྱུར་རོ་ཞེ་ན། དེ་མིན་པའང་རྣམ་པར་ཆད་པ་ཇི་ལྟར་འགྱུར། གལ་ཏེ་རྣམ་པར་མ་ཆད་པར་རྟོགས་པས་དངོས་པོ་ཡིན་ན་བག་ཆགས་བར་དུ་འགྱུར་བ་མ་ཡིན་ཏེ། དེ་ལྟ་ན་ཡང་མི་འཆད་པ་ཉིད་དོ། །གོམས་པ་ལ་ དེའི་རང་བཞིན་ཉིད་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟར་ཁས་ལེན་པ་ན་དོན་ལ་ཡང་དེའི་རང་བཞིན་ཉིད་མེད་དོ། །མཐོང་བ་ནི་མ་མཐོང་བ་དང་མཚུངས་པར་རྟོགས་ནུས་པ་མ་ཡིན་ནོ། །འོན་ཀྱང་སྒྲོ་བཏགས་པ་ཙམ་འབའ་ཞིག་ཏུ་ཟད་ལ། དེ་ནི་རྣམ་པར་ཤེས་པ་སྨྲ་བ་ལ་ཡང་མཚུངས་པ་ཉིད་དོ། ། གལ་ཏེ་རིགས་མི་མཐུན་པའི་རྣམ་པར་ཤེས་པའི་རྒྱུ་དག་ཉིད་བག་ཆགས་བར་དུ་ཞུགས་པ་དག་ཇི་ལྟར་དེས་དེ་རྣམ་པར་མ་ཆད་པར་འགྱུར་ཞེ་ན། དཔེར་ན་རྒྱ་སྐྱེགས་ཀྱིས་བསྐུས་པ། །བར་དུ་རིགས་མི་མཐུན་སྐྱེ་ལ། །འཇིག་རྟེན་རྒྱ་སྐྱེགས་འབྲས་བུ་ཡིན། །རྣམ་ཆད་མེད་པར་དེ་འདོད་བཞིན། ། བར་དུ་རིགས་མི་མཐུན་པ་ཡི། །རྣམ་ཤེས་ཚོགས་ནི་འབྱུང་འགྱུར་བ། །དེ་ཡི་བག་ཆགས་རྗེས་འབྲེལ་པ། །ཉིད་ལས་རྣམ་ཆད་མེད་པར་འགྱུར། །དཔེར་ན་རྒྱ་སྐྱེགས་ཀྱི་ཁུ་བས་བྱུགས་པ། མར་དུ་འབྱུང་བའི་ས་བོན་དང་མྱུ་གུ་དང་། འདབ་མ་དང་། སྡོང་བུ་ལ་སོགས་པ་དག་ལ་འབྲས་བུ་ལས་རྗེས་སུ་ དཔག་པའི་ནུས་པའི་ཁྱད་པར་འཇོག་པས་ན། འཇིག་རྟེན་དག་རྣམ་པར་མ་ཆད་པར་སྐྱེད་དོ་ཞེས་བསྐྱེད་པ་དེ་བཞིན་དུ། སྔར་གྱི་མེར་སྣང་བའི་ཡང་ཕྱིས་མི་སྣང་བའི་བར་དུ་འབྱུང་བ་རིགས་མི་མཐུན་པའི་སྣང་བ་དག་ལ་དེར་གནས་པ་བཞིན་དུ་རང་གི་ནུས་པ་འཛིན་པར་བྱེད་པས་ན། འབྲས་བུ་རྣམ་པར་ མ་ཆད་པ་ཁོ་ནར་སྐྱེད་པར་བྱེད་དོ་ཞེས་བརྗོད་པའམ་ངེས་པ་ཡིན་ནོ། །དེས་ན་སྔར་གྱི་སྣང་བ་དེ་ཉིད་མེར་སྣང་བ་དེ་སྐྱེད་པར་བྱེད་པ་ཡིན་གྱི་དུ་བར་སྣང་བ་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་ཕྱིའི་དོན་སྨྲ་བ་དག་གི་ལྟར་ཕྱིས་ཀྱི་མེར་སྣང་བ་ལས་སྔར་མེ་བྱུང་བར་གྱུར་ཏོ་ཞེས་རྟོགས་པར་ བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་སྨྲ་བའི་ལྟར་ན་ཡང་བག་ཆགས་ཡོད་པར་འགྱུར་རོ་ཞེས་རྟོགས་པས་འདི་གཉིས་ལ་ཁྱད་པར་མེད་དོ། །དུ་བར་སྣང་བ་ལས་ཀྱང་དུ་བའི་བག་ཆགས་རྟོགས་པ་ཡིན་ནོ། །བག་ཆགས་རྒྱུ་ཡིན་པ་ཉིད་དུ་ནི་བསྒྲུབས་ཟིན་ཏོ། །ཕྱི་རོལ་གྱི་རྒྱུའི་དངོས་པོ་ཉིད་དུ་འཐད་པ་ མ་ཡིན་ཏེ། འདི་ནི་བསྟན་ཟིན་ཏོ། །དུ་བ་མེས་སྐྱེད་འགྱུར་མ་ཡིན། །དེ་ཕྱིར་འབྲས་བུས་རྒྱུ་རྟོགས་མིན། །དེ་རྒྱུ་དག་ནི་ཡིན་ན་ཡང་། །གང་ལས་ངེས་པར་རྟོགས་པར་འགྱུར། །གལ་ཏེ་དུ་བའི་བག་ཆགས་ཉིད་དུ་བ་ཡིན་ལ་དེ་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་གྱི། མེ་ལས་དུ་བ་མ་ཡིན་ཏེ། དེའི་ ཚེ་མེད་པའི་ཕྱིར་དང་། རང་གི་བག་ཆགས་དང་འབྲེལ་པའི་ཕྱིར། གལ་ཏེ་མེར་སྣང་བ་ཡང་དེའི་བག་ཆགས་སད་པ་དེ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་དུ་བར་སྣང་བའི་རྒྱུ་ཡིན་པས་རྒྱུ་ཉིད་ཡིན་ན། དེ་ལྟར་ཡིན་ན་དུ་བ་ཡང་མེའི་རྒྱུ་ཡིན་ནོ། །རྒྱུ་ཉིད་ཡིན་ན་ཡང་ངེས་པར་རྟོགས་པར་ག་ལས་ཡོད་དེ། འཁྲུལ་པའི་ཕྱིར་རོ་ཞེ་ན། འདི་ལ་བཤད་པ། དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མེར་སྣང་བ་ཡི་བློ་ཉིད་ནི། །རྟོགས་འགྱུར་མེ་ཉིད་མ་ཡིན་ནོ། །འདི་ལྟར་དུ་བར་སྣང་བའི་བློ་ནི་བག་ཆགས་དང་འབྲེལ་པ་ཡིན་ཏེ། དེ་ལས་ནི་བག་ཆགས་དེ་རྗེས་སུ་དཔོག་ གོ། །བག་ཆགས་དེ་ཡང་སད་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་ན། མེར་སྣང་བ་བསྐྱེད་པས་ན་མེར་སྣང་བ་ཐོབ་པས་ཚད་མ་ཡིན་ནོ། །དཔེར་ན་ཕྱིའི་དོན་སྨྲ་བ་རྣམས་ཀྱི་ལྟར་ན། མེ་རྗེས་སུ་དཔག་པ་ལས་མེར་སྣང་བའམ་མེ་གཞན་ཡིན་པ་དེས་ན། ཚོགས་པ་གཅིག་ལ་རག་ལས་ པས་མེ་མཐོང་བ་དེ་བཞིན་དུ་དུ་བ་དང་འབྱུང་བར་འགྱུར་བའི་མེ་སྣང་བ་གཉིས་བག་ཆགས་དང་འབྲེལ་པ་ཡིན་ཏེ། གལ་ཏེ་ལྐོག་ཏུ་གྱུར་པ་དང་མ་གྱུར་པའི་མེ་གཅིག་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །བག་ཆགས་ཀྱི་དབང་གིས་གཅིག་ཉིད་ཡིན་པའི་ཕྱིར་ན་བག་ཆགས་རང་ ཉིད་དོན་དམ་པར་གཅིག་ཡིན་གྱི། དངོས་པོ་ནི་མ་ཡིན་ནོ་ཞེས་འདི་ཡང་བསྟན་ཟིན་ཏོ། །ཕྱིའི་དོན་ལ་ཡང་མེ་ཉིད་རྗེས་སུ་དཔོག་པ་ནི་མ་ཡིན་གྱི། འོན་ཀྱང་འབྱུང་བའི་སྣང་བ་ཉིད་ཡིན་ཏེ། སྲོག་ཆགས་རྣམས་དེ་དོན་དུ་གཉེར་བའི་ཕྱིར་རོ། །མེ་མི་སྣང་བའི་མེས་ནི་སུ་ལ་ཡང་དགོས་པ་མེད་དོ། ། སྣང་བ་དོན་དུ་གཉེར་བ་ནི་འབྱུང་བར་འགྱུར་བའི་སྣང་བ་རྗེས་སུ་དཔག་པར་བྱ་བར་འགྱུར་མོད། མེ་རྗེས་སུ་དཔོག་པས་ཅི་བྱ། ཇི་ལྟར་འབྱུང་བར་འགྱུར་བ་རྗེས་སུ་དཔོག་ཅེ་ན། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ། །མཐོང་ཕྱིར་དེ་ལྟ་ཉིད་དོ་ཞེ་ན། འདི་ལ་མི་རིགས་མཐོང་བ་མེད། །ཕྱི་དོན་ལ་ ནི་མི་སླུ་དང་། །མཐོང་བའང་སྲིད་པ་མ་ཡིན་ནོ། །འབྱུང་བའི་སྣང་བ་ཉིད་ཀྱིས་རྗེས་སུ་དཔོག་པ་ལ་ཐམས་ཅད་མི་འཐད་པ་མེད་དོ། །ཕྱི་རོལ་གྱི་རྨི་ལམ་ན་ཡང་སྲིད་པ་མ་ཡིན་ནོ། །འདི་ལྟར། དེ་བཞིན་འབྱུང་འགྱུར་མྱོང་བ་ནི། །རྗེས་སུ་དཔག་པས་ཤིན་ཏུ་ངེས། །ད་ལྟར་འབྱུང་དོན་རིག་ ན་ནི། །ཡོད་པ་མིན་ཞེས་བསྟན་ཟིན་ཏོ། །དེ་ལྟ་མ་ཡིན་ན་འགའ་ཡང་འབྱུང་བའི་དོན་ལ་ལྟོས་པས་འཇུག་པར་མི་འགྱུར་རོ། །འོན་ཏེ་ད་ལྟར་དང་འབྱུང་བར་འགྱུར་བ་དག་ལ་གཅིག་ཏུ་ཞེས་པས་འཇུག་གོ་ཞེ་ན། དེ་ལྟར་ཡིན་ན་ནི་འདི་འབྱུང་བར་འགྱུར་བའི་དོན་རིག་པ་ཉིད་ཡིན་གྱི་ད་ལྟར་ བ་རིག་པ་ནི་མ་ཡིན་ནོ། །རིག་པ་ནི་ཐོབ་པས་རྗེས་སུ་དཔོག་པ་བཞིན་ནོ། །དེས་ན་ད་ལྟར་བའི་རང་བཞིན་མི་འཐོབ་པའི་ཕྱིར་དང་། འབྱུང་བ་ནི་བཟློག་པ་ཡིན་པའི་ཕྱིར་ཚད་མ་ནི་འབྱུང་བའི་ཡུལ་ཅན་ཉིད་དོ། །ད་ལྟར་བའི་རྣམ་པ་ནི་ཡོད་ཀྱང་བདེན་པ་མ་ཡིན་ནོ། །མངོན་སུམ་ཡང་འབྱུང་ བར་འགྱུར་བ་ཉིད་ལ་ཚད་མ་ཡིན་ནོ། །དེ་ལྟར་ཡང་བསྟན་ཟིན་ཏོ། །དེས་ན་ཇི་སྐད་དུ། དོན་འདི་ནི་འབྱུང་བར་འགྱུར་བ་ཡིན་ཏེ་ཤེས་པའི་དུས་ན་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་དེ་བསལ་བ་ཡིན་ཏེ། འབྱུང་བར་འགྱུར་བ་མེད་པར་མི་འགྱུར་བའི་ཕྱིར་ན། ཕྲད་པ་ལས་སྐྱེས་པའི་མངོན་སུམ་དེ་ ཚད་མ་ཡིན་ནོ། །དེས་ན་ཡོད་པ་དམིགས་པ་ཡིན་པའི་ཕྱིར་རྒྱུ་མཚན་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་སྤངས་པ་ཡིན་ནོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་འབྱུང་བར་འགྱུར་བའི་ཡུལ་ཅན་ཡིན་པའི་ཕྱིར་ན་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་དངོས་པོ་ལ་ཚད་མ་ཡིན་ནོ། ། དོན་དམ་པར་ནི་ཐམས་ཅད་རང་གི་ངོ་བོའི་ཡུལ་ཅན་ཉིད་ལ་ཐ་སྙད་དུ་ནི་འབྱུང་བའི་དོན་གྱི་ཡུལ་ཅན་ཡིན་ནོ། །འབྱུང་བའི་དོན་དེ་ཡང་ཐོབ་པའི་ཡུལ་ཡིན་པ་དེའི་ཕྱིར་ན་དོན་བྱ་བ་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་ཐ་སྙད་ཁས་ལེན་པར་བྱེད་ན་དོན་གྱི་ཡུལ་ཅན་ཉིད་ཡིན་ པར་འགྱུར་ལ། དོན་དེ་ཡང་ད་ལྟར་བ་ཉིད་ཡིན་པས་འབྱུང་བའི་ཡུལ་ཙམ་ཉིད་དུ་བསྒྲུབས་པས་ཅི་བྱ་ཞེ་ན། འདི་ལ་བཤད་པ། མ་རྟོགས་ཅུང་ཟད་རྟོགས་སྩོགས་ཀྱི། །དབྱེ་བས་ཐ་སྙད་དེ་རྣམ་གསུམ། །དེ་ལ་བརྟེན་ནས་འདི་དག་ནི། །ཐམས་ཅད་འཐད་པ་ཉིད་དུ་རྟོགས། །མ་ རྟོགས་པ་རྣམས་ཀྱི་ཐ་སྙད་ནི་མངོན་སུམ་དང་ལྟ་བའི་དོན་གྱི་ཡུལ་ཅན་ཡིན་ནོ། །ཅུང་ཟད་རྟོགས་པ་རྣམས་ཀྱི་ནི་འབྱུང་བར་འགྱུར་བའི་ཡུལ་ཅན། ཤིན་ཏུ་རྟོགས་པ་རྣམས་ཀྱི་ནི་སྣང་བ་ཙམ་གྱི་ཡུལ་ཅན་ཉིད་དོ། །དེ་ན་གལ་ཏེ་མ་རྟོགས་པའི་ཤེས་པ་ལ་ལྟོས་ཏེ། དོན་གྱི་ཡུལ་ཅན་ཡིན་ ལ། དོན་ཡང་ད་ལྟ་བའི་ཡིན་ན་གྲུབ་པ་གྲུབ་ལ་སྒྲུབ་པ་དེ་ནི་དེ་ལྟ་བུ་ཁོ་ནར་ཁོ་བོ་ཅག་འདོད་དོ། །དེས་ན་དུ་བར་སྣང་བའི་ཤེས་པས་ནི་མེའི་བག་ཆགས་ཉིད་རྟོགས་པར་བྱེད་ལ། བག་ཆགས་དེ་ཡང་འབྱུང་བའི་སྣང་བ་དག་གཅིག་ཏུ་རྟོགས་པས་དེའི་ངོ་བོར་སྣང་བ་ལ་འཇུག་པར་བྱེད་པ་ ཡིན་པས་ན་འབྱུང་བར་འགྱུར་བའི་སྣང་བ་དེ་ཉིད་རྟོགས་པར་བྱ་བ་ཡིན་ཏེ། ཕྱིའི་དོན་འདོད་པ་ལས་འབྱུང་བར་འགྱུར་བའི་མེ་བཞིན་ནོ། །དེས་ན་དོན་དམ་པར་སྣང་བར་འགྱུར་བའི་ཡུལ་ཡིན་ནོ། །གལ་ཏེ་ཕྱིས་ཀྱི་འཁྲུལ་པ་སྣང་བར་འགྱུར་བ་ཡིན་ནམ། དེར་དོན་དུ་གཉེར་བར་མི་ འགྱུར་བ་ཡིན་ནམ། འཇིག་རྟེན་དོན་ཉིད་དོན་དུ་ནི། །གཉེར་གྱི་སྣང་བ་དོན་གཉེར་མིན། །འཇིག་རྟེན་ལ་འགའ་རྨི་ལམ་གྱི། །བདེ་བ་དོན་གཉེར་མཐོང་བ་མེད། །དེ་ནི་མ་ཡིན་ཏེ་འདི་ལྟར། གལ་ཏེ་བག་ཆགས་བརྟན་བརྟེན་ནས། །སྣང་བ་མཚམས་སྦྱོར་ལྡན་ན་དེར། །རྨི་ལམ་བདེན་མིན་ ཡིན་ཡང་དེར། །ཁྱེད་ལ་ཆད་པ་ཅི་ཞིག་ཡོད། །གང་ལ་བག་ཆགས་ཀྱི་ཁྱད་པར་ཉིད་ལས་འཆུགས་པ་མེད་པ་དེ་ནི་རྨི་ལམ་གྱི་བདེན་པ་ཉིད་མ་ཡིན་ནོ། །རྣམ་པར་ཤེས་པ་སྨྲ་བ་རྣམས་ལ་ཡང་བག་ཆགས་ཀྱི་ཁྱད་པར་ལ་རྨི་ལམ་དང་ཅིག་ཤོས་ཀྱི་རྣམ་པར་ཤེས་པའི་དབྱེ་བ་ནི་ཡོད་པ་ཉིད་དོ། ། དཔེར་ན་རྨི་ལམ་ཉིད་ན་རྨི་ལམ་དང་ཅིག་ཤོས་ཁྱད་པར་ཡོད་པ་བཞིན་ནོ། །ཡང་ན་རྨི་ལམ་གྱི་ཁྱད་པར་ཉིད་ཡིན་ལ་རག་མོད། དེ་ལ་ཡང་མི་མཁས་པ་རྣམས་འཇུག་པར་འགྱུར་བས་འདི་ཁྱེད་ལ་ཆད་པ་ཅི་ཞིག་ཡོད། དོན་དམ་པ་ལ་མཁས་པ་མི་གཙུག་གི་རིན་པོ་ཆེའི་རྒྱན་དམ་པར་འགྱུར་བ་ ཐར་པ་འདོད་པ་རྣམས་ནི་བདེ་བ་ཐམས་ཅད་བྱིས་པའི་རྩེད་མོ་དང་འདྲ་བར་མངོན་པར་འདོད་པ་མ་ཡིན་པས་འཇུག་པ་མེད་པར་ཐལ་བ་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །འདི་ལྟར། ཐར་འདོད་བཟོད་པ་དང་ལྡན་དག །འཁོར་བའི་བདེ་བ་དོན་གཉེར་མིན། །དེས་ན་དེ་དག་ཆོས་ལ་ནི། །འཇུག་པ་དེ་ བཟློག་གྲུབ་ཕྱིར་ཡིན། །འཁོར་བའི་བདེ་བའི་དོན་དུ་ཆོས་སྒྲུབ་མཐའ་དག་བྱིས་པའི་རྩེད་མོ་དང་འདྲ་བར་མཐོང་བའི་རྟོགས་པ་དང་ལྡན་པ་ཐར་པ་འཕེན་པ་རྣམས་ནི་འཁོར་བའི་ཐ་སྙད་འདྲི་བའི་ཆོས་ལ་བཟློག་པ་འཇུག་པ་ཡིན་ནོ། །དེས་ན་ཐ་སྙད་པའི་ཚད་མའི་ཡུལ་ནི་སྣང་བ་ཉིད་དོ། །གལ་ཏེ་ མེ་ལ་སོགས་པར་སྣང་བ་ནི་བག་ཆགས་དང་འབྲེལ་པ་ཉིད་ཡིན་ལ་དེའང་རིགས་མཐུན་པའི་བག་ཆགས་དང་འབྲེལ་པ་ཡིན་ན། འོ་ན་ནི་དུ་བར་སྣང་བ་དེའི་བག་ཆགས་ཉིད་རྟོགས་པར་འགྱུར་གྱི། ཇི་ལྟར་མེའི་བག་ཆགས་རྟོགས་པར་བྱེད། །འདི་ལྟར། གང་གི་ངོ་བོར་སྣང་བ་ཡིས། །རབ་ཏུ་ སྦྱར་བའི་བག་ཆགས་ནི། །དེ་ཡི་ངོ་བོར་སྣང་བ་ཡི། །རྒྱུ་ཡིན་སྣང་བ་གཞན་གྱི་མིན། །མེའི་བག་ཆགས་ཀྱིས་ནི་དུ་བར་སྣང་བ་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེའི་དུ་བའི་བག་ཆགས་ཉིད་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་གྱིས་བསྐྱེད་པར་བྱ་བས་ནི་སྐྱེད་པར་བྱེད་པ་མ་ ཡིན་པ་གཞན་གོ་བར་བྱེད་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། སེམས་རྒྱུད་དེ་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ནི་དུ་བས་ནི། །སྣང་བའི་བློ་དག་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་ཡིན། །འཁོར་བའི་སྤྲོས་པ་མཐའ་དག་ནི་སེམས་ཉིད་ལས་བྱུང་བ་ཡིན་ནོ། །དེས་ན་མེར་སྣང་བར་རུང་ བའི་བག་ཆགས་ཀྱི་རྟོགས་པ་ཅན་གྱི་སེམས་ཀྱི་རྒྱུད་ལས་མེར་སྣང་བ་ཡིན། རྒྱུད་དེ་ཡང་དུ་བའི་བག་ཆགས་སད་པར་བྱེད་པའི་སེམས་གཞན་གྱིས་ཉེ་བར་བསྒྲུབ་པ་ལས་དུ་བར་སྣང་བ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བས་ན་མེའི་བག་ཆགས་ལྷན་ཅིག་བྱེད་པ་ཙམ་གྱི་དུ་བའི་བག་ཆགས་དུ་བར་ སྣང་བའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ་འབྱུང་བར་འགྱུར་བའི་མེར་སྣང་བའི་ཉེ་བར་ལེན་པའི་བག་ཆགས་ཀྱང་སད་པར་བྱེད་པ་ཡིན་པའི་ཕྱིར་ན། དུ་བར་སྣང་བ་འམ། དུ་བའི་བག་ཆགས་ཀྱི་ལྷན་ཅིག་བྱེད་པ་ཅན་ཡིན་ནོ། །དེས་མེ་དང་མེའི་འབྲས་བུ་དུ་བ་དག་ཚོགས་པ་གཅིག་ ལ་རག་ལས་པའི་ཕྱིར་གོ་བྱ་གོ་བྱེད་ཀྱི་དངོས་པོ་ཡིན་པས་ན་འཐད་པ་ཡིན་ནོ། །གལ་ཏེ་ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ན། གོ་བྱ་གོ་བྱེད་ཀྱི་དངོས་པོ་གང་དུས་མཚུངས་པ་ཡིན་གྱི། མ་འོངས་པ་ནི་རྟོགས་པ་མ་ཡིན་ཏེ། འཁྲུལ་པའོ་ཞེ་ན། འདི་ནི་རུང་བ་མ་ ཡིན་ཏེ། འདི་ལྟར། ཐམས་ཅད་དུ་ནི་མ་འོངས་པ། །གོ་བྱ་ཉིད་ཅེས་སྒྲུབ་པ་ཡིན། །དུ་བ་ལས་ཀྱང་ཐོབ་བྱའི་མེ། །སྐད་ཅིག་དེར་གོ་མིན་ནམ་ཅི། །ཚད་མའི་ཡུལ་ནི་མ་འོངས་པ་ཉིད་དོ། །གལ་ཏེ་དུ་བ་ལས་མེའི་དེ་ཉིད་ཀྱི་ཚེ་ཡོད་དོ་ཞེས་རྟོགས་ཀྱི། ཕྱི་ནས་འབྱུང་བར་འགྱུར་བ་ནི་མ་ཡིན་ན། དེའི་ཚེ་འགའ་ཡང་ཚད་མར་མི་འགྱུར་རོ། །དེའི་དུས་སུ་འབྱུང་བའི་མེས་ནི་དེ་ལ་དགོས་པ་མེད་དོ། །གལ་ཏེ་འབྱུང་བར་འགྱུར་བ་ལ་ཐེ་ཚོམ་ཟ་བར་ནི་ཇི་ལྟར་ཚད་མ་ཉིད་ཡིན། དེས་ཐོབ་པ་སྟོན་པའི་ཕྱིར་ཚད་མ་ཡིན་ཏེ། ཚད་མས་གཉའ་བོའི་ཚུལ་གྱིས་དུས་གཞན་གྱི་དོན་བསྟན་པར་བྱ་བ་ནི་མ་ ཡིན་ནོ་ཞེ་ན། བསྟན་པ་དེས་ནང་དོན་བྱ་བ་མི་བྱེད་པའི་ཕྱིར་ན། དེ་དོན་མེད་པ་ཁོ་ན་མ་ཡིན་ནམ། འབྱུང་བར་འགྱུར་བས་དོན་བྱ་བ་འབྱུང་བའི་ཕྱིར་ན། འདི་ཡང་ཉེ་བར་བཏགས་ནས་དོན་བྱ་བ་བྱེད་པ་ཡིན་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་རྣམ་པར་ཤེས་པ་སྨྲ་བ་ རྣམས་ཀྱི་ལྟར་ན་ཡང་དེའི་དུས་སུ་གོ་བར་བྱ་བ་བག་ཆགས་ཡོད་པ་ཉིད་དོ། །དོན་བྱ་བ་བྱེད་པ་ཉིད་མེད་པའི་ཕྱིར་དེས་ཅི་བྱ་ཞེ་ན། འདི་ནི་དོན་ལ་ཡང་མཚུངས་སོ། །འབྱུང་བར་འགྱུར་བའི་དོན་གྱི་སྒོ་ནས་དོན་བྱ་བ་བྱེད་པའི་ཕྱིར་དེ་ཡང་དོན་བྱ་བ་བྱེད་པ་ཡིན་ནོ་ཞེ་ན། འདིའི་བག་ཆགས་ལ་ཡང་ མཚུངས་སོ། །དོན་ལ་ཡང་དེའི་དུས་སུ་བག་ཆགས་ཙམ་གོ་བར་བྱ་བ་ཡིན་ནོ། །གཞན་གྱིས་གོ་བ་ཡིན་ནོ་ཞེ་ན། བག་ཆགས་ཀྱང་གཞན་གྱིས་གོ་བ་ཉིད་དོ། བག་ཆགས་ཀྱང་ཐ་སྙད་ལས་གཞན་གྱིས་མི་རྟོགས་པ་མ་ཡིན་ནོ། །དེས་ན་ཕྱིའི་དོན་དང་རྣམ་པར་རིག་པ་ཙམ་དུ་སྨྲ་བ་དག་གི་ རྗེས་སུ་དཔག་པ་འདྲ་བ་ཉིད་དོ། །དེས་ན་རྣམ་པར་རིག་པ་ཙམ་ཉིད་རིགས་སོ། །འོ་ན་ཇི་ལྟར་སློབ་དཔོན་གྱིས་ཕྱིའི་དོན་ལ་ཡང་རྣམ་པར་ཤེས་པ་རང་བཞིན་གཉིས་པར་བཤད་དེ། རྣམ་པར་ཤེས་པ་སྨྲ་བ་ཉིད་དུ་རིགས་པ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། མཁས་པ་རྣམས་ལ་རྩོད་འདི་ཡོད། ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་རྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བ་ངེས་པས་འགྲུབ། །གཞན་ལ་ལྟོས་ཏེ་ཕྱིའི་དོན་ཁས་བླངས་ནས་ཚུལ་གཉིས་བཤད་པ་ཡིན་གྱི། མཁས་པ་རྣམས་ལ་རྣམ་པར་ཤེས་པ་སྨྲ་བ་ཉིད་དོ། །ཐ་དད་པ་དག་ནི་མྱོང་བ་ངེས་པ་མི་རུང་ངོ་ཞེས་བསྟན་ ཟིན་ཏོ། །གལ་ཏེ་རྣམ་པར་ཤེས་པ་རྣམ་པ་མེད་པ་ཉིད་ཡིན་ན་དེའི་ཚེ། རྣམ་པ་གཞན་ཉིད་པས་དེ་ལ་རེས་འགའ་འཛིན་པའི་རྣམ་པ་ཐ་དད་པ་ཉིད་དུ་འཛིན་པར་འགྱུར་རོ། །འཛིན་པ་ཉིད་དེ་སེར་པོ་ལ་སོགས་པར་མེད་པར་འཛིན་པའི་རྣམ་པ་ཉིད་ཡིན་ལ་སྔོན་པོ་དེ་ཉིད་བདེ་བའི་རྣམ་པ་ཡིན་ཞིང་། དེ་ཉིད་སྡུག་བསྔལ་གྱི་རྣམ་པས་འཛིན་པ་ཡིན་ནོ་ཞེ་ན། །སེར་སོགས་ལ་ཡང་འཛིན་པ་ཡི། །རྣམ་དེ་ཉིད་དང་སྔོན་གང་མཐོང་། །དེ་ཉིད་ཡིན་པར་ཤེས་འདི་ཅི། །མངོན་སུམ་འོན་ཏེ་རྗེས་དཔག་ཡིན། །རེ་ཞིག་མངོན་སུམ་ནི་མ་ཡིན་ཏེ། སྔོན་དང་ཕྱི་མའི་དངོས་པོ་ལ་མངོན་སུམ་གྱིས་འཇུག་པའི་ ཕྱིར་རོ། །དེ་མེད་ན་རྗེས་སུ་དཔག་པ་ལ་ཡང་མ་ཡིན་པས་ན་སྔ་མ་དང་ཕྱི་མ་ནི་ཚད་མའི་ཡུལ་མ་ཡིན་ནོ། །འོ་ན་མངོན་སུམ་རྗེས་སུ་འགྲོ་ལྡོག་འཛིན་པར་ནུས་པ་མ་ཡིན་པའི་ཕྱིར། མེ་ལ་སོགས་པ་གཞན་དུ་ཡང་རྗེས་སུ་དཔོག་པ་ཇི་ལྟར་འགྱུར་ཞེ་ན་མ་ཡིན་ཏེ། རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ ཅན་ཡིན་པའི་ཕྱིར་གཅིག་ཏུ་འཛིན་པའི་ཡུལ་གཅིག་ཏུ་བསམས་ནས་རྗེས་སུ་དཔོག་པ་ཡིན་ནོ། །དཔེར་ན་ཚང་བང་དང་གཞན་ན་གནས་པ་དག་གཅིག་ཉིད་དུ་སྒྲོ་བཏགས་ནས་མེའི་དེ་ཉིད་འདིའོ་ཞེས་གསལ་བ་གཞན་དང་ལྷན་ཅིག་བསྒྲུབ་པར་བྱ་བ་ཡིན་གྱི། དོན་དམ་པར་ནི་གཅིག་པ་ཉིད་མ་ ཡིན་པ་དེ་བཞིན་དུ། འདིར་ཡང་འཛིན་པའི་རྣམ་པ་དེ་ཉིད་ལ་སྔོན་པོ་ཉིད་ད་རུང་དུ་དེ་ལས་ཐ་དད་པར་ཡོད་པ་ཉིད་དོ་ཞེས་རྒྱུ་ཐ་དད་པ་མེད་པ་ཁས་བླངས་ནས་གཟུང་བ་དང་འཛིན་པ་དག་གམ། རྟོགས་པ་རང་བཞིན་དང་སྔོན་པོའི་རྣམ་པ་ཐ་དད་པར་བསྒྲུབས་པ་ཡིན་ནོ། །དེས་ནི་དངོས་པོ་ལ་ཐ་དད་པ་ ཡོད་པ་མ་ཡིན་གྱི། འོན་ཀྱང་སྤྱིར་གྱི་རྒྱུད་བཏགས་པ་ལ་ཡོད་པ་ཡིན་ནོ། །དེར་དོན་དམ་པར་ཡོད་པ་ནི་རང་གི་མཚན་ཉིད་ལ་ལྟོས་ཏེ། ལྷན་ཅིག་དམིགས་པ་ངེས་པ་ཉིད་ཡིན་ནོ། །དེས་ན་དོན་དམ་པར་ཐ་དད་པ་མེད་པ་ཁོ་ནའོ། །གང་གི་ཚེ་ཤེས་པ་རྣམ་པར་མེད་ པ་ཡིན་པ་དེའི་ཚེ་ནི་དུས་ཐམས་ཅད་དུ་དག་པ་དེ་ཉིད་ཡིན་པར་འགྱུར་གྱི་གསལ་བ་དང་མི་གསལ་བ་དང་རྙོག་པའི་རང་བཞིན་ནི་མ་ཡིན་པར་འགྱུར་ན། རྣམ་པ་གཞན་ཡང་མཐོང་བ་ཡིན་ནོ། །འདི་ལྟར། དབང་པོའི་ཁྱད་པར་གྱིས་གསལ་དང་། །མི་གསལ་འདྲེན་མ་ལ་སོགས་པ། །སྣང་ བ་ཐ་དད་འཛིན་པ་ཡི། །ཤེས་པ་དོན་གཅིག་ལ་དམིགས་སོ། །ཇི་ལྟར་དོན་གཅིག་ཉིད་ལ་སྣང་བ་སྣ་ཚོགས་པར་འགྱུར་རོ། །འདི་ལྟར། དེ་དོན་ལས་དེར་སྣང་མིན་ན། །དོན་གྱི་རང་བཞིན་གཅིག་པའི་ཕྱིར། །དེ་ཡི་དོན་ཅན་ཉིད་ཀུན་ནི། །རང་བཞིན་གཅིག་པ་ཉིད་དུ་འགྱུར། །གལ་ཏེ་ རྣམ་པ་ཤེས་པ་རྣམ་པ་མེད་པ་ཉིད་ཡིན་ན། དེའི་ཚེ་གཟུང་བའི་དོན་ཉིད་སྣང་བར་འགྱུར་རོ། །དེ་ཡང་རྣམ་པ་གཅིག་ཉིད་ཡིན་ཏེ། དེས་ན་སྣང་བ་ཐ་དད་པར་མི་འགྱུར་རོ། །དོན་གྱི་རྣམ་པ་དུ་མ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་དོན་གྱི་རྣམ་པ་ཉིད་ཡིན་ན་ཡང་རྣམ་པ་དུ་མ་ཉིད་དུ་ཇི་ལྟར་འགྱུར། ཤེས་པའི་རྣམ་པ་དེ་ཡང་རྣམ་པ་གཅིག་ཉིད་དུ་འགྱུར་བར་བྱ་བ་ཡིན་ཏེ། དེས་ན་རྣམ་པ་དུ་མའི་ཉེས་པ་དེ་ནི་སོ་ན་འདུག་པ་ཉིད་དོ་ཞེ་ན། ཉེས་པ་མེད་དེ་འདི་ལྟར། དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང་། །དེ་ཡི་ངོ་བོ་རྗེས་བྱེད་པ། །དེ་ནི་གཞན་འགའ་ཞིག་ལས་ཀྱང་། །ཆ་འགའ་ཡིས་ནི་ཐ་དད་ འགྱུར། །དེའི་རྣམ་པ་ཉིད་དུ་སྐྱེ་བར་འགྱུར་བ་ནི་དོན་ལས་གཞན་ལས་ཀྱང་དེའི་རྣམ་པར་འགྱུར་བ་ཡིན་ཏེ། དཔེར་ན་ཟླ་བ་རྣམ་པ་གཅིག་ཉིད་ལ་རབ་རིབ་ལ་སོགས་པའི་སྟོབས་ཀྱི་རྣམ་པར་འགྱུར་བ་བཞིན་ནོ། །འདི་ལྟར་ཕ་ལ་བརྟེན་ནས་སུ། །ཕ་དེ་ཡི་ནི་གཟུགས་ཡིན་ཡང་། །འགའ་ཞིག་ ལས་ནི་ཆ་འགའ་ཡིས། །ཐ་དད་པ་ཉིད་དམིགས་པ་ཡིན། །ཕ་ལས་འདྲ་བས་སྐྱེ་བའི་བུ་ནི་གཞན་མའི་རྣམ་པ་མི་འཛིན་པ་ནི་མ་ཡིན་ནོ། །དབང་པོ་ཁྱད་པར་གྱི་ཐ་དད་པ་ཉིད་སྟོན་པ་ནི། མར་མེ་ལ་སོགས་དཀྱིལ་འཁོར་ནི། །རྨ་བྱའི་མདོངས་ཀྱི་རྣམ་པ་ཅན། །སྔོ་དང་དམར་དང་མདངས་ གསལ་བ། །མིག་མི་གསལ་བས་མཐོང་བར་འགྱུར། །རབ་རིབ་ཀྱིས་མིག་གི་ནུས་པ་ཉམས་པར་བྱེད་པ་རྣམས་ཀྱིས་མར་མེ་ལ། སྔོན་པོ་ལ་སོགས་པའི་རྣམ་པའི་དབྱེ་བ་ཐ་དད་པ་ཅན་ཟླུམ་པ་མདངས་གསལ་བར་མཐོང་བར་འགྱུར་རོ། །འོན་ཏེ་དེ་ལྟ་བུར་གྱུར་པ་ཉིད་མར་མེའི་རང་བཞིན་ བདེན་པ་ཉིད་དུ་འགྱུར་བ་ཡིན་ན་དེའི་ཚེ། དེ་ཡི་ཕྱི་རོལ་དངོས་ཡིན་ན། །དབང་པོ་གསལ་བ་ཅིས་ནུས་མེད། །མི་གསལ་བས་ཀྱང་མཐོང་བར་འགྱུར་རོ། །ཡང་དེ་ཡང་མི་གསལ་བ་ཉིད་ཡིན་ཏེ། དབང་པོ་ཉམས་པ་ནི་མ་ཡིན་ཏེ། འདི་ལྟར། ཡང་དག་མཐོང་ན་དེ་མཐོང་བ། །དབང་པོ་ཉམས་ པའང་ཇི་ལྟར་ཡིན། །མི་བདེན་པ་མཐོང་བའི་ཕྱིར་མཐོང་བ་ཉམས་པ་བརྗོད་པ་ཡིན་ནོ། །བདེན་པ་མཐོང་བཞིན་དུ་ཡང་ཉམས་པར་རྟོགས་ན་ནི། ཀ་བ་ལ་སོགས་པའི་མཐོང་བ་མཐའ་དག་ཀྱང་མི་ཉམས་པར་རྟག་པར་འགྱུར་རོ། །འདི་ལྟར་རེ་ཞིག་མཐོང་བའི་ནུས་པ་ཉམས་པ་རང་གི་ངོ་བོས་ནི་ མངོན་སུམ་དུ་རྟོགས་པར་ནུས་པ་མ་ཡིན་ཏེ། དེས་ན་རྗེས་སུ་དཔག་པས་བརྟག་པར་བྱ་བ་ཉིད་དོ། །ནུས་པ་ནི། ཇི་ལྟར་འབྲས་བུ་མཐོང་བ་ལས་ཡོད་པར་བརྟག་པར་བྱ་བ་དེ་བཞིན་དུ་འབྲས་བུ་ཉམས་པ་ལས་ཉམས་པར་བརྟག་པར་བྱ་བ་ཡིན་ནོ། །དེའི་འབྲས་བུ་ཡང་མཐོང་བ་ཡིན་ལ། དེའང་ བདེན་པའམ་མི་བདེན་པའི། བདེན་པར་མཐོང་ཡང་རྟོགས་པ་ཡིན་ན་ནི་མ་ཉམས་པ་ཞེས་བྱ་བ་མེད་པར་འགྱུར་རོ། །འོན་ཏེ་ཡོད་པ་ཉིད་ཡིན་ཡང་གཞན་གྱིས་བལྟར་མེད་པ་མཐོང་བས་ན། དབང་པོ་ཉམས་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན། རབ་རིབ་ཀྱིས་སྦྱངས་གསལ་བའི་མིག །དབང་པོ་ ལས་འདས་མཐོང་དེ་ལ། །གཞན་གྱིས་མཐོང་བའི་དོན་དེ་ཡང་། །ཇི་ལྟ་བུར་ན་གསལ་མ་ཡིན། །གང་ཞིག་གཞན་གྱིས་མི་མཐོང་བ་ཡང་མཐོང་བ་དེ་ཇི་ལྟར་གཞན་གྱིས་མཐོང་བ་གསལ་བར་མི་མཐོང་། དེ་ལྟར་ནི་མཐོང་བ་མེད་དོ། །གང་ཞིག་གཞན་གྱིས་བལྟར་མེད་པ་ཕྲ་མོ་མཐོང་བ་དེ་ ནི་གཞན་གྱིས་བལྟར་ཡོད་པ་ཡོངས་སུ་གསལ་བར་མཐོང་བ་ཉིད་དུ་མཐོང་བ་ཡིན་ནོ། །དེ་ལྟར་ཡང་མ་ཡིན་ཏེ། དེས་ན་ཡང་དག་པ་མཐོང་བ་ཉིད་དུ་མི་རིགས་སོ། །གལ་ཏེ་ཡང་དག་པ་ཡིན་པ་དང་། མཐོང་བར་ཡང་འགྱུར་བ་ཡིན་ནོ་ཞེས་བྱ་བ་འགལ་བ་མ་ཡིན་ནམ། གལ་ཏེ་མཐོང་བ་ཡང་དག་ མིན། །ཇི་ལྟར་ཡང་དག་ཡང་དག་ཉིད། །མཐོང་བ་ལས་ནི་མ་གཏོགས་པ། །ཡང་དག་རྒྱུ་མཚན་གཞན་ཡོད་མིན། །མཐོང་བ་ཡང་དག་པ་མ་ཡིན་པ་ཞེས་བྱ་བར་རྣམ་པར་འཇོག་ན་ཡང་དག་པ་ཞེས་བྱ་བར་མེད་པ་ཉིད་དོ་ཞེས་བྱ་བར་འགྱུར་ཏེ། ཁྱད་པར་མེད་ པའི་ཕྱིར་རོ། །མཐོང་བ་མི་འཐད་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་ལེགས་པ་མ་ཡིན་ཏེ། གང་གིས་གང་གི་ངོ་བོར་མཐོང་། །དེ་ནི་ད་ལྟར་ཉིད་རྟོགས་བྱ། །གཞན་དུ་མཐོང་བ་གཞན་དུ་ནི། །ཇི་ལྟ་བུར་ན་ཁས་ལེན་བྱེད། །དབང་པོ་རྣམ་པར་འགྱུར་བ་རབ་རིབ་ལ་སོགས་ པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་དུ་དམིགས་པ་ནི་དེ་ལས་གཞན་པའི་རྒྱུས་སྐྱེ་བ་སྐྱེད་པ་ཅན་དང་མྱོང་བའི་རང་བཞིན་དང་རྗེས་སུ་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །རབ་རིབ་ལ་སོགས་པའི་རྣམ་པར་འགྱུར་བ་དག་གི་རྗེས་སུ་བྱེད་པ་ཉིད་བསྒྲུབ་པར་ བྱ་བ་ཡིན་ནོ། །དེ་ལྟ་ན་ཡང་ཕྱི་རོལ་ཉིད་དུ་ཁས་ལེན་ན་ནི་ཚིག་ཙམ་དུ་ཟད་དོ། །འདི་ལྟར། སྣང་དབང་ཡིད་ལ་བྱེད་པ་ལས། །གཞན་ནི་གཅིག་གིས་ནུས་རྟོགས་པ། །དེས་ན་གཞན་ནི་རྒྱུ་མ་ཡིན། །སྣང་བ་ལ་སོགས་པ་ལས་གཞན་ནི་མར་མེ་ཉིད་ཀྱི་ནུས་པ་དམིགས་ཀྱི་དཀྱིལ་འཁོར་ གྱི་ནི་མ་ཡིན་ནོ། །དེས་ན་རྒྱུ་གཞན་མེད་པའི་ཕྱིར་ཡུལ་མ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །སྣང་བའི་ཕྱིར་ཡུལ་ཡིན་ནོ་ཞེས་བྱ་བ་མི་འཐད་དེ་སྣང་བ་ནི་འཁྲུལ་པ་ལ་ཡང་ཡོད་པའི་ཕྱིར་རོ། །རང་གི་ངོ་བོས་ཇི་ལྟར་འཁྲུལ་པ་ཡིན་ཞེ་ན། རང་གི་ངོ་བོས་སྣང་བ་ ནི་རང་རིག་པ་ཡིན་གྱི་ཡུལ་ནི་མ་ཡིན་ནོ། །གཞན་དུ་སྣང་བས་ན་རང་བཞིན་མ་ཡིན་ནོ་ཞེ་ན། རང་གི་ངོ་བོས་སྣང་བ་ཇི་ལྟར་གཞན་དུ་སྣང་བ་ཞེས་བྱ་བར་རུང་། གང་དུ་སྣང་བ་དེ་ཡང་གཞན་དུ་སྣང་བ་དེ་ཡིན་ན། ཐུག་པ་མེད་པ་སྣང་བ་ཡིན་ན་ནི། །དེ་བཞིན་དུ་གཞན་ཡང་རང་གི་ངོ་བོ་ཉིད་སྣང་བ་ ཡིན་པའི་ཕྱིར་ན་རང་རིག་པ་ཉིད་དོ། །གལ་ཏེ་ཕན་ཚུན་དུ་སྣང་བ་ཡིན་ན་སྔོན་པོ་ལ་སོགས་པ་ཡང་ཕན་ཚུན་དུ་སྣང་བ་ཡིན་པའི་ཕྱིར་མྱོང་བ་ཉིད་དུ་འགྱུར་ཏེ་སྔོན་པོ་ལ་སོགས་པ་མྱོང་བ་ལ་གནས་པར་གྱུར་པ་རྣམས་ཀྱང་མྱོང་བའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ ལས་ནུས་པ་ངེས་པའི་རང་བཞིན་གྱི་རྒྱུ་ཡུལ་ཡིན་ནོ། །རྨ་བྱའི་མདོངས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ནུས་པ་ངེས་པ་མ་ཡིན་ཏེ། དེས་ན་འདི་ནི་ཡུལ་མ་ཡིན་ནོ། །མྱོང་བ་ལས་གནས་པའི་རང་བཞིན་ལས་གཞན་པའི་རྣམ་པ་འཇོག་པ་མེད་པའི་ཕྱིར་རོ། །ཀ་བ་ལ་སོགས་པ་སད་པས། དམིགས་པ་དག་ནི་ཤེས་པ་གཞན་གྱིས་མཐོང་བཞིན་ཕྱིར་ཐ་དད་པར་རྣམ་པར་གཞག་པ་ཡིན་ནོ། །དེའི་འབྲས་བུ་ས་གཞི་ཚིག་པ་ཡང་མཐོང་བའི་ཕྱིར་རོ། །འདིར་ཡང་རབ་རིབ་ཀྱིས་བསླད་པ་རྣམས་ཀྱིས་མཚུངས་པར་མཐོང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་དག་ལ་ཡང་མཚུངས་པའི་ཕྱིར་རོ། ། འཁྲུལ་པས་དམིགས་པའི་མེ་ལ་ནི་ས་གཞི་ཚིག་པའི་འབྲས་བུ་མ་དམིགས་སོ། །དེས་ན་གཉི་ག་ཡང་འཁྲུལ་པ་ཡིན་ནོ། །འོན་ཏེ་མེ་དེ་ནི་སྲེག་པར་བྱེད་པ་མ་ཡིན་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་བུ་མ་ཡིན་པ་ལ་དེ་ལྟ་བུར་རྟོགས་པ་ནི་འཁྲུལ་པ་ཉིད་དོ། ། འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་འཁྲུལ་པ་ཡིན་ནོ་ཞེ་ན། དོན་ཉིད་ཀྱང་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་པ་ཁོ་ནའོ། །རང་གི་ངོ་བོར་སྣང་བའི་ཕྱིར་ཐམས་ཅད་དེ་ལྟ་བུ་ཉིད་ཡིན་པས་ཐ་དད་པར་རིགས་པ་མ་ཡིན་ནོ། །དེས་ན་དོན་བྱ་བ་མེད་པ་ཅན་དོན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེ་ན་རིགས་སོ། །ཐམས་ ཅད་དོན་ཉིད་ཅི་སྟེ་མ་ཡིན་ཞེ་ན། ཐམས་ཅད་མྱོང་བའོ་ཞེས་ཅི་སྟེ་མི་འདོད། མྱོང་བའི་ངོ་བོ་ཡིན་ན་ཡང་། ཐམས་ཅད་རང་རིག་པ་ཉིད་ཡིན་པས་ཇི་ལྟར་དོན་ཉིད་ཡིན། མྱོང་བ་ནི་ལྐོག་ཏུ་གྱུར་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །རང་རིག་པ་ཇི་ལྟར་ཞེ་ན། མཐོང་བའི་ཕྱིར་རོ། །གཞན་ གྱིས་ཀྱང་མྱོང་བ་མཐོང་ངོ་ཞེ་ན། འདི་ལ་ཚད་མ་ཅི་ཡོད། ཁྱེད་ལ་ཡང་ཅི་ཡོད་ཅེ་ན། གཞན་རིག་པ་མ་ཡིན་པ་ཉིད་དོ། །གལ་ཏེ་གསལ་བར་བྱེད་པ་མེད་ན་ཇི་ལྟར་གསལ་བ་མ་ཡིན་པ་བུམ་པ་བཞིན་དུ་གསལ་བྱེད་ཡིན་ཞེ་ན། མ་ཡིན་ཏེ། གསལ་བ་མ་ཡིན་པར་གྲུབ་པ་མེད་པའི་ཕྱིར་ཏེ། མར་མེ་ བཞིན་ནོ། །བུམ་པ་ཇི་ལྟར་ཞེ་ན། མུན་ཁུང་ན་གནས་པའི་ཕྱིར་རོ། །དེ་ལ་རང་བཞིན་ཡོད་དོ་ཞེས་བྱ་བ་ག་ལས་ཤེ་ན། ཚེགས་པ་གཅིག་ལ་རག་ལས་པའི་རེག་པ་ལ་སོགས་པ་མཐོང་བའི་ཕྱིར་དང་། མཚན་མོ་རྒྱུ་བ་ལ་སོགས་པ་གཞན་གྱིས་མཐོང་བའི་ཕྱིར་རོ། །དོན་དམ་པར་ནི་དེ་ལྟར་མ་ཡིན་ནོ་ ཞེས་བྱ་བ་འདི་ནི་བདག་ཅག་གི་འདོད་པ་ཉིད་ཡིན་ནོ། །དེའི་ཕྱིར་རབ་རིབ་ཅན་གྱིས་མཐོང་བའི་རྣམ་པ་ནི་མར་མེ་བཞིན་དུ་རང་རིག་པ་ཉིད་དོ། །གཞན་ཡང་གལ་ཏེ་མདོངས་དེ་ནུས་པ་ཡོད་པ་ཡིན་ན་སྣམ་བུ་ཁྲ་བོ་བཞིན་དུ་མར་མེ་མེད་པར་ཡང་ཕྱོགས་གཅིག་མཐོང་བར་ཐལ་ ལོ། །འདི་ལྟར། གལ་ཏེ་དེ་ཉིད་བློ་རྒྱུ་ཡིན། །ཇི་ལྟར་མར་མེ་ལ་ལྟོས་འགྱུར་ཁྱོན་དང་ལྡན་པའི་རང་བཞིན་ནི་དེའི་ཕྱོགས་གཅིག་མེད་ཀྱང་ཕྱོགས་གཅིག་པོ་གཞན་དུ་འཛིན་པ་ཡིན་ནོ། །དེ་ལྟ་བུ་ཉིད་རྒྱུ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྔོན་པོ་ལ་སོགས་པ་རང་བཞིན་གཞན་ལ་ལྟོས་པ་ཉིད་འཛིན་པ་ཡིན་ ནོ། །དེ་ལྟ་ན་གཉི་ག་རྒྱུ་ཉིད་དུ་བརྟག་པར་བྱའོ་ཞེ་ན། མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །གཉི་ག་དག་ཀྱང་རྒྱུ་མ་ཡིན། །ཡུལ་དེ་བཀབ་ཀྱང་མར་མེ་ཙམ་ལས་ཡོད་པ་ཡིན་པའི་ཕྱིར་མཐོང་བ་དེ་ནི་གཉི་གའི་རྒྱུ་ཅན་མ་ཡིན་ནོ། །འོན་ཏེ་རྣམ་པ་གཞན་དང་གཞན་སྐྱེ་བའི་ཕྱིར་དེ་དགག་པ་ཉིད་དུ་ མི་ནུས་སོ་ཞེ་ན། འོན་ཏེ་དེ་ཉིད་ཀྱི་ཚེ་སྐྱེ་བ་ཡིན་པས་གསལ་བ་མ་ཡིན་པའི་རང་བཞིན་མ་ཡིན་ནོ། །དེ་ལ་མིག་གི་བྱེད་པ་འཇུག་པ་དེས་ན་རིག་པ་མ་ཡིན་ནོ་ཞེས་བྱ་བ་ནི་འབྲེལ་པ་མ་ཡིན་ཏེ། དུས་མཚུངས་པ་ཉིད་ཀྱིས་དེ་ལ་མིག་གི་བྱེད་པ་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་དེའི་ རང་བཞིན་ལ་བྱེད་པ་འཇུག་པ་ཡིན་ན་ནི། འོད་བཞིན་དུ་དེ་ཉིད་ཀྱི་ཚེ་མར་མེས་བསྐྱེད་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་མར་མེ་རང་གི་རྒྱུད་ལས་འོད་དང་བཅས་པ་ཡིན་པ་དེ་བཞིན་དུ་མིག་ཀྱང་མདུན་ན་ཡོངས་སུ་གསལ་བའི་རང་བཞིན་དང་ལྡན་པ་ཡིན་པས་ན་སྐྱོན་མེད་དོ། །མར་མེ་ ལས་འོད་ཐ་དད་པ་ཡིན་ནོ་ཞེ་ན། ཐ་དད་ལ་རག་མོད། འོན་ཀྱང་མར་མེ་ཉིད་བཞིན་དུ་འོད་མར་མེས་གསལ་བར་བྱས་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་མིག་དང་གཟུགས་ལས་མ་གཏོགས་པ་རྣམ་པར་ཤེས་པ་གཞན་ནི་ཚད་མ་མེད་པས་ཡོད་པ་མ་ཡིན་གྱི། འོན་ཀྱང་རང་གི་ངོ་བོ་ མྱོང་བས་བྱིན་གྱིས་བརླབས་པའི་རང་བཞིན་གཉིས་པོ་དེ་ཉིད་མྱོང་བ་ཡིན་ནོ། །དེ་ལྟ་བུའི་མྱོང་བའི་རྒྱུ་གཞན་ནི་བརྟག་པར་བྱ་བ་ཡིན་པའི་ཕྱིར། བློ་ཚུལ་གཉིས་པར་གྲུབ་པོ། །གལ་ཏེ་མདུན་ན་གནས་པའི་རྣམ་པ་ཅན་དོན་ཉིད་ཡིན་ལ། དེ་ཉིད་རྣམ་པར་ཤེས་པའི་གཟུང་བ་ཡིན་ན་དེའི་ཚེ་དོན་རང་ གི་ངོ་བོས་བཟུང་བའི་ཕྱིར་ན། ཉེ་རིང་ལ་སོགས་ཁྱད་པར་གྱིས། །གསལ་དང་མི་གསལ་མི་རུང་ངོ་། །གལ་ཏེ་སྣང་ཁྱད་ལས་དེར་འགྱུར། །དེ་ནི་ཆོད་དང་མ་ཆོད་དག །མཐོང་དང་མི་མཐོང་མཚུངས་པར་འགྱུར། །མཐོང་བའི་ཡུལ་གྱི་མཚམས་ལས་མ་འདས་པ་གནས་པའི་དོན་ནི་རང་གི་རྒྱུ་ བརྒྱུད་པ་ལས་གཞན་གྱི་རང་བཞིན་དང་བྲལ་བར་སྐྱེ་བ་རང་བཞིན་ངེས་པ་དང་འབྲེལ་པ་ཡིན་པའི་ཕྱིར་རང་གི་ངོ་བོ་ཉིད་སྣང་བ་ཡིན་པས་གང་གིས་གསལ་བ་དང་གཞན་པའི་རང་བཞིན་དང་འབྲེལ་པ་ཡུལ་ཉེ་བ་དང་རིང་བ་ལ་སོགས་པ་ཉིད་ཡིན་ཡང་འདི་ཐ་དད་པར་སྣང་བར་ཇི་ལྟར་འགྱུར། འདི་ ནི་མཐོང་བ་ཡང་ཡིན་ཏེ། དེས་ན་རྣམ་པ་དང་ལྡན་པའི་ཕྱི་རོལ་ཉིད་གཟུང་བས་རང་གི་སྣང་བ་ནི་མ་ཡིན་ནོ། །ངེས་པ་དང་ལྡན་པའི་རང་བཞིན་མ་ཚང་བ་མེད་པར་བཟུང་བ་ནི་ཐ་དད་པར་སྣང་བ་མ་ཡིན་ཏེ། དེའི་རང་བཞིན་ཐ་དད་པར་ཐལ་བའི་ཕྱིར་རོ། །མདུན་ན་གནས་པའི་རང་བཞིན་དུ་སྣང་ བ་ནི་དོན་ཉིད་ཡིན་ཏེ། དོན་གྱི་མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ། །དེས་ན་དེ་ཐ་དད་ན་དོན་ཉིད་ཐ་དད་པ་མ་ཚང་བ་མེད་པ་ཡིན་ནོ། །དོན་ཐ་དད་པ་ཡིན་ན་ཡང་གསལ་བ་ལ་སོགས་པ་བརྗོད་པ་མ་ཡིན་ཏེ། དོན་གཞན་སྣང་བས་གཞན་མི་གསལ་བ་ཞེས་བྱ་བ་ནི་མ་ཡིན་ནོ། །དེའི་རང་བཞིན་ནི་དེ་ ཉིད་ཡིན་ལ། དེ་ཡང་གསལ་བ་ཉིད་དོ། །དེའི་རང་བཞིན་ཉིད་ན། ཇི་ལྟར་རང་བཞིན་གཞན་དེ་ལྟར། །དེ་ཡི་ངོ་བོར་རྟོགས་ན་དེ། །རང་བཞིན་ཐ་དད་ཇི་ལྟར་ཡིན། །ཐ་དད་མེད་པར་རྟོགས་ན་ནི། །རྟོགས་པ་ཐ་དད་མེད་པར་འགྱུར། །གཟུང་བའི་རང་བཞིན་ཐ་དད་མིན། །ཐ་དད་པར་ཡང་ ཇི་ལྟར་འདོད། །འོ་ན་ཉེ་བ་དང་རིང་བ་ལ་སོགས་པའི་དབྱེ་བ་དེ་ཉིད་དམ། སྣང་བ་དང་མཐོང་བའི་བྱེ་བྲག་ལས་གསལ་བ་དང་མི་གསལ་བ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་འབྲེལ་པ་མ་ཡིན་ཏེ། རང་གི་ངོ་བོར་སྣང་བ་དག་ཅིག་ཤོས་ཀྱི་རྣམ་པར་རྟོག་པ་ལས་མི་འདའ་བའི་ཕྱིར་རོ། །སྣང་བ་ཐ་དད་ཀྱང་གལ་ ཏེ་རང་གི་ངོ་བོས་སྣང་བ་ཡིན་ན་ཇི་ལྟར་མི་གསལ། མི་སྣང་ངོ་ཞེ་ན། དེ་ལྟ་ན་ཡང་ཇི་ལྟ་ཇི་ལྟར་མི་གསལ་ཏེ། དེས་ན་འདི་ནི་གྱི་ནའོ། །སྣང་བ་ཐ་དད་ན་དེར་དེ་གཞན་གཟུང་བར་ཟད་མོད་དོན་མི་གསལ་བ་ལ་སོགས་པའི་རང་བཞིན་དུ་གོ་བ་ལྟར་འགྱུར། འོན་ཏེ་ཡུལ་ཐག་རིང་བས་བར་དུ་ཆོད་པའི་ཕྱིར་རོ། ། མཐོང་བ་གཞན་ཡིན་ནོ་ཞེ་ན། གལ་ཏེ་ཡུལ་ཐག་རིང་ན་དེའི་ཚེ་བཅད་པའི་ཕྱིར་མི་མཐོང་བ་ཉིད་དོ། །འོན་ཏེ་མ་བཅད་ན་དེའི་ཕྱིར་ཡོངས་སུ་གསལ་བ་ཁོ་ནར་མཐོང་བར་འགྱུར་བས་ན་གང་ལས་ཐ་དད་པ་ཉིད་ཡིན། གལ་ཏེ་སྣང་བ་མི་གསལ་བས། །དེ་ལ་ཐུན་མོང་ འགའ་ཞིག་ནི། །མ་མཐོང་དེ་ཕྱིར་ཐ་དད་ན། །ཡུལ་ཐག་རིང་བ་ཉིད་ཀྱིས་ནི་ཕྲ་མོ་ཉིད་སྒྲིབ་པར་བྱེད་ཀྱི་རགས་པའི་སྣང་བས་ནི་མ་ཡིན་ནོ། །ཕྲ་མོ་ནི་ཡུལ་ཐག་རིང་པོས་བསྐལ་ན་མི་མཐོང་བ་ཉིད་དོ་ཞེ་ན། ཡན་ལག་ཅན་གཅིག་ཉིད་ཁྱབ་པར་གནས་པ་མ་ཡིན་ནམ། དེས་ན་ཐམས་ཅད་མཐོང་ བ་ཇི་ལྟར་མིག་གསལ་བར་མཐོང་། འོན་ཏེ་གཅིག་མ་ཡིན་ན་དེའི་ཚེ་ཐམས་ཅད་ཕྲ་མོ་ཉིད་ཡིན་པས་རྟོགས་པ་ཉིད་དུ་མི་འགྱུར་བའམ། འགྱུར་ན་ཡང་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡོངས་སུ་གསལ་བར་སྣང་བར་འགྱུར་རོ། །དེ་ཉིད་སྟོན་པ་ནི། ཕྱི་རོལ་དོན་གཅིག་མཐོང་བ་དང་། །མི་མཐོང་ཐ་དད་ གསལ་བ་ཡིན། །ཕྲ་རྡུལ་དུ་མ་ཐ་དད་མཐོང་། །མི་མཐོང་ཐ་དད་ག་ལས་ཡིན། །གལ་ཏེ་ཡན་ལག་ཅན་གཅིག་ཡིན་ཡང་ཕྲ་མོ་དང་ལྡན་པའི་ཕྱིར་དེ་དང་བྲལ་བར་མཐོང་བ་ནི་མི་གསལ་བའི་རྣམ་པ་ཉིད་ཡིན་ན། གཞན་དུ་ནི་གཞན་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། སྔོན་པོ་སེར་པོ་ མེད་པར་ནི། །གཟུང་དང་དེ་མི་གསལ་ཞེའམ་ཅི། །གཞན་ལ་གཟུང་ཡང་དེ་ཡི་ནི། །རང་བཞིན་གསལ་བར་འཛིན་པ་ཉིད། །གལ་ཏེ་དུ་མ་ཉིད་ཡིན་ན། །དེ་མ་བཟུང་ན་དེ་ལས་གཞན་མི་འཛིན་པའི་ཕྱིར་མི་གསལ་བ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་འཐད་པ་མ་ཡིན་ཏེ། དེ་ལ་ཡང་མཚུངས་པའི་ཕྱིར་ རོ། །གཞན་བཟུང་བས་མི་གསལ་བ་གང་ཡིན་པ་དེ་ཅི་དོན་གྱི་རང་བཞིན་ཡིན་ནམ། འོན་ཏེ་མྱོང་བ་ཡིན། གལ་ཏེ་དོན་གྱི་ཡིན་ན་དེས་གཞན་མ་བཟུང་ཡང་དེ་ཉིད་ཡིན་པས་ཇི་ལྟ་ཇི་ལྟར་མི་གསལ། འོན་ཏེ་ལས་དེ་སྐྱེ་བ་ཡིན་ན་འོ་ན་ནི་དེའི་ཚེ་དེ་དོན་མ་ཡིན་པས་ཇི་ལྟར་དོན་འཛིན་པ་ཡིན། དེ་ལྟ་ན་ཡང་དེ་ ལྟ་བུར་གྱུར་པ་དེ་ནི་དངོས་པོ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེ་ན། དངོས་པོ་རང་བཞིན་ཡིན་ན་གཞན་གྱིས་ཀྱང་དེ་བཞིན་ཉིད་དུ་མཐོང་བར་འགྱུར་རོ། །གཞན་གྱིས་མ་མཐོང་ན་ནི་ཐུན་མོང་མ་ཡིན་པའི་ཕྱིར་རྟོགས་པ་ཉིད་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འདི་ལྟར་སྐྱེ་བོ་དག་བདག་གི་རྟོགས་པ་ཉིད་མི་གསལ་ བར་སྐྱེས་སོ་ཞེས་རྟོགས་པ་ཡིན་ནོ། །འོན་ཏེ་ཉེ་བར་བཏགས་པ་ལས་དེ་ལྟར་རྟོགས་པ་ཡིན་ནོ། །མི་གསལ་བའི་དོན་མཐོང་བ་ལ་རྟོགས་པ་ཡང་དེ་ལྟ་བུ་ཐ་སྙད་བྱེད་པ་ཡིན་ཏེ། དཔེར་ན་དབྱུག་པ་དང་འབྲེལ་པ་ལས་སྐྱེས་བུ་ལ་དབྱུག་པར་ཐ་སྙད་བྱེད་པ་བཞིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར། དེ་ལྡན་མཐོང་བ་དང་འབྲེལ་བས། །ང་ཡི་མིག་ནི་མི་གསལ་ཞེས། །དེ་ཡི་འབྲས་བུ་མཐོང་བ་ལས། །ཐ་སྙད་དེ་འདྲ་དེ་འགྱུར་ན། །འབྲས་བུའང་མཐོང་ཡིན་དོན་གཞན་ནི། །དེ་ཡི་འབྲས་བུར་གནས་མ་ཡིན། །གལ་ཏེ་དེ་བཞིན་འབྲེལ་ལས་ནི། །སྔོན་པོ་ལ་ཡང་བརྗོད་འགྱུར་རོ། ། ང་ཡི་མཐོང་འདི་རྩིག་པ་ཞེས། །ཁྱེད་ནི་ནམ་ཡང་འདོད་མ་ཡིན། །དེ་ཕྱིར་འཇིག་རྟེན་ཐམས་ཅད་ཀྱིས། །རྟོགས་ཕྱིར་མཐོང་བ་མི་གསལ་ཉིད། །རྒྱུ་མེད་པར་ནི་ངེས་པ་ཀུན། །འཁྲུལ་པ་ཉིད་དུ་བརྗོད་པ་མིན། །ཐ་སྙད་མ་གོལ་བར་བསྒྲུབ་པའི་ཉེས་པ་ནི་གཞན་དུ་འགྱུར་བ་མ་ཡིན་ནོ། ། དེས་ན་དོན་རང་ཉིད་སྣང་བ་བློ་ཐ་དད་པར་རིགས་པ་མ་ཡིན་ནོ། །གལ་ཏེ་སྣང་བ་གསལ་མི་གསལ། །ཁྱད་པར་གྱི་བློ་ཐ་དད་ན། །གཞན་ཐ་དད་པས་ཐ་དད་མེད། །གང་ལས་ཐ་དད་པར་སྣང་འགྱུར། །གཞན་དག་བརྗོད་པ་ནི། ཕྱི་རོལ་གྱི་སྣང་བ་གསལ་བ་དང་མི་གསལ་བ་ཐ་དད་པ་ཉིད་ལས་དོན་ གཅིག་ལ་ཡང་བློ་ཐ་དད་པ་ཡིན་གྱི། བློའི་རང་བཞིན་ཐ་དད་ནི་མ་ཡིན་ཏེ། དེས་ན་རྣམ་པ་འདི་སེམས་ཀྱི་མ་ཡིན་ནོ་ཞེས་སོ། །དེ་ནི་ཐ་མི་དད་དེ། འདི་ལྟར། གལ་ཏེ་སྣང་བ་དང་ལྡན་པའི། །དོན་ནི་སྣང་བ་ཉིད་མ་ཡིན། །གཞན་དུ་ལྷན་ཅིག་སྣང་བས་ནི། །མི་གསལ་བས་ནི་སྣང་མི་འགྱུར། ། ཕན་ཚུན་ལྡོག་པའི་སྣང་བ་དང་། །གཟུགས་སྣང་ནི་དེ་དག་ཉིད་དེ་ལྟར་སྣང་བའི་ཕྱིར་གཟུགས་གསལ་བར་སྣང་བ་མ་ཡིན་ནོ། །གཞན་རང་གི་ངོ་བོས་སྣང་བ་ནི་དེ་ལས་གཞན་དེ་ལྟར་འགྱུར་བ་མ་ཡིན་ནོ། །འགྱུར་བ་ཁོ་ན་སྟེ། ལེ་བརྒན་གྱིས་བསྒྱུར་བའི་རས་ཀྱིས་བར་དུ་ཆོད་པའི་དངོས་པོ་ སྣང་བ་བཞིན་ནོ་ཞེ་ན། མ་ཡིན་ཏེ་དེར་ཡང་མཚུངས་པའི་ཕྱིར་རོ། །རང་གི་ངོ་བོས་སྣང་ན་ནི་དམར་པོ་ཉིད་སྣང་བ་མ་ཡིན་ནོ། །དེ་ཉིད་དེའི་རང་བཞིན་ཡིན་པས་དེ་ལྟར་སྣང་བར་ཁས་ལེན་ན། དེ་ཡང་སྣང་བ་མི་གསལ་བས་རང་བཞིན་དེ་རུ་འགྱུར་བའི་ཕྱིར་ཐམས་ཅད་ལ་དེ་ལྟར་སྣང་བའི་ ཕྱིར། གང་ལས་བློ་ཐ་དད། དེའི་ཕྱིར་སྣང་བར་ཐ་དད་ཀྱང་ཐ་དད་པར་སྣང་བ་མ་ཡིན་ནོ། །གཞན་ཡང་། སྣང་བ་དེ་ཡང་ཅིས་མི་གསལ། །བསྒྲིབས་ཕྱིར་དེ་འདིར་ཅིས་མ་ཡིན། །སྲབ་ཕྱིར་སྣང་བ་དེ་ལྟ་ཉིད། །གཞན་དུ་སྲབ་མིན་ཡོད་པ་ཉིད། །གལ་ཏེ་ཡུལ་ ཐག་རིང་པོར་སྣང་བ་རྡུལ་གྱིས་བསྒྲིབས་པས་མི་གསལ་བ་ཡིན་ན། དེའི་ཚེ་ཡུལ་ཤིན་ཏུ་ཉེ་བར་ཡང་མི་གསལ་བ་ཉིད་དོ། །དེར་ཡང་རྡུལ་གྱིས་བསྒྲིབས་པ་ཡོད་པའི་ཕྱིར་རོ། །ནམ་མཁའ་ཁྱབ་པར་འཐུལ་བ་ནི་འདི་ལ་ཡང་མེད་པ་ཡིན་ནོ། །གལ་ཏེ་ཡོད་ཀྱང་སྲབ་པའི་ཕྱིར། །རྡུལ་གྱིས་ བསྒྲིབས་པ་མ་ཡིན་ནོ། །ཡུལ་ཐག་རྒྱང་རིང་པོར་ནི་དེའི་བར་ཐག་རིང་བས་ན། རྡུལ་མང་བ་ཉིད་དོ་ཞེ་ན། འདི་ནི་གྷོ་དྷ་དང་རི་བོང་གི་ཚུལ་ཡིན་ཏེ། དེར་ནི་སྣང་བ་ཡང་མང་བ་ཉིད་དེ་ལ་ཉེ་བར་ནི་ཇི་ལྟར་རྡུལ་སྲབ་པ་དེ་བཞིན་དུ་སྣང་བ་ཡང་ཡིན། འདི་སྐད་སྨྲས་པས་ཅི་བྱ། ཤིན་ཏུ་ཉེ་ལ་སྣང་ བ་ནི། །ཆེར་གསལ་དེ་ཡང་གསལ་བར་འགྱུར། །གལ་ཏེ་རྡུལ་སྲབ་པ་ཉིད་ཀྱི་སྣང་བ་གསལ་བར་སྣང་བ་ཡིན་ན་དེའི་ཚེ་ཤིན་ཏུ་ཉེ་བར་རྡུལ་སྲབ་པའི་ཕྱིར། ཤིན་ཏུ་གསལ་བར་འགྱུར་རོ། །དེ་ལ་དབང་པོའི་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། གཏན་མི་མཐོང་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། ། གལ་ཏེ་དེར་ཡང་མཐོང་མེད་ལ། །བརྟེན་ནས་གཟུགས་གཞན་འབྱུང་འགྱུར་ན། །དེ་དག་རྣམས་ནི་ཕན་ཚུན་དུ། །སྒྲིབ་འགྱུར་དེའི་ཕྱིར་སྣང་བ་ནི། །སྒྲིབ་བྱེད་མཐོང་བའི་མིང་ཅན་སེམས་མེད་པའི་དངོས་པོ་ལ་བརྟེན་ནས་གཟུགས་གཞན་ཉིད་དེར་སྐྱེ་བ་ཡིན་ཏེ། དེས་སྣང་བ་དེ་བསྒྲིབས་ཤིང་ བཅད་པ་དེའི་ཕྱིར་དེ་ལས་གཞན་མི་མཐོང་ངོ་ཞེ་ན། དེ་ལྟ་ཡིན་ན་ཐམས་ཅད་ཀྱིས་དེ་ལ་གཅིག་ཉིད་མཐོང་བར་འགྱུར་གྱི་གཞན་ནི་མ་ཡིན་ཏེ། སྣང་བ་བསྒྲིབས་པའི་ཕྱིར་རོ། །ཉེ་བར་ནི་སྒྲིབ་པ་དེ་མེད་དོ། །དེ་རྒྱབ་ཏུ་གནས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ་ཡུལ་གཅིག་ཏུ་མཐོང་བའི་ཕྱིར་རོ། །ཡུལ་ ཐག་རིང་པོ་ན་གནས་པས་ཡུལ་ཉེ་བ་ན་གནས་པའི་རྒྱབ་ཏུ་མི་གསལ་བར་འདོད་པའི་རང་བཞིན་དེ་དམིགས་པ་དེ་ནི་མ་ཡིན་ནོ། །དེ་ནི་འཁྲུལ་པ་ཡིན་ནོ་ཞེ་ན། དོན་གྱི་དེ་ཁོ་ན་ཉིད་མཐོང་བ་ལ་འཁྲུལ་པ་ག་ན་སྲིད། ཡུལ་ལ་འཁྲུལ་པ་ཡོད་པ་ཉིད་དེ། ཉི་མ་ཤིང་གི་རྩེ་མོ་དང་འབྱར་བར་མཐོང་བ་བཞིན་ ནོ་ཞེ་ན། གལ་ཏེ་དེ་ན་མེད་པ་ཡི། །དངོས་པོར་འང་ཡུལ་དེར་མཐོང་ན་ནི། །དུས་དེར་ངེས་པར་དེར་མཐོང་དང་། །འབྲེལ་པ་ཅི་སྟེ་འགྱུར་མ་ཡིན། །གལ་ཏེ་དེ་ཡི་དུས་སུ་ནི། །མེད་པ་མཐོང་ན་ཐམས་ཅད་ནི། །དོན་རྣམས་ཐམས་ཅད་མཐོང་ཞེས་པར། །འགྱུར་ན་དེ་ཡང་མཐོང་བ་མིན། ། གལ་ཏེ་མ་མཐོང་དང་འབྲེལ་པས། །འདི་དག་ཐམས་ཅད་གཞུང་འཛུགས་ན། །གཞན་ཡང་དེ་ཕྱིར་མ་མཐོང་ལས། །མཐོང་བ་ཐམས་ཅད་སྐྱེ་བར་འགྱུར། །གང་གི་ཚེ་ཁྱེད་གཞན་གྱི་ལྟ་བ་སུན་ཕྱུང་བའི་ཕྱིར་ཁྱད་ཅུང་ཟད་ཅིག་བརྗོད་པ་དེའི་ཚེ་གཞན་ཡང་ཁྱེད་ལ་སྐྱོན་སྣང་གི ། གཞུང་བསྒྲུབ་པ་ནི་མ་ཡིན་པ་འདི་ཐམས་ཅད་ནི་དེ་ལྟ་བུར་གྱུར་པའི་མ་མཐོང་བའི་མཐུས་ཡིན་པས་འདི་ནི་ཁྱེད་ཀྱི་ཉེས་པ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཉིད་དོ། །ཇི་ལྟར་ཡོད་པའི་མཐོང་བའི་མཐོང་བ་བཟློག་པ་དེ་བཞིན་དུ་མེད་པ་ཉེ་བར་སྟོན་པ་ཡང་ཡིན་ནོ། །དེས་ན་ཁྱེད་མེད་པ་ཉིད་ཀྱི་ སྐྱོན་ལས་སྤོབས་ཤིང་ཡོད་པ་ཡིན་ཡང་གཞུང་མི་ཚུགས་པ་ཡིན་ནོ། །དེ་བཞིན་དུ་རྟོགས་པའི་ཚིག་ཀྱང་ཡིན་པས་འགའ་ཡང་ཡང་དག་པ་མ་ཡིན་པར་འགྱུར་རོ། །དངོས་གང་ཇི་ལྟར་མཐོང་འགྱུར་བ། །དེ་ནི་དེ་ལྟ་ཉིད་རྟོགས་བྱ། །མི་གསལ་སྒྲིབ་པ་དེ་ཡི་ནི། །རྒྱབ་ཏུ་མེ་ཞེས་ རྟོགས་པར་བྱ། །སྒྲིབ་པ་དེ་འགའི་ཡང་རྒྱབ་ཏུ་མ་ཡིན་པས་ན། མདུན་ན་གསལ་བའི་ཕྱིར་ཐམས་ཅད་ཀྱི་མི་གསལ་བའི་རང་བཞིན་གྱིས་སྒྲིབ་པ་གཅིག་པུ་མཐོང་བར་འགྱུར་རོ། །དེ་མ་བསྒྲིབས་པ་ཡིན་ན་ནི་ཡུལ་ཐག་རིང་པོ་ན་གནས་པས་ཀྱང་གཅིག་པར་གསལ་བ་དང་མི་གསལ་ བའི་མཚན་ཉིད་གང་ཡང་གཅིག་པར་མཐོང་བར་འགྱུར་རོ་ཞེས་བཤད་ཟིན་པ་ནི། དེ་ལ་གཅིག་ཏུ་སྣང་བར་འགྱུར། །དེ་མ་བསྒྲིབས་ནས་གཅིག་པར་ནི། །གསལ་དང་མི་གསལ་རང་བཞིན་དག །མཐོང་འགྱུར་ཅི་སྟེ་ཡང་གཅིག་སྣང་བ་ཡིན་ཏེ། གཞན་གྱི་མཐོང་བ་ནི་མ་མཐོང་བས་ བསྒྲིབས་པའི་ཕྱིར་རོ་ཞེས་བརྗོད་དོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་དེ་ལས་མཐོང་མེད་ཀྱིས་གཅིག་བསྒྲིབས། །མ་མཐོང་བ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ནི་མི་འཐད་དེ། ཅིའི་ཕྱིར་ཞེ་ན། གང་གིས་དོན་དང་དོན་མིན་བྱེད། །དེ་ལ་མ་མཐོང་བ་ཅི་བྱེད། །མ་མཐོང་ཞེས་བྱ་བ་འདི་ ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཡིན་པས། གློ་བུར་དུ་དོན་དང་དོན་མ་ཡིན་པའི་ཉེ་བར་གྱུར་པས་རྟོགས་པར་བྱ་བ་ཡིན་གྱི། མངོན་སུམ་གྱིས་ནི་མ་ཡིན་ནོ། །དེས་ན་ཐག་རིང་པོ་ནས་མ་མཐོང་བ་དང་མི་གསལ་བར་མཐོང་བ་དག་ལ་དོན་དང་དོན་མ་ཡིན་པར་ མེད་པ་ཡང་ཚིག་ཇི་ལྟར་མ་མཐོང་བས་བྱས་པ་ཉིད་ཡིན། འདི་ཡང་བྱེད་དོ་ཞེ་ན། འདི་ལ་ལེགས་པར་བརྗོད་པ་ཡང་མ་མཐོང་བའི་དབང་གིས་མ་རྟོགས་པའི་ཕྱིར་སུན་འབྱིན་པ་དང་གཞུང་འཛུགས་པ་འདི་ཐམས་ཅད་དེ་ཁོ་ན་ཉིད་དུ་མི་འགྱུར་རོ་ཞེས་ལན་བསྟན་ཟིན་ཏོ། །དེ་ཕྱིར་དོན་ སྟོན་སྐྱེ་འགྱུར་བའི། །མྱོང་བ་ཇི་ལྟའི་རྒྱུ་བཞིན་དུ། །རྣམ་པ་ཐ་དད་འཛིན་བྱེད་དེ། །ལྷག་མ་བློ་ནང་ལུགས་མ་ཡིན། །གཞན་ཡང་། ཤེས་པ་སྒྲ་དང་མར་མེ་རྣམས། །མངོན་སུམ་དང་ནི་ཅིག་ཤོས་ཀྱིས། །སྐྱེད་བྱེད་ཉིད་ཀྱིས་སྔ་མ་ཡི། །སྐད་ཅིག་རྣམས་ནི་ཞིག་པའི་ཕྱིར། །གང་གི་ཤེས་ ལས་མི་གསལ་འགྱུར། །མེད་པ་ནི་རང་གི་ངོ་བོས་མཐོང་བ་མ་ཡིན་ནོ། །རྒྱུ་ཡིན་པ་ཉིད་ཀྱིས་ཤེས་པ་ལས་སྔར་འགྱུར་བ་ཉིད་ལ། སྔ་མ་ཉིད་ཡིན་ན་ཡང་སྐད་ཅིག་མ་ཉིད་ཀྱིས་ཤེས་པའི་དུས་ན་མེད་པ་ཉིད་དོ། །འོན་ཏེ་གང་གི་ཚེ་ཡོད་པ་དེའི་ཚེ་འཛིན་པ་ཡིན་ཏེ། རྒྱུའི་དངོས་པོ་ཉིད་མ་ ཡིན་པས་དུས་མཉམ་པ་ཉིད་དུ་རྒྱུ་ཡིན་པས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཤེས་པ་ལ་ཕན་འདོགས་པ་མ་ཡིན་པ། ཕན་འདོགས་བྱེད་པ་མ་ཡིན་གཞན། །གང་ཡིན་པ་དེ་གསལ་ན་དོན་ཀུན་མེད་པར་འགྱུར། །དུས་མཉམ་པ་ནི་རྒྱུ་མ་ཡིན་ཏེ། དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །འབྲེལ་ པ་མེད་པར་འཛིན་ན་ནི། །ཐམས་ཅད་འཛིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་རྒྱུ་ལས་ངེས་ན་ཐམས་ཅད་འཛིན་པར་མི་འགྱུར་ཏེ། གཟུང་བ་དང་འཛིན་པ་དག་རྒྱུ་ལས་ངེས་པ་ཡིན་པའི་ཕྱིར་རོ། །གང་གིས་སོ་སོར་ངེས་པ་ཉིད་འཛིན་པར་བྱེད་པའི་འཛིན་པ་འདི་འདྲ་བའམ། གང་གིས་ དེ་ཉིད་ཀྱིས་གཟུང་བར་འགྱུར་བའི་གཟུང་བའམ། ཡང་ན་གཉི་ག་ཡང་མིག་ལས་ངེས་པར་འགྱུར་བ་ཡིན་ནོ་ཞེས་ཕ་རོལ་པོ་དག་བརྗོད་དོ། །དེ་ནི་མི་རུང་སྟེ། འདི་ལྟར། ཤེས་ལ་རྟོགས་པ་འདི་ཡང་མེད། །སོ་སོར་ངེས་པར་འཛིན་ན་རྟོགས་པ་འདིས་འགྲུབ་པ་མ་ཡིན་ནོ། །དེས་ན་རང་ གི་ངོ་བོ་ཉིད་དུ་ཐལ་བས་ན་དེ་རང་གི་རྒྱུ་ལ་རག་ལས་པ་ཡིན་པའི་ཕྱིར། ཕན་ཚུན་གཟུང་བ་དང་འཛིན་པའི་དངོས་པོ་ནི་མ་ཡིན་ཏེ། དུས་མཚུངས་པར་སྐྱེས་པའི་ཕྱིར་རོ། །གང་ལ་རག་ལས་ནས་གཟུང་བ་དང་འཛིན་པར་འགྱུར་བ་གཟུང་བ་དང་འཛིན་པ་ནི་དེ་ཉིད་ཀྱི་ཡིན་ནོ་ཞེས་རིགས་སོ། ། མྱོང་བར་འགྱུར་བའི་རང་བཞིན་ལས་གཟུང་བ་དང་འཛིན་པ་ཉིད་གཞན་ནི་མེད་དོ། །འོ་ན་ཇི་ལྟར་བདག་ནི་འཛིན་པར་བྱེད་པའོ། །འདི་ནི་ངའི་གཟུང་བའོ་ཞེས་རྟོགས་ཤེ་ན། མ་ཡིན་ཏེ་དེས་གཞན་པའི་འབྲེལ་པ་མི་སྣང་བའི་ཕྱིར་རོ། །འདི་ནི་ཐོག་མ་མེད་པའི་བག་ཆགས་ལ་རག་ ལས་པ་ཅན་གྱི་རྟོག་པ་ཙམ་འགའ་ཞིག་ཏུ་ཟད་དོ། །དེ་སྐད་དུ་ཡང་། བྱེད་དང་བཅས་པ་ལྟ་བུར་སྣང་། །ཞེས་བཤད་པ་ཡིན་ནོ། །དེས་ན་རང་གི་ངོ་བོ་རང་གི་རྒྱུ་ལས་ངེས་པའི་ཕྱིར་ནི་གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ནོ། །འོན་ཏེ་རྒྱུ་དང་འབྲས་བུ་རང་གི་རྒྱུ་ལས་ངེས་པ་ཡིན་ན། དེའི་ཚེ་ཡང་གལ་ཏེ་དེ་དག་ལས་སོ་སོར་ངེས་པའི་བདག་ཉིད་ཀྱི་འབྲས་བུ་བསྐྱེད་པས་གཟུང་བ་དང་འཛིན་པའི་དངོས་པོ་ཇི་ལྟར་འགྱུར་ཏེ། ལྷན་ཅིག་བྱེད་པའི་དངོས་པོ་ཙམ་ཉིད་དུ་འགྱུར་རོ། །དེ་ཙམ་གྱིས་ནི་གཟུང་བ་དང་འཛིན་པའི་དངོས་པོ་མ་ཡིན་ནོ། །ཡང་ན། ཤེས་པ་རྟོགས་པ་འདི་ ཡང་མེད། །ཅེས་བྱ་བ་ནི་གང་གི་ཚེ་ཤེས་པ་གཞན་ནམ། མངོན་སུམ་གྱིས་གཟུང་བ་མ་ཡིན་དེའི་ཚེ་ཅི་ཤེས་པ་གཉིས་སུ་མཉམ་པ་ཡིན་ནམ། གཟུང་བ་དང་འཛིན་པ་ནི་རྒྱུ་ལས་བྱུང་བ་ཡིན་ན། གཉིས་དུས་མཉམ་པར་མི་འདོད་དོ། །དུས་མཉམ་པ་ཉིད་མ་ཡིན་ན་ཡང་དེ་ལས་གཞན་དང་ གཞན་ཡང་དུས་མཉམ་པར་འགྱུར་ཞིང་། དེ་ལས་གཞན་དང་ཡང་འགྱུར་བས་ཤེས་པ་རྣམས་མཐའ་ཡས་པ་ཁོ་ནར་འགྱུར་ན་དོན་ཡང་དེའི་ཚེ་འཛིན་པར་འགྱུར་ན་འདོད་པ་ཡང་མ་ཡིན་ནོ། །དང་པོ་གཟུང་བ་མ་ཡིན་ན་ནི་ཕྱིས་ཀྱང་འགྱུར་བ་མ་ཡིན་ཏེ། དེའི་རང་བཞིན་མ་རྟོགས་པར་ཐལ་བའི་ ཕྱིར་རོ། །སྔར་ཡང་གཟུང་བའི་རང་བཞིན་ཉིད་དོ་ཞེ་ན། སྔར་ཡང་གཟུང་བར་ཐལ་ལོ། །ཡིན་མོད་ཅི་སྐྱོན་ཞེ་ན། མ་ཡིན་ཏེ། སྔར་ཡང་འཛིན་པར་བྱེད་པ་ཡོད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་མིག་ལ་སོགས་པའི་ཚོགས་པ་ཉིད་ཀྱི་དབང་གིས་བསྐྱེད་པ་ཡིན་ན་ནི། གཟུང་བའི་རྣམ་པ་དེ་ཤེས་པ་ ཉིད་དུ་འགྱུར་གྱི་དོན་ཉིད་ནི་མ་ཡིན་ཏེ། དེ་ལྟ་བུ་ཡང་དོན་ཡིན་ན་ནི་འཛིན་པའི་རྣམ་པ་ལ་ཡང་འགྱུར་རོ། །འོན་ཏེ་དེ་དོན་ནི་སྔར་ཡོད་པའི་ཕྱིར་དང་འཛིན་པའི་རྣམ་པ་ནི་གཞན་དུ་འགྱུར་བ་ཡིན་པའི་ཕྱིར་དེ་ལྟ་བུ་མ་ཡིན་ནོ་ཞེ་ན། སྔར་ཡོད་པ་ནི་འཛིན་པར་མི་འགྱུར་རོ་ཞེས་བཤད་ ཟིན་ཏོ། །རྟོགས་པ་ཡིན་ན་ཐམས་ཅད་རྟོགས་པར་ཐལ་ལོ་ཞེས་བཤད་ཟིན་ཏོ། །འོ་ན་ཇི་ལྟར་དོན་དུ་རྟོག་ཅེ་ན། གཞན་གྱི་ལྟ་བ་ལ་ལྟོས་སོ་ཞེས་བཤད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་བཤད་པ། དེས་བྱས་ཤེས་པ་དེ་མེད་ཀྱང་། །དོན་དུ་སྣང་བ་ཉིད་ཀྱི་ཕྱིར། །དེ་གསལ་བ་ཞེས་བརྗོད་པ་ཡིན་ནོ། ། དོན་མེད་ཀྱང་དེའི་རྣམ་པར་སྣང་བའི་ཕྱིར་ན་སྣང་ངོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་རོ། །རང་ངམ་གཞན་གྱིས་མཐོང་བ་ནི་རྗེས་སུ་དཔག་པ་ལས་རྟོགས་པའི་ཕྱིར་དོན་ཡོད་དོ་ཞེས་རྣམ་པར་གནས་ན། དེ་ལས་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བས་ན་གཟུང་བ་ཞེས་རིགས་ཀྱི། དེ་མེད་པར་སྐྱེ་བའི་ཤེས་པ་ ནི་འཁྲུལ་པ་ཉིད་དོ་ཞེས་བྱ་བར་གནས་སོ། །དོན་དམ་པར་ནི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་ནོ། །རྗེས་དཔག་འཇུག་པ་ཐམས་ཅད་ནི། །མངོན་སུམ་སྔོན་དུ་འགྲོ་བ་ཅན། །གལ་ཏེ་མངོན་སུམ་རྗེས་དཔག་ལ། །ལྟོས་ནས་ཕན་ཚུན་རྟེན་པ་ཡིན། །ཇི་སྲིད་རྗེས་སུ་དཔག་པ་ཚད་མ་མ་ཡིན་པ་ དེ་སྲིད་དུ་ཕྱིའི་དོན་ལ་མངོན་སུམ་ཚད་མར་མི་འཇུག་གོ། །མངོན་སུམ་ཚད་མ་མ་ཡིན་པར་ཡང་རྗེས་དཔག་འཇུག་པ་མ་ཡིན་ཏེ། དེ་མངོན་སུམ་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ལོང་བ་བརྒྱུད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དོན་དམ་པར་ནི་རང་རིག་པའི་རང་བཞིན་ཉིད་མྱོང་ བ་ཡིན་གྱི་དོན་ནི་མ་ཡིན་ནོ། །ཁས་བླངས་ནས་དེ་ལྟར་བཤད་པ་ཡིན་ཏེ། ཐམས་ཅད་དེ་ཁོ་ན་ཉིད་རྣམ་པར་གཞག་པ་ནི་མ་ཡིན་ནོ། །དེས་ན་དོན་སྔར་ཡོད་པས་རྣམ་པ་གང་སྐྱེད་པར་བྱེད་པ་དེ་གཟུང་བ་ཡིན་ནོ། །ལྷན་ཅིག་བྱེད་པའི་དོན་གཞན་ནི། །ཕན་འདོགས་མིན་ཕྱིར་རྣམ་མི་བྱེད། །ལྷན་ ཅིག་བྱེད་པའི་དོན་གྱི་བདག་ཉིད་དེ་ནི་ཤེས་པའི་གཟུང་བ་མ་ཡིན་ཏེ། རང་གི་རྒྱུ་ལས་དེ་ལྟར་སྐྱེས་པ་དེས་ཕན་འདོགས་པ་མེད་པའི་ཕྱིར་ན། དེའི་རྣམ་པ་ཅན་གྱི་ཤེས་པ་མི་བསྐྱེད་པའི་ཕྱིར་རོ། །དེས་ན། ཤེས་ལ་རང་གི་ངོ་བོ་ཡིས། །རྣམ་འབྱེད་མི་གསལ་ཇི་ལྟར་འགྱུར། །དོན་གྱི་བདག་ཉིད་ ལྐོག་ཏུ་གྱུར་པ་ནི། དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་གནས་པ་དང་རང་གི་ངོ་བོས་རིག་པ་མ་ཡིན་པ་ཡིན་པའི་ཕྱིར་དེའི་རྣམ་པ་ཅན་གྱི་ཤེས་པ་རིག་པ་ཉིད་ཀྱིས་རིག་པ་ཡིན་ཏེ། དེས་ན་གསལ་བ་ཉིད་ཡིན་ནོ། །རང་གི་རྒྱུའི་ནུས་པ་ལས་གསལ་བ་ཉིད་ཡིན་ན་ནི། དེ་ལ་དུས་མཚུངས་ པར་བྱུང་བ་གཞན་གྱིས་ཅི་ཡང་བྱས་པ་མེད་པའི་ཕྱིར་ཏེ་དེ་ལྟར་རིག་ན་དེའི་དབང་ཙམ་གྱིས་འགྱུར་བ་ཡིན་ནོ། །ཤེས་པ་ལ་སོགས་པའི་དུས་སུ་མེད་པ་རྣམ་པ་རང་གི་ངོ་བོས་རིག་པ་མ་ཡིན་པ་དང་། དེས་ན་ཞུགས་ཀྱི་དེ་ལ་ཤེས་པ་དེའི་རྣམ་པ་ཅན་དུ་ཡང་རྟོགས་པར་འགྱུར་མོད་རྡོ་རྗེ་དང་རྡོ་ ལ་སོགས་པ་བརྟེན་པའི་དོན་གང་ཡིན་པ་དེ་ཁོ་ན་རང་གི་ངོ་བོས་ཇི་ལྟར་འཐད་ཅེ་ན། དེ་ཡང་གྱི་ན་སྟེ། འདི་ལྟར། བརྟན་གང་རྡོ་རྗེ་རྡོ་སོགས་ཀྱི། །དོན་ཡང་གཞན་ལ་ལྟོས་མེད་ཕྱིར། །འགྲོ་བ་ཀུན་གྱི་ཤེས་པ་ནི། །གཅིག་པར་རང་ཉིད་སྐྱེ་བར་འགྱུར། །དུས་ཀྱི་ཆའི་ཁྱོན་ཁྱབ་པ་ནི་རྟག་ པ་དང་བརྟན་པ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་དེའི་རང་བཞིན་དེ་ཉིད་ཡིན་ན་ནི་དེའི་ཚེ་དེའི་རྣམ་པ་མཐའ་དག་རང་གིས་བདག་གིར་བྱེད་པའི་མྱོང་བས་དེ་མཐར་ཐུག་པ་དང་བཅས་པ་འཛིན་པའི་ཕྱིར་ན། ཤེས་པ་གཅིག་དུས་ཉིད་དུ་ཡོངས་སུ་རྫོགས་པའི་ཕྱིར་རྟག་པ་ཉིད་དུ་མི་འགྱུར་རོ། ། དེ་ཉིད་ཀྱི་ཚེ་ཡོངས་སུ་རྫོགས་པ་ནི་རྟག་པ་ཞེས་བྱ་བར་འགྱུར་བ་མ་ཡིན་ནོ། །དུས་ཀྱི་ཆ་མཐའ་དག་མཐོང་བ་ནི་དུས་རིང་བར་མི་འགྱུར་ལ། དཔྱིད་ལ་སོགས་པའི་དུས་གཅིག་པ་ཉིད་དུ་ཡང་འགྱུར་རོ། །ཤེས་པ་གཅིག་ཉིད་ལ་ཡང་ཉེས་པ་འདི་ཡོད་དོ། །རིམ་གྱིས་འབྱུང་བའི་དུས་ཀྱི་ཆ་ རྣམས་ཅིག་ཅར་ཇི་ལྟར་འཛིན་ཞེ་ན། མི་འཛིན་ན་འོ་ན་འདི་དུས་ཁྱབ་པ་མ་ཡིན་པའི་ཕྱིར་ན་ཇི་ལྟར་རྟགས་ཉིད་ཡིན། དེའི་ཕྱིར་གལ་ཏེ་འདི་གཅིག་ཡིན་ན། དེ་ལྟ་བུ་ཉིད་དུ་གཅིག་པར་འཛིན་པར་འགྱུར་རོ། །འོན་ཏེ་རྒྱུ་གཞན་ལ་ལྟོས་ནས་རིག་པ་གཞན་དང་གཞན་སྐྱེ་བས་ན་རིམ་གྱིས་ འགྱུར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། ལྟོས་པ་མེད་པའི་ཕྱིར་རོ། །རང་གི་རྒྱུ་ལས་སྐྱེས་པའི་རང་བཞིན་གཅིག་པོ་ནི་དེའི་ངོ་བོར་འགྱུར་བ་གཞན་ལ་ལྟོས་པ་ཡིན་ནོ། །འོན་ཏེ་ཕྱིས་ཉིད་ཡུལ་དུ་འགྱུར་བ་གང་ཡིན་པ་གཞན་གྱིས་མཐོང་བར་འགྱུར་བ་ཉིད་ནི་ཕྱིས་འབྱུང་བ་ཡིན་ནོ་ཞེ་ན། འོན་ཏེ་དེའི་ཚེ་མི་རྟག་པ་ཉིད་དོ་ཞེས་བཤད་པ་ནི། ལྷན་ཅིག་བྱེད་པས་ཕན་འདོགས་ཕྱིར། །འདི་ཡི་དེ་དག་རིམ་འབྱུང་ན། །སྐད་ཅིག་སོ་སོར་གཞན་ཡིན་བརྗོད། །འདིར་ཡང་སྐྱོན་ཏེ་སྔར་བཞིན་ནོ། །གལ་ཏེ་མིག་ལ་སོགས་པའི་ལྷན་ཅིག་བྱེད་པའི་རིམ་ གྱིས་རྣམ་པར་ཤེས་པ་དེ་དག་རིམ་གྱིས་འབྱུང་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཤེས་པ་རྣམས་རིམ་གྱིས་འབྱུང་ན། དེས་བལྟ་བར་བྱ་བ་ཉིད་ཀྱང་རིམ་གྱིས་འབྱུང་སྟེ། ཤེས་པ་མེད་པར་ནི་དངོས་པོ་བལྟ་བར་བྱ་བ་ཉིད་མ་ཡིན་ནོ། །བལྟ་བར་བྱ་བ་ཉིད་ཤེས་པ་དང་དུས་མཉམ་པ་ཉིད་ཡིན་ན་ ཡང་སྔ་མ་དང་ཕྱི་མའི་རང་བཞིན་མ་ཡིན་ཏེ། ཤེས་པ་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །དེས་ན་ཤེས་པ་བཞིན་དུ་སྐད་ཅིག་སོ་སོ་ཐ་དད་པས་ན་རང་གི་རྒྱུན་སྔ་མ་ལས་འབྱུང་བའི་རྒྱུ་ལ་རག་ལས་པའམ་གཞན་དུ་འགྱུར་བ་ཡིན་ནོ། །དེས་ན་འདིར་ཡང་སྐྱོན་སྔ་མ་བཞིན་དུ་འགྱུར་རོ། །འོན་ཏེ་ མིག་ལ་སོགས་པའི་རྒྱུས་ཉེ་བར་བསྒྲུབ་པ་རྣམ་པར་མ་ཆད་པ་གཅིག་ཉིད་ཡིན་ནོ། །དེས་ན་དེ་རྣམ་པར་མ་ཆད་པས་མ་ཆད་པར་འགྱུར་བའི་གཟུང་བ་ཉིད་གཅིག་ཉིད་དེ། དེའི་ཕྱིར་ན་རྡོ་རྗེ་དང་རྡོ་བ་ལ་སོགས་པ་ནི་རྟག་པ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། རྣམ་ཆད་མེད་པར་རྡོ་རྗེ་དང་རྡོ་ལ་སོགས་པ་ལ་ ཡང་ཚད་སྐྱེ་མིན། རྣམ་པ་ཀུན་དུ་མ་ཡིན་ཞེ་ན། རྣམ་ཆད་མེད་འདི་གང་གིས་རྟོགས། །གང་གི་ཚེ་རྣམ་པར་ཆད་པ་མེད་པ་དེའི་ཚེ་ཡང་མཐར་ཐུག་པའི་མཚམས་ཚུན་ཆད་རྟོགས་པར་ཐལ་ལོ་ཞེས་བཤད་ཟིན་ཏོ། །དེས་ན་རྡོ་རྗེ་དང་རྡོ་བ་ལ་སོགས་པ་ལ་ཡང་མཚུངས་པ་ཉིད་དོ། །དེའི་ཕྱིར་ ཡོད་པ་མ་ཡིན་པའི་སྒྲ་ལ་སོགས་པ་རྣམས་རྟོགས་པ་དང་འབྲེལ་པའི་ཕྱིར་ན། རྣམ་པར་ཤེས་པ་ཡུལ་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །སློབ་དཔོན་གྱིས་ཀྱང་། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །དེ་ནི་ཤེས་པ་མེད་པ་མིན། །ཞེས་བསྒྲུབས་པ་ཡིན་ནོ། །དེ་བཤད་པ་ནི་དྲན་པ་ ལས་ཀྱང་ཚུལ་གཉིས་གྲུབ། ཅི་སྟེ་རིག་པར་བྱ་བ་དང་རིག་པར་བྱེད་པའི་རང་བཞིན་གྱིས་ཚུལ་གཉིས་ཡིན་གྱི། ཡུལ་གྱི་རྣམ་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་གཞུང་གི་དོན་ཡིན་ནོ་སྙམ་ན་དེ་ནི་མི་རིགས་ཏེ། ཡུལ་ཤེས་དེ་དེ་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་བྱ་བའི་ སྐབས་ཡིན་ན། དེ་ཡང་ཡུལ་གྱི་རྣམ་པ་བསྒྲུབ་པའི་སྐབས་ཡིན་ནོ། །རྣམ་པར་ཤེས་པ་ཚུལ་གཉིས་པ་ཞེས་ཇི་ལྟར་ཤེས་ཤེ་ན་སྐབས་ལགས་སོ། །དེ་ཡང་རྣམ་པར་ཤེས་པ་གཉིས་སུ་སྣང་བ་ཡིན་ཏེ། རང་སྣང་བ་དང་ཡུལ་སྣང་བའོ། །དེ་ལ་ཡུལ་སྣང་བ་ཉིད་ལ་འདོད་པ་ཆེན་པོ་ཡོད་པ་ཡིན་ཏེ་ གང་གི་ཕྱིར། དེ་བདག་ཉིད་ཀྱིས་མྱོང་བ་ལ། །རྩོད་པ་འགའ་ཡང་ཡོད་མ་ཡིན། །དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ལ་ཡང་དག་དྲན་པ་གྲུབ། །མྱོང་བ་ལ་ཡང་རྩོད་པ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། མིང་ཙམ་ལ་བསམས་ནས་འདི་སྐད་བཤད་པ་ཡིན་ནོ། །རང་རིག་པ་ནི་བསྒྲུབ་ པར་བྱ་བ་འདི་རིགས་པ་ཡིན་ནོ། །དེ་ལྟར་ཡང་རང་གིས་མྱོང་བར་བྱ་བ་ཉིད་དམ་ཞེས་ཕྱིས་བསྒྲུབས་པར་འགྱུར་རོ། །དེས་ན་རང་རིག་པ་མ་གཏོགས་པའི་མྱོང་བ་ཙམ་ཉིད་ལ་རྩོད་པ་མེད་དོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་དོན་གྱི་རྣམ་པ་ལ་ནི་རྩོད་པ་ཡོད་པ་ཡིན་ཏེ། དེ་ནི་མ་གྲུབ་པའི་ཕྱིར་རོ། ། དེའི་རྣམ་པ་དེ་ཡང་ཡང་དག་པར་དྲན་ཞེས་བྱ་བ་རྣམ་པར་ཕྱེ་ནས་དྲན་པ་ལས་གྲུབ་པ་ཡིན་ནོ། །རྣམ་པ་མེད་པ་ལ་ཡང་རྣམ་པར་ཕྱེ་ནས་དྲན་པ་འཐད་པ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ན་མ་ངེས་པ་ལས་དོན་གྲུབ་ཅེ་ན། དེ་ནི་མེད་དེ། འདི་ལྟར། འདི་ནི་ཕན་ཚུན་ཁྱད་པར་དུ། །དྲན་པ་བརྗོད་པར་འདོད་ པ་ཡིན། །གསལ་བ་ཐ་དད་མེད་པ་འདི། །མེད་པར་གཏན་ཚིགས་ཉིད་དུ་བརྗོད། །འདི་ལྟར། རང་སྤྱོད་ཡུལ་གྱིས་ཕྱེ་མེད་ཅིང་། །ཐ་དད་པར་མྱོང་མེད་དེ་ལ། །འདི་ནི་འདི་ལྟ་འདི་ལྟར་ནི། །མིན་ཞེས་ཐ་དད་འདི་མེད་འགྱུར། །ཉམས་སུ་མྱོང་བ་ཙམ་གྱིས་ནི། །ཐ་དད་འགའ་ཞིག་རྣམ་འབྱེད་ མིན། །ཐ་དད་གསལ་བ་མེད་པ་ལ། །རྣམ་འབྱེད་བློ་མེད་འཚེ་སྩོགས་བཞིན། །གལ་ཏེ་མྱོང་བ་དེ་སྔོན་པོ་ལ་སོགས་པའི་རྣམ་པ་སོ་སོར་ངེས་པ་ཡོངས་སུ་གསལ་བ་ལས་ཉེས་པར་བསྒྱུར་བའི་དབང་གིས་རྣམ་པར་ཕྱེ་བ་མི་སྐྱེ་ན། དེའི་ཚེ་རྣམ་པར་ཕྱེ་ནས་དྲན་པར་མི་འགྱུར་རོ། །འོན་ཏེ་ཚོགས་ པའི་ཁྱད་པར་ལས་གདོན་མི་ཟ་བར་འགའ་ཞིག་ཏུ་འགྱུར་བ་ཡིན་པས་ན་དེ་ཉིད་ལས་ཐ་དད་པར་དྲན་པ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། གང་གི་ཕྱིར། ཉམས་སུ་མྱོང་བ་ཙམ་ལས་ནི། །ཚོགས་པའི་ཁྱད་པར་ལས་བྱུང་བར། །རྗེས་སུ་དཔག་པར་བྱའི་བདག་ཉིད་དྲན་པའི་རྒྱུ་མཚན་དུ་འགྱུར་བ་མ་ཡིན་ ཏེ། ཐ་དད་པ་གསལ་བ་མེད་པའི་ཕྱིར་རོ། །མི་གསལ་བའི་ཐ་དད་པ་ཉིད་ལས་ཀྱང་མཆེ་བ་ལ་སོགས་པ་དག་ལ་རྣམ་པར་འབྱེད་པ་དང་ལྡན་པའི་དྲན་པ་འགྱུར་བ་མ་ཡིན་ནོ། །འོན་ཏེ་དེ་ལ་འཁྲུལ་པ་མེད་པའི་ཕྱིར་ཡུལ་ལ་ཡང་ཉམས་སུ་མྱོང་ངོ་ཞེས་དེ་དྲན་པ་ཡིན་ ནོ། །དེས་ན་རང་ཉིད་ཐ་དད་པ་མེད་ཀྱང་དེ་ཐ་དད་ཉིད་ལས་ཐ་དད་པར་དྲན་པའི་ཡུལ་དུ་འགྱུར་རོ། །མཚེ་མ་དག་ལ་ཡང་གང་གི་ཚེ་མི་འདྲ་བའི་དབྱིག་པ་ལ་སོགས་པ་དག་དང་ལེན་པ་དེའི་ཚེ་ཁྱད་པར་དུ་ཉེ་བར་མཚོན་པར་འགྱུར་བ་ཉིད་དོ། །དཔེར་ན་ཡུལ་གྱི་དབང་གིས་མྱོང་བ་རྟག་པ་དེ་ བཞིན་དུ་དྲན་པར་འགྱུར་བ་ལས་ཀྱང་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་དྲན་ནོ་ཞེས་ཐ་སྙད་དུ་བྱེད་དོ་ཞེ་ན། དེ་ནི་མི་ལེགས་ཏེ། ཡུལ་གྱི་རྣམ་པ་ཉིད་མེད་པར་ཇི་ལྟར་ཡུལ་ནི་དྲན་པར་འགྱུར། རྣམ་པ་དེ་ནི་འདས་པ་ཡི། །དོན་གྱིས་མིན་པར་རྟོགས་མ་ཡིན། །དེ་ནི་ད་ལྟ་བ་ཡིན་ན་དེའི་ དྲན་པར་ཇི་ལྟར་བརྗོད། གལ་ཏེ་རྣམ་པ་དེ་དྲན་པ་ཡིན་ནོ་ཞེ་ན། ཉམས་སུ་མྱོང་བ་ཡང་ཅི་སྟེ་མ་ཡིན། རྣམ་པ་དང་བཅས་པའི་མྱོང་བ་ལས་དེའི་རྣམ་པ་ཅན་གྱི་དྲན་པ་སྐྱེད་པ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །འདི་ལྟར། གལ་ཏེ་དོན་ལས་དྲན་འབྱུང་ན། །ཁྱད་པར་མེད་ཕྱིར་ཀུན་ལ་འང་ འགྱུར། །དངོས་རྣམས་རྒྱང་རིང་སྩོགས་ཉིད་ནའང་། །དྲན་པར་སྐྱེ་བ་མཐོང་བ་ཡིན། །འོན་ཏེ་མྱོང་ལས་བརྟེན་ནས་ནི། །ངེད་ཀྱི་དེ་ཉིད་རྒྱུ་འགྱུར་མོད། །དོན་མེད་པར་ཡང་ཉམས་མྱོངས་ལས། །དྲན་པ་སྐྱེ་བས་སྲིད་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པ་རྣམ་པ་དང་བཅས་པར་མ་ཡིན་ན་ཅི་ ལྟར་དེའི་རྣམ་པ་ཅན་དུ་དྲན། འདི་ལྟར་རྣམ་པར་ཤེས་པ་ལ་དྲན་པའི་རྟོགས་པས་དམིགས་པ་རྣམ་པ་ལས་མ་གཏོགས་པར་ནི་ཤིན་ཏུ་མངོན་པར་བརྩོན་པས་ཀྱང་དམིགས་པ་མ་ཡིན་ནོ། །གང་ཞིག་མོས་པས་ཇི་ལྟར་ཡུལ་དུ་བྱས་པ་དེ་ནི་དེ་ལྟ་བུ་ཉིད་དུ་ཞེས་ཤེས་པར་བྱ་བ་ཡིན་ནོ། ། དེའི་ཕྱིར་དྲན་པ་ལས་གཉི་གའི་རང་བཞིན་དུ་གྲུབ་པ་དང་། རང་རིག་པ་ཡང་རིགས་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱིས་རང་རིག་པར་བྱ་བ་ཉིད་ཀྱང་ཞེས་སོ། །ཡང་བཤད་པ། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །རང་གི་ངོ་བོར་གྱུར་སྣང་བ། །དེ་ཚེ་ མྱོང་བར་རྟོགས་ཕྱིར་རོ། །གལ་ཏེ་ཚུལ་གཉིས་སྒྲུབ་པར་བྱེད་པས་རང་རིག་པ་རབ་ཏུ་གྲུབ་པ་མ་ཡིན་ནམ། ཕལ་ཆེར་ཇི་ལྟར་བརྗོད་ཅེ་ན། །དེ་ནི་མ་ཡིན་ཏེ། ཚུལ་གཉིས་སྒྲུབ་པར་བྱེད་པས་གཙོར་ནི་ཚུལ་གཉིས་ཉིད་གྲུབ་པ་ཡིན་ལ། ཞར་ལ་རང་རིག་པ་ཡང་ཡིན་ནོ། །གང་གི་ཕྱིར་རང་ གི་ངོ་བོར་གྱུར་པའི་སྣང་བ་དེའི་ཚེ་རྟོགས་པ་ཡིན་ནོ། །རང་རིག་པ་ལས་གཞན་གྱིས་ནི་རྟོགས་པ་མ་ཡིན་ནོ། །གལ་ཏེ་རང་རིག་པ་ཞེས་བྱ་བ་བདག་ཉིད་འཛིན་པར་བྱེད་པ་མ་ཡིན་ནམ། དེས་ན་དེ་ཉིད་གཟུང་བ་དང་འཛིན་པ་ཡང་ཡིན་ནོ། །གང་གིས་དེ་ལས་གྲུབ་པར་འགྱུར་བ་དེ་ལྟར་ བདག་ཉིད་ལས་འགྱུར་བ་ནི་དཔེ་འགའ་ཡང་ཡོད་པ་མ་ཡིན་ནོ། །མར་མེ་ལ་སོགས་པ་བཞིན་དུ་གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མར་མེ་ལ་སོགས་པ་ནི་གསལ་བར་བྱེད་པ་ཉིད་ཡོད་པ་མ་ཡིན་ཏེ། གསལ་བར་བྱེད་པ་གཞན་ལ་ལྟོས་པ་ མེད་པའི་ཕྱིར་རོ། །ཇི་ལྟར་གསལ་བར་བྱ་བ་དང་གསལ་བར་བྱེད་པ་ཉིད་ཀྱི་སྒོ་ནས་དཔེར་འགྱུར། གང་ཚེ་དེ་དག་གཟུང་ཡིན་པ། །དེ་ཚེ་དབང་པོ་འཛིན་བྱེད་འགྱུར། །བློ་དབང་གཉིས་ནི་རང་བདག་ཉིད། །རིག་པར་ངེས་པ་མ་ཡིན་ཏེ། །དེའི་ཕྱིར་རང་རིག་པ་ཞེས་བྱ་བ་མེད་པ་ཉིད་དོ། །གལ་ ཏེ་བདག་འཛིན་པར་བྱེད་པའི་རང་བཞིན་དང་གཟུང་བར་བྱ་བ་ཉིད་དུ་ཡང་ཁྱེད་ཀྱིས་འདོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་ལྟར། དེར་ཡང་ཆོས་ཀྱི་དབྱེ་བ་ལས། །གཟུང་དང་འཛིན་པའི་ཚུལ་ཉིད་དོ། །རྫས་ཀྱི་ཚུལ་གྱིས་གཟུང་བ་སྟེ། །དེ་ལས་གཞན་པར་འཛིན་པ་མེད། །རྫས་གཞན་ ཐུན་མོང་མ་ཡིན་པ་བདག་ཉིད་ཚུལ་ལས་ནི་འཛིན་པར་བྱེད་པ་ཡིན་ལ། ཐུན་མོང་བ་རྫས་ཉིད་ཀྱིས་གཟུང་བའི་ཕྱིར་རིགས་པ་ཡིན་ནོ། །ཁྱེད་ལ་ནི་འདི་ཐམས་ཅད་ཅི་ཡང་མི་རུང་ངོ་། །གཞན་ལ་ཁོ་རབ་ཏུ་གྲགས་པ་ཙམ་གྱིས་ནི་དཔེ་མ་ཡིན་ཏེ། རང་གིས་རྟོགས་པའི་ཐབས་མ་ཡིན་པའི་ཕྱིར་རོ་ ཞེ་ན། དེ་ནི་འདི་ལྟར་མ་ཡིན་ཏེ། གཟུང་དང་འཛིན་པའི་དངོས་པོ་ནི། །དོན་དམ་དུ་ན་ཡོད་མ་ཡིན། །གཞན་གྱིས་རྟོགས་མིན་རང་བཞིན་ནི། །དེ་ལྟ་དེ་མིན་ལས་ལྡོག་ཕྱིར། །གང་ལ་གསལ་བར་བྱེད་པ་གཞན་རྟོགས་པ་མེད་པ་དེ་ཉིད་ལ་བདག་ཉིད་གསལ་བྱེད་དོ་ཞེས་བརྗོད་པ་ཡིན་ནོ། །གཞན་གྱིས་ གསལ་བ་ལས་ལྡོག་པའི་ཕྱིར་རོ། །འདི་ལྟར་གཟུགས་ལ་སོགས་པ་སྣང་བ་ལ་གསལ་བར་བྱེད་པ་གཞན་མེད་པ་དེ་ལྟར་ཡང་བསྟན་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་སྒྲོན་མ་དཔེ་ཉིད་དོ། །མིག་གི་བྱེད་པ་ཉིད་ཀྱང་མུན་ཁུང་དུ་དོན་མི་རྟོགས་ལ་སྒྲོན་མ་ཉེ་བ་ལས་དེ་རྟོགས་པའི་ཕྱིར་ རོ། །གསལ་བར་བྱ་བ་ཡིན་ནོ། །མར་མེ་ལ་སོགས་པ་དེ་ལྟ་མ་ཡིན་ནོ། །དེ་ལ་དབང་པོ་འཛིན་པར་བྱེད་པ་ཡང་མ་ཡིན་ཏེ། རང་གི་ངོ་བོས་གསལ་བའི་ཕྱིར་རོ། །བདེ་བ་ལ་སོགས་པ་དེ་དག་ལ་ཡང་རིག་པར་བྱེད་པ་གཞན་སྐྱེ་བ་མ་ཡིན་ནོ། །བདག་གི་བདེ་བ་ལ་སོགས་པ་གཟུང་བ་ ཡིན་ན་ནི། ཕྱི་རོལ་ཡིན་པར་འགྱུར་རོ། །འཕྲོད་པ་འདུ་བས་བསྡུས་པ་ལས་ཡིན་ན་ནི། དེ་ཉིད་རང་རིག་པར་འགྱུར་རོ། །འཕྲོད་པ་འདུ་བ་ལ་ཚད་མ་མེད་དོ། །འདི་ཡང་བསྟན་ཟིན་ཏོ། །གལ་ཏེ་གཟུང་བར་བྱ་བར་མངོན་པར་འདོད་པའི་གཟུགས་ལ་སོགས་པ་རྣམས་རང་རིག་པར་ཁས་ལེན་ ན། གཟུགས་ལ་སོགས་པའོ་སྙམ་དུ་རྟོགས་པར་འགྱུར་ཏེ། བདག་བཞིན་ནོ། །དེ་བཞིན་དུ་བདེ་བ་དག་ཅེས་བྱ་བར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར། ད་ནི་དཀར་ཤམ་སྔོ་བསངས་ཞེས། །དེ་ལྟར་རྟོགས་མངོན་མེད་དམ་ཅི། །དེ་ལྟ་ན་ཡང་ལུས་ལྡན་པའི། །གཟུགས་སྩོགས་གཟུང་བ་ ཡིན་པ་ཉིད། །ལུས་ལ་དུ་བའི་གཟུགས་ལ་སོགས་པ་དག་ནི་ངའོ་སྙམ་པའི་རྟོགས་པས་འཛིན་པ་ཉིད་དོ། །དེ་ལ་ཁྱེད་ཀྱི་འདོད་པས་རང་རིག་པ་ཡང་མ་ཡིན་ནོ། །གལ་ཏེ་ང་གཟུགས་སོ་སྙམ་པ་མ་མཐོང་བ་དེས་ན་གཟུང་བར་བྱ་བ་ཉིད་ཡིན་གྱི། རང་རིག་པར་བྱ་བ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་ མ་ཡིན་ཏེ། དེ་ཡོད་ན་ཡང་མ་མཐོང་བ། །དེ་ཡི་རང་བཞིན་རྒྱུ་མཚན་མིན། །སྔོ་བསངས་ལ་སོགས་གཟུགས་ཉིད་ལས། །མ་རྟོགས་པ་ནི་གནས་པ་མེད། །གལ་ཏེ་གཟུང་བ་ལ་ངའོ་སྙམ་པའི་རྟོགས་པ་འདིར་མི་འགྱུར་ན། གཟུགས་དཀར་ཤམ་ལ་སོགས་པ་ལ་མི་འགྱུར་རོ། །གཟུགས་ ལ་ནི་ངའོ་སྙམ་དུ་མི་འགྱུར་རོ། །དེས་ན་ངའོ་སྙམ་པའི་རྟོགས་པ་ནི་གཟུང་བ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ལ། གཟུང་བ་ཉིད་དང་འགལ་བ་ཡང་མ་ཡིན་ནོ། །འོན་ཏེ་བདག་འབྲེལ་པའི་བདག་ཉེ་བར་བཏགས་ནས་བདག་དཀར་ཤམ་མོ་ཞེས་རྟོགས་པ་ཡིན་ཏེ་ངའི་གཟུགས་ཞེས་ཐ་དད་པར་མཐོང་བའི་ ཕྱིར་རོ་ཞེ་ན། འོ་ན་ཐ་དད་པ་མེད་པའི་ཕྱིར་ན་ངའི་དཀར་ཤམ་ཞེས་བྱ་བར་མི་འགྱུར་ལ། ངའི་གཟུགས་སོ་ཞེས་བྱ་བར་འགྱུར་བ་འདི་ལ་རྒྱུ་མཚན་ཅི་ཞིག་ཡོད། དེས་ན་རྟོགས་པ་འདི་ནི་རྒྱུ་མཚན་མེད་པ་ཉིད་དོ། །དེའི་ཕྱིར་ངའོ་སྙམ་པའི་རྟོགས་པ་ཡིན་ཏེ་ངའི་གཟུགས་ལ་སོགས་རང་རིག་པ་ མ་ཡིན་པར་མི་འགྲུབ་པོ། །ང་དཀར་ཤམ་མོ་སྙམ་པ་ནི་ཉེ་བར་བཏགས་པ་ལས་འཇུག་པ་མ་ཡིན་ཏེ། དངོས་གཞན་མེད་པའི་ཕྱིར་རོ། །ངའི་བདེ་བ་ཞེས་བྱ་བ་ལ་ངའོ་སྙམ་དུ་རྟོགས་པའི་ཡུལ་གྱི་དམིགས་པ་ཐ་དད་པའི་རང་བཞིན་ནི་འགའ་ཡང་དམིགས་པའི་སྤྱོད་ཡུལ་དུ་འགྱུར་བ་ མེད་དོ། །དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། །འདི་ལྟར། མཆི་གུའི་སྒྲ་ཡི་བརྗོད་བྱ་ནི། །རྡོ་བ་ཉིད་ནི་ཡིན་པར་མཐོང་། །ལུས་ཀྱི་སྒྲ་ཡི་བརྗོད་བྱ་ཡང་། །དེ་ཉིད་ཁོ་ན་རྟོགས་པ་ཡིན། །དེ་བཞིན་ང་ཡི་ཞེས་བྱའི་སྒྲའི། །བརྗོད་པར་བྱ་བ་ལུས་སུ་རྟོགས། །གཟུགས་ལ་སོགས་ པའི་སྒྲ་ལ་ཡང་། །གཞན་ཡང་རྟོགས་པ་ཡོད་མ་ཡིན། །ཏེ་པོར་བཏགས་ཀྱང་ངའོ་སྙམ་པའི་དམིགས་པ་ནི་ལུས་ལ་བརྟེན་པའི་གཟུགས་ལ་སོགས་པ་ལས་གཞན་ཉེ་བར་མཚོན་པ་ནི་མེད་དོ། །དེས་ན་ངའི་བདེ་བའོ་སྙམ་པའི་ལུས་དང་འབྲེལ་པ་ཉིད་དམ། ཐོག་མ་མེད་པའི་བག་ཆགས་ ཀྱི་ཀུན་དུ་རྟོགས་པའི་ཁྱད་པར་ལས་རྟོགས་པ་ཡིན་ནོ། །འོ་ན་ཇི་ལྟར་རང་རིག་པ་ཡིན་པའི་ཕྱིར་ལུས་ཀྱི་གཟུགས་ལ་སོགས་པ་ལ་ངའོ་སྙམ་པའི་རྟོགས་པར་འགྱུར་བ་དེ་བཞིན་དུ་རྩིག་པ་ལ་སོགས་པ་ཡང་རྩིག་པའོ་སྙམ་པར་འགྱུར་རོ། །ཇི་ལྟར་ལུས་ལ་ལྟོས་ནས་རྩིག་པ་མདུན་ན་འདུག་ པ་དེ་བཞིན་དུ་ལུས་ཀྱང་རྩིག་པ་ལ་ལྟོས་ནས་ཡིན་པར་འགྱུར་ན། འགྱུར་བ་ཡང་མ་ཡིན་ཏེ། དེས་ན་རྩིག་པ་ལ་སོགས་པའི་རང་རིག་པ་ཉིད་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། ཇི་ལྟར་རང་རིག་མིན་ཉིད་ཀྱང་། །རྩིག་སོགས་ངར་འཛིན་བྱེད་མིན་པ། །དེ་བཞིན་རང་རིག་ཉིད་ཡིན་ཡང་། ། རྩིག་སོགས་ངར་འཛིན་བྱེད་མིན་པ། །ཇི་ལྟར་བག་ཆགས་དང་འབྲེལ་ལས། །རྩིག་པ་ལ་སོགས་ལུས་མིན་པ། །དེ་བཞིན་བྱེད་ངེས་དེ་ཉིད་ལས། །ངར་འཛིན་པ་དང་བྲལ་བ་ཡིན། །དཔེར་ན་རྩིག་པ་དང་ལུས་གཉིས་བག་ཆགས་ངེས་པའི་མཐུ་ཕན་ཚུན་ཐ་དད་པ་དེ་བཞིན་དུ་ངར་ འཛིན་པའི་ཡུལ་དང་ཅིག་ཤོས་ཀྱི་ཡུལ་ཡང་མ་ཡི