Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 179

Văn bản gốc(Tây Tạng)

Trang 8 / 19 (50.000 ký tự/trang)
ི་བློ་རྟོགས་པར་འགྱུར་རོ། །འོན་ཏེ་མཐོང་བར་གྱུར་པ་ཉིད་གང་ཡིན་པ་དེ་རང་གི་བློ་རྟོགས་པ་ཡིན་ཡང་།
སྐྱོན་མེད་དེ་འདི་ལ་ཅུང་ཟད་ཀྱང་ཆད་པ་མེད་དོ་ཞེ་ན། ཆད་པ་མེད་དོ། །དེ་ལྟ་མོད་ཀྱི་དངོས་པོའི་དེ་ཁོ་ན་ཉིད་དུ་མི་འགྱུར་བས་ཆད་པ་ཁོ་ནའོ། །འདི་ལྟར། མཐོང་བར་གྱུར་པ་ཉིད་རྟོགས་ནས། །ང་འམ་འདི་ཞེས་ག་ལས་ཡིན། །དེ་ལ་གཞན་ལྟོས་གང་གིས་ཀྱང་། །བཟློག་པ་ཉིད་ནི་ཡོད་མ་ཡིན། །
རང་རིག་ངོ་བོར་གྱུར་ན་ནི། །དེ་བཟློག་པས་ནི་འགྱུར་མ་ཡིན། །རང་རིག་གཞན་གྱིས་མྱོང་ཞེས་པ། །ཧ་ཅང་བབ་ཆོལ་ཆེས་པ་ཉིད། །རང་རིག་པ་ནི་འདི་ཁོ་ན་སྟེ། གཞན་གྱི་སྤྱོད་ཡུལ་མ་ཡིན་པར་གྱུར་པ་གསལ་བ་ཞེས་བྱ་བ་གང་ཡིན་པའོ། །དེ་ཕྱིར་རང་ཆོས་ལྟོས་མེད་ཅན། །དོན་ཆོས་ཡན་
གར་བ་ལས་ནི། །བློ་ནི་རྗེས་སུ་དཔོག་མ་ཡིན། །བློ་རྟོགས་མངོན་སུམ་གང་ཡིན་པ། །རང་ཆོས་རང་བློ་ལས་གཞན་ཅི། །བློ་ལ་བརྟེན་པ་འགའ་ཞིག་གིས་བློ་རྗེས་སུ་དཔོག་པར་འགྱུར་རོ། །ཡུལ་ལ་སོགས་པའི་ཆོས་ཐུན་མོང་བ་ནི་རྗེས་སུ་དཔག་པར་བྱ་བ་ཐུན་མོང་བ་ཉིད་རྟོགས་པ་ཁོ་ནའོ། །དེས་ན་
བདག་གི་བློ་རྗེས་སུ་དཔོག་པར་བྱེད་པ་ནི་བདག་གི་ཆོས་སུ་གྱུར་དགོས་སོ། །རང་གི་ཆོས་ཀྱང་བློ་ལས་གཞན་ནི་མེད་དོ། །རང་གི་ཆོས་ཉིད་བློ་ཉིད་ཡིན་པར་ཟད་པས་དེ་ལྐོག་ཏུ་གྱུར་ན། རྗེས་སུ་དཔོག་པར་བྱེད་པ་ཇི་ལྟར་འགྱུར། འོན་ཏེ་བདེ་བ་ལ་སོགས་པ་བློ་དང་ཚོགས་པ་མཚུངས་པ་ལས་སྐྱེས་པ་

དེ་དག་ནི་བདག་གི་ཆོས་ཡིན་པས་ན་དེ་དག་ལས་རྗེས་སུ་དཔོག་པར་བྱེད་དོ་ཞེ་ན། འདི་ལ་བཤད་པ། རྒྱུ་མཚུངས་པ་ལས་སྐྱེ་བ་དེ། །བློ་ལས་ཐ་དད་གང་ལས་ཡིན། །གཞན་སྐྱེས་དེ་ཡང་འཁྲུལ་པ་ཅན། །གལ་ཏེ་བདེ་བ་ཡུལ་དང་དབང་པོ་ལ་སོགས་པས་སྐྱེད་པ་ཡིན་ནོ། །ཐམས་ཅད་རིག་
པའི་རང་བཞིན་ཉིད་དོ་ཞེས་བསྟན་ཟིན་ཏོ། །འོན་ཏེ་མཐོང་བར་གྱུར་པའི་ཡུལ་ལ་བདེ་བ་སྐྱེས་པ་དེ་ལས་རང་གི་བློ་རྗེས་སུ་དཔོག་གོ་ཞེ་ན། བདེ་བ་དེ་ཡང་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བ་ག་ལས། གཞན་གྱི་བདེ་བ་ལ་གཞན་གྱིས་རྟོགས་པར་ཇི་ལྟར་ནུས་ཤེ་ན། རང་རིག་པ་མ་ཡིན་ན་རྣམ་པར་
དབྱེ་བ་འདི་ཇི་ལྟར་འགྱུར། འཇིགས་པ་ལ་སོགས་པ་ལས་ཀྱང་སྤུ་ལྡང་བ་ཉེ་བར་སྐྱེ་བ་ཉིད་དོ། །གལ་ཏེ་བདེ་བ་ལ་སོགས་པ་རང་རིག་པ་ཉིད་དུ་རྣམ་པར་གནས་པ་ཡིན་ན་དེའི་ཚེ་གཞན་དང་འབྲེལ་པ་མི་རྟོགས་སོ་ཞེས་བྱ་བར་རིགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་གཞན་དང་འབྲེལ་པ་ཉིད་
གང་གིས་བཟློག །བདག་གིས་སྤུ་ལྡང་བ་དེས་ན་བདག་གི་ཡིན་པར་རྗེས་སུ་དཔོག་གོ་ཞེ་ན། འདི་ཡང་ག་ལས་ཡིན་ཏེ། གཞན་གྱི་ཆུང་མས་བདེ་བ་མི་སྐྱེད་པ་ནི་མ་ཡིན་ནོ། །བདེ་བ་ལ་སོགས་པ་མྱོང་བར་གྱུར་པའི་བདག་ཉིད་སྤུ་ལྡང་བ་ལ་སོགས་པ་སྐྱེད་པར་བྱེད་པས་ན་རང་དང་འབྲེལ་པ་
འམ། དེ་ལྟ་མ་ཡིན་པ་ཞེས་བྱ་བ་འདི་གང་དུ་དགོས། རང་གི་བདེ་བས་སྤུ་ལྡང་བ་ལ་སོགས་པ་སྐྱེད་པར་སྒྲུབ་ན། རང་དང་འབྲེལ་པ་ཉིད་རྟོགས་ལ། །རང་དང་འབྲེལ་པ་ཉིད་རྟོགས་ན་ཡང་དེས་བསྐྱེད་པར་རྟོགས་པས་ཕན་ཚུན་རྟེན་པའི་ཉེས་པ་ཡིན་ནོ། །གཞན་ཡང་བློའི་རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པ་འམ་དེའི་རྗེས་སུ་བྱེད་པ་བློ་རྗེས་སུ་བྱེད་པ་ཡིན་གྲང་ན། དེ་ལ། གཟུགས་སོགས་ཡུལ་ནི་ལྔ་པོ་དང་། །དབང་པོ་དང་ནི་དམིགས་པ་དག །མ་གཏོགས་དེ་ཡི་འབྲས་བུ་གཞན། །ཉེ་བར་མཚོན་པ་མ་ཡིན་ནོ། །དེ་ལ་གཉིས་ནི་དབང་པོ་འདས། །དོན་ལྔ་དག་ལས་
གཟུགས་མཐོང་ལས། །སྐྱེས་པ་གཞན་དུ་སྲིད་བྲལ་བ། །གང་ཡིན་གཅིག་ཀྱང་རྟོགས་པ་མེད། །གཉིས་ནི་དབང་པོ་འདས་ཞེས་བྱ་བ་ནི། །དབང་པོ་དང་དམིགས་པའོ། །གཟུགས་ལ་སོགས་པ་དོན་ལྔ་པོ་དག་ལ་ནི་གཅིག་ཀྱང་གཟུགས་མཐོང་བ་ལས་སྐྱེས་པ་དེ་ལྟ་བུར་གྱུར་པར་རྟོགས་པ་

མེད་དོ། །གཟུགས་ལ་སོགས་པ་ནི་གཟུགས་མཐོང་བ་ལས་སྐྱེས་པ་མ་ཡིན་ཏེ། རྒྱུ་གཞན་ལས་སྐྱེས་པའི་ཕྱིར། གཟུགས་མཐོང་བ་ལས་སྐྱེས་པ་ཉིད་ཡིན་ན་ནི་དེ་དག་ཉིད་དུ་འགྱུར་རོ། །འདི་ལྟར། གཟུགས་མཐོང་དོན་རྣམས་ཐམས་ཅད་ལ། །ཡོད་ཕྱིར་སྲོག་
ཆགས་ཐམས་ཅད་ལ། །ཐ་དད་དེ་བཞིན་དེ་ལས་ནི། །སྐྱེ་བའི་ཕྱིར་ཡང་དེ་བཞིན་ཏེ། །སྐྱེས་པའི་ཕྱིར་ཡང་དོན་ཡང་འགྱུར། །ཇི་ལྟར་གཟུགས་མཐོང་སྲོག་ཆགས་སོ་སོ་ལ་ཐ་དད་པ་དེ་བཞིན་དུ་གཟུགས་ལ་སོགས་པར་ཡང་འགྱུར་རོ། །དེས་ན་གལ་ཏེ། ཐམས་ཅད་ཀྱིས་ནི་དམིགས་
ཉིད་ན། །དེ་ཡི་ཁྱད་པར་ངེས་པ་ན། །དེ་ཤེས་སྲོག་ཆགས་སོ་སོ་ལས། །སྣ་ཚོགས་སུ་ནི་སྣང་བར་ཐལ། །སོ་སོ་རང་ཉིད་དམིགས་ན་ནི། །རང་རིག་ལས་ན་ཤེས་པ་ཉིད། །གལ་ཏེ་གཟུགས་ལ་སོགས་པ་སྲོག་ཆགས་སོ་སོ་ལ། ཐ་དད་པའི་རང་བཞིན་ན། ཐམས་ཅད་ཀྱིས་
དམིགས་པར་འགྱུར་བས་གཅིག་པར་གཟུགས་ལ་སོགས་པ་ཙམ་དམིགས་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་པ་དེས་ན་རེ་ཞིག་ཕྱོགས་འདི་ནི་མ་ཡིན་ནོ། །འོན་ཏེ་རང་གི་མཐོང་བས་བསྐྱེད་པའི་གཟུགས་ལ་སོགས་པ་ཉིད་དུ་དམིགས་སོ་ཞེ་ན། དེ་ལྟ་ཡིན་ན་གཞན་དག་གིས་རིག་པ་མ་ཡིན་
པའི་ཕྱིར་རང་རིག་པ་ཁས་བླངས་པས་ན་དོན་ཉིད་ཉམས་པར་འགྱུར་རོ། །དེ་སྟེ་གཞན་གྱིས་དམིགས་པ་ཡིན་ན་དེ་ལྟ་ན། དེ་སྐྱེས་པ་ཉིད་ཀྱིས་ན་དེ་ལ་ཡང་ཁྱད་པར་གནས་ཡོད་པར་གྱུར་ལ། དེ་ཡང་གཞན་གྱིས་དམིགས་པར་བྱ་བས་ན་ཐུག་པ་མེད་པར་འགྱུར་རོ། །རང་གི་རིག་པ་དག་གཞན་
གྱི་རིག་པས། དེ་ལྟར་ཤེས་མེད་གང་ཡིན་ཏེ། །རྟགས་ཞེས་བྱ་བ་བབ་ཅོལ་ཏེ། །མ་རྟོགས་པ་ཉིད་ནི་རྟགས་མ་ཡིན་ནོ། །དེས་ན་རྟགས་ཀྱི་མཚན་ཉིད་མེད་པའི་ཕྱིར་བློ་ཞེས་རྗེས་སུ་དཔག་པས་རྟོགས་པ་ཡིན་ན་ནི་ཞེས་བྱ་བ་འདི་ནི་མི་རུང་ངོ་། །ཡང་ན་དོན་གཞན་རྟོགས་སུ་ཆུག་པ་དེ་ལྟ་
ན་ཡང་། རྟགས་ཡོད་ན་ཡང་དེ་དང་ནི། །ལྷན་ཅིག་འབྲེལ་པ་མཐོང་མེད་པར། །ཇི་ལྟར་རྟོགས་འགྱུར་རྟགས་དང་ནི། །མ་མཐོང་བ་ཡི་གསལ་བྱེད་མིན། །མེ་ལ་སོགས་པ་མཐོང་བ་ཉིད་རང་ལས་སྐྱེས་པའི་དུ་བ་ལ་སོགས་པ་སྐྱེས་པས་རྗེས་སུ་དཔོག་གི །གཞན་དུ་ནི་མ་ཡིན་ནོ། །སྔར་

མ་མཐོང་བའི་མེ་མ་མཐོང་བའི་དུ་བས་རྗེས་སུ་དཔོག་པར་བྱེད་ན་ནི་མཐོང་བ་ནི་མེད་དོ། །རྟགས་དེ་ཉིད་ལས་སྔར་དེ་ནི། །གྲུབ་པ་ཉིད་དུ་བརྗོད་ན་ནི། །དེ་ལས་ཡང་ནི་དཔེ་གཞན་ནི། །སྒྲུབ་བྱེད་ཡིན་ཕྱིར་ཐུག་མེད་འགྱུར། །རྗེས་སུ་དཔག་པར་ནི་དཔེ་སྤོང་བར་བྱེད་པ་ནི་མ་ཡིན་ནོ། །
དེ་ལྟ་ཡིན་ན་རྗེས་སུ་དཔག་པ་ཉིད་དུ་མི་འགྱུར་ཏེ། མངོན་སུམ་བཞིན་ནོ། །མངོན་སུམ་ལ་ཚད་མ་གཞན་ཡོད་པའི་ཕྱིར་རྗེས་སུ་དཔག་པ་ཉིད་མ་ཡིན་ན་འདི་ལ་ཡང་མཚུངས་སོ། །དེས་ན་དཔེ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་དེ་ཡང་དཔེ་གཞན་ལས་ཡིན་པའི་ཕྱིར་ཐུག་པ་མེད་པས་
ན་རྟོགས་པར་མི་འགྱུར་རོ། །འོན་ཏེ་དོན་གྱིས་གོ་བས་སྒྲུབ་པར་བྱེད་ན། དེ་ལྟར་རྟོགས་པ་ནི་འགའ་ཡང་མེད་དོ། །གལ་ཏེ་རྟོགས་པ་མེད་ན་དོན་ཉིད་མི་འཐད་དོ་ཞེས་རྟོགས་པ་ནི་འགའ་ཡང་མེད་དོ། གལ་ཏེ་རྟོགས་པ་མེད་ན་རྟོགས་པའི་དོན་མེད་དོ་ཞེ་ན། རྟོགས་པ་ཞེས་བྱ་བ་འདི་ཅི་ཞིག །
རྟོགས་པས་ཡུལ་དུ་བྱས་པའོ་ཞེ་ན། རྟོགས་པ་མ་རྟོགས་ན་རྟོགས་པ་ཡུལ་དུ་བྱས་པ་དེ་ཉིད་གསལ་བར་བྱ་བ་ཡིན་ནམ། མདུན་ན་གནས་པ་ཉིད་དོ་ཞེ་ན། མདུན་ན་གནས་པ་ཡང་མ་རྟོགས་པར་ཇི་ལྟར་རྟོགས་པ་སྒྲུབ་པར་བྱེད་པ་ཡིན། རྟོགས་སོ་ཞེ་ན། དེ་ལ་ཡང་མདུན་ན་གནས་པ་ཡོད་
པས་ན་འདི་ལ་ཐུག་པ་མེད་པ་བཤད་ཟིན་ཏོ། །དེས་ན་མདུན་ན་གནས་པ་ཉིད་དམ། དོན་གྱི་རྣམ་པ་གཞན་ཡང་རུང་སྟེ། རྟོགས་པ་མ་གྲུབ་ན་ནི་རྟོགས་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་བློ་ལས་དོན་སྒྲུབ་ཀྱི། དོན་ལས་ཇི་ལྟར་ཡང་དེ་མིན། །དེ་མ་གྲུབ་པར་དོན་རང་ཉིད། །རབ་ཏུ་གྲུབ་པ་མེད་
ཕྱིར་རོ། །བློ་ལས་དོན་གྲུབ་པོ། །བློ་མེད་པར་དོན་གྲུབ་ན་ནི། ཐམས་ཅད་ཐམས་ཅད་མཐོང་བར་འགྱུར་རོ། །གང་གི་ཚེ་རང་ཉིད་བློ་དོན་ལ་བྱེད་པ་འཇུག་པར་མཐོང་བ་དེའི་ཚེ་དོན་རྟོགས་སོ་ཞེས་བྱ་བར་འགྱུར་གྱི། གཞན་དུ་ནི་འགའ་ཡང་རྟོགས་སོ་ཞེས་བྱ་བར་མི་འགྱུར་བའམ། ཐམས་
ཅད་རང་ཉིད་རྟོགས་པར་འགྱུར་རོ། །དེའི་ཕྱིར་དོན་ལས་བློ་གྲུབ་པ་ནི་མ་ཡིན་ཏེ། སྔར་བཤད་པའི་སྐྱོན་དུ་ཐལ་བའི་ཕྱིར་རོ། །མངོན་སུམ་བློ་དང་དེ་ལས་ནི། །བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེལ་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་པ་མཐོང་མེད་

ཕྱིར། །གལ་ཏེ་མངོན་སུམ་གྱི་བདག་ཉིད་ལ་བློ་དང་། དེ་དང་འབྲེལ་པ་ཅན་དག་རྣམ་པ་ཅི་ཞིག་ལྟར་མཐོང་ན་དེའི་ཚེ། དེ་དང་འབྲེལ་པའི་རྟགས་མཐོང་བ་ལས་གཞན་ལ་ཡང་བློ་རྗེས་སུ་དཔོག་པར་འགྱུར་གྱི་གཞན་དུ་ནི་འཐད་པ་མ་ཡིན་ནོ། །གཞན་གྱིས་
མཐོང་བའི་དོན་ཏོ་ཞེས་རྗེས་སུ་དཔོག་གོ་ཞེ་ན། རང་ཉིད་ཀྱིས་མཐོང་བ་ག་ལས་རྟོགས། རྗེས་སུ་དཔོག་པ་ལས་སོ་ཞེ་ན། དེ་ལ་ཡང་གཞན་དགོས་པས་ཐུག་པ་མེད་དོ། །མངོན་སུམ་ཉིད་ཀྱིས་རྟོགས་སོ་ཞེ་ན། མངོན་སུམ་དོན་སྔོན་པོ་ལ་སོགས་པ་རྟོགས་པ་མ་ཡིན་ནམ། ཇི་ལྟར་དཔེ་
ཡིན། རང་དང་འབྲེལ་པ་ཡང་རྟོགས་སོ་ཞེ་ན། འོ་ན་རང་དང་འབྲེལ་པ་ནི་མཐོང་བར་འགྱུར་བ་ཉིད་ཡིན་ནོ། །གལ་ཏེ་དེ་རྟོགས་ན་ནི་བདག་ཉིད་ཀྱང་དེས་རང་རིག་པས་རྟོགས་པར་འགྱུར་རོ། །དེ་གཞན་གྱིས་རྟོགས་ན་ནི་ཐུག་པ་མེད་དོ། །དེ་ལ་ཡང་མཐོང་བར་འགྱུར་བ་ཉིད་དེ། གཞན་
ཁོ་ནར་རྟོགས་པའི་ཡུལ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དེས་ན་དོན་མཐོང་བར་གྱུར་པ་རྟོགས་པ་དང་། མཐོང་བར་གྱུར་པའི་རྟོགས་པ་ཞེས་བྱ་བ་ལ་སོགས་པས་སོ། །གང་གི་ཚེ་རྟོགས་པ་རྟོགས་པ་དེའི་ཚེ་ནི་མཐོང་བར་གྱུར་པ་མ་ཡིན་ཏེ། དེའི་ཚེ་རྟོགས་པ་ཉིད་དམིགས་པར་འགྱུར་རོ། །དེས་
ན་ཡུལ་ཙམ་ཉིད་རྟོགས་ཀྱི་མཐོང་བར་འགྱུར་བ་ཉིད་ཅེས་བྱ་བ་ནི་མ་ཡིན་པས་ན་དོན་གྱིས་གོ་བ་སྐྱེ་བར་མི་འགྱུར་རོ། །གཞན་ཡང་། ཡིད་ཀྱི་བློ་ལ་རྟགས་ཀྱི་དོན་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་གང་གིས་དེར་རྟགས་སུ་འགྱུར་བའི་དོན་མངོན་སུམ་དུ་འགྱུར་བ་ནི་མེད་དོ། །དྲན་པ་ཉིད་ཀྱང་
མངོན་སུམ་མ་ཡིན་ཏེ། དེས་ན་ཡིད་ཀྱི་བློ་ལ་དོན་གྱི་རྟགས། །རབ་ཏུ་གྲུབ་པ་ཡོད་མིན་ཕྱིར། །ཇི་ལྟར་རྗེས་སུ་དཔག་པ་ཞེས་བྱ་བ་ནི་ལྷག་མའོ། །འོན་ཏེ་དེ་ཡང་རང་རིག་པ་ལ་སོགས་པ་དོན་གྱི་སྣང་བ་སྣང་བ་ཡིན་པས་ན། དེ་ལས་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །
དེ་ཚད་མ་མ་ཡིན་པའི་ཕྱིར་དོན་སྣང་བ་ཇི་ལྟར་འགྱུར། སྣང་བ་ནི་མཐོང་བ་ཡིན་ཏེ། བདེན་པའམ་བདེན་པ་མ་ཡིན་ཞེས་བྱ་བར་ཐེ་ཚོམ་ཟ་བ་ཙམ་དུ་ཟད་དོ་ཞེ་ན། བདེན་པ་མ་ཡིན་པ་ཞེས་བྱ་བ་འདི་ཅི་ཞིག །སླུ་བ་གང་ཡིན་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། དེའི་རང་བཞིན་ལ་སླུ་བ་མེད་པའི་ཕྱིར་རོ། །རང་

བཞིན་དེར་ནི་གདོན་མི་ཟ་བར་བདེན་པར་འགྱུར་བ་ཉིད་ཡིན་ནོ། །བདེན་པ་མ་ཡིན་པའི་ཐ་སྙད་བྱེད་པས་བདེན་པ་མ་ཡིན་ནོ་ཞེ་ན། ཐ་སྙད་འདི་ཅི་ཞིག །ཚད་མའོ་ཞེ་ན། ཚད་མས་རྟོགས་པ་ཇི་ལྟར་མི་བདེན། མི་བདེན་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། མི་བདེན་པ་ཉིད་དེའི་རང་
བཞིན་ལས་མ་རྟོགས་པར་རྟོགས་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ཙམ་རྟོགས་ཀྱི་དོན་བྱ་བ་གཞན་ནི་མ་ཡིན་པས་སོ་ཞེས་བྱ་བ་ཡང་འབྲེལ་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་རང་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་གྱིས་རིག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དྲན་པས་མཐོང་བར་འགྱུར་
བ་ཉིད་དུ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་སྔ་མའི་རང་བཞིན་ཉིད་ནི་ཡོད་པ་མ་ཡིན་པའི་ཕྱིར་འདི་རྟོགས་པ་མ་ཡིན་ནོ། །ཅི་སྟེ་འདི་ཡུལ་དུ་བྱེད་པའོ་ན་ནི་དྲན་པ་མ་ཡིན་ནོ། །རང་རིག་པ་ཉིད་ནི་མངོན་སུམ་ཙམ་མོ་ཞེས་རིགས་པ་ཡིན་ནོ། །རང་རིག་པ་ཉིད་ནི་དེ་ལྟར་རྟོགས་སོ་ཞེས་ཐ་སྙད་
དུ་བྱེད་པ་ཡིན་ནོ། །གཞལ་བྱ་དང་བྲལ་བའི་རྟོགས་པ་ཉིད་མི་བདེན་པ་ཡིན་གྱི་འཇིག་རྟེན་ལས་འདས་པ་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། དེ་ལྟར་ཐ་སྙད་མེད་པའི་ཕྱིར་རོ། །གཞན་ཡང་དོན་གྱིས་གོ་བ་འམ། གཞན་ཡང་རུང་སྟེ། བློ་གཞན་གྱིས། ཁྱོད་ཀྱི་བློ་ནི་བློ་གཞན་གྱིས། །ཇི་ལྟར་རབ་ཏུ་
གསལ་བར་འགྱུར། །བློ་དག་ཕན་ཚུན་རབ་ཏུ་གསལ་བར་བྱེད་པར་ཇི་ལྟར་འགྱུར། གང་གི་ཕྱིར། གསལ་མིན་རབ་ཏུ་མཚུངས་པའི་ཕྱིར། །གསལ་བྱ་གསལ་བྱེད་གང་ལས་ཡིན། །རབ་ཏུ་གནས་པའི་བདག་ཉིད་མ་ཡིན་པ་དག་ནི་ཕན་ཚུན་ནམ། གཞན་དུ་གསལ་བྱ་གསལ་བྱེད་ཀྱི་
དངོས་པོར་མི་འཐད་དོ། །སྒྲོན་མའི་འོད་གསལ་བའི་བདག་ཉིད་ཀྱིས་བུམ་པ་ལ་སོགས་པ་གསལ་བ་མ་ཡིན་པ་གསལ་བར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཡུལ་ནི་ཇི་ལྟར་གསལ་བ་ཡིན། །གསལ་ལ་ངོ་བོ་འཕོ་ཕྱིར་རོ། །རང་ཉིད་གསལ་བ་ལ་དེ་ལས་གཞན་དག་འཕོས་པའི་ཕྱིར་གསལ་བ་
ཡིན་ཏེ། དཔེར་ན་མར་མེའི་འོད་ལ་སོགས་པ་གསལ་བ་བཞིན་ནོ། །གསལ་དེའང་དེ་ཡི་ངོ་བོ་ཉིད། །རང་ཉིད་རབ་ཏུ་གསལ་བ་ཡིན། །འོ་ན་ཇི་ལྟར་བུམ་པའི་རང་བཞིན་གཞན་ཡིན་ལ་འོད་ཀྱང་གཞན་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་རང་བཞིན་གཞན་ལ། གཟུགས་ལ་སོགས་པ་འང་

གཞན་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། །དེ་ལྟ་ཡིན་མོད་འོན་ཀྱང་འདི། །མྱོང་ལས་ཕྱི་རོལ་སྒྲོན་སོགས་བཞིན། །མྱོང་བ་མེད་པར་གསལ་བྱ་དང་། །གསལ་བར་བྱེད་པར་རྟོགས་མ་ཡིན། །གལ་ཏེ་རྣམ་པར་ཤེས་པ་དང་ཡུལ་དག་གཞན་ཉིད་
ཡིན་མོད། དེ་ལྟ་མོད་ཀྱིས་རྣམ་པར་ཤེས་པའི་བདག་ཉིད་ནི། །སྒྲོན་མ་བཞིན་དུ་རང་གསལ་བར་འགྱུར་དགོས་ཏེ། དེ་ཉིད་རྣམ་པར་ཤེས་པ་གཞན་གྱིས་གཟུང་བ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། དེ་དང་ཆོས་མཚུངས་ཉིད་ཀྱིས་ནི། །གལ་ཏེ་རང་ལས་ཐ་དད་པའི། །རྣམ་ཤེས་ཀྱིས་
ནི་འདི་འཛིན་ན། །རིགས་འདི་ཕྱི་རོལ་ཉིད་དུའང་འགྱུར། །འོན་ཏེ་ཕྱི་རོལ་འདི་མིན་ན། །རང་རིག་ཉིད་དུ་ཅི་མི་འགྱུར། །དེ་ཡང་སྣང་བ་གཞན་གྱིས་ནི། །རབ་ཏུ་གསལ་བར་འགྱུར་མ་ཡིན། །དེ་ཉིད་ཀྱི་ཕྱིར་བཤད་པ། དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པ་གྲུབ། །དེ་ལྟར་
མིན་ན་ཡུལ་ཡང་ནི། །བློ་དང་ལྷན་ཅིག་ཆོས་མཚུངས་ཉིད། །གལ་ཏེ་རང་ཉིད་རབ་ཏུ་གསལ་བའི་བློ་ལ་བློ་འཕོས་པའི་ཕྱིར། བློས་བློ་གསལ་བ་ཡིན་ན། འོ་ན་ནི་བློ་ཉིད་རིག་པར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། བློ་རང་ཉིད་གསལ་བ་མ་ཡིན་ན། དེ་ཡང་དེའི་རང་བཞིན་ཅན་ཉིད་ཀྱིས་
ཆོས་མཚུངས་པ་ཡིན་པའི་ཕྱིར་བློའི་གསལ་བར་བྱེད་པར་འགྱུར་རོ། །དེའི་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོར་རབ་གསལ་ཞིང་། །གཞན་དེར་ངོ་བོ་འཕོས་པ་ཡིས། །གསལ་བ་ལ་ནི་རབ་གསལ་ཉིད། །གཟུགས་དང་བློའི་གསལ་བར་བྱ་བ་དང་། གསལ་བར་བྱེད་པའི་དངོས་
པོ་དེ་ལྟ་བུ་ཉིད་ཡིན་ཏེ། འདི་ལྟ་སྟེ། གཅིག་ནི་རང་ཉིད་རབ་ཏུ་གསལ་བ་ཡིན་ལ། གཞན་ནི་དེའི་རང་བཞིན་དུ་བསྐྱེད་པའོ། །གལ་ཏེ་བློ་གཅིག་རང་ཉིད་རབ་ཏུ་གསལ་བ་ཡིན་མོད། གཞན་ནི་གསལ་བྱ་དང་འདྲ་བ་ཡོད་པ་ལས་ཡིན་ཏེ། དཔེར་ན་ཕའི་གཟུགས་འཛིན་ཏོ་ཞེས་བྱ་བ་བཞིན་
ནོ་ཞེ་ན། འདྲ་བ་ཡིན་ཡང་དེ་ཡིས་ནི། །བློ་གཞན་རབ་ཏུ་གསལ་མི་འདོད། །རང་ཉིད་རབ་ཏུ་གསལ་ཕྱིར་དོན། །དེ་ཡི་ངོ་བོས་རབ་གསལ་ཡིན། །གསལ་བ་མ་ཡིན་པ་ནི་གཞན་གྱིས་གསལ་གྱི། གསལ་བ་ཉིད་ནི་བློས་མཚུངས་པ་ཙམ་གྱིས་གསལ་བ་མ་ཡིན་ནོ། །དོན་དམ་པ་ནི་

གསལ་བ་མ་ཡིན་པ་ཡང་གསལ་བ་མ་ཡིན་ནོ། །ཇི་ལྟར་དོན་རབ་ཏུ་གསལ་ཞེ་ན། དོན་དེའི་ངོ་བོར་ཏེ། གསལ་བའི་རང་བཞིན་གྱིས་གསལ་བ་ཡིན་གྱི་གཞན་གྱིས་གསལ་བ་ནི་མ་ཡིན་ནོ། །བློ་དག་ནི་རང་ཉིད་ཡང་། རང་ཉིད་རབ་ཏུ་གསལ་བར་མཚུངས་པའི་ཕྱིར་ན་གསལ་བར་བྱ་བ་གཞན་
པར་བྱེད་པའི་དངོས་པོ་མ་ཡིན་ཏེ། དཔེར་སྒྲོན་གཉིས་བཞིན་མར་མེ་དང་། །བུམ་པ་དག་ཀྱང་དེ་རྟེན་ནས། །གསལ་བྱ་གསལ་བྱེད་ངོ་བོ་ཡིས། །ཐ་སྙད་རབ་ཏུ་རྒྱས་པར་བྱེད། །སྒྲོན་མ་གཉིས་ལ་འདྲ་བ་དང་། །སྐྱེ་བ་ཡོད་ཀྱང་། ཕན་ཚུན་གསལ་བ་གསལ་བྱེད་ཀྱི་དངོས་པོ་ཉིད་མ་ཡིན་ནོ། །
འོ་ན་མར་མེ་དང་བུམ་པ་གཉིས་ཇི་ལྟ་ཞེ་ན། མར་མེའི་ཚོགས་པ་ལ་བུམ་པ་དེའི་ངོ་བོར་སྐྱེ་བའི་ཕྱིར་རོ། །དེས་ན་དེ་ཡང་རང་ཉིད་རབ་ཏུ་གསལ་བ་ཉིད་ཀྱིས་གསལ་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཀུན་བརྟགས་པའི་དམིགས་ཀྱིས་བཀར་
བ་ལས་དེ་ལྟར་ཐ་སྙད་མེད་པ་ཡིན་གྱི། དོན་དམ་པར་ནི་སྤྲོས་པས་ཆོག་གོ། །ཡུལ་དང་དབང་པོ་ཙམ་གྱིས་ནི། །མཐོང་ཞེས་བྱ་བར་ངེས་མ་ཡིན། །དེས་ན་གང་ལས་འདི་འགྱུར་བ། །གཞན་དེའང་མཐོང་བར་གདོན་མི་ཟ། །གལ་ཏེ་ཡུལ་དང་དབང་པོ་ཙམ་ལས་མཐོང་ངོ་། །སྙམ་དུ་ངེས་པ་ཡིན་ན་
ནི། །ཐམས་ཅད་མཐོང་ངོ་ཞེས་བྱ་བར་ངེས་པར་འགྱུར་རོ། །མཐོང་བར་འགྱུར་བ་ཉིད་མཐོང་ངོ་ཞེས་བྱ་བར་ངེས་སོ་ཞེ་ན། མཐོང་བར་གྱུར་པ་ཞེས་བྱ་བ་འདི་ཅི་ཞིག་གང་ལ་མཐོང་བ་སྐྱེས་པའོ། །མཐོང་བ་ཞེས་བྱ་བ་འདི་ཅི་ཞིག་ཅེས་དེ་ཉིད་འདྲི་བ་མ་ཡིན་ནམ། གང་ལ་མིག་ལ་སོགས་པ་མངོན་དུ་
ཕྱོགས་པའོ། །མིག་མངོན་དུ་ཕྱོགས་སོ་ཞེས་བྱ་བ་ཇི་ལྟར་རྟོགས། དེ་ལ་ཡང་ཇི་ལྟར་ཞེས་མཐོང་བ་ཉིད་ཀྱིས་ཐ་སྙད་དུ་བྱེད་པས་ཐུག་པ་མེད་དོ། །འོན་ཏེ་མཐོང་བ་སྐྱེས་པ་ཙམ་ལས་ངེས་སོ་ཞེ་ན། མཐོང་བར་གྱུར་པ་ཞེས་བྱ་བ་འདི་ཅི་ཞིག་གང་ལས་མཐོང་བ་སྐྱེས། ཉམས་སུ་མྱོང་བ་ཉིད་ལས་ངེས་
པའི་ཕྱིར་རོ། །ཉམས་སུ་མྱང་བའི་མྱོང་བ་ཙམ་ལས་ནི་ཉམས་སུ་མྱང་ངོ་ཞེས་བྱ་བར་ངེས་པ་མ་ཡིན་ཏེ། དཀར་པོ་ཉིད་ཉམས་སུ་མ་མྱོང་བར་དཀར་པོ་ཉིད་དོ་ཞེས་མི་ངེས་པ་བཞིན་ནོ། །དེའི་ཕྱིར་གང་ཞིག་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བའི་ངེས་པ་དེ་ལྟ་བུར་གྱུར་པ་མྱོང་བ་ཉིད་ལས་འགྱུར་བ་ཡིན་ཏེ།

དེ་ལྟར་ངེས་པ་ནི་རིགས་པ་ཡིན་ནོ། །དྲན་པ་ལས་ཀྱང་བདག་རིག་གྲུབ། །ཤེས་པ་གཞན་གྱིས་རིག་ན་ནི། །རིང་སོགས་འཛིན་པར་མི་འགྱུར་ཏེ། །ཡི་ཕྱི་མང་པོ་གནས་མེད་ཕྱིར། །ཡུལ་ཤེས་པ་དེ་ཤེས་པའི་ཁྱད་པར་ཉིད་ལས་རང་རིག་པ་གྲུབ་པ་ནི་མ་ཟད་ཀྱི། དྲན་པ་ལས་
ཀྱང་དེ་གྲུབ་པ་ཡིན་ནོ། །གལ་ཏེ་དྲན་པ་ལས་ནི་མྱོང་བ་ཙམ་གྲུབ་པ་མ་ཡིན་ནམ། རང་རིག་པ་ནི་མ་ཡིན་ཏེ། གཞན་གྱིས་མྱོང་བ་ལས་ཡང་དྲན་པ་འཐད་པ་ཁོ་ནའོ་ཞེ་ན། དེ་ནི་ལན་དུ་མི་རུང་སྟེ། ཤེས་པ་གཞན་གྱིས་རིག་པ་ཡིན་ན་ནི། རིང་པོ་ལ་སོགས་པ་འཛིན་པར་མི་འགྱུར་ཏེ། ཕྱི་མོ་མང་པོ་
མི་གནས་པའི་ཕྱིར། དཔེར་ན་ཐུང་ངུ་གཉིས་པ་མེད་པར་སྦྱོར་བ་ན་དེ་མི་གནས་པ་བཞིན་ནོ། །མི་གནས་པ་ནི་གནས་པ་དང་ལྷན་ཅིག་ཏུ་རྟོགས་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །རིང་པོ་དང་ཆེར་བསྲིངས་པ་ལ་སོགས་པ་མི་འཛིན་པ་ཉིད་དོ། །ཕྱི་མོ་རེ་རེས་འཛིན་ན་ནི་རིང་པོ་ལ་སོགས་པ་
འཛིན་པ་མ་ཡིན་ནོ། །ཆོད་པ་ཡང་རྟོགས་པ་མ་ཡིན་ནོ། །སྔ་ཕྱི་གཅིག་ཏུ་བསྡོམས་ནས་རྟོགས་སོ་ཞེ་ན། མ་ཡིན་ཏེ། དེ་ཡང་རྟོགས་པའི་ཡུལ་ཡིན་པའི་ཕྱིར་རོ། །རིང་པོ་ལ་སོགས་པའི་མཚན་ཉིད་ཀྱི་དོན་རྟོགས་པ་ཉིད་མ་ཡིན་ནམ་ཞེ་ན། རྟོགས་མོད་ཀྱི་འོན་ཀྱང་རིང་པོ་ལ་སོགས་པའི་མཚན་
ཉིད་ཀྱིས་དོན་རྟོགས་པ་ནི་མ་ཡིན་ནོ། །དེས་ན་ཐུང་ངུ་གཉིས་བཞིན་དུ་འདི་ནི་ཕྱི་མོ་གཉིས་ཞེས་རྟོགས་པར་འགྱུར་གྱི། རིང་པོ་གཞན་ནི་མ་ཡིན་ནོ། །གལ་ཏེ་རང་གི་བློ་རང་རིག་པ་ཡིན་པ་དེའི་ལྟར་ན། ཇི་ལྟར་རིང་པོ་ལ་སོགས་པ་འཛིན། དེའི་རྣམ་པ་ཅན་གྱི་བློ་གཅིག་རིག་པ་ན་རིང་པོ་རིག་པར་
སྣང་བར་གཞག་གོ། །འོ་ན་ནི་རང་རིག་པ་མ་ཡིན་པར་སྨྲ་བའི་ལྟར་ན་ཡང་དེའི་རྣམ་པ་ཅན་གྱི་བློ་གཅིག་རིག་པ་ཡོད་པ་དེ་ཉིད་དེ། འོན་ཀྱང་བློ་གཞན་གྱིས་ཡིན་པ་འགའ་ཞིག་ཏུ་ཟད་དོ། །གནས་སྐབས་འདི་གཉིས་ལ་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །འདི་ལྟར། རིག་བྱ་ཉིད་ཕྱིར་རིག་བྱ་ནི། །
གཞན་གྱིས་རིག་ཡིན་ཕྱི་རོལ་བཞིན། །དེས་ནི་བློ་ཡང་རིག་བྱའི་ཕྱིར། །རིག་པར་བྱེད་པ་གཞན་ཡོད་འགྱུར། དེ་ནི་མི་རུང་སྟེ། གང་གི་ཕྱིར་འདི་ལྟར་ཡང་འགྱུར་རོ། །གསལ་བྱ་ཉིད་ཕྱིར་གསལ་བྱ་ནི། །གཞན་གྱིས་གསལ་ཡིན་བུམ་པ་བཞིན། །དེས་ན་ད་ནི་མར་མེ་ཡང་། །གཞན་གྱིས་གསལ་

བ་ཉིད་དུ་འགྱུར། །འདི་ལ་ནི་ཅུང་ཞིག་བཤད་ཟིན་ཏོ། །གལ་ཏེ་བློ་སྔ་མ་བློ་གཞན་གྱིས་རིག་པ་ཡིན་ན། དེའི་ཚེ་ནི་དེའི་རྣམ་པ་ཅན་གྱི་བློ་རིག་པ་མེད་པའི་ཕྱིར་དང་། ཡུལ་ཡང་དེའི་ཚེ་མེད་པའི་ཕྱིར་རིག་པ་མེད་པ་ཉིད་ལས་ཉམས་སུ་མྱོང་བ་མ་ལུས་པ་འཇིག་པར་འགྱུར་རོ་ཞེས་བསྟན་པ་
ཡིན་ནོ། །འོན་ཏེ་ཡང་ཕྱི་མོ་རྣམས་མི་གནས་པ་ཉིད་ཡིན་པ་དེའི་ཕྱིར་ན། རིང་པོ་ལ་སོགས་པ་མི་འཛིན་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ་འདི་ལྟར། གནས་ན་གོ་རིམས་མེད་པས་ནི། །བློ་ལ་ཅིག་ཅར་སྣང་བའི་ཕྱིར། །ཡི་གེ་རིམ་མེད་རིང་མི་འགྱུར། །གནས་པ་གོ་རིམས་མེད་པར་
རྟོགས་པ་ནི་རིང་པོ་ལ་སོགས་པར་འགྱུར་བ་མ་ཡིན་ཏེ། དུས་རིམ་གྱིས་རྟོགས་པ་ལས་རིང་པོ་ཞེས་རྣམ་པར་འཇོག་པའི་ཕྱིར་རོ། །ཕྱི་མོ་རྣམས་རིམ་པ་ཡང་ཡོད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། མཐའི་གནས་སྐབས་སུ་འདི་རིང་ངོ་ཞེས་བྱ་བ་ལ་སོགས་པར་རྟོགས་པའི་ཕྱིར་རོ། །དེའི་ཚེ་ནི་
རིག་པ་རྟོགས་པ་ཡོད་པ་མ་ཡིན་ཏེ། བློ་དེ་ནི་སྔ་མ་ལས་གཞན་ཉིད་དོ། །འོན་ཏེ་འདི་ནི་སྣོད་དང་ཕྱི་མ་འཛིན་པ་ཅིག་ཉིད་དོ་ཞེ་ན། དེ་ཡང་མི་རུང་སྟེ་འདི་ལྟར། ཕན་ཚུན་འདྲེས་པ་མེད་པ་ཡིས། །ཡིག་ཆ་རིམ་ལྡན་ཇི་ལྟར་ན། །རིམ་མེད་པ་ལ་ཕན་འདོགས་བྱེད། །ཕན་ཚུན་གནས་པ་མེད་
པ་ཉིད་ཀྱིས་མ་འབྲེལ་པར་ཡི་གེའི་ཆ་སྔ་མ་དང་ཕྱི་མ་དག་ཇི་ལྟར་བློ་གཅིག་གྲུབ་པར་བྱེད་པ་ཡིན། བློ་ནི་ཡུལ་འཛིན་པར་བྱེད་པ་ཡིན་པས་ཡུལ་ཐ་དད་ན་བློ་ཡང་ཐ་དད་པ་ཡིན་པས་ཇི་ལྟར་རིམ་པ་དང་ལྡན་པར་རྟོགས། དེ་སྐད་དུ་ཡང་དོན་འགའ་ཡང་མ་ཤེས་ན་ནི་བློ་དམིགས་པ་མ་
ཡིན་ཏེ། དོན་ཤེས་ན་ནི་རྗེས་སུ་དཔག་པས་རྟོགས་སོ་ཞེས་སྨྲས་པ་ཡིན་ནོ། །ཇི་ལྟར་དེ་དོན་ཤེས་པ་ལས་དོན་གྱི་རྗེས་སུ་འབྲང་ནས་རྟོགས་པ་དེ་བཞིན་དུ། དེ་ཐ་དད་པ་ལས་ཐ་དད་པ་ཅན་དུ་ཡང་ཡིན་ནོ། །འདི་ལྟར་དེ་ལྟར་ཁོ་བོའི་བློ་སྐྱེས་སོ་ཞེས་འཇིག་རྟེན་དག་ཐ་སྙད་དུ་བྱེད་པ་ཡིན་
ནོ། །འོན་ཏེ་འདི་ནི་དོན་གྱི་བདག་ཉིད་གཅིག་ཉིད་རིང་པོ་ལ་སོགས་པར་རྟོགས་པ་ཡིན་ཏེ། འདི་ལྟར། དང་པོ་ཉིད་རིང་པོ་ལ་སོགས་པ་གཅིག་སྐྱེ་བ་ཡིན་ནོ། །དེའི་ཕྱིར་རིང་པོ་གཅིག་ཉིད་རྟོགས་པས་རིང་པོའི་བློ་ཡང་གཅིག་ཉིད་ཡིན་ནོ། །ཞེ་ན་དེ་ཡང་མི་བདེན་ཏེ། འདི་ལྟར། སྔ་མ་མཐའ་

ཡི་བར་གནས་ན། །འོག་ཏུ་སྒྲ་ནི་འཕེལ་བར་འགྱུར། །རིམ་མིན་འཛིན་ཕྱིར་ཐ་མར་ནི། །རིམ་ལྡན་བློ་ཡང་མེད་པར་འགྱུར། །གལ་ཏེ་འདིའི་ཡི་གེའི་བདག་ཉིད་ཡིན་ན་དེའི་བློ་དང་པོ་ཉིད་ཀྱིས་རྟོགས་པའི་ཕྱིར་དུས་ལ་སྡོད་པར་མི་འགྱུར་ཞིང་། སྔ་མའི་ཆ་
ལ་མཐོང་བར་ཡང་བློ་ཐ་མས་རིང་པོ་ལ་སོགས་པ་རྟོགས་པར་འགྱུར་རོ། །དེ་སྟེ་ཆ་གཞན་རྟོགས་པར་རིང་པོ་ལ་སོགས་པ་ཡིན་ན་ནི་དེའི་ཚེ། རིང་པོ་གཅིག་ཉིད་དོ་ཞེས་བྱ་བར་མི་འགྱུར་རོ། །འོན་ཏེ་སྔ་མ་ཡང་ཕྱི་མའི་རྗེས་སུ་འཇུག་ལ། ཕྱི་མ་གནང་ཡང་རྟོགས་པ་ཡིན་ནོ་ཞེ་ན། དེ་
ལྟ་ཡིན་ན་སྒྲ་འཕེལ་བར་འགྱུར་ཏེ། སྔ་མ་རྗེས་སུ་འབྲང་བའི་ཕྱིར་དང་། ཕྱི་མ་ཡང་སྐྱེ་བའི་ཕྱིར་རོ། །འདི་རིང་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་རྟོགས་པ་ཡང་ཐ་མའི་གནས་སྐབས་སུ་ཡིན་ན་དེའི་ཚེ་ནི་རིམ་པ་མེད་པར་བཟུང་བས་ན་རིམ་པ་དང་ལྡན་པའོ་ཞེས་བྱ་བའི་བློར་མི་འགྱུར་རོ། །
སྔ་མ་ལ་ལྟོས་ཏེ་རིམ་པར་འགྱུར་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བློ་སྔ་ཕྱི་དག་ཐ་དད་པའི་ཕྱིར་རོ། །འོན་ཏེ་དང་པོའི་སྐྱེས་པའི་བློ་གཅིག་པོ་ཉིད་གནས་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། དེ་འོག་ཡུལ་ནི་གནས་མེད་ཕྱིར། །བློ་ནི་རང་ཉིད་གནས་མ་ཡིན། །མ་འཕེལ་བའི་སྒྲ་ནི་འཕེལ་བའི་དུས་ན་
ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ནི་འཕེལ་བ་གཞན་ཡིན་པའི་ཕྱིར་ན་མི་གནས་པ་ཉིད་དོ། །འོན་ཏེ་མི་གནས་ཀྱང་རང་ཉིད་གནས་སོ་ཞེ་ན། དེའི་ཚེ་ཡང་། རང་ཉིད་གནས་ན་ཕྱི་ནས་ནི། །མི་འཛིན་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཡུལ་མེད་ཀྱང་དེ་འཛིན་པའི་རང་བཞིན་གྱི་བློ་གནས་པ་ཡིན་ན།
ནམ་ཡང་འཇིག་པར་མི་འགྱུར་བས་ཤིན་ཏུ་རིང་བར་མི་འགྱུར་རོ། །འོན་ཏེ་ཡུལ་མེད་པའི་ཡུལ་འཛིན་པ་ཡོད་པ་མ་ཡིན་ན། དེའི་ཚེ་རིང་པོར་འཛིན་པར་མི་འགྱུར་ཏེ། ཆ་ཙམ་འཛིན་པའི་ཕྱིར་རོ། འོན་ཏེ་ཡི་གེའི་བདག་ཉིད་གཅིག་ཁོ་ན་རིམ་མ་ཡིན་པར་སྐྱེས་པ་དུས་གཞན་དུ་སྡོད་པ་ཡིན་ནོ་ཞེ་ན།
དེ་ནི་མི་རིགས་ཏེ། ཡི་གེ་རིམ་མེད་ཅིག་ཅར་ནི། །སྐྱེས་པ་ལ་ཡང་སྐྱོན་འདི་ཡིན། །གལ་ཏེ་ཅིག་ཅར་སྐྱེས་པས་དུས་ཅུང་ཟད་ཙམ་ཡང་སྡོད་པ་ཡིན་ན། གཏན་དུ་གནས་པར་འགྱུར་ཏེ། ཕྱིས་ཀྱང་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་། ལན་ཅིག་བརྩལ་སྐྱེས་ཕྱིར་རྩོལ་བ། །ཕྱི་མ་ཕྱི་མ་

སྡོད་མི་འགྱུར། །རྩོལ་བ་གང་གིས་དང་པོའི་རང་བཞིན་བསྒྲུབས་པ་དེ་ཉིད་ཀྱིས་ཕྱི་མའི་ཆ་ཡང་ཡིན་ཏེ། དེ་ལས་ཐ་མི་དད་པའི་ཕྱིར་རོ། །དེའི་ཚེ་གཞན་དོན་མེད་པ་ཉིད་དུ་འགྱུར་རོ། །ཡི་གེ་རྣམས་ནི་གསལ་བ་ཡང་། །སྐྱོན་འདི་རྗེས་སུ་གནས་པ་ཉིད། །ལན་ཅིག་བརྩལ་བས་ཐམས་ཅད་
གསལ་བའི་ཕྱིར་རྩོལ་བ་གཞན་མེད་དེ། དེའི་ཕྱིར་བློ་གཅིག་གི་ཆ་ཤས་རྣམས་རིང་པོར་འཛིན་པ་མ་ཡིན་པས་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་ཚེ་ཡང་། དུ་མ་ཡིས་ནི་དེ་འཛིན་ན། །ཐ་མའི་བློ་གང་དེ་མྱོང་ལ། །དེ་ཡང་རིང་པོར་འཛིན་མིན་ན། །དེས་ན་རིང་བློ་དྲན་མི་འགྱུར། །གང་གི་ཚེ་བློ་དུ་
མས་ཆ་ཤས་རྣམས་རིང་པོར་འཛིན་ན་དེའི་ཚེ། ཐ་མའི་བློ་བློ་གཞན་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ལ། དེ་ཡང་རིང་པོར་འཛིན་པ་མ་ཡིན་པ་དེས་ན་ཇི་ལྟར་རིང་པོའི་བློ་དྲན་པར་འགྱུར། ཉམས་སུ་མ་མྱོང་བའི་དྲན་པ་ཡིན་ནོ། །ཉམས་སུ་མྱོང་ཡང་བློ་ཐ་མ་བློ་གཞན་གྱིས་མྱོང་བ་ཡིན་གྱི།
བློ་སྔ་མ་དག་ནི་ཆོད་པའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་ནོ། །ཐ་མ་ཡང་རིང་པོར་འཛིན་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་རིང་པོ་ལ་སོགས་པའི་བློ་དྲན་པར་ཡང་མི་འགྱུར་རོ། །འོན་ཏེ་བློ་རྣམས་བློ་གཞན་གྱིས་སོ་སོར་འཛིན་པ་དེའི་ཕྱིར་ཐམས་ཅད་དྲན་པས་རིང་བའི་བློ་དྲན་པ་ཡིན་ནོ་ཞེ་ན། དེ་
ཡང་རིགས་པ་མ་ཡིན་ཏེ། འདི་ལྟར། བློ་རྣམས་སོ་སོ་ཐ་དད་དུ། །མྱོང་ན་དེ་སྒྲ་ཐོས་པ་ནི། །ཆོད་པ་མེད་པར་སྣང་མི་འགྱུར། །སྦྱོར་བ་བྱེད་པའང་གསལ་བ་ཡིན། །བློ་འཛིན་པའི་བློ་རྣམས་ཀྱིས་སྒྲའི་ཆའི་བློ་རྣམ་པར་བཅད་པའི་ཕྱིར་རྣམ་པར་མ་བཅད་པས་མི་སྣང་བར་མི་འགྱུར་རོ། །
རྣམ་པར་བཅད་པ་ནི་རྣམ་པར་མ་ཆད་པར་རྟོགས་པར་ནུས་པ་མ་ཡིན་ནོ། །མཚམས་སྦྱར་བས་རྟོགས་པ་ཡིན་ནོ་ཞེ་ན། དེ་ལ་བཤད་པ་ནི། སྦྱོར་བར་བྱེད་པའང་གསལ་བ་ནི། །དེ་ནི་གཞན་ལའང་མཚུངས་པ་ཡིན། །ཡི་གེའང་ཅིག་ཅར་ཐོས་པར་འགྱུར། །ཞེས་བྱ་བ་ལ་སོགས་པས་སོ། །
གཞན་ཡང་། གལ་ཏེ་ཆད་པ་མཐོང་ཡང་ནི། །རྣམ་ཆད་མེད་པར་འཁྲུལ་འགྱུར་ན། ཐུང་ངུ་གཉིས་ན་བརྗོད་པར་ཡང་། །རྣམ་ཆད་མེད་པར་འཁྲུལ་པར་འགྱུར། །ཐུང་ངུ་གཉིས་ནི་བར་མེད་པར་བརྗོད་པ་མ་ཡིན་པས་རྣམ་པར་ཆད་པ་མ་ཡིན་པས་ན་རྣམ་པར་ཆད་པའི་ཕྱིར་གཅིག་པའི་བློ་མེད་པ་ཡིན་ནོ། །

གལ་ཏེ་ཕྱི་མ་ལ་ཡང་རྣམ་པར་ཆད་པ་དེ་ཡོད་པ་ཉིད་ཡིན་ལ་དེ་ལྟ་ན་ཡང་རྣམ་པར་ཆད་པ་མེད་པས་རློམ་པ་ཡིན་ནོ། །འོ་ན་ནི་ཐུང་ངུ་གཉིས་བརྗོད་པ་ལ་ཡང་རིགས་པ། མཚུངས་པའི་ཕྱིར་ན་ཅི་སྟེ་མ་མཐོང་། འདི་ནི་རྣམ་པར་ཆད་པ་རྟོགས་པ་མ་ཡིན་གྱི་འོན་ཀྱང་
རྣམ་པར་མ་ཆད་པ་ཉིད་ཡིན་ཏེ། འཁྲུལ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ཉིད་བཟོད་པ་ཡིན་ནོ། །གཞན་ཡང་། དབང་པོ་རྣམ་ཆད་མཐོང་བ་ཡང་། །དབང་པོ་ལས་ཆད་མི་སྒྲོ་འདོགས། །མི་རུང་དབང་པོའི་བློ་ཐམས་ཅད། །ཕྱིན་ཅི་ལོག་ཏུ་ཐལ་ཕྱིར་རོ། །གལ་ཏེ་རྣམ་པར་ཆད་པ་མེད་
པར་རྟོགས་པའི་འཁྲུལ་པ་ཉིད་ཡིན་ན། དེའི་ཚེ་དབང་པོ་ལ་སྐྱེས་པའམ་ཡིད་ལས་བྱུང་བ་ཡིན། གལ་ཏེ་ཡིད་ལས་བྱུང་བ་མ་ཡིན་ན་ནི་དབང་པོའི་བློ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་རོ། །འདི་ལྟར། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམས་ཚད་དུ་གནས་པ་ཡིན། །དེ་
ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་པར་རྫོགས། །རྡུལ་གཅིག་མངའ་དུས་ཆུང་བ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །བློ་ཡང་སྐད་ཅིག་དེ་ཉིད་འདོད། །ཡི་གེ་རིམ་གྱིས་རྟོགས་པར་འགྱུར། །དེ་ཕྱིར་ཡི་གེ་གཟུགས་སོགས་ལ། །བློ་གཞན་གྱིས་ནི་ཆོད་
ན་ཡང་། །ཆོད་པ་མེད་པར་སྣང་བ་ཅན། །ཐམས་ཅད་ལོག་པའི་དོན་ཅན་འགྱུར། །ཡི་གེ་ཐམས་ཅད་ནི་རིམ་གྱིས་རྟོགས་པ་ཡིན་ཏེ། སྐད་ཅིག་མ་གཞན་དང་གཞན་རྒྱུན་དང་ལྡན་པའི་རང་བཞིན་གྱིས་ཡི་གེ་འཛིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དག་ལ་ཡང་རིམ་གྱིས་སྐྱེ་བ་
ལ་བརྟེན་པ་ཡིན་ནོ། །དེས་ན་དེ་ཡང་དབང་པོས་མགལ་མེའི་འཁོར་ལོ་བཞིན་དུ་རྟོག་པ་འཁྲུལ་པ་སྐྱེད་པར་བྱེད་པ་ཡིན་ན། འགར་ཡང་འཁྲུལ་པ་མ་ཡིན་ནོ། །འོན་ཏེ་ཡིད་ལས་བྱུང་བའི་འཁྲུལ་པ་ཡིན་ནོ་ཞེ་ན། དེའི་ཚེ་ཉེས་པ་གཞན་དུ་འགྱུར་ཏེ། འདི་ལྟར། དབང་པོའི་འཁྲུལ་པ་ལས་གཞན་དུ། །
དངོས་པོ་རྣམས་ནི་སྦྱོར་བྱེད་པ། །ཐ་དད་མཚོན་བྱེད་འཁྲུལ་པ་གང་། །དྲན་ཡིན་དེ་ནི་རྣམ་རྟོག་ཅན། །བརྗོད་དང་འབྲེལ་པ་དེ་ལས་ནི། །གསལ་བར་སྣང་ཉིད་ག་ལ་ཞིག །ཡིད་ཀྱིས་བསླད་པ་ནི་གསལ་བ་ཉིད་ལས་འདས་སམ། འཇུག་པ་ཉིད་གསལ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་རུང་སྟེ།

ཡི་གེ་ལ་སོགས་པའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ནི་གསལ་བའི་རྣམ་པར་འདོད་པས་དེ་ཇི་ལྟ་ན་ཡིད་ལས་བྱུང་བའི་འཁྲུལ་པ་ཡིན་ཞེས་བྱ་བར་རིགས་སོ། །བརྗོད་པ་དང་འབྲེལ་པ་ཉིད་ལ་ནི་གསལ་བར་སྣང་བ་སྲིད་པ་མ་ཡིན་ཏེ། རྣམ་རྟོག་རྗེས་སུ་འགྲེལ་པ་ནི། །དོན་གསལ་སྣང་
བ་ཉིད་མ་ཡིན། །ཞེས་བཤད་དོ། །དེ་བཞིན་དུ། དབང་པོས་གཟུགས་ལ་སྒྲ་སྦྱོར་བ། །ཡོད་པ་མིན་ཞེས་བཤད་ཟིན་ཏོ། །འོན་ཏེ། དབང་པོས་ཆོད་པ་མཐོང་བ་ཡང་། །གལ་ཏེ་རྟོགས་པས་སྦྱོར་བྱེད་ན། །རྒྱུ་མིན་ཆད་པར་སྣང་བ་དག །རིགས་དམ་གནོད་པ་ཅན་མེད་པ། །ཆོད་པ་
ཞེས་བྱ་དེ་གང་ལས། །རྣམ་པར་ཆད་པ་མེད་པར་སྣང་བ་ནི་རྣམ་པར་ཆད་པར་བྱ་བ་ཡིན་ནོ་ཞེས་བརྟག་པར་བྱ་བ་མ་ཡིན་ནོ། །མངོན་སུམ་ནི་གཞན་དུ་བརྟག་པར་བྱ་བ་མ་ཡིན་ཏེ། མངོན་སུམ་གྱིས་གནོད་པའི་ཕྱིར་རྟོགས་པ་ཉིད་མེད་པ་ཡིན་པར་བརྟགས་པ་ཡིན་ནོ། །དེའི་ཕྱིར་འདི་ནི་མི་རུང་ངོ་། །
འོན་ཏེ་རང་རིག་པ་མེད་པའི་ཕྱིར་བློ་གཞན་གྱིས་རིག་པར་ཁས་ལེན་པ་ཡིན་ན། བློ་གཅིག་པར་འབྱུང་བ་ཡང་མ་ཡིན་ཏེ། དེས་ན་བློ་གཞན་གྱིས་ཆོད་པའི་ཕྱིར་རྣམ་པར་ཆད་པར་མཐོང་བ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་བློ་ནུས་ངེས་པའི་ཕྱིར། །ཞེ་ན་དེ་ནི་ག་ལས་འདོད། །གཅིག་པར་
བློ་ནི་མཐོང་མེད་ཕྱིར། །དེ་ཉིད་འདི་ལྟར་དཔྱད་བྱ་ཡིན། །བློ་རྣམས་ནུས་པ་ངེས་པས་ན། །གཅིག་པར་མི་འགྱུར་བ་ཡིན་ན། །ནུས་པ་ངེས་པ་ཉིད་གང་ལས་ངེས་པར་བྱ། འོན་ཏེ་གཅིག་པར་མ་མཐོང་བའི་ཕྱིར་ནུས་པ་ངེས་པ་ཡིན་ན་འོ་ན་ནི་རྣམ་པར་ཆད་པ་མཐོང་བ་མེད་དེ། མ་མཐོང་ན་ནི་དེ་ལ་ཡང་
ཡོད་པའི་ཕྱིར་རོ། །འོན་ཏེ་དེར་མ་མཐོང་བ་ཚད་མ་ཡིན་ན། འོ་ན་ཅིག་ཅར་མ་ཡིན་པར་མཐོང་བའི་ཕྱིར་རྣམ་པར་ཆད་པ་མཐོང་བ་རྟོག་ཅེ་ན། འདི་རྣམ་པར་དཔྱད་དགོས་སོ། །གལ་ཏེ་བློ་གཅིག་པར་མཐོང་བ་མེད་པ་མ་ཡིན་ནམ། དོན་རྟོགས་པ་ཡིན་ཡང་། བྱུང་བ་དང་བྱུང་བའི་རང་བཞིན་
མཐོང་བར་གཅིག་པར་དམིགས་པ་ནི་མེད་དེ། རིམ་པ་ཁོ་ནས་སྣང་བའི་ཕྱིར་རོ། །ཁྱེད་ལ་ལུང་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། འདི་ནི་གནས་པ་མ་ཡིན་ཞིང་། གོ་སྐབས་མེད་དེ། སེམས་གཉིས་སྔ་ཕྱི་མེད་པར་འབྱུང་བ་གང་ཡིན་པའོ་ཞེས་བཤད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། དེ་རྣམས་

རིགས་མཐུན་པ་ཡིན་ལ། །ནུས་པ་ངེས་པར་འགྱུར་བ་ཡིན། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །བློ་རྣམས་ནི་རིགས་མཐུན་པའི་རྣམ་པར་ཤེས་པ་སྐྱེད་པ་ལ་ལྟོས་ནས་ནུས་པ་ངེས་པ་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །འདི་ལྟར་རྣམ་
པར་རྟོག་པ་རྣམས་རིམ་གྱིས་འབྱུང་བར་ཡང་དག་པར་རྟོགས་པ་ཡིན་ནོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་རིགས་མཐུན་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་སྐྱེད་པར་མི་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་རིགས་མི་མཐུན་པ་གཟུང་བ་དང་འཛིན་
པའི་རང་བཞིན་གཉིས་སྐྱེད་པ་ལས་འགལ་བ་ཅི་ཡོད། ངོ་ཤེས་པ་ཞེས་བྱའི་རྟོག་པ་རྣམ་པར་རྟོག་པ་ཡིན་ཡང་གསལ་བར་སྣང་བ་ཕ་རོལ་པོ་དག་འདོད་པ་མ་ཡིན་ནམ་ཞེ་ན། འདོད་པ་ནི་མ་ཡིན་ན་དེ་ལྟ་ན་ནི་མ་ཡིན་ནོ། །འདི་ལྟར། འདི་ནི་གང་ཞིག་མཐོང་དོན་ལ། །ངོ་ཤེས་བྱེད་པའི་
རྟོགས་པ་དག །གསལ་བར་སྣང་བས་མངོན་སུམ་དུ། །རྟོགས་པ་དེ་ཡང་བསལ་བ་ཡིན། །དབང་པོའི་རྣམ་པ་ལ་སྔ་ཕྱི་འཛིན་པའི་ནུས་པ་མེད་པའི་ཕྱིར། གསལ་བར་སྣང་བའི་རྣམ་པར་རྟོག་པ་ཉིད་མངོན་སུམ་ཡིན་ནོ་ཞེས་མངོན་སུམ་ཉིད་དུ་སེམས་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་
ནོ། །འདི་ལྟར། རྟོགས་པ་གསལ་བར་སྣང་མིན་པས། །དེ་ནི་ཇི་ལྟར་མངོན་སུམ་ཉིད། །གསལ་བར་སྣང་བ་ཉིད་ཡིན་ཡང་། །འཁྲུལ་ཕྱིར་ཚད་མ་ཉིད་མ་ཡིན། །འདི་ལྟར། སྐྲ་དང་སྒོང་དང་མར་མེ་སོགས། །ཐ་དད་རྟོགས་པ་དག་ལ་ཡང་། །གསལ་སྣང་ཡོད་མིན་དེ་འདྲའི་བློ། །
ཇི་ལྟར་མངོན་སུམ་ཡིན་པར་འགྱུར། །འོན་ཏེ་དེར་ནི་གནོད་པ་ཡོད་པའི་ཕྱིར། །མངོན་སུམ་ཉིད་མ་ཡིན་ན་གང་གིས་གནོད། །བར་དུ་ཆོད་པས་སོ། །འདི་ལ་ཡང་སྔ་ཕྱིའི་རང་བཞིན་སྣང་བའི་མཚན་ཉིད་རྣམ་པར་ཆད་པ་ཡོད་པ་ཉིད་དོ། །དེའི་ཕྱིར་ངོ་ཤེས་པ་ལས་ནི། ཡིག་སོགས་གཅིག་
ཏུ་ངེས་པ་མེད། །ཚད་མས་མ་ཡིན་པའི་ཕྱིར། དེའི་ཕྱིར། ཡིག་རྣམས་ཕྱི་མོ་ཐ་དད་ཀྱང་། །ངོ་ཤེས་པ་ཡིས་གཅིག་ཉིད་དུ། །རྟོགས་པ་དེ་ནི་རིང་པོ་སོགས། །ཅི་ནས་འཛིན་པར་འགྱུར་མ་ཡིན། །ཞེས་གང་སྨས་པ་དེ་ཡང་ཚིག་ཙམ་དུ་ཟད་དེ། ངོ་ཤེས་པ་དེ་ནི་ཚད་མ་ཡིན་ནོ་ཞེས་བསྟན་

པའི་ཕྱིར་རོ། །གཞན་ཡང་ངོ་ཤེས་པ་ནི་དབང་པོ་ལས་སྐྱེས་པ་དང་མངོན་སུམ་དུ་མ་ཡིན་ཏེ། འདི་ལྟར། སྔོན་མྱོང་དྲན་ལས་དེ་ཡི་ཆོས། །སྒྲོ་འདོགས་མེད་པར་དེ་ཉིད་ནི། །འདི་ཞེས་བྱ་བར་ཤེས་པ་མེད། །དེ་ཡང་ཅི་ལྟར་དབང་སྐྱེས་ཡིན། །སྔོན་མྱོང་བ་མེད་པར་ནི་མི་དྲན་ལ། དྲན་པ་
མེད་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་དེ་ལྟ་བུའི་རང་བཞིན་ནི་ཤེས་པར་མི་འགྱུར་རོ། །ངོ་ཤེས་པ་ནི་ད་ལྟར་མྱོང་བ་ལ་སྔོན་མྱོང་བར་གྱུར་པ་དང་གཅིག་ཏུ་འཛིན་པའི་རང་བཞིན་ཡིན་ལ། དྲན་པ་མེད་པ་ཡང་སྔོན་གྱི་རང་བཞིན་དུ་འཛིན་པ་མ་ཡིན་ནོ། །དྲན་པའི་ཡུལ་གྱི་དོན་ནི་མངོན་སུམ་གྱི་
ཡུལ་མ་ཡིན་ཏེ། གཞན་དུ་ན་སྔོན་མྱོང་བ་ཐམས་ཅད་མངོན་སུམ་ཉིད་དུ་འགྱུར་བས་ན་ད་ལྟར་གྱི་དབང་པོ་བྱེད་པས་ཅི་བྱ། འོན་ཏེ་རྒྱན་ཞིག་ལ་སྔོན་མཐོང་བ་མི་དྲན་པར་ཡང་འགྱུར་བ་དེས་ན་ད་ལྟར་གྱི་དབང་པོའི་བྱེད་པ་ལ་ལྟོས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་དབང་པོའི་བྱེད་པ་དེ་ཉིད་དུ་
འགྱུར་མོད། ཡུལ་དུ་སོང་བས་ཅི་ཞིག་བྱ། །ཡུལ་རུང་བ་ཉིད་མེད་པས་དབང་པོས་མི་ནུས་སོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡུལ་གཞན་དུ་མཐོང་བ་ལས་ངོ་ཤེས་པ་མེད་དོ། །ཡུལ་གཞན་དང་འབྲེལ་པ་དང་ལྡན་པའི་རང་བཞིན་ནི་རུང་བའི་ཡུལ་ན་གནས་པ་མ་ཡིན་ནོ། །ཡུལ་གཉི་ག་དང་འབྲེལ་
པ་ཅན་ཉིད་རུང་བའི་ཡུལ་ན་གནས་པ་ཡིན་ཏེ། དེའི་ཕྱིར་ཉེས་པ་འདི་མེད་དོ་ཞེ་ན། དྲན་པ་མེད་པ་ཉིད་དུ་ཅི་སྟེ་མི་རྟོགས། འོ་ན་དྲན་པ་ཡང་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར། འབྲེལ་པ་ཡང་དྲན་པའི་ཕྱིར་སྔ་མ་དག་ཉེས་པ་མེད་དོ་ཞེ་ན། ངོ་ཤེས་པ་ཚད་མ་མ་ཡིན་ནོ། །འབྲེལ་པ་མེད་
པ་ཡིན་གྱི་འབྲེལ་པ་ཅན་ནི་མ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ལ་སྔོན་གྱི་ཡུལ་དང་དུས་དང་འབྲེལ་པ་མེད་པས་ད་ལྟར་བ་ཁོ་ནའི་རང་བཞིན་ཡིན་པའི་ཕྱིར་སྔ་མ་ཕྱི་མ་དག་ཐ་དད་པ་ཉིད་དོ། །འོན་ཏེ་དེ་ཉིད་འདི་ཡིན་ནོ་ཞེས་རྟོགས་པའི་ཕྱིར་ཐ་དད་པ་མ་ཡིན་ན་ནི་དེ་ཉིད་གང་གིས་རྟོགས་ཞེས་དེ་ཉིད་དཔྱོད་པ་
མ་ཡིན་ནམ། རྟོགས་པ་ཙམ་ཚད་མ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་མངོན་སུམ་ཉིད་སྒྲུབ་པར་བྱེད་པའི་གལ་གྱི་ཅི་ཞིག་བྱ། གལ་ཏེ་སྔོན་གྱི་དུས་ལ་སོགས་པ་དང་མཚུངས་པར་རྟོགས་པ་ཡང་། རྟག་པ་ཉིད་ཡིན་པར་བརྗོད་ན་དོན་ཐམས་ཅད་རྟག་པ་ཉིད་དུ་འགྱུར་ཏེ། དེའི་ཚེ་སྐྱེས་པ་ཡང་ངོ་། །ད་ལྟ་

བའི་རང་བཞིན་དུ་རྟོགས་པ་ན་ཡང་རྟག་པ་ཉིད་དོ། །གལ་ཏེ་སྐད་ཅིག་དེ་ལ་སྐྱེས་ན་ཇི་ལྟར་མི་རྟག་པ་ཉིད་ཡིན། གལ་ཏེ་ཡང་སྔར་མ་སྐྱེས་པ་དེ་ལྟ་ན་ཡང་ཡོད་པ་ཉིད་དོ། །མ་སྐྱེས་པ་ཇི་ལྟར་ཡོད་ཞིག་པ་ཡང་ཇི་ལྟར་ཡོད་ཅེས་རྩོད་པ་མཚུངས་སོ། །སྔ་ན་མེད་པ་དང་ཞིག་
ནས་མེད་པ་དག་ལ་ནི་ཁྱད་པར་མེད་དོ། །ཁྱད་པར་ནི་འདི་ཡོད་དེ་ཞིག་པ་ནི་དྲན་པ་ཡིན་ནོ། །སྔ་མ་བྱུང་བ་ཡང་སྲིད་པའི་རྗེས་སུ་དཔག་པས་རྟོགས་སོ། །འབྱུང་བ་ཉིད་དུ་རྟོགས་ཀྱི་སྔ་མ་ཉིད་དུ་ནི་མ་ཡིན་ནོ། །འབྱུང་བར་འགྱུར་བ་ཉིད་དུ་རྟོགས་པ་ཞེས་བྱ་བར་འགྱུར་བའི་མངོན་སུམ་དུ་
འགྱུར་བ་ཞེས་བྱ་བ་མ་ཡིན་ནམ། དེས་ན་དེའི་ཚེ་མེད་པ་ཕྱིས་འབྱུང་ངོ་ཞེས་བྱ་བར་འདོད་ན། འདི་ཡང་མངོན་སུམ་དུ་གྱུར་ཏོ་ཞེས་སྔོན་དུ་བྱུང་བ་ཉིད་དུ་རྟོགས་ཀྱི། ད་ལྟར་ཡོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །འགྱུར་མོད་ཇི་ལྟར་ད་ལྟར་ཡང་ཡོད་པ་ཡིན་ནོ་ཞེ་ན། ད་ལྟར་ཡང་ཡོད་པའི་ཕྱིར་ད་ལྟར་ཡང་
ཡོད་པ་ཡིན་ནོ་ཞེ་ན། འོ་ན་དབུས་སུ་ཇི་ལྟར་ཡོད་ཅེས་བྱ། །ད་ལྟར་མངོན་པར་ཉིད་ལས་ཏེ། །སྔར་མེད་པ་ནི་ད་ལྟར་དམིགས་པ་མ་ཡིན་ན། འོ་ན་འདི་མངོན་སུམ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། དེ་སྔོན་ཡོད་པ་ཉིད་དང་འབྲེལ་པ་མ་བཟུང་བའི་ཕྱིར་རོ། །བར་ཆད་མེད་པར་མཐོང་བ་ལ་
འབྲེལ་པ་འཛིན་ཏོ་ཞེ་ན་མ་ཡིན་ཏེ། བར་ཆད་མེད་པར་མཐོང་བ་ལ་ཚད་མ་མེད་པའི་ཕྱིར་རོ། །བར་ཆད་མེད་པར་ངས་མཐོང་ངོ་ཞེས་བྱ་བ་ཡང་དྲན་པ་ལས་གཞན་པའི་ཚད་མ་ནི་མ་ཡིན་ནོ། །དེ་ཉིད་ངོ་ཤེས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཚད་མ་ཉིད་གསལ་བར་བྱ་བ་ཡིན་པའི་ཕྱིར་རོ། །མི་སླུ་བའི་ཕྱིར་ཚད་
མ་ཡིན་ནོ་ཞེ་ན། དེའི་ཕྱིར་མི་སླུ་བ་འདི་དོན་མེད་པ་ཙམ་ལ་ཡིན་ཏེ། དོན་བྱ་བ་མེད་པ་ཡིན་གྱི་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་དེ་ཉིད་དོན། །བྱ་བ་དང་འབྲེལ་པའི་ཕྱིར། །དེ་ཉིད་ཀྱི་ཚེ་དོན་བྱ་བ་ཉམས་སུ་མྱོང་བར་འགྱུར་རོ། །དོན་བྱ་བ་མེད་པའི་ཕྱིར་རོ་ཞེ་ན།
དེ་ནི་ཇི་ལྟར་བྱ་བ་དང་འབྲེལ་པ་གཞན་དག་ཐ་མི་དད་ཕྱིས་དེ་ཉིད་ལ་དོན་བྱ་བ་མྱོང་བ་ཡིན་ནོ་ཞེས་བྱ་བ་ཡང་མི་འཐད་དེ་གང་གི་ཕྱིར་དེ་ལ་ཡང་དོན་བྱ་བ་གཞན་མི་སླུ་བ་ཁས་བླང་བར་བྱ་བ་ཡིན་ལ། དེ་ལ་ཡང་གཞན་ཡིན་པས་མཐར་ཐུག་པ་མེད་པར་མི་འགྱུར་རོ། །དེའི་ཕྱིར་ངོ་ཤེས་པ་ཚད་མ་ཡིན་ནོ་ཞེས་

བྱ་བ་འདི་ནི་གནས་པ་ཉིད་དོ། །དེའི་ཕྱིར་ཕྱི་མོ་འཛིན་པར་འབད་པའི་ཕྱིར་བར་མ་ཆོད་པ་མེད་པར་རིང་པོ་ལ་སོགས་པར་འཛིན་པ་མ་ཡིན་ནོ། །འོན་ཏེ་རྣམ་པར་ཤེས་པ་གཅིག་པར་སྐྱེ་བར་འདོད་ན་དེ་ཡང་མི་འཐད་དོ་འདི་ལྟར། དོན་དང་ཤེས་པ་མྱོང་བ་དག །གཅིག་པར་འབྱུང་བར་འདོད་
མིན་ཞིང་། །དོན་དང་ཤེས་པའི་བདག་ཉིད་དག །སོ་སོར་རྟོགས་པའང་ཡོད་མ་ཡིན། །ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་ཡིན་པའི་ཕྱིར་ཞེས་སྨྲས་པའི་ཕྱིར་རོ། །དོན་སྣང་བའི་ཤེས་པ་དང་དོན་ཡན་གར་བ་རྟོགས་པ་ཡང་མ་ཡིན་ཏེ། རང་གིས་རིག་པའི་རང་བཞིན་ཉིད་དུ་ཕྱི་རོལ་
གྱི་སྔོན་པོ་ལ་སོགས་པ་ཉིད་སྣང་བར་རྟོགས་ཀྱི། དེ་ལ་གཞན་ཡང་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་དེ་གཉིས་ཀ་རྣམ་པ་གཅིག་ཉིད་ཀྱིས་མ་འཕྲིགས་པ་ཡིན་ཏེ། དཔེར་ན་བདེ་བ་དང་དེ་རིག་པ་དག་བཞིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ་འདི་ལྟར། དོན་དུ་སྣང་བའི་རྣམ་ཤེས་དང་། །ཕྱི་རོལ་
གྱི་དོན་འབའ་ཞིག་ནི། །རྣམ་པ་གཅིག་ཕྱིར་གཟུང་མིན་ཏེ། །ཐ་དད་མེད་པར་ཐལ་ཕྱིར་རོ། །གལ་ཏེ་བདེ་བ་ལ་སོགས་པ་དག་དང་དེའི་བློ་ཡང་རྣམ་པ་གཅིག་ཉིད་ཡིན་ན་དེའི་ཚེ་དེ་ལ་ཐ་དད་པ་མེད་པ་ཉིད་དོ། །ཐ་དད་པར་སྣང་བ་མེད་པར་ཐ་དད་པ་མ་ཡིན་ཏེ། བདེ་བ་མྱོང་བ་ལ་འབའ་
ཞིག་གོ་ཞེས་རིགས་སོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ངོ་། །དེའི་ཕྱིར་འགྲོ་བ་འདི་ན་བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པ་ལས་གཞན་རིག་པ་མེད་པའི་ཕྱིར་ན་བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་རང་རིག་པ་ཡིན་ནོ་ཞེས་རིགས་པ་འདི་ནི་གདོན་མི་ཟའོ། །
འོན་ཏེ་འདིར་རིག་པ་གཞན་ཐ་དད་པར་གསལ་བ་ཉིད་དུ་རྟོགས་པ་མེད་པ་དེ་ལྟ་ན་ཡང་དེ་ཡོད་པ་ཉིད་དེ། དཔེར་ན་གཟུགས་ལ་སོགས་པ་ངེས་པའི་སྣང་བ་བཞིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར། ལེགས་པར་རྟོགས་པའི་ཁྱད་པར་གྱིས། །མྱོང་བ་ལེགས་པར་རྟོགས་མེད་པའི། །དོན་དང་
དོན་ཤེས་གང་དེ་དག །ཕྱི་ནས་ཇི་ལྟར་སོ་སོར་དྲན། །སྣང་བ་ཡང་གལ་ཏེ། དེ་ལ་ཐ་དད་པར་འཛིན་པའི་ཚད་མ་འགའ་ཡང་མེད་ན་ཐ་དད་པ་མེད་པ་ཁོ་ནའོ། །རིག་པ་དང་ཐ་དད་པ་མཚོན་པ་ཡིན་ན་ཐ་དད་པར་བརྟགས་པ་ཡིན་ཏེ་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རིག་པ་ནི་ཐ་དད་པ་མ་ཡིན་

ནོ། །སྣང་བ་ནི་སྔོན་པོ་ལས་ཐ་དད་པས་རེས་འགའ་འབབ་ཞིག་དམིགས་པ་ཡིན་ལ། འགའ་ཞིག་ན་གཟུགས་ཀྱང་དམིགས་པ་ཡིན་ནོ། །དེས་ན་ཇི་ལྟར་གཟུགས་འབའ་ཞིག་གམ་སྣང་བ་འབའ་ཞིག་གམ། སྣང་བ་དང་བཅས་པའི་གཟུགས་ཡིན་པ་དེ་བཞིན་
དུ། རྣམ་པར་ཤེས་པ་འབའ་ཞིག་དང་། རིག་པ་དང་བཅས་པའི་དོན་ཡིན་པའི་ཕྱིར་སྣང་བ་གཉིས་སུ་འགྱུར་རོ། །དོན་དང་དོན་གྱི་ཡིད་དག་ནི། །མྱོང་བར་རིམ་གྱིས་སྐྱེ་བ་ལའང་། །སྣང་བ་སྣ་ཚོགས་པ་ཉིད་ཀྱི། །བརྩད་པའི་སྐྱོན་འདི་གདོན་པར་དཀའ། །ཇི་ལྟར་ཅིག་ཅར་མྱོང་བ་ཁས་
ལེན་པ་ལ་དོན་དང་དོན་སྣང་བའི་སྣང་བ་གཉིས་སུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་སྐྱོན་གདོན་པར་དཀའ་སྟེ་དེ་བཞིན་དུ་རིམ་པ་ལ་ཡང་ངོ་། །འདི་ལྟར་རེ་ཞིག་དོན་རིག་ཅིང་། །དེས་ན་དོན་སྣང་རིག་པ་ཡིན། །དོན་རིག་པ་ན་དག་པ་ཡི། །རིམ་པ་ཙམ་དུ་འགྱུར་མ་ཡིན། །དོན་རིག་པ་རིག་པ་གཞན་གྱིས་
རིག་པ་ན། །དོན་རིག་པའི་རང་བཞིན་དུ་རིག་པ་ཡིན་ཏེ། དེས་ན་དོན་གཉིས་སུ་སྣང་བར་ཐལ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེའི་རིག་པ་གཞན་གྱིས་དོན་གྱི་རིག་པ་ཡིན་ནོ་ཞེས་ཇི་ལྟར་རིགས། དེའི་ཕྱིར་དུས་ཕྱིས་ཀྱང་དོན་སྣང་བར་མི་འགྱུར་ན། དེ་ལྟ་ཡང་མ་ཡིན་ནོ། །འདི་ལྟར་སྔོན་པོ་ལ་སོགས་པའི། །
རྣམ་པ་གཅིག་ཉིད་ཉམས་མྱོང་གཅིག །རྟོགས་ཀྱི་སྔོན་པོར་སྣང་བ་ནི། །མྱོང་ལ་མྱོང་བ་གཞན་མ་ཡིན། །འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། ཅི་ཉེས་པ་འདི་ཤེས་པ་ཅིག་ཅར་བའི་ཕྱོགས་སམ་རིམ་གྱིས་པའི་ཕྱོགས་ལ་ཡིན། གལ་ཏེ་ཅིག་ཅར་བ་ཡིན་ན། དེ་ནི་མི་རུང་སྟེ། ཅིག་ཅར་ནི་སྔོན་
པོའི་རྣམ་པ་དང་རིམ་པ་གཉིས་མྱོང་བ་མེད་དོ། །འོན་ཏེ་རིམ་གྱིས་པ་ཡིན་ན་དེའི་ཚེ་ཡང་རིམ་པ་ཙམ་ཕྱིས་དྲན་པས་རྟོགས་པ་མ་ཡིན་ཏེ། སྔོན་པོ་དང་བཅས་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེས་ན་སྐྱོན་འདི་ནི་མ་ཡིན་ནོ་ཞེ་ན། མ་ཡིན་པ་ཡང་ཡིན་ཏེ། འདིའི་དོན་འདི་ཡིན་ནོ། །སྔོན་པོ་ལ་
སོགས་པའི་རྣམ་པ་མྱོང་བ་དང་གཅིག་པ་ཉིད་དམ། སྔོན་པོ་སྔོན་པོ་ལ་སོགས་པའི་རྣམ་པ་དང་གཅིག་ཡིན་གྱི། སྔོན་པོ་ལ་སོགས་པ་སྣང་བའི་མྱོང་བ་ལ་དོན་ལས་མ་རྟོགས་པའི་མྱོང་བ་གཞན་ནི་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཡང་ན་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་དང་བདེ་

བ་མྱོང་བའི་རང་བཞིན་གཅིག་རིག་གི་བདེ་བ་ལ་སོགས་པ་རིག་པ་ལ་འཛིན་པར་བྱེད་པ་གཞན་ནི་མ་ཡིན་ཏེ། དེ་ལ་ཡང་གཞན་དགོས་པས་ཐུག་པ་མེད་པས་རིག་པ་མྱོང་བ་མཐའ་མེད་པར་འགྱུར་རོ། །དེ་ནི་སྐབས་ཉིད་ལ་འཇུག་པར་བྱའོ། །ཤེས་པ་གཞན་གྱིས་རྗེས་མྱོང་བ། །འགྱུར་བ་དེ་
ལའང་དྲན་པ་མཐོང་། །དེ་ནི་གང་གིས་མྱོང་བ་ཡིན། །གལ་ཏེ་དེ་ཡང་གཞན་གྱིས་ན། །ཤེས་རིག་འབྲེལ་པ་རྗེས་འབྲེལ་ཅན། །འདི་སྐྱེད་དེ་ནི་གང་ཞིག་ཡིན། །གལ་ཏེ་ཤེས་པ་ཤེས་པ་གཞན་གྱིས་མྱོང་བ་ཡིན་ན། དེ་ཇི་ལྟར་རྟོགས་པར་བྱ། དེར་ཡང་དྲན་པ་མྱོང་བའི་ཕྱིར་རོ། །འོན་ཏེ་
ཤེས་པ་གཞན་གྱིས་རིག་པ་ཡིན་ཏེ། དེ་ཡང་དྲན་པ་ཉིད་ཚད་མ་ཡིན་ནོ། །དེའི་ཚེ་ཤེས་པ་དང་དེ་རིག་པ་རྣམས་ཀྱིས་འབྲེལ་པ་རྗེས་སུ་འབྲེལ་པ་དང་ལྡན་པ་འདི་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན། གལ་ཏེ་སྔ་བློ་དེ་ཉིད་ན། །ཡུལ་གཞན་ལ་ནི་འཕོ་མི་འགྱུར། །ཕྱི་མ་ཕྱི་མས་སྔ་མ་ཉིད་འཛིན་གྱི།
སྔོན་པོ་ལ་སོགས་པའི་ཡུལ་ནི་མ་ཡིན་པས་དེ་འཛིན་པ་ཉིད་དུ་མི་འགྱུར་བ་ཁོ་ནའོ། །འདི་ལྟར། གཟུང་བའི་མཚན་ཉིད་ཀྱིར་གྱུར་པ། །ཉེས་པ་སྐྱེད་བྱེད་བློ་དེ་དག །མི་འཛིན་པར་ནི་ཤེས་ཕྱི་མ། །ཇི་ལྟར་གཞན་ནི་འཛིན་པར་འགྱུར། །བདག་ལ་ཤེས་སྐྱེད་རང་བཞིན་དུ། །ངེས་པའི་ནང་གི་ཡན་
ལག་ནི། །དེ་དག་ནི་གཞན་ཕྱི་མ་ཡི། །ཡན་ལག་གང་གི་གེགས་བྱེད་འགྱུར། །གལ་ཏེ་བློ་རང་ཉིད་རིག་པའི་རང་བཞིན་དུ་གྱུར་པས་དོན་འཛིན་ན་ནི་དེའི་ཕྱིར་ཇི་ལྟར་ཉེས་པའི་དོན་འཛིན་པའི་ཕྱིར་ཡུལ་གཞན་ལ་འཕོ་བར་འགྱུར་རོ། །གང་གི་ཚེ་བློ་བློ་གཞན་གྱིས་འཛིན་པ་དེའི་ཚེ་ནི་ཤེས་པ་སྔ་
མ་བློ་ཕྱི་མས་གཟུང་བའི་མཚན་ཉིད་དུ་གྱུར་ཅིང་། ཉེ་བར་གནས་པ་དེ་མི་འཛིན་པར་སྔོན་པོ་ལ་སོགས་པར་འཛིན་པར་ཇི་ལྟར་འགྱུར། བདག་དང་འབྲེལ་པ་ཉིད་ཀྱིས་ཉེ་བར་གྱུར་པའི་གཟུང་བར་བྱ་བ་བོར་ནས་གནས་གཞན་འཛིན་པར་ནུས་པ་ནི་འཐད་པ་མ་ཡིན་ནོ། །འོན་ཏེ་ཕྱི་རོལ་ཉེ་བར་
གནས་པ་དེ་གེགས་བྱེད་པ་ཡིན་པའི་ཕྱིར་ཡུལ་གཞན་འཕོ་བ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། འདི་ལྟར། ཕྱི་རོལ་དོན་ནི་ཉེ་བས་ཀྱང་། །དེ་ལ་གསལ་བྱེད་ནུས་མ་ཡིན། །གཞན་དུ་ཡུལ་དུ་ཉེ་བ་ན། །འགའ་ཡང་བློ་མྱོང་མི་འགྱུར་རོ། །དེ་ལྟ་ཡིན་དང་དྲན་པ་མེད་པར་འགྱུར་རོ། །འོན་ཏེ་གེགས་

བྱེད་པ་མེད་པ་ཅན་མྱོང་བ་ཅན་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། དོན་དེ་མིན་པའི་གནས་སྐབས་འགའ། །ཡོད་མིན་དས་ན་རྩ་བ་ནི། །མེད་ན་བློ་ཡི་དྲན་པ་ཡང་། །མེད་ཕྱིར་འདོད་པ་ཨ་རེ་མཚར། །དོན་ཅེས་བྱ་བ་དྲན་པ་ཙམ་དུ་འགྱུར་གྱི་ཉམས་སུ་མྱོང་ངོ་ཞེས་
བྱ་བ་ནི་མ་ཡིན་ཏེ། འོན་ཏེ་དོན་གྱིས་གོ་བས་ན་ཉམས་སུ་མྱོང་བའི་དོན་གྱིས་རང་གི་མྱོང་བ་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། གང་གི་ཚེ་དོན་མྱོང་བ་ཉིད་མེད་པར་གྱུར་པ་དེའི་ཚེ། དོན་གྱིས་གོ་བ་ཡང་ངོ་། །གང་གི་ཚེ་དོན་གྱིས་གོ་བ་ཡང་དོན་གྱིས་གོ་བ་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པ་ཉིད་
དོ། །དེའི་ཕྱིར་མྱོང་བ་ཉམས་སུ་མྱོང་བར་གྱུར་པ་དྲན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་དོན་གྱིས་གེགས་བྱེད་པའི་ཕྱིར་ཉམས་སུ་མྱོང་བ་མེད་ཅིང་དྲན་པ་ཡང་མེད་པར་འགྱུར་རོ། །ཡོད་ཙམ་ལས་ཀྱང་དོན་མྱོང་བ་མ་ཡིན་ནོ། །དབང་པོ་དང་འབྲེལ་པས་སོ་ཞེ་ན། དེ་ཡང་གང་ལས་
རྟོགས་པར་བྱ། །དབང་པོ་དང་འབྲེལ་པ་གཞན་ལས་སོ་ཞེ་ན་ཐུག་པ་མེད་དོ། །འདས་སོགས་རྣམ་རྟོག་གང་དག་ལ། །དོན་ཉེ་བ་ནི་ཡོད་མིན་ལ། །འཕོ་བའི་རྒྱུ་ནི་མེད་པའི་ཕྱིར། །དོན་ལ་དཔྱོད་པར་མི་སྲིད་འགྱུར། །འདས་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ནི་དབང་པོ་དང་འབྲེལ་
པ་མ་ཡིན་ཏེ། དེས་ན་ཇི་ལྟར་ཉམས་སུ་མྱོང་བ་ཉིད་དུ་ངེས། །དེའི་ཕྱིར་དོན་ལ་སེམས་པར་མི་འགྱུར་གྱི། །སེམས་པ་ལ་སོགས་པ་སེམས་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་དེར་ཡང་ཡུལ་དང་དུས་གཞན་གྱི་བདག་ཉིད་ཅན་གྱི་དོན་ཡོད་པ་ཡིན་ནོ་ཞེ་ན། འོ་ན་ནི་དེའི་ཚེ་ཐམས་ཅད་དུ་
གེགས་བྱེད་པར་འགྱུར་བ་ཡིན་ལ་དེ་ལྟ་ཡིན་དང་འཕོ་བར་མི་འཕོ་བར་འགྱུར་བ་ཁོ་ན་སྟེ། དེ་ཉིད་ཀྱིས་བཟློག་པའི་ཕྱིར་རོ། །དབང་པོའི་རྣམ་པར་ཤེས་པ་ལ་ནི་དོན་ཉེ་བར་གནས་པ་ཉིད་གེགས་བྱེད་པ་ཡིན་ཏེ། དེས་ན་བློ་དང་དེས་རིག་པ་དག་རྒྱུན་རྣམ་པར་འཆད་པར་འགྱུར་ལ་རེས་འགའ་བ་ནི་
དེ་ལྟ་མ་ཡིན་པར་འགྱུར་གྱི། དཔྱོད་པའི་རྒྱུན་ལ་ནི་དོན་ཆད་པ་ཡང་ཡུལ་ཡིན་པའི་ཕྱིར་གཏན་དུ་གེགས་བྱེད་པ་ཡོད་པས་ན། དེར་དོན་ཉིད་རིག་པར་འགྱུར་གྱི་རིག་པ་མ་ཡིན་པའི་ཕྱིར་རིག་པ་དྲན་པར་མི་འགྱུར་རོ། །འོན་ཏེ་གེགས་བྱེད་པ་མ་ཡིན་ན། དེ་ལྟ་ཡིན་ན་སེམས་པ་སེམས་པ་ལ་སོགས་

པའི་རྒྱུན་རིག་པ་ཉིད་དུ་འགྱུར་བས་དོན་ལ་སེམས་པ་མི་སྲིད་པར་འགྱུར་རོ། །འོན་ཏེ་ཡང་གང་གིས་བདག་ལ་ཤེས་པ་སྐྱེད་པར་བྱེད་པ་ནུས་པ་འགའ་ཞིག་ཡོད་པ་ཡིན་ལ་དེ་རིམ་གྱིས་ཟད་པར་གྱུར་པས་ན། ཡུལ་གཞན་ལ་འཕོ་བར་འགྱུར་བ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་འདི་ལྟར། གལ་ཏེ་
བདག་ལ་ཤེས་སྐྱེད་པའི། །ནུས་པ་རིམ་གྱིས་ཟད་པ་ན། །ཡུལ་གཞན་ལ་ནི་འཕོ་འགྱུར་ན། །དོན་བློ་དེ་ཉིད་གང་ལས་ཡིན། །གལ་ཏེ་བློ་སྔ་མ་བློ་འཛིན་པ་ལ་ནུས་པ་མེད་པ་ཡིན་ན་ནུས་པ་དང་བྲལ་བས་ན་ཡུལ་གཞན་ལ་འཕོ་བར་འདོད་པའི་དོན་གྱི་བློ་དེ་ཉིད་མེད་པར་འགྱུར་རོ། །ནུས་པ་སྐྱེད་
པར་བྱེད་པ་ཡིན་གྱི་མི་ནུས་པ་ནི་མ་ཡིན་ནོ། །དེའི་ཕྱིར། སྔར་གྱི་བློ་ནི་ནུས་ཟད་ན། །དོན་ལ་འཕོ་བར་མི་འགྱུར་ཏེ། །འདི་ལྟར། བློ་སྔོན་མེད་པར་བློ་མ་ཡིན། །ཅིའི་ཕྱིར་ཞེ་ན། དོན་གཞན་ཆགས་ཞེས་ནུས་ཉམས་ན། །ཤེས་པ་སྐྱོ་བ་མ་རྟོགས་ཕྱིར། །གལ་ཏེ་བློ་སྔ་མ་རྒྱུ་ཉིད་མ་ཡིན་ནོ་དོན་
གཞན་ལ་ཆགས་པས་ནུས་པ་ཉམས་ཀྱང་བློ་གནས་སྐྱེས་པར་འགྱུར་ཏེ། རྒྱུ་མ་ཡིན་ན་མི་མཐུན་པའམ་མི་མཐུན་པ་མ་ཡིན་ཡང་རུང་སྟེ། གཞན་ཐོབ་པའམ་ཅིག་ཤོས་ཀྱང་མེད་པ་མ་ཡིན་ནོ། །དེས་ན་བློ་སྔ་མ་རྒྱུ་ཉིད་ཡིན་པས་དེ་ནུས་པ་མེད་པའི་ཕྱིར་དོན་གྱི་བློར་མི་འགྱུར་བས་ན་ཡུལ་གཞན་ལ་འཕོ་
བ་ཤིན་ཏུ་ཡང་མེད་པར་གསལ་ལོ། །འོ་ན་ནི་གང་ཞིག་རྣམ་པར་ཤེས་པ་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ན་དེའི་ལྟར་ན་རྣམ་པ་ཤེས་པ་སྔ་མ་རྒྱུ་མ་ཡིན་པ་ཉིད་དེ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ལས་ཅིག་ཅར་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ། །དེས་ན་
དེད་ལ་ཡང་རྒྱུ་མ་ཡིན་ནོ། །འཇུག་པའི་རྣམ་པར་ཤེས་པ་སྔ་མའི་རྒྱུ་ཡིན་ན་ནི་འབྲས་བུ་དེ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་མ་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བཤད་པ། ཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། །ཤིན་ཏུ་གསལ་
བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་ཡིན། །གང་ཞིག་ཀུན་གཞི་རྣམ་པར་ཤེས་པ་རྒྱུ་མ་ཡིན་པ་དེའི་ལྟར་ན། གང་ལས་རེས་འགའ་ཅིག་ཅར་རིགས་མི་མཐུན་པའི་རྣམ་པར་ཤེས་པ་སྐྱེ་ཡང་འཇུག་པའི་རྣམ་པར་ཤེས་པ་དོན་གཞན་

ལ་ཆགས་པས་མི་མཐུན་པར་གྱུར་པ་ཤིན་ཏུ་གསལ་བ་གཅིག་གིས་མི་མཐུན་པར་བྱ་བའི་ཕྱིར་ཡང་ཀུན་གཞི་ལས་གཞན་འབྱུང་བ་མ་ཡིན་ནོ། །དེས་ན་དེར་ཡང་ཉིད་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །འོ་ན་དེ་ཉིད་ལས་མཐུན་པ་དང་མི་མཐུན་པའི་རྣམ་པར་
ཤེས་པ་མི་སྐྱེ་བ་སྐྱེ་བ་ཡིན་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པས་ཅི་ཞིག་བྱ་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་བསམ་པ་འདི་ཞོག་ཅིག །ཡང་ན་དེའི་བག་ཆགས་ཀྱི་གཞི་ཀུན་བརྟགས་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །གལ་ཏེ་རྣམ་པར་ཤེས་པ་སྔ་མ་རྒྱུར་མི་འདོད་ན་ནི་དེའི་ཚེ། དེ་ལྟ་མིན་
ན་ཡིད་འཇུག་ནི། །མཚུངས་ལ་ཡིད་གཞན་ལྟོས་མི་འགྱུར། །གལ་ཏེ་རྒྱུ་ཡིན་ན་སྔ་མའི་ཡིད་འཇུག་པར་མཚུངས་པ་ལ་ནི་ཡིད་ཕྱི་མ་ལྟོས་པར་འགྱུར་ཏེ། རྒྱུ་མ་ཡིན་པ་ནི་ལྟོས་པར་བྱ་བ་ཉིད་དུ་འཐད་པའི་ཕྱིར་རོ། །དེས་ན་ལྟོས་པའི་ཕྱིར་འདི་ནི་རྒྱུ་ཉིད་དོ་ཞེས་བྱ་བ་ནི་
རིགས་པ་དང་ལྡན་པའི་ངེས་པ་ཡིན་ནོ། །གཞན་ཡང་། ཡིད་ཤེས་རིམ་བཞིན་སྐྱེ་བས་ཀྱང་། །ལྟོས་པ་རབ་ཏུ་གྲུབ་པ་ཡིན། །ཡིད་ཀྱི་རྣམ་པ་ཤེས་པའི་རྒྱུ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཙམ་ཉིད་རྒྱུ་ཡིན་ནོ། །དེ་ཡང་རྒྱུ་མ་ཡིན་ན་ནི་རྒྱུ་མེད་པ་ཅན་ཡིན་པའི་ཕྱིར་ཅིག་ཅར་སྐྱེ་བར་འགྱུར་རོ། །
དེའི་ཕྱིར་ཤེས་པ་ཕྱི་མ་ནི་ཤེས་པ་སྔ་མའི་རྒྱུ་ཅན་ཉིད་ཡིན་པས་ན། རྣམ་པར་ཤེས་པ་སྔ་མའི་ནུས་པ་མེད་ན་འགའ་ཡང་མེད་པར་འགྱུར། ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལས་མི་འགྲོ་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །གལ་ཏེ་
ཡིད་ནི་གཅིག་ཉིད་དོ། །དེ་ལ་ཡང་གཞན་དུ་སོང་བས་གཞན་དུ་མི་འགྲོ་བའི་ཕྱིར་རྣམ་པར་ཤེས་པ་སྔ་མ་ནི་རྒྱུ་མ་ཡིན་པ་ཉིད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར་ཡིད་དེ་ཡང་རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་ཏེ། དེ་ལས་གཞན་ཚད་མ་གྲུབ་པ་ནི་མ་ཡིན་ནོ། །དེའི་རྣམ་པར་ཤེས་པ་ཅིག་ཅར་
མི་སྐྱེ་བས་བསྒྲུབ་པར་བྱ་བ་ཡིན་ལ། དེ་ཡང་རྣམ་པར་ཤེས་པ་སྔ་མས་གཞན་ལ་ཆགས་པས་མི་མཐུན་པར་འགྱུར་བ་ཉིད་ལས་ཡིན་ནོ། །ལྷན་ཅིག་སྐྱེས་པ་ཡང་རེས་འགའ་དམིགས་སོ། །འཇུག་པ་མཚུངས་ལའང་མཚུངས་པའི་ཕྱིར། །ཐམས་ཅད་ཚེ་གཞན་རྟོགས་མི་འགྱུར། །གང་

ཞིག་ཡིད་གཅིག་པས་བྱས་པས། །རྣམ་པར་ཤེས་པ་གཞན་མི་སྐྱེ་བ་དེའི་ལྟར་ན་མཚུངས་པར་འཇུག་པ་དང་གཞན་དུ་རུང་སྟེ། ཐམས་ཅད་ཀྱི་ཚེ་མི་སྐྱེ་བར་འགྱུར་རོ། །ངེད་ཀྱི་ལྟར་ན་ནི་མཉམ་པར་འཇུག་པ་ལ་ནི་སྐྱེ་ལ། གཞན་དུ་ནི་མི་སྐྱེ་བའི་ཕྱིར་ཅུང་ཟད་ཀྱང་འགལ་བ་མེད་དོ། །ཡིད་མེད་
པར་རིམ་པར་ཇི་ལྟར་འགྱུར་ཞེ་ན་རྣམ་པར་ཤེས་པ་མི་མཐུན་པར་གྱུར་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །བདག་ཡིད་ལྡན་པ་ཙམ་ལས་ནི། །སྐྱེ་བ་གཅིག་ཀྱང་སྐྱེ་བར་འགྱུར། །གང་ལ་རིམ་གྱིས་འགྱུར་བ་དེ་ལ་ནི་ཡུལ་གཞན་རྟོགས་པ་ཡོད་པ་མ་ཡིན་ནོ། །བདེ་བ་ལ་སོགས་པའི་འཁོར་ལོ་ནི་
བདག་དང་ཡིད་འབྲེལ་པ་ཙམ་ལས་སྐྱེས་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འོན་ཏེ་ཡིད་གཅིག་ཉིད་ཡིན་པའི་ཕྱིར་ན་བློའི་བྱ་བ་གཅིག་བྱེད་པར་འགྱུར་ན། དེ་ནི་མི་རུང་སྟེ། འདི་ལྟར། གཅིག་ལས་བྱ་བ་གཅིག་ཡིན་ན་འང་། །ཇི་ལྟར་མར་མེ་དུ་མས་མཐོང་། །ཇི་ལྟར་མར་མེ་གཅིག་
གིས་ཀྱང་མཐོང་བ་དུ་མ་སྐྱེད་པ་དེ་བཞིན་དུ་ཡིད་ཀྱང་འགྱུར་རོ། །འོན་ཏེ་ལྟ་བ་པོ་དུ་མའི་དབང་གིས་སོ་ཞེ་ན། འདི་ལ་ཡང་བཟུང་བ་དུ་མའི་དབང་གིས་ཡིན་པར་མཚུངས་སོ། །ཡིད་ནི་རྒྱུ་ཡང་མ་ཡིན་ཏེ། །བག་ཆགས་ལས་ངེས་པའི་ཕྱིར་རྣམ་པར་ཤེས་པ་དེ་ལྟ་བུར་གྱུར་པ་ཡིན་ནོ། །ཡིད་ནི་རྟག་པའི་
ཕྱིར། རིམ་གྱིས་ཀྱང་ནུས་མེད་འགྱུར་ཏེ། །ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །རྟག་པ་ནི་འགགས་ཀྱང་ཁྱད་པར་དུ་འགྱུར་བ་མ་ཡིན་ཏེ། ཁྱད་པར་དེ་ཉིད་དང་གཞན་མི་རུང་བའི་ཕྱིར་རོ། །གང་གི་ཕྱིར། དེ་བདག་ཁྱད་པར་འགྱུར་བ་ཡིན། །གལ་ཏེ་གཞན་ན་དེ་ཅི་ཡིན། །དེ་དང་འབྲེལ་ནའང་འདི་དེ་
ཡིན། །མི་འགྱུར་རང་བཞིན་གཅིག་པ་ཉིད། །འདི་ལུས་སྐྱེས་བུ་བཤད་པ་ཡིན། །གང་དག་ལུས་དང་སྐྱེས་བུ་དག་གཅིག་ཡིན་པའི་ཕྱིར་བྱ་བ་གཅིག་ཁོ་ནའོ་སྙམ་དུ་སེམས་པ་དེ་ཡང་། ཅིའི་ཕྱིར་མར་མེ་དུ་མ་ཡོད། །རིམ་གྱིས་ཀྱང་ནི་མེད་འགྱུར་ཏེ། །ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །ཞེས་
བྱ་བ་འདིས་རྟོགས་པ་ཉིད་དོ། །འོན་ཏེ་དེ་ཁྱད་པར་ཡོད་པ་ཡིན་ན། །དེའི་ཚེ་ནུས་པ་ཁྱད་པར་ཅན་དང་ལྡན་པའི་རྣམ་པར་ཤེས་པ་དེ་ཉིད་དེའི་རིམ་པའི་ཕྱིར་ལུས་དང་སྐྱེས་བུ་དག་རྒྱུ་དག་ཉིད་དུ་ཁས་ལེན་པ་ནི་མེད་དོ། །གལ་ཏེ་འདུ་བྱེད་ལས་ངེས་ན། །དེ་ཕྱིས་གང་ལས་བློ་ཉིད་ལས། །ཞེ་ན་ཡིན་

མོད་འདོད་པ་ཉིད། །འདུ་བྱེད་ཀྱང་གནས་པ་ཉིད་པས་དེ་ལས་ངེས་པ་མ་ཡིན་ནོ། །འོན་ཏེ་ཕྱིས་སྐྱེ་ན་དེ་ལས་ཤེས་པ་ལས་སྐྱེས་པའི་རྒྱུ་འདུ་བྱེད་ཡིན་པའི་ཕྱིར་བློ་ཉིད་ལས་འདུ་བྱེད་ཡིན་ནོ། །གལ་ཏེ་དེ་ལྟར་ན་འདི་བདག་ཅག་གི་འདོད་པ་ཉིད་ཡིན་ནོ། །བློས་སྐྱེས་པའི་
འདུ་བྱེད་ནི་བག་ཆགས་ཞེས་བྱ་བའི་མིང་གི་རྣམ་གྲངས་ཅན་ཡིན་ཏེ། དེས་ན་ངེས་པའི་བློ་སྔ་མ་ཉིད་ལས་ཏེ། གཞན་ཡང་ཚད་མ་མེད་པའི་ཕྱིར་རོ། །བློ་ལས་མ་གཏོགས་པའི་བག་ཆགས་ཞེས་བྱ་བའི་བག་ཆགས་ཞེས་བྱ་བ་ནི་ཡིན་ནོ། །འོན་ཏེ་ཡང་ཤེས་པ་གཞན་ནི་སྐྱེད་བྱེད་ཙམ་དུ་ཟད་ཀྱི་
གཟུང་བ་ནི་མ་ཡིན་ནོ། །དེས་ན་བློ་སྔ་མ་སྐྱེད་པར་བྱེད་པ་ཡིན་ཡང་གཟུང་བ་མ་ཡིན་ཏེ། དེའི་ཕྱིར་ཡུལ་གཞན་ལ་འཕོ་བ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། གཟུང་ལ་གཟུང་ཉིད་སྐྱེད་བྱེད་པས། །གཞན་མིན་སྐྱེད་བྱེད་ཉིད་མཚན་ཉིད། །གཟུང་བར་བྱ་བའི་དངོས་པོ་ལ་ནི་ཤེས་
པ་སྐྱེད་པར་བྱེད་པ་ཉིད་གཟུང་བའི་མཚན་ཉིད་ཡིན་ནོ། །འདི་ལྟར། སྣང་བ་གཟུང་ཡིན་མ་ཡིན་མིན། །ཆ་མེད་པ་ལའང་ཕྲ་སོགས་མེད། །སྣང་བ་ནི་ནམ་ཡང་གཟུང་བ་མ་ཡིན་པར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མི་སྲིད་དོ། །ཐམས་ཅད་ཀྱང་གཟུང་བར་བྱ་བ་ཉིད་དེ། དེ་ལྟ་བུ་ཉིད་དུ་མཐོང་བ་
ཡིན་ནོ། །འོན་ཏེ་སྣང་བ་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར། ཕ་རོལ་གྱི་ཆ་ལ་སོགས་པ་སྐྱེད་བྱེད་ཡིན་ཡང་གཟུང་བ་མ་ཡིན་གྱི། ཆ་མེད་པའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། ཆ་མེད་པ་ཉིད་ཀྱི་ཕྱིར་རོ། །སྣང་བ་ནི་ཆ་དང་བཅས་པའི་ཕྱིར་རོ་དེ་ལྟར་འཐད་དོ། །གཟུང་བའི་ནུས་པ་ཉམས་འགྱུར་
གྱི། །སྐྱེད་བྱེད་བདག་ཉིད་གཞན་མིན་ན། །དེ་ནི་མི་རིགས་ཏེ་འདི་ལྟར། གཟུང་བའི་མཚན་ཉིད་ཅན་ལ་ནི། །གཟུང་ལས་སྐྱེད་བྱེད་གཞན་མེད་དེ། །གཟུགས་སོགས་དེ་ལྟར་མིན་པར་ནི། །བློ་ལ་དངོས་སུ་ཕན་འདོགས་མེད། །གཟུང་བ་ནི་བརྒྱུད་པས་ནི་གཟུང་བ་མ་ཡིན་པར་བློ་ལ་འདོགས་
པར་འགྱུར་གྱི། དངོས་སུ་ནི་མ་ཡིན་པར་ཕན་འདོགས་པ་མི་སྲིད་པས་སྐྱེད་པར་བྱེད་པའི་བློ་ནི་གཟུང་བ་ཉིད་དོ། །གཟུང་བའི་མཚན་ཉིད་ལས་འདི་ཡིས། །དེ་དངོས་ངེས་པ་གཞན་ཅི་ཡོད། །བློ་ལའང་དེ་ཡོད་དེ་ཡི་ཕྱིར། །དེ་ཡང་དེ་ཉིད་དུ་རྣམ་གནས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་

བཅད་པའོ། །དེའི་ཕྱིར་བློ་ནི་གཟུང་བ་མ་ཡིན་པ་མ་ཡིན་ནོ། །གང་གི་ཕྱིར། འཛིན་པ་ཡི་ནི་ཉེར་ལེན་དང་། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། །སེམས་ཀྱི་གཟུང་བ་ཉིད་ནི་འཛིན་པའི་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་དངོས་པོ་དང་། མྱོང་བ་ཉིད་ཡིན་ན་ནི་འདིར་གཞན་ཕྲ་བ་ཉིད་ལ་སོགས་པས་
གཟུང་བ་མ་ཡིན་པ་ནི་མ་ཡིན་ནོ། །གལ་ཏེ་ཉེ་བར་ལེན་པའི་དངོས་པོ་ཉིད་གཟུང་བ་ཡིན་ན། ཉེ་བར་ལེན་པའི་དངོས་པོ་དེ་ཡང་རང་གི་བློ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་གྱི་བློ་ཡང་རིག་པར་ཐལ་བར་འགྱུར་རོ། །གཞན་གྱི་སེམས་མི་འཛིན་པ་ནི་ཉེ་བར་ལེན་པའི་དངོས་པོ་མ་ཡིན་པའི་ཕྱིར་རོ། །
གཟུགས་ལ་སོགས་པ་ནི་རྒྱང་རིང་བ་དང་ཕྲ་བ་ལ་སོགས་པའི་ངོ་བོས་མི་འཛིན་པ་ལ་དབང་པོའི་རྣམ་པར་ཤེས་པའི་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཡུལ་རྣམ་པར་དབྱེ་བའོ། །གལ་ཏེ་བློ་ཡང་གཟུང་བ་མ་ཡིན་ན་དེ་ཡང་མིག་ལ་སོགས་པ་བཞིན་དུ་གཟུང་བ་ཉིད་དུ་མི་འགྱུར་བ་ཁོ་ནའོ། །
འོན་ཏེ་བློ་ནི་དོན་གོ་བས་རྟོགས་པ་དེས་ན་དྲན་པ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། ཐམས་ཅད་དུ་དོན་གྱིས་གོ་བ་མེད་པའི་ཕྱིར་རོ། །གང་ཚེ་ཀ་བ་བུམ་པ་ལ་སོགས་པ། །བརྟད་དང་བཅས་པས་འགྲང་བྱེད་པ། །དེ་ཚེ་སྤྲོས་ནི་རབ་མང་བས། །དོན་གྱིས་གོ་བ་སྐྱེ་མི་འགྱུར། །རིང་བ་དང་
བཅས་པས་འབྲང་བ་དེ་ལ་ནི་དོན་གྱིས་གོ་བ་སྐྱེ་བ་མ་ཡིན་ནོ། །འོན་ཏེ་དེར་ཡང་དོན་གྱིས་གོ་བར་འཇུག་པ་ཡིན་ནོ། །ཞེ་ན་མ་ཡིན་ཏེ། འཇུག་པ་རྟོགས་པ་མེད་པའི་ཕྱིར་རོ། །དོན་གོ་ཡོད་པའི་དངོས་པོ་ནི། །ཐ་དད་པ་ཡི་རྟོགས་པར་འགྱུར། །འདི་ནི་དོན་དམ་དོན་རིག་གམ། །འོན་ཏེ་གཉི་ག་
ལས་སྐྱེས་འགྲང་། །རེ་ཞིག་དོན་ལས་མིན་དོན་ལས། །བློ་རྣམས་ཐམས་ཅད་རྟོགས་པར་འགྱུར། །དོན་རྟོགས་ལས་ཀྱང་ང་ཡི་ཞེས། །དེ་ལྟར་དོན་བློ་རྟོགས་མི་འགྱུར། །དེ་ཉིད་གཉི་ག་ནི། ལས་ཀྱང་རྟོགས་པ་འགྲུབ་མ་ཡིན། །དེ་ཡི་ཕྱིར་ན་རང་རིག་པ། །ཉིད་ཕྱིར་བདག་ཉིད་རིག་པར་
གནས། །གལ་ཏེ་དོན་ཉིད་ལས་རང་རིག་པ་རྟོགས་པ་ཡིན་ན་རིག་ཙམ་རྟོགས་པར་འགྱུར་གྱི། བདག་གི་རིག་པ་ནི་མ་ཡིན་ནོ། །འོན་ཏེ་དོན་རིག་པ་ལས་ཡིན་ནོ་ཞེ་ན། དོན་རིག་པ་དེ་ཉིད་དོན་གྱིས་གོ་བས་རྟོགས་པ་མ་ཡིན་ནམ། དེ་ཉིད་ལས་དོན་གྱིས་གོ་བར་ཇི་ལྟར་འགྱུར་ཏེ། ཕན་ཚུན་རྟེན་པའི་

ཉེས་པར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་མཐོང་བའི་དོན་གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བའི་དོན་རྟོགས་པ་ནི་དོན་གྱིས་གོ་བ་ཡིན་ན། དོན་མྱོང་བ་ཡང་མཐོང་བ་མ་ཡིན་པ་དེས་ན་གང་ལས་དོན་གྱིས་གོ་བར་འགྱུར། དེ་ཉིད་ཀྱི་ཕྱིར་གཉི་ག་མཐོང་བ་མེད་དེ།
གཅིག་མཐོང་ན་ནི་གཉི་ག་མཐོང་བ་མ་ཡིན་ནོ། །དེའི་རིག་པ་ནི་རང་རིག་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན་མི་གྲུབ་པའི་ཕྱིར་རོ། །དེས་ན་གཞན་གྱི་མངོན་སུམ་གྱི་བདག་ཉིད་ཀྱི་བློ་གཞན་གྱིས་རིག་པ་ཡིན་ན་ཞེས་ཁས་བླངས་པ་དེ་ལ་སྔར་གྱིས་བློ་ཐམས་ཅད་འཛིན་པས་ཡུལ་གཞན་ལ་འཕོ་བར་མི་འགྱུར་རོ། །
གལ་ཏེ་ཉེ་བར་ལེན་པ་ཉིད་ཀྱིས་བློ་རིག་པ་ཡིན་ལ། ཕྲ་བ་ལ་སོགས་པ་མ་ཡིན་པས་གཟུགས་ལ་སོགས་པ་ཡིན་ན་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་གཞན་གྱི་བློ་དང་གཟུགས་ལ་སོགས་པ་རིག་པ་ཇི་ལྟར་ཡིན་ཞེ་ན། འདི་ནི་སྐྱོན་མེད་དེ་འདི་ལྟར། གཟུགས་སོགས་དང་ནི་སེམས་དེ་ལྟར། །
གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་མ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །རྣལ་འབྱོར་པ་རྣམས་རིང་པོ་དང་ཐུང་ངུ་དང་ཕྲ་མོ་དང་། གཞན་གྱི་སེམས་རིག་པ་ཇི་ལྟར་ཞེས་བྱ་བ་འདི་ནི་ད་ལྟར་བསམ་པར་བྱ་བ་མ་ཡིན་ཏེ། གཟུང་བའི་མཚན་ཉིད་ནི་བདག་
ཅག་གིས་ཚུ་རོལ་མཐོང་བ་རྣམས་ལ་བལྟས་ཏེ་བཤད་པ་ཡིན་ནོ། །བློའི་རྒྱུད་ཡོངས་སུ་དག་པའི་རྣལ་འབྱོར་པ་རྣམས་ལ་ཇི་ལྟར་ཞེས་བྱ་བའི་བསམ་པ་འདིས་ཅི་ཞིག་བྱ། དེའི་ཕྱིར་འདི་ནི་གཞག་པར་བྱ་བ་ཡིན་ནོ། །འདི་ཇི་ལྟར་ཡིན་པ་དེ་ལྟར་ཡང་ཆ་ཙམ་ཞིག་བཤད་ཟིན་ཏོ། །གལ་ཏེ་བདག་
གི་བློ་འཛིན་ན་རྟག་ཏུ་བར་འགྱུར་རོ་ཞེས་བྱ་བ་འདི་ག་ལས་ཡིན། འཛིན་པ་མ་ཡིན་ནོ་ཞེས་བྱ་བར་ནི་ཡུལ་གཞན་ལ་འཕོ་བ་ཉིད་ལས་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར། དེ་ལ་ཕྲ་སོགས་ངོ་བོ་ཡིས། །གཟུང་བ་གཟུང་མིན་ཉིད་འགྱུར་ན། །གཟུགས་སོགས་བློ་ལ་སྔར་
མེད་གང་། །ཕྱིས་སྐྱེས་པ་ནི་ཅི་ཞིག་ཡོད། །དེ་ལ་གང་སྔོན་མེད་པ་ཕྲ་མོ་ལ་སོགས་པའི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡུལ་ནི་ཁྱད་མེད་ཀྱང་། །འཛིན་པ་བྱེ་བྲག་ཡོད་འགྱུར་ན། །འོན་ཏེ་དེ་རྒྱུ་ཅན་མིན་པ། །དེ་ན་རྣམ་དབྱེར་ལྡན་མི་འགྱུར། །དེ་ཕྱིར་རང་བློ་འཛིན་འགྱུར་ན། །

དེ་མ་ཐག་པའི་རྒྱུ་ཡིས་ནི། །གང་ཡིན་དེ་ཉིད་འཛིན་འགྱུར་བ། །དེས་ན་དོན་གཞན་རྟོགས་མི་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གལ་ཏེ་རྒྱུ་ཉིད་གཟུང་བ་ཡིན་ནོ་ཞེས་བྱ་བ་འདི་མི་རིགས་པ་མ་ཡིན་ནམ། དངོས་པོ་རྣམས་ནི་ནུས་པ་དུ་མ་ཅན་ཡིན་པའི་ཕྱིར་རོ། །
དེས་ན་གང་ཞིག་ཡུལ་གཞན་ལ་འཕོ་བའི་དུས་མེད་པའི་གཟུང་བའི་ནུས་པ་ཡང་གཞན་ཡིན་ལ། གང་གི་མཐུས་དོན་གྱི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བ་སྐྱེད་པར་བྱེད་པ་ཙམ་གྱིས་ནུས་པ་ཡང་གཞན་ཡིན་ནོ། །དངོས་པོ་རྣམས་ནུས་པ་དུ་མ་དང་ལྡན་པ་ཉིད་ཀྱང་འབྲས་བུ་དུ་མ་སྐྱེ་བ་ཉིད་ལས་
ངེས་པ་ཡིན་ཏེ། གཞན་དུ་མ་འབྲས་བུ་སྣ་ཚོགས་སྐྱེ་བར་མི་འགྱུར་རོ་ཞེ་ན། དེ་ཡང་གྱི་ན་སྟེ། འདི་ལྟར། ནུས་པ་དུ་མ་གཅིག་བྱེད་ཀྱང་། །དངོས་རྣམས་ངོ་བོ་ཉིད་ཀྱི་འབྲས། །གཅིག་དང་དུ་མ་བྱེད་ཅེས་བརྗོད། འདི་ནི་རང་གི་རྒྱུ་ལ་རག་ལས་པ་སྐྱེ་བའི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ཏེ། འདི་
ཇི་ལྟར་ཞེས་བརྒལ་ཞིང་བརྟག་པར་འོས་པ་ནི་མ་ཡིན་ནོ། །རང་གི་རྒྱུ་ལ་སོ་སོར་ངེས་པ་སྐྱེ་བར་འགྱུར་བ་དེ་སུས་དགག་ཏུ་ཡོད། དེ་ལྟ་མ་ཡིན་ན་ནུས་པ་ནི་འདྲ་བ་ཡང་ག་ལས་ཤེས་དེ་ཡང་བརྒལ་ཞིང་བརྟག་པ་ལ་མི་གྲོལ་ལོ། །རང་གི་རྒྱུ་ལས་ཤེ་ན། ད་ནི་འདིས་ཅི་ཞིག་བྱ། རང་བཞིན་ཉིད་ཀྱིས་
ཆོག་མོད་དངོས་པོ་གཞན་བརྟགས་པས་ཅི་ཞིག་བྱ། གལ་ཏེ་ནུས་པ་ངེས་པ་རང་གི་རྒྱུ་དང་འབྲེལ་པ་ཡིན་ནོ་ཞེས་འཇིག་རྟེན་ན་གྲགས་པ་མ་ཡིན་ནམ་གྲགས་པ་འདི་ནི་ཡོད་ན་ནུས་པ་གཞན་དུ་གྲགས་པ་ནི་མེད་དོ། །རང་གི་ངོ་བོར་གྱུར་པའི་ཆོས་ཐ་དད་པར་སྒྲོ་བཏགས་པ་ཙམ་གྱིས་དེ་ལྟར་རྟོགས་
པའི་ཕྱིར་རོ། །འདི་ཇི་ལྟར་ཞེ་ན། ནུས་པ་ལ་ཡང་ནུས་པའི་བློ་གཞན་མཐོང་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་དངོས་པོ་ནུས་པ་དང་ལྡན་ཕྱིར་འབྲས་བུ་རྒྱུ་ཡིན་ན། ནུས་པའི་ནུས་པའང་ག་ལས་ཤེས། །ཅིའི་ཕྱིར་ན་རྟོགས་མི་འདོད། །དེའི་ཕྱིར་ནུས་པ་ནི་རྟོགས་པ་ཙམ་དུ་ཟད་དེ། གཞན་གསལ་བས་
རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ནུས་པ་མེད་ན་གཅིག་ལས་དུ་མར་འགྱུར་བའི་དངོས་པོ་ཇི་ལྟར་འབྱུང་། ནུས་པ་ཐ་དད་པ་ཡོད་པས་ནི་འབྱུང་བ་ཞེས་བྱ་བར་རིགས་པ་ཡིན་ནོ། །འདིར་བཤད་པ། གལ་ཏེ་གཅིག་ལས་དུ་མ་ཡིན། །མ་ཡིན་འགའ་ཞིག་གཅིག་ལས་གཅིག །འབྲས་

བུ་ཚོགས་པ་དག་ལས་འབྱུང་། །གཅིག་ཀྱང་ཚོགས་པ་གཉིས་འགྱུར་ཕྱིར། །དེ་ནི་དུ་མ་བྱེད་ཅེས་བརྗོད། །འབྲས་བུ་འབྱུང་བ་ཕལ་ཆེར་ཚོགས་པ་ལས་བྱུང་བ་ཡིན་ནོ། །འགའ་ཞིག་ནི་གཅིག་ལས་གཅིག་སྐྱེའོ། །དེ་ལྟར་དུ་མ་ལས་དུ་མ་དང་། གཅིག་ལས་
ཀྱང་དུ་མ་ཡིན་ཏེ། གང་གི་ཚོགས་པ་ཅི་འདྲ་བ་དེ་ཉིད་ལས་གཅིག་གམ་དུ་མ་དེར་འགྱུར་བ་ཡིན་ཏེ། ཕལ་ཆེར་ནི་ཚུལ་དེ་ལྟ་བུ་ཉིད་ཡིན་ནོ། །འདི་ལྟར་གང་གིས་འབྲས་བུ་གཅིག་གམ་དུ་མ་སྐྱེད་པར་བྱེད་གཅིག་གམ་དུ་མ་དེ་ལྟ་བུར་གྱུར་པ་དེ་ནི་རྒྱུ་ཉིད་ལས་གྱུར་པ་ཡིན་ནོ། །འགའ་ཞིག་ཏུ་ནུས་
པའི་དབྱེ་བ་ཡང་དོགས་པ་མ་ཡིན་ནམ་ཞེ་ན། ནུས་པ་ཡང་དེ་ལ་ཕན་པའི་རྟེན་པས་ན་དེ་དག་དེའི་ཞེས་བརྗོད་པ་ཡིན་ནོ། །གཞན་དུ་ནི་མ་ཡིན་ཏེ། དེའི་ཚེ་དེ་དག་དོན་གཞན་ཉིད་དུ་འགྱུར་རོ། །དོན་གཞན་ཉིད་ཡིན་ཡང་དེ་ལྟར་མཐོང་བར་ཐལ་བ་ཡིན་ནོ། །ཡང་ན་ལས་གཅིག་བྱུང་བ་གང་ཡིན་པ་ནི་
འགའ་ཡང་མེད་དོ། །ཚོགས་པ་ཉིད་ལས་འབྲས་བུ་དུ་མ་སྐྱེས་པ་ཡིན་ནོ། །འོ་ན་ཇི་ལྟར་གཅིག་གིས་དུ་མ་བྱུང་ཞེས་བརྗོད་ཅེ་ན། གཅིག་ཚོགས་པ་གཉིས་ཀྱི་ནང་དུ་ཆུད་པས་འབྲས་བུ་དུ་མ་སྐྱེད་པར་བྱེད་པའི་ཕྱིར་ན་དེ་སྐད་བརྗོད་དེ། དཔེར་ན་མར་མེ་གཅིག་ཉིད་སྐྱེས་བུ་དུ་མ་ལ་མཚུངས་པ་དེ་མ་ཐག་
པའི་ཚོགས་པ་དུ་མ་དང་འབྲེལ་པའི་ཕྱིར་མཐོང་བ་དུ་མ་བསྐྱེད་པ་བཞིན་ནོ། །ཇི་ལྟར་ཡང་གཅིག་ཉིད་ནུས་པ་དུ་མ་དང་ལྡན་པ་དེ་བཞིན་དུ་འབྲས་བུ་དུ་མ་དང་ལྡན་པར་ཡང་འགྱུར་རོ། །དེའི་ཕྱིར་ནུས་པ་དུ་མ་མེད་ཀྱང་འབྲས་བུ་དུ་མར་འགྱུར་རོ། །དེ་ལྟར་ན་འོ་ན་ཇི་ལྟར་གཅིག་འབྲས་བུ་དུ་མ་དང་ལྡན་པ་
དེ་བཞིན་དུ། བློ་གཅིག་ཀྱང་རང་གི་ཡུལ་གྱི་བློ་གཞན་དང་དོན་གྱི་ཡུལ་ཅན་ཡང་སྐྱེད་པར་བྱེད་པར་འགྱུར་རོ། །དེ་ལ་རེས་འགའ་ནི་བློའི་ཡུལ་ཅན་གྱི་བློ་ཡིན་ལ། རེས་འགའ་ནི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཡུལ་གཞན་ལ་འཕོ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་ཐམས་ཅད་
ཀྱི་ཚེ་གཉི་ག་སྐྱེད་པར་འགྱུར་རོ། །སྐྱེ་བ་ཁོ་ནའོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་བློ་གཞན་དོན་དང་ནི། །རྣམ་ཤེས་སྔ་མ་འཛིན་འགྱུར་ན། །དེའི་ཚེ་དཔྱོད་སོགས་དོན་གཅིག་ལ། །རྟག་ཏུ་རིམ་གྱིས་མཐོང་བ་ཡི། །བརྗོད་གཉིས་རིམ་མིན་ཉིད་འགྱུར་ཞིང་། །བདག་དང་དེ་རིག་

སྣང་བའི་ཕྱིར། །གཅིག་ཀྱང་གཉིས་ཉིད་སྣང་བར་འགྱུར། །གལ་ཏེ་སྔར་གྱི་བློ་དང་གཟུགས་ལ་སོགས་པའི་དོན་འཛིན་པའི་བློ་གཉིས་སྐྱེ་བ་ཡིན་ན་དེའི་ཚེ་བློ་སྔ་མའི་དོན་དང་ཕྱི་མའི་དོན་སྣང་བའི་ཕྱིར་རིམ་གྱིས་དམིགས་པའི་གཉིས་གང་ཡིན་པ་དེ་རིམ་པ་མ་ཡིན་པར་སྣང་བར་
འགྱུར་རོ། །དོན་འཛིན་པའི་རང་བཞིན་མེད་པ་བློ་སྣང་བ་ནི་མ་ཡིན་ཏེ། དེ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དོན་འཛིན་པར་སྣང་ན་ཡང་དོན་དེ་དེ་ཉིད་སྣང་བ་ཡིན་པའི་ཕྱིར་སྔ་མ་དང་ཕྱི་མའི་བརྗོད་པ་གཉིས་སྣང་བར་འགྱུར་རོ། །དེ་བཞིན་དུ་གཅིག་ཉིད་གཉིས་སུ་སྣང་བར་འགྱུར་ཏེ། དོན་
བདག་ཉིད་དང་དེའི་བློ་སྣང་བའི་ཕྱིར་རོ། །སྔར་ནི་རེ་ཞིག་རང་ཉིད་སྣང་བ་ཡིན་ལ་ཕྱིས་ནི་དེའི་བློ་སྣང་བ་ཡིན་ཏེ། དེས་ན་གཉིས་སྣང་བར་འགྱུར་རོ། །འོན་ཏེ་དོན་སྣང་བའི་དེ་མ་ཐག་པའི་བློ་འཛིན་པ་ནི་མ་ཡིན་ཏེ། བློ་ནི་མངོན་སུམ་དུ་རང་གི་ངོ་བོས་འཛིན་པ་མ་ཡིན་ནོ་ཞེ་ན། འོ་ན་གལ་ཏེ་དོན་གྱིས་
གོ་བས་རྟོགས་ཀྱང་དེའི་ཚེ་བདག་དང་དེའི་བློ་སྣང་བའི་ཕྱིར་ཐལ་བ་མེད་དོ། །དུས་གཞན་དུ་དོན་གྱིས་གོ་བ་ཡིན་ཏེ། རྒྱུན་མི་འཆད་པར་དོན་དུ་རིམ་གྱིས་འཛིན་པའི་དབུས་ནི་དོན་གྱིས་གོ་བ་འགའ་ཡང་མེད་དོ། །ཞེ་ན་དེ་ནི་མ་ཡིན་ཏེ། གལ་ཏེ་དོན་གྱིས་རྟོགས་ན་ནི། །གཏན་འགྱུར་གཞན་
གྱི་ཚེ་ན་མིན། །དེས་ན་དོན་གྱིས་གོ་བར་ནི། །མེ་ལ་ལན་བརྒྱ་སྣང་བར་འགྱུར། །འོན་ཏེ་རང་གི་བློ་སྡོམ་པར་བྱེད་པའི་དུས་གཞན་དུ་ན་དེའི་ཚེ་གཞན་གྱིས་སྐྱེ་བ་ཡིན་ན། དེའི་ཚེ་ཡང་གང་ལས་དོན་གོར་འགྱུར། །མཐོང་འགའ་དེ་ཚེ་ཡོད་མིན་ཏེ། །དེ་ཡི་ཚེ་ན་དོན་གྱིས་ནི། །གོ་བར་བྱེད་
པ་འདས་ཕྱིར་རོ། །དོན་མཐོང་བས་འདས་པ་ནི་ཇི་ལྟར་དེ་ལས་དོན་གྱིས་གོ་བ་འབྱུང་། དྲན་པར་གྱུར་པ་ལས་དོན་གཞན་དུ་ཡང་དོན་གྱིས་གོ་བ་ཡིན་ནོ་ཞེ་ན། དྲན་པ་ཉིད་དོན་གྱིས་གོ་བས་རྟོགས་པར་འགྱུར་གྱི། མྱོང་བ་ནི་མ་ཡིན་ནོ། །དེར་ཡང་བརྗོད་པ་གཉིས་དང་གཉིས་སུ་སྣང་བའི་ཕྱིར་རོ། །
འོན་ཏེ་མ་མྱོང་བ་ནི་མི་དྲན་ཏེ། དེས་ན་མྱོང་བ་དྲན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། བདག་གིས་ཉམས་སུ་མྱོང་འགྱུར་ཞེས། །འདི་ལྟར་དྲན་པ་འཇུག་པ་ནི། །ང་ཡི་བློ་ནི་ཡོད་འགྱུར་ཅེས། །དེ་ལྟར་དོན་གྱིས་གོ་མི་སྲིད། །གང་གི་ཚེ་སྔོན་མྱོང་བ་དྲན་ནོ་ཞེས་དྲན་པ་ཉིད་དང་པོ་བློ་ལ་འཇུག་པ་དེའི་ཚེ།

སྔར་དོན་གྱིས་གོ་བ་མེད་ལ། ཕྱིས་ཀྱང་མ་ཡིན་པས་དྲན་པ་ག་ལ་སྲིད། གང་གི་ཚེ་དོན་དྲན་པ་དེའི་ཚེ་ཡང་དྲན་པ་དང་མྱོང་བ་ལ་ཡང་རྗེས་སུ་དཔོག་པའི་ཕྱིར། དྲན་པ་དང་མྱོང་བར་ཡང་དོན་གྱི་རྣམ་པར་ཅིག་ཅར་སྣང་བར་ཐལ་བར་འགྱུར་རོ། །དེ་ལྟ་ཡིན་དང་དྲན་
པའི་དུས་སུ་ཡང་དོན་གསལ་བའི་རྣམ་པར་རིག་པར་ཐལ་ལོ། །འོན་ཏེ་གསལ་བའི་རྣམ་པ་གཉིས་རིག་གོ་ཞེ་ན། དེ་ཡང་མཐོང་བ་ཉིད་ཡིན་པ་ལན་དུ་མི་རུང་ངོ་། །འོན་ཏེ་གང་ཞིག་འདོད་པ་དེའི་ཚེ་དེ་དོན་གྱིས་གོ་བ་ཡིན་ཏེ། གང་གི་ཕྱིར་དྲན་པ་དེའི་ཕྱིར་ཉམས་སུ་མྱོང་བར་གྱུར་པ་ཡིན་ནོ་ཞེ་
ན། གང་གི་ཕྱིར་དྲན་པས་ན་ཉམས་སུ་མྱོང་བ་ཡིན་ནོ་ཞེས་སོ་ཞེ་ན། དེ་ལྟ་ན་ནི་གང་གི་ཕྱིར་མྱོང་བ་དེའི་ཕྱིར་མྱོང་བ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་གང་གི་ཕྱིར་དྲན་པ་དེས་ན་དྲན་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ཚུལ་དུ་འགྱུར་བས་ཚད་མ་ལ་ཆེར་མཁས་སོ། །འདོད་པ་ཡང་མྱོང་བར་འགྱུར་
བའི་དོན་ལ་སྐྱེ་བ་ཡིན་ན་མྱོང་བ་ནི་ནམ་ཡང་མྱོང་བར་འགྱུར་བ་མ་ཡིན་པས་ན་ཇི་ལྟར་འདོད་པས་དོན་གྱིས་གོ་བར་སྐྱེད། དེའི་ཕྱིར་བློ་གཞན་གྱིས་བློ་རིག་པ་མི་རུང་བ་ཁོ་ནའོ། །ཅི་སྟེ་གལ་ཏེ་ཡུལ་གཞན་ལ་འཕོ་བ་ན། །ཐ་མ་ཉམས་སུ་མྱོང་མིན་ན། །གཞན་གྱིས་ཉམས་སུ་མྱོང་བ་བཞ